རྩེ་དྲུག་གནས་ཀྱི་ཡོན་ཏན་ལོ་རྒྱུས་གསལ་བའི་སྒྲོན་མེ།

[ཟླ་ཚེས། 2014-06-23 19:25:12][རྩོམ་པ་པོ། སྤྲུལ་སྐུ་བློ་ལྡན་སྙིང་པོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

zizhu-555.jpg

      ན་མོ་གུ་རུ། ཚད་མེད་འོད་ལྡན་འགྲོ་བའི་མགོན། །གདུལ་བྱ་འདུལ་ཕྱིར་སྤྲུལ་བ་བསྟན། །ལྔ་བརྒྱའི་དུས་སུ་གདུལ་དཀའ་འདུལ། །དྲན་པ་ནམ་མཁའི་ཞབས་ལ་འདུད། །གྱེར་སྤུངས་དྲན་པ་ནམ་མཁའ་ཡི། །བཀའ་རྒྱུད་བསྟན་པ་རྗེས་འཛིན་ཅིང་། །སྦས་ཚུལ་འགྲོ་ལ་ཕན་འདོགས་པ། །རྣལ་འབྱོར་ནམ་མཁའི་མིང་ཅན་དེ། །བོད་ཡུལ་ཁ་བ་ཅན་ལྗོངས་ཀྱི། །གར་དབེན་རི་ཁྲོད་དགོན་པ་ན། །གར་འཐད་སྟབས་སུ་འདུག་པ་ལ། །བླ་མ་རིག་འཛིན་མཁའ་འགྲོ་ཡིས། །རྒྱུད་ལུང་མན་ངག་གནང་ཚུལ་དང་། །བཀའ་རྒྱུད་དངོས་གྲུབ་བསྙེམས་ཚུལ་དང་། །འཇིག་རྟེན་མི་མ་ཡིན་རྣམས་དང་། །བཀའ་འབྲེལ་གླེང་ལོང་བྱུང་ཚུལ་གྱི། །རྣམ་ཐར་པད་མོའི་ནགས་ཚལ་ལ། །ངོ་མཚར་ཨུད་འབར་ལྟ་བུ་ཡིས། །ལེགས་སྨོན་བསམ་གྱིས་མི་ཁྱབ་ཅིང་། །མཚན་ཉིད་བརྗོད་ཀྱིས་མི་ལོང་ཀྱང་། །གནས་ཀྱི་རྣམ་ཐར་ཟུར་ཙམ་གཅིག །དད་ལྡན་གྲོགས་ཀྱིས་བསྐུལ་ནས་སུ། །དམ་ལྡན་སྒྲུབ་ལ་བརྩོན་ཕྱིར་དང་། །ལས་ལྡན་དངོས་གྲུབ་བསྙེམ་ཕྱིར་དང་། །ཕྱི་རབས་དང་བ་འདྲེན་ཕྱིར་དུ། །དཀར་ཆག་ཡི་གེར་བཏབ་པ་འདི། །མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ། །བཀའ་སྲུང་ཕྲག་དོག་མི་མཛད་ཞུ། །ཞེས་བགྱི་བའི་ཚིག་ལ་བརྟེན་ནས། བདག་གདན་ས་དཔལ་གྱི་སྟེང་ཆེན་ན་འདུག་ཙམ་ན། ནུབ་ཅིག་སྲོད་འཁོར་ཙམ་གྱི་རྨི་ལམ་ལ། ཉི་མ་ལྷོ་ཤར་གྱི་མཚམས་ནས། སྒྲ་འོད་ཟེར་གསུམ་དང་ཆས་པའི་ཆོ་འཕྲུལ་ཅིག་བྱུང་ནས། གཉིད་ལོག་པའི་སད་སྣང་བ་ལ། བདག་གིས་སྦྲི་བུ་ཡི་སྒོ་དྲུང་དུ་བུད་མེད་དམར་མོ་རུས་པའི་རྒྱན་ཆ་འཁྲོལ་བ། དར་ཟབ་ཀྱི་ན་བཟའ་འཕུར་བ་ཞིག་བྱ་རྒོད་ཐང་དཀར་གཅིག་ལ་བཅིབས་ནས། སྤྱན་འབྲི་ཚུགས་སུ་ལྟ་བ་ཅིག་གི་སྣང་། བདག་ལ་བཞེད་ནས། རྣལ་འབྱོར་པ་ཚོགས་འཁོར་ལ་འབྱོན་པར་ཞུ་ཟེར་བ་ལ། དེ་ལ་བདག་གིས་ཀྱང་འཇིག་རྟེན་གྱི་ཆོ་འཕྲུལ་མིན་ཅིང་། མཁའ་འགྲོའི་རིགས་སུ་འདུག་པ་རིགས་ནས། ཊཀྐི་མ་གང་ནས་བྱོན། ཚོགས་ཀྱི་འཁོར་ལོ་གང་དུ་བསྐོར། ཚོགས་དཔོན་དུ་སུ་བཞུགས། ཚོགས་གྲལ་དུ་ཅི་ཙམ་མཆིས། ཐག་རིང་ཐུང་གང་དུ་འགྲོ་དགོས་བྱས་པ་ལ། མཁའ་འགྲོ་མ་ནི། ལས་ཀྱི་ཊཀྐི་མ་ཨོ་རྒྱན་གྱི་ཡུལ་ནས་ཡིན།

      ཚོགས་ཀྱི་འཁོར་ལོ་ནི། བོད་ཁ་བ་ཅན་གྱི་གནས་ཆེན། སུམ་པ་གླང་གི་གྱིམ་ཤོད། ཤེལ་ལེ་རྒྱ་སྐར་གྱི་རྫོང་དྲུག དུས་བཞི་རོལ་བའི་དུར་ཁྲོད་དུ་བསྐོར། ཚོགས་དཔོན་ནི་ཡུམ་ཆེན་ཉི་མ་འོད་ལྡན་མ་བཞུགས། ཚོགས་གྲལ་དུ་ཨོ་རྒྱན། སྟག་གཟིག རྒྱ་གར། བྲུ་ཤ། ཟ་ཧོར། སྤུ་གུར། ཞང་ཞུང་། བལ་པོ། ཁ་ཆེ། རྒྱ་ནག བོད་ཡུལ་གྱི་མཁའ་འགྲོ་མ་རྣམ་པ་འཚོགས། ཐག་རིང་ཐུང་ནི་ཁྱེད་རང་གི་དགོངས་ལས་ཆེ་ཟེར། དེ་ལ་བདག་གི་ཀྱང་དང་བ་སྤྲོ་ནས། ཡིད་ལ་ཤེལ་ལེ་རྒྱ་སྐར་གྱི་གནས་དེ། ལུང་ཆེན་ནས་ཟིན་ན་བཟང་པོ་ཡིན་ཟེར་བ་ཡིན་ཀྱང་། ཁྱད་པར་དུ་ང་རང་དང་ཡང་གནས་བདག་དེ་འཕྲད་ནས་དེར་བསྡད་འཕྲོད་པ་འདྲ་སྟེ། སླར་གཞན་ལས་དཔག་པའི་གནས་ཀྱི་ཡོན་ཏན་མ་རྟོགས་ན། ཁ་སྐད་འདྲ་ཡིན་ན། དུར་ཁྲོད་ཆེན་པོའི་མིང་ཐོགས་ཅིང་། མཁའ་འགྲོ་འདུ་བའི་གནས་ཡིན་པར་འདུག་བསམ་ནས། སྣང་བ་དགའ་བ་ལ། མཁའ་འགྲོ་མས་གཞན་སེམས་ཤེས་ནས། ཞལ་འཛུམ་པ་མཛད་ནས་གསུངས་པ། རྗེ་གསོན་དང་སྐལ་ལྡན་རྣལ་འབྱོར་པ། །སེམས་སངས་རྒྱས་རང་ལ་བྱུང་མོད་ཀྱང་། །དོན་རྩོལ་བས་མ་སྒྲུབ་ག་ལ་འགྲུབ། །གསེར་ས་འོག་ཀུན་ལ་གནས་མོད་ཀྱང་། །གནད་མཁན་པོས་མ་བཙལ་ག་ལ་རྙེད། །གནས་གངས་ཆེན་བོད་ལ་མང་ལགས་ཀྱང་། །བཀའ་རྒྱུད་ལུང་མ་མཐོང་ག་ལ་ཤེས། །ཁྱེད་རྣམ་སྤྲུལ་གཞན་ལས་དཔག་ལགས་ཀྱང་། །གྲོགས་མ་རིག་བླུན་པོས་ག་ན་མཐོང་། །མ་མཁའ་འགྲོ་ཀུན་ཏུ་རྒྱུ་མོད་ཀྱང་། །སྔོན་ལས་ཅན་མིན་དང་ག་ན་འཕྲད། །བོན་ཡིད་བཞིན་ནོར་བུ་འདྲ་མོད་ཀྱང་། །བློ་ཐེ་ཚོམ་ཅན་གྱི་སྨོན་མི་འགྲུབ། །དོན་དེ་ཕྱིར་ད་ལྟའི་གང་ཟག་འགའ། །སྐལ་ལྡན་ཁྱེད་ཉིད་མ་གཏོགས་པ། །གནས་ཀྱི་ཡོན་ཏན་ཕྱེད་པ་དང་། །དངོས་གྲུབ་བསྙེམས་པ་ཤིན་ཏུ་དཀའ། །དེ་ཕྱིར་དོ་མོད་ཚོགས་གྲལ་ཏུ། །མ་ཅིག་གཙོ་མོའི་མདུན་དྲུང་དུ། །ཚོགས་ཀྱི་འཁོར་ལོ་ཉམས་རེ་དགའ། །གནས་ཀྱི་ཡོན་ཏན་དང་བས་སྤྲོ། །རྣལ་འབྱོར་མྱུར་ཏུ་འབྱོན་པར་ཞུ། །ཞེས་ཟེར་ནས། བདག་ཀྱང་སྔོན་བས་དང་སྤྲོ་ཤེས་པ་གསལ་ནས། མཁའ་འགྲོ་མ་དང་འགྲོགས་ནས། གཞའ་ཚོན་གྱིས་ལམ་ལ་ཞུགས་ནས་ཕྱིན་པས། གནས་ནི་ཐང་རང་རྣམས་དང་མི་འདྲ་བར། སྟེང་ཐམས་ཅད་གཞའ་ཚོན་གྱི་གུར་ཁང་ལ། རང་བྱུང་གི་ལྷ་ཚོགས་མང་པོ་གསལ་བ། །འོག་ཐམས་ཅད་མེ་ཏོག་གི་ནགས་ཚལ་ལ། །དུར་ཁྲོད་ཀྱི་གནས་ཆགས་པ། བར་ཐམས་ཅད་རྡོ་རྗེའི་བྲག་རི་ལ། ལྷ་ཁང་དང་མཆོད་རྟེན་གྱི་གཞལ་ཡས་འཁྲིགས་པ། ཕྱོགས་མཚམས་སུ་གཅན་ཟན་དང་། རི་དྭགས་དང་། གཡུང་དྭགས་དང་། འདབ་ཆགས་དང་། དུར་ཁྲོད་ཀྱི་སེམས་ཅན་མང་པོ་འཕུར་ལྡིང་དང་རྒྱུག་འཇོལ་བྱེད་པ། འབྱུང་པོ་རོ་ལངས་དང་མི་མ་ཡིན་མང་པོ་འགྲོ་ཞིང་། མངོན་སྤྱོད་ཀྱི་འཕྲིན་ལས་སྒྲུབ་པ། དེ་ལྟ་བུའི་ཞིང་ཁམས་སུ་སྣང་ཞིང་། མཁའ་འགྲོ་མ་མང་པོས་རྒྱན་ཆ་རྣམས་འཁྲོལ་ནས། སྤོས་དཀར་གྱི་དུད་པས་བསུས་ནས། བདག་ཀྱང་གཞལ་ཡས་ཀྱི་དབུས་སུ་ཕྱིན་པ་དང་། གཞལ་ཡས་ནི་ས་དང་རི་བྲག་རྣམས་མ་ཡིན་པ་། རྒྱུ་རིན་པོ་ཆེ་སྣ་ལྔ་ལ་གྲུབ་ཅིང་། མུ་ཏིག་གི་ཟ་ར་ཚགས་དང་། ལྷའི་གཞལ་ཡས་ཁང་ཆེན་པོ། དབྱིབས་ཤེལ་གྱི་མཆོད་རྟེན་དབུ་མང་དུ་འདུག་པ། དེ་ཡི་ནང་དུ་གསེར་གྱི་ཀ་བ། གཡུ་ཡི་གདུང་མ། རིན་པོ་ཆེའི་དྲལ་དཔྱམ། མུ་ཏིག་གི་ཟ་ར་ཚགས། གཞའ་ཚོན་གྱི་དར་བུ་ཁད་འཕྲུལ་བ། ཏོག་དང་ཁྱུང་མགོས་བརྒྱན་པ། ཕྱི་ནང་སྒྲིབ་མེད་དུ་གསལ་བ། དེའི་སྟེང་དུ་དཀྱིལ་འཁོར་ཆེན་པོ་གསུམ། ཕྱི་ནང་གསང་གསུམ་གྱི་རྒྱན་རྫས་བཀྲམ་པ། སྟེང་དུ་ཉི་ཟླའི་གདུགས་ཁང་དུ་གསལ་བ། འོག་འདོད་ཡོན་གྱི་གཏོར་ཚོགས་ལྷུན་འཐུག་པ། ལོག་ལ་གཞའ་ཚོན་གྱི་ཡོལ་བ་ལ་བཀྲག་གསལ་བ་དེ་ལྟར་བུ་རུ་སྣང་། དེའི་དབུས་སུ་ཁྲི་གདན་ཅིག་གི་སྟེང་དུ་བུད་མེད་དམར་མོ་གཟི་བརྗིད་དང་ལྡན་པ་། སྤྱན་མིག་བཀྲ་ལ་གསལ་བ། དཔྲལ་བ་ཟླུམ་ལ་འཁོར་བ། སྨྲ་ར་གྱེན་ལ་འཁྱིལ་བ། སྐུ་ལ་དར་ཟབ་ན་བཟའ་དང་། བྱ་རྒོད་ཀྱི་ཐུལ་བ་གསོལ་བ། ཞལ་གྱི་འཛུམ་ལ་ཉི་མའི་འོད་སྟོང་འབར་བ། ཕྱག་གཡས་པས་མདའ་དར། གཡོན་པས་ཡོལ་ཆེན་འཛིན་པ། སྐུ་ཡི་བརྗིད་འགྱིང་གིས་ཐམས་ཅད་ཟིལ་གྱིས་གནོན་པ་ཅིག་སྣང་། གཞན་ཡང་སྐུ་ཡི་གཡས་གཡོན་དང་མདུན་རྒྱབ། དཔའ་བོ་དང་དཔའ་མོ་དང་། མཁའ་འགྲོ་མའི་ཚོགས་མང་པོས། དུར་ཁྲོད་ཀྱི་རྒྱན་ཆ་དང་། རུས་པའི་རྒྱན་དང་། བལྟར་མི་ངོམ་པ། ཤིན་ཏུ་མཛེས་བརྗིད་དང་ལྡན་པར་སྣང་།
       གཞན་ཡང་རྒྱ་གར་རྒྱ་ནག་ཕྲོམ་བལ་པོ། སྤུ་གུར་ཞང་ཞུང་། ཁ་ཆེ་ཨོ་རྒྱན། ཟ་ཧོར་དང་བོད་ཀྱི་རྣལ་འབྱོར་པ་ཡིན་ཟེར་བ་མང་པོ་ཡང་སྣང་། དེ་རྣམས་ཀྱི་ནང་ན། བོད་ཡུལ་དུ་ཡོད་པའི་རྣལ་འབྱོར་པ། ཟླ་དབུས་བློ་གྲོས་ཐོགས་མེད་དང་། གཤེན་ཉི་མ། ཁྲོ་ཚངས་བསྟན་པ། འགྲུ་སྒོམ་ཉག་པོ། རྣལ་འབྱོར་པ་དཀར་པོ་བྱ་བ་ཅིག་དང་ལྔ་སྣང་། དཀྱིལ་འཁོར་གྱི་འོག་དུ་མཚན་ལྡན་གྱི་བམ་གཉིས་ལ་མེ་ཏོག་གི་བཀྲམ་ཆགས་པ། དཀར་མངར་གྱི་མཆོད་པ་དཔག་ཏུ་མེད་པ་བཤམས་ནས་འདུག དཀྱིལ་འཁོར་གྱི་གཡས་སུ་ཁྲི་སྟེགས་ཅིག་ན་སུམ་པ་མུ་སྤུངས་གསལ་སྟང་། སྐུ་མདོག་དཀར་པོ། སྐུ་ལ་ཟ་འོག་གི་འགྱིང་ཝེར་ནི་གསོལ། དབུ་ལ་དབང་གི་པྲོག་ཞུ་ནི་མནབས། ཕྱག་ན་མི་ནུབ་པའི་རྒྱལ་མཚན་བསྣམས་ནས། དཔའ་བོ་ཕོ་རྒྱུད་ཀྱི་ཚོགས་དཔོན་དུ་སྣང་། གཡོན་ཟུར་ཁྲི་སྟེགས་ནས་མཁའ་འགྲོ་ཚོགས་བདག་གཟི་བརྗིད་མ་བུད་མེད་དཀར་མོ་དར་ཟབ་ཀྱི་ན་བཟའ་གསོལ་ནས། གསེར་གྱི་གཤང་ཆུང་དང་། ཡོལ་ཆེན་གྱི་ཞལ་བུ་བསྣམས་ནས། དཔའ་མོ་མོ་རྒྱུད་ཀྱི་ཚོགས་དཔོན་དུ་སྣང་། བདག་ཀྱང་དཀྱིལ་འཁོར་མདུན་དུ་ཁྲི་སྟེགས་ཅིག་གི་ཁ་ལ་བཞག དེ་ནས་ཀུན་གྱི་རྔ་གཤང་དང་རོལ་མོའི་སྒྲ་བསྒྲོགས་ནས། དབལ་གསས་ཞི་ཁྲོ་རྩོད་བཟློག་གི་འཕྲིན་ལས་ལ། གཞུང་སྐབས་རྒྱས་པར་རུ་བྱེད་པ་འདུག དེ་ནས་སྐབས་སུ་དབུས་ཀྱི་གཙོ་མོའི་ཞལ་ནས། རྣལ་འབྱོར་པ་ཚོགས་ཀྱི་འཁོར་ལོའི་གྲལ་དུ་བྱོན་པ་ཉམས་རེ་དགའ། བོད་ཁ་བ་ཅན་དུ་འགྲོ་བའི་དོན་འཕེལ་ལ་སྒྲུབས་པའི་ལམ་ལ་བར་ཆོད་མེད་ཅིང་། གནས་ཀྱི་ཡོན་ཏན་དང་བཅུད་ཀྱི་དངོས་གྲུབ་ཐོབས་སམ། ལུང་བསྟན་གྱི་བོན་ལ་མཁའ་འགྲོའི་བཀའ་རྒྱ་དང་། གསང་བའི་དམ་ཚིག་ཐོག་ཏུ་འཁེལ་ལམ། ཞེས་གསུངས་སོ། །
      དེ་ལ་བདག་གིས་ཞུས་པ། ཨེ་མ་དོ་མོད་ཉམས་རེ་དགའ་བའི་གནས། །མཁའ་འགྲོ་འདུ་བའི་གནས་མཆོག་ལ། །ངོ་མཚར་ཡིད་འོང་གཞལ་ཡས་ལ། །རྣལ་འབྱོར་ཉམས་དགའ་དང་རེ་སྤྲོ། །ཚོགས་ཀྱི་རྗེ་མོ་ཉིད་དང་མཇལ། །གཡས་ན་ཕོ་རྒྱུད་ལྷུན་རེ་འཐུག །གཡོན་ན་མོ་རྒྱུད་བཀྲག་རེ་ལྡན། །མདུན་ན་འཁོར་ཚོགས་རྒྱ་རེ་ཆེ། །འདུ་འཕྲོ་རོལ་མོ་ཉམས་རེ་དགའ། །ཡུམ་ཅིག་ཞལ་གྱི་གསུངས་དོན་ལ། །བོད་ཡུལ་ཁ་བ་ཅན་ལྗོངས་སུ། །སེམས་བསྐྱེད་སྨོན་ལམ་བཏབས་གྱུར་ཡང་། །དུས་ངན་སེམས་ཅན་མ་རིག་ལ། །ཐར་བའི་ལམ་བསྒྲོད་དཀའ་བར་སྣང་། །འོན་ཀྱང་གོང་འཕེལ་ཅུང་ཙམ་ཐལ། །སྒྲུབ་པ་ལམ་གྱི་མཚན་ཉིད་ལ། །གཡེང་སྐྱོང་ལེ་ལོའི་བདུད་མང་བས། །མཐར་ཕྱིན་ཚད་སྐྱོལ་དཀའ་མོད་སྟེ། །བསྙེན་སྒྲུབ་ཚགས་སུ་མ་ཐལ་ཙམ། །གནས་ཀྱི་ཡོན་ཏན་དངོས་གྲུབ་ལ། །དུས་མཐའི་གང་ཟག་བློ་རྨོངས་པས། །རྒྱ་ཆེ་མཐའ་ཡས་མ་ཁྲོལ་ཀྱང་། །བཀའ་ལུང་དཔང་བཙུགས་མ་གོལ་ཙམ། །ལུང་བསྟན་བོན་དང་མཁའ་འགྲོའི་བཀའ། །སྙིགས་མའི་དུས་ལ་ཐུག་ནས་སུ། །ལུང་དང་ཚུལ་བཞིན་འགྲུབ་དཀའ་སྟེ། །འོན་ཀྱང་བཀའ་རྒྱ་མ་བཀྲལ་ཅིང་། །གསང་ཚིག་ཁྲོམ་དུ་མ་བསྒྲག་ཙམ། །ཁོ་བོ་བདག་གི་མཚན་ཉིད་ལགས། །ད་ཡང་དོ་མོད་ཚོགས་ཁང་འདིར། །བདག་ཅག་ཕྱི་རབས་གང་ཟག་རྣམས། །དད་ཅིང་དང་བ་འདྲེན་པ་དང་། །མོས་ཤིང་བརྩོན་འགྲུས་མྱུར་བའི་ཕྱིར། །གནས་ཀྱི་ཡོན་ཏན་མཚན་ཉིད་དང་། །ལམ་གྱི་སྤྱོད་ཚུལ་དོན་དམ་བོན། །བཀའ་ཡི་གནང་བ་མཛད་དུ་གསོལ། །ཅེས་ཞུས་སོ། །ཡང་གསུངས་པ། ཉོན་ཅིག་སྐལ་ལྡན་རིགས་ཀྱི་སྲས། །གནས་དོ་མོད་ཚོགས་ཁང་གཞལ་ཡས་འདིར། །རྗེ་སངས་རྒྱས་བསྟན་པ་རྗེས་འཇུག་པའི། །དཔའ་བོ་དཔའ་མོ་འཚོགས་པ་དང་། །གྲུབ་དང་གྲོལ་བ་ཐོབ་པ་ཡི། །རྣལ་འབྱོར་འཚོགས་པའི་རྒྱ་མཚོ་འདིར། །མངོན་སྤྱོད་ཚོགས་འཁོར་ཉམས་རེ་དགའ། །ཉམས་དགའ་སྣང་བའི་འབར་ཚུལ་ལ། །སྐལ་ལྡན་རིགས་སྲས་དྲིས་ལན་གྱིས། །ཕྱི་རབས་རྗེས་འབྲང་གང་ཟག་རྣམས། །དད་ཅིང་དང་བ་འདྲེན་པ་དང་། །མོས་ཤིང་བརྩོན་འགྲུས་བརྩམས་པ་དང་། །སྐལ་ལྡན་སྒྲུབ་ལ་བརྩོན་པའི་ཕྱིར། །གནས་ཀྱི་མཚན་ཉིད་ཟུར་ཙམ་བཤད། །
      སྤྱིར་སྟོང་གསུམ་སྟོང་གི་འཇིག་རྟེན་དང་། །རབ་འབྱམས་དཔག་མེད་ཞིང་ཁམས་འདིར། །ཡེ་ནས་རྒྱལ་བའི་དཀྱིལ་འཁོར་ལ། །བཟང་ངན་བྲི་བཀོལ་བརྗོད་མེད་ཀྱང་། །དགོས་ཚངས་རྒྱུང་ཉེར་ལྔའི་དབུ་མ་ཡི། །ལྷོ་རྒྱལ་འཛམ་བུ་གླིང་ཁམས་འདིར། །སངས་རྒྱས་བྱོན་དང་ཞབས་ཀྱིས་བཅགས། །འཁྲུངས་པའི་ཡུལ་དང་བྱིན་གྱིས་རླབས། །བཀའ་རྒྱུད་འཆད་ཉན་བསྟན་པ་སྤེལ། །རྗེས་བཞག་མཐར་ཕྱིན་བཀྲ་ཤིས་པ། །རིག་འཛིན་གྲུབ་ཐོབ་ཕོ་མོ་ཡི། །གྲུབ་དང་གྲོལ་བ་ཐོབ་པའི་གནས། །ངོ་མཚར་ཨུད་འབར་ལྟ་བུ་ལ། །འོན་ཀྱང་མཁའ་འགྲོ་འདུ་བ་དང་། །ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡི། །འཛམ་གླིང་ཕྱོགས་བཞི་དབུས་ལྔ་རུ། །ཏི་སེ་གངས་ལ་འདུས་པ་ཡི། །ཡང་དག་གནས་ཆེན་སྡེ་ལྔ་ཡོད། །ཤར་རྒྱ་ནག་ཆུ་བོའི་གླིང་ཆེན་ན། །རི་བོ་རྩེ་ལྔ་མཁའ་འགྲོའི་གནས། །ལྷོ་རྒྱ་གར་ཆུ་བོ་གླིང་ཆེན་ན། །ཙ་རི་ཙ་གོང་མཁའ་འགྲོའི་གནས། །ནུབ་ཨུ་རྒྱན་པད་མའི་གླིང་ཆེན་ན། །མེ་ཏོག་སྤུངས་མཛེས་མཁའ་འགྲོའི་གནས། །བྱང་ཤམ་བྷ་ལའི་གནས་ཆེན་ན། །རི་བོ་གྷ་རྡ་མཁའ་འགྲོའི་གནས། །དབུས་ཁ་བ་ཅན་གྱི་ལྗོངས་སྨད་ན། །ཤེལ་ལེ་རྫོང་དྲུག་མཁའ་འགྲོའི་གནས། །མ་དང་མཁའ་འགྲོ་འདུ་པ་ཡི། །ཡང་དག་གནས་ཆེན་སྡེ་ལྔ་ཡིན། །ཁྱད་པར་ཉི་ཤུ་རྩ་བཞི་ནི། །དང་པོ་མཆོག་ཏུ་གྲུབ་པ་བརྒྱད། །སྟག་གཟིག་མཁའ་འགྲོའི་གླིང་ཆེན་ན། །ན་ལན་ཛྙ་ར་མཁའ་འགྲོའི་གནས། །ཨོ་རྒྱན་དག་པའི་ཞིང་ཆེན་ན། །སེང་ང་སེང་རི་མཁའ་འགྲོའི་གནས། །རྒྱ་གར་ཤར་ནུབ་གླིང་ཆེན་ན། །རི་བོ་ཏ་ལ་མཁའ་འགྲོའི་གནས། །ཟ་ཧོར་རྒྱལ་པོའི་ཕོ་བྲང་ན། །རི་བོ་རྡ་ར་མཁའ་འགྲོའི་གནས། །སྤུ་གུར་རྒྱལ་པོའི་ཕྲོང་ན། །ཁྱུང་སྨན་ལྷ་རི་མཁའ་འགྲོའི་གནས། །བྲུ་ཤ་དར་མའི་ལུང་པ་ན། །དར་བ་ཀླུ་རི་མཁའ་འགྲོའི་གནས། །གེ་སར་བཙན་པའི་ཕྲོམ་གླིང་ན། །གྷ་རྡ་ལྷ་རི་མཁའ་འགྲོའི་གནས། །ཞང་ཞུང་སྨར་གྱི་གླིང་སྟོད་ན། །བྱ་རི་གཙུག་ལྡན་མཁའ་འགྲོའི་གནས། །བྱང་ཆུབ་སྒྲུབ་པའི་གནས་བརྒྱད་ཡིན། །ཏིང་འཛིན་ཉམས་ལེན་སྒོམ་ན་འཕེལ། །གཉིས་པ་མཆོག་ཐུན་སྤེལ་མ་བརྒྱད། །ཤར་རྒྱལ་མོ་གཉན་རི་མཁའ་འགྲོའི་གནས། །ལྷོ་གཡུ་བུན་གངས་རི་མཁའ་འགྲོའི་གནས། །ནུབ་ལྷོ་མོན་བྱ་རི་མཁའ་འགྲོའི་ནས། །བྱང་ཨཀྟ་གསེར་རི་མཁའ་འགྲོའི་གནས། །དབུས་ཆུ་བོ་དཔལ་རི་མཁའ་འགྲོའི་གནས། །རྫ་གམ་པོ་རྡོ་རྗེ་མཁའ་འགྲོའི་གནས། །དབུས་ཆུ་བོ་དཔལ་རི་མཁའ་འགྲོའི་གནས། །བྲག་ག་ཆུང་འབུམ་གླིང་མཁའ་འགྲོའི་གནས། །ནགས་བལ་པོ་ཤིང་ཀུན་མཁའ་འགྲོའི་གནས། །མཆོག་ཐུན་སྤེལ་བའི་གནས་བརྒྱད་ཡིན། །གསང་སྔགས་ཟབ་མོ་སྒྲུབ་ན་འགྲུབ། །གསུམ་པ་ཐུན་མོང་མཐུན་རྐྱེན་གནས། །ཤར་གམ་པོ་གངས་རི་མཁའ་འགྲོའི་གནས། །ལྷོ་ཁ་བ་གངས་བཙན་མཁའ་འགྲོའི་གནས། །ནུབ་བྱ་རྒྱལ་རྩིབས་རི་མཁའ་འགྲོའི་གནས། །བྱང་རྟ་སྒོ་གངས་རི་མཁའ་འགྲོའི་གནས། །ནུབ་ཇོ་མོ་སྙིང་རི་མཁའ་འགྲོའི་གནས། །འཇང་བྱི་བ་སྟག་རྩེ་མཁའ་འགྲོའི་གནས། །མོན་ཁ་ཤ་སྙུགས་རི་མཁའ་འགྲོའི་གནས། །མཐུན་རྐྱེན་སྒྲུབ་པའི་གནས་བརྒྱད་ཡོད། །གར་དབེན་ཉམས་ལེན་སྐྱོངས་ན་འཕེལ། །ཉི་ཤུ་རྩ་བཞི་མཁའ་འགྲོའི་གནས། །མཆོག་ཐུན་སྒྲུབ་པའི་གནས་རི་སྟེ། །སྤྱི་ཡི་རྣམ་གྲངས་བསྟན་པའོ། །
      དགོས་སུ་ཁ་བ་ཅན་ལྗོངས་གྱི། །སུམ་པ་གླང་གི་གྱིམ་ཤོད་ཀྱི། །ཤེལ་ལེ་རྒྱ་སྐར་གནས་མཆོག་འདིར། །དཔེ་དང་དོན་དུ་སྦྱར་བ་ན། །དཔེ་རུ་ཤེལ་ལེ་གནས་རྫོང་དྲུག །དོན་དུ་ཕ་རོལ་ཕྱིན་པ་དྲུག །རྟགས་སུ་མཆོག་ཐུན་དངོས་གྲུབ་དྲུག །རྩེ་དྲུག་ལྷུན་པོ་གཙུག་གི་རྩེ། །ཤེལ་ལེ་རྒྱ་སྐར་གསང་བའི་གནས། །གྱིམ་ཤོད་བྲག་དཀར་ཡང་རྩེ་ལ། །རྩེ་མི་འགྱུར་བའི་རྟགས་བཞི་ཡོད། །ཤར་མི་འགྱུར་ཆུ་བོ་རྒྱུན་གྱི་རྟགས། །འཛུམ་དྲུག་ཁ་ལ་ཆུ་འཁྱིལ་ཡོད། །བྱང་མི་འགྱུར་བྱེ་རི་དམར་པོ་ཡོད། །བྱ་དམར་རྟགས་ལ་ཟེ་བ་ཡོད། །ནུབ་མི་འགྱུར་བྲག་ལ་རུས་སྦལ་ཡོད། །གབ་པའི་རྟགས་ལ་བང་རིམ་ཡོད། །ལྷོ་མི་འགྱུར་གཡུ་བུན་ལུང་བཙན་ན། །ཁ་རླུང་རྟགས་ལ་གཡུ་བུན་ཡོད། །རྩེ་མི་འགྱུར་སྲུང་བའི་རྟགས་བཞི་ཡིན། །རྟགས་མི་འགྱུར་བའི་འཛེར་བཞི་ཡོད། །ལྷོ་ཤར་བྲག་དཀར་མདའ་ཡུད་ལ། །རྡོ་རྗེ་འདྲ་བའི་བྲག་འཛེར་ཡོད། །བྱང་ཤར་གླང་པོ་གྱིམ་ཤོད་ལ། །པད་མ་འདྲ་བའི་སྤང་འཛེར་ཡོད། །བྱང་ནུབ་ལྷུན་པོའི་མདུན་སོ་ན། །འཁོར་ལོ་འདྲ་བའི་སྤར་འཛེར་ཡོད། །ལྷོ་ནུབ་ཆུ་བོའི་གཞུང་ལམ་ལ། །དཔག་བསམ་འདྲ་བའི་ཤིང་འཛེར་ཡོད། །ལྷོ་ནུབ་ཆུ་བོའི་གཞུང་ལམ་ལ། །དཔག་བསམ་འདྲ་བའི་ཤིང་འཛེར་ཡོད། །འཛེར་མི་འགྱུར་སྲུང་བའི་ལྷ་བཞི་ཡོད། །ཤར་ཟ་མ་མཆེད་བདུན་གཉན་གྱིས་སྲུང་། །བྱང་བོད་ཀྱི་བ་རུ་འགུར་ལྷས་སྲུང་། །ནུབ་སྨན་རྒོད་མཆེད་བདུན་ལྕམ་གྱིས་སྲུང་། །ལྷོ་མོ་ནོམ་སྤུན་གསུམ་བདུད་ཀྱིས་སྲུང་། །སྲུང་མི་འཆུག་བཀྲ་ཤིས་རྫས་བརྒྱད་ཡོད། །རྟགས་མི་འཆུག་པའི་ཆགས་ཚུལ་ཡོད། །སྤྱིར་སུམ་པ་གླང་གས་གྱིམ་ཤོད་ལ། །རི་མ་རི་རེ་ལ་བུ་རི་རེ། །བུ་རི་རེ་ལ་ནེ་ཐང་རེ། །ནེ་ཐང་རེ་ལ་ན་དམར་རེ། །ན་དམར་རེ་ལ་ཆུ་མིག་ཏེ། །ཆུ་མིག་རེ་ལ་ཞིང་ས་རེ། །རི་གླང་པོ་འདྲ་བའི་རྩིབས་ལ་ཆགས། །སྟོད་ཀྱི་བྱ་རྒྱལ་རྩིབས་རི་དང་། །སྨད་ཀྱི་བྱ་རྒོད་རྩིབས་རི་གཉིས། །རྒོད་ཐང་དཀར་མ་བུ་གཤོག་པ་འཐབ། །མ་མཁའ་འགྲོ་བྲོ་དང་རྩེད་མོ་རྩེ། །འཁོར་དཔའ་བོ་དཔའ་མོས་དངོས་གྲུབ་བསྡུད། །བྱ་རྒོད་པོ་རྒྱལ་ཀྱང་རྩིབས་ལ་འགྲིམ། །རྩིབས་ཤོད་བཞི་མཚམས་བརྒྱད་འབྲས་ཀྱི་གཏེར། །འབྲུ་རིན་ཆེན་སྣ་བརྒྱད་བཀྲ་ཤིས་རྟགས། །རི་མ་རི་ཡོལ་བ་འདྲ་བ་ལ། །དབུ་ལ་གདུགས་ཀྱི་བཀྲ་ཤིས་ཡོད། །བུ་རི་ལྷ་སྐུ་འདྲ་བ་ལ། །འགུར་ལ་བུམ་པའི་བཀྲ་ཤིས་ཡོད། །ཉིན་རི་མཆོད་རྟེན་འདྲ་བ་ལ། །སྐུ་ལ་རྒྱལ་མཚན་གྱི་བཀྲ་ཤིས་ཡོད། །སྲིབ་རི་མཎྡལ་འདྲ་བ་ལ། །གདན་ལ་པད་མའི་བཀྲ་ཤིས་ཡོད། །ནེ་ཐང་བརྩེགས་པ་འདྲ་བ་ལ། །ཞབས་ལ་འཁོར་ལོའི་བཀྲ་ཤིས་ཡོད། །རི་བྱ་དམར་འབབ་དང་འཇོལ་འདྲ་ལ། །གསུང་ལ་དུང་གི་བཀྲ་ཤིས་ཡོད། །ཆུ་དལ་དྭངས་འཁྱིལ་དང་འབབ་པ་ལ། །སྤྱན་ལ་གསེར་ཉྭའི་བཀྲ་ཤིས་ཡོད། །གནས་རྩེ་མོ་དྲུག་བརྒྱད་ཁོང་སེང་ལ། །ཐུགས་ལ་དཔའ་དབྱིལ་(བེའུ)བཀྲ་ཤིས་ཡོད། །སྲུང་མི་འཆུག་བཀྲ་ཤིས་རིགས་རྟགས་ཡིན། །ལར་ཡང་ཤེལ་ལེ་རྫོང་དྲུག་ལ། །རྩེ་མོ་དྲུག་ལ་མཚན་དྲུག་ཡོད། །མདུན་རྒྱབ་གཉིས་དང་མཚན་བརྒྱད་ཡོད། །དང་པོ་ཡིད་བཞིན་ནོར་བུ་རྩེ། །སྦྱིན་པ་མཐར་ཕྱིན་རྩེ་མོ་འཐོབ། །གཉིས་པ་དྲི་མེད་ཤེལ་དཀར་རྩེ། །ཚུལ་ཁྲིམས་མཐར་ཕྱིན་དྲི་མེད་འཐོབ། །གསུམ་པ་མཉམ་ཉིད་མཐོང་བ་རྩེ། །བཟོད་པ་མཐར་ཕྱིན་གཉིས་མེད་འཐོབ། །བཞི་པ་བསམ་འགྲུབ་དགའ་བ་རྩེ། །བརྩོན་འགྲུས་མཐར་ཕྱིན་རྫུ་འཕྲུལ་འཐོབ། །ལྔ་པ་མི་འགྱུར་གཡུང་དྲུང་རྩེ། །བསམ་གཏན་མཐར་ཕྱིན་གཡོ་མེད་འཐོབ། །དྲུགཔ་ཆེན་པོ་ཏོག་ཆེན་རྩེ། །ཤེས་རབ་མཐར་ཕྱིན་ཆེན་པོ་འཐོབ། །འདུན་དུ་མངོན་དགའ་སེང་གེ་རྩེ། །ཤར་གྱི་མདངས་ལེན་འཇུག་མཐར་ཕྱིན། །རྒྱབ་ན་མཐོང་སྨོན་ཟླ་བ་རྩེ། །ནུབ་ཀྱི་ཟེར་བསྡུད་སྤྱོད་མཐར་ཕྱིན། །རྩེ་བརྒྱད་རྩེ་མོ་བཅུ་གཉིས་ལྡན། །གཉིས་སུ་མེད་པ་འབྲས་མཐར་ཕྱིན། །སྐལ་ལྡན་འཇུག་པའི་གནས་སུ་བཟང་། །རྩེ་བརྒྱད་ཤོད་བརྒྱད་དུར་ཁྲོད་བརྒྱད། །ཉི་མ་ཤར་དང་ཟླ་བ་རྩེ། །མུན་པ་རུག་དང་མུན་པ་འཁྲིགས། །ཀང་ཀ་གླིང་དང་གཅན་སྤྱང་བྲིང་། །ལྕང་ཚངས་བྱང་དམར་གའུ་བརྒྱད། །འདབ་ཆགས་བྱ་རིགས་འཕུར་ལྡིང་འཇོལ། །གཅན་གཟན་རི་དྭགས་རྒྱུག་འདྲ་མདུར། །འབྱུང་པོ་རོ་ལངས་མི་མིན་འཚོགས། །ལྷ་སྲིན་དྲེགས་པ་འདུ་བའི་ས། །གསང་སྔགས་སྒྲུབ་པའི་གནས་སུ་བཟང་། །གནས་མཆོག་ཉི་ཤུ་རྩ་བཞི་དང་། ཡང་དག་གནས་ཆེན་སྡེ་ལྔ་ལ། །ཤེལ་ལེ་རྫོང་དྲུག་ལྷུན་པོའི་གནས། །རྩ་གསུམ་ལྷ་ལ་སྨོན་པ་ཏེ། །བོད་ཀྱི་རྣལ་རྒྱལ་ཁང་བཟང་ཡིན། །རིག་འཛིན་མཁའ་འགྲོའི་བྱིན་གྱིས་བརླབས། །བདེར་གཤེགས་ཐུགས་རྗེའི་འོད་ཟེར་གནས། །མི་དང་མི་མིན་བྲན་དུ་འཁོལ། །ལྷ་སྲིན་དྲེགས་པས་སྡོང་གྲོགས་བྱེད། །བཀྲ་ཤིས་ཕུན་ཚོགས་ལྡན་པ་སྟེ། །གནས་ཀྱི་ཡོན་ཏན་བསྟན་པའོ། །
      གཉིས་པ་ལམ་གྱི་སྤྱོད་ཚུལ་ནི། །དེ་ལྟར་ཕྱི་རབས་གང་ཟག་རྣམས། །གནས་ཀྱི་ཡོན་ཏན་ཐོབ་ནས་སུ། །ཡང་དག་སྒྲུབ་པའི་གནས་རི་དེ། །གང་དུ་ཡོད་ཀྱང་དཀའ་བས་བཙལ། །དྲུང་དུ་ཕྱིན་ནས་འདུན་པས་བཟུང་། །ཅི་འཚམས་སྒྲུབ་པའི་གཡར་དམ་བཅའ། །མཐུན་རྐྱེན་ཡོ་བྱད་འཚོགས་པར་བསགས། །རྒྱལ་འཕགས་གོང་མའི་བཀའ་ལུང་ལ། །ཐོས་བསམ་སྒོམ་གསུམ་ཚུལ་བཞིན་སྤྱོད། །འཇུག་ནས་སྤྱོད་མཐར་ཕྱིན་པར་བྱ། །སྤྱོད་ནས་འབྲས་མཐར་ཕྱིན་པར་བྱ། །མཐར་ཕྱིན་དོན་དང་ལྡན་པར་བྱ། །དེ་ལྟར་གནས་ཀྱི་སྣང་ཚུལ་དང་། །ལམ་གྱི་སྤྱོད་ཚུལ་ཟུང་འབྲེལ་དོན། །སྐལ་ལྡན་ཐུགས་ཀྱི་དཀྱིལ་དུ་ཞོགས། །ཕྱི་རབས་གང་ཟག་རྣམས་ལ་སྒྲོགས། །དག་སྣང་མོས་གུས་བསྐྱེད་པར་གྱིས། །ཅེས་གཙོ་མོའི་ཞལ་ནས་གསུངས་སོ། །དེ་ལ་ཡང་གཡས་ཀྱི་རིག་འཛིན་ཞལ་ནས་གསུངས་པ། ཉོན་ཅིག་སྐལ་ལྡན་རིགས་ཀྱི་སྲས། །གཙོ་མོའི་ཞལ་ནས་གསུངས་པ་ཡི། །མཁའ་འགྲོ་འདུ་བའི་གནས་མཆོག་གི །ཕོ་བྲང་ཤེལ་ལེ་རྫོང་དྲུག་ལ། །ཕྱི་ཡི་ཡིན་ཚུལ་དེ་འདྲ་ན། །ནང་གི་ཡིན་ཚུལ་འདི་འདྲ་སྟེ། །གནས་མཆོག་ཤེལ་ལེ་རྒྱ་སྐར་གྱི། །རྒྱབ་རི་གླང་ཆེན་ཉལ་བ་འདྲ། །གླང་ཆེན་ཁལ་ལ་ནོར་བུ་ཡོད། །གཡས་རི་ཟླ་བ་ཚེས་པ་འདྲ། །ཟླ་ཚེས་རྩེ་ལ་སྐར་ཕྲན་ཡོད། །གཡོན་རི་སེང་གེ་འཆོང་བ་འདྲ། །དུང་སེང་དབུ་ལ་གཡུ་རལ་ཡོད། །མདུན་རི་འབྲས་ཕུང་སྤུངས་པ་འདྲ། །འབྲས་ཕུང་རྩ་རུ་བམ་སྟོང་ཡོད། །རི་རྒྱུད་དར་དཀར་ཡོལ་བ་ལ། །ཆེ་རྒྱུད་གདན་ས་མི་འཆུག་པ། །མ་འཇིལ་སྟེང་ནས་བུམ་པའི་ཚུལ། །བུམ་པ་དགོས་འདོད་འབྱུང་བ་ལ། །ཡིད་བཞིན་ནོར་བུ་རྒྱུན་མི་འཆད། །བུམ་ལྟོ་གཡུང་དྲུང་བོན་གྱིས་བཀང་། །ཕྱི་ནང་གསང་བའི་བུམ་གཏེར་བཞུགས། །ཕྱི་ནང་གཏེར་གྱི་བཞུགས་ཚུལ་ནི། །སྔོན་བསྐལ་པ་དུས་ཀྱི་གནས་སྐབས་ལ། །བསྟན་པ་དར་ལྡིང་བྱུང་བའི་དུས། །སློབ་དཔོན་སྟོང་རྒྱུང་མཐུ་ཆེན་དང་། །མཁས་པ་སེ་ལྡེ་མེ་གསུམ་དང་། །བླ་ཆེན་དྲན་པ་ཡབ་སྲས་དང་། །གྲོལ་ཐོབ་རིག་འཛིན་ཀུན་འཚོགས་ནས། །བོན་སྒོ་ཕྱི་ནང་གསང་གསུམ་ལ། །གཏེར་ཁ་སུམ་བརྒྱ་དྲུག་ཅུ་སྤྲོས། །ཡང་གཏེར་སྟོང་དང་རྩ་གཉིས་སྦས། །ཁྱད་པར་གླང་པོ་གྱིམ་ཤོད་ཀྱི། །གསང་བ་གཏེར་གྱི་སྦས་ཚུལ་ནི། །ཐང་རུ་སྦལ་གབ་པའི་གདན་སྟེང་ན། །དཀྱིལ་འཁོར་ཆེན་པོའི་ཞབས་འོག་ཏུ། །གསང་བ་གཟུངས་ཀྱི་འབུམ་ཆེན་ཡོད། །ལེའུ་སུམ་བརྒྱ་དྲུག་ཅུ་ལ། །རྒྱུད་དང་གཞུང་དང་ཆ་ལག་དང་། །འདོན་མཆོད་བསྒྲུབ་དང་གྱེར་ཟློས་སྔགས། །ཕྱི་ནང་གསང་བ་ཡང་གསང་སྐོར། །ཕྱོགས་བཞི་མཚམས་བརྒྱད་དབུས་དང་དགུ། །སྒོ་བཞི་ཚོམ་བུ་བཅུ་གསུམ་ལ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་སྦས། །དེ་ཡི་ཕྱོགས་ཀྱི་སྲུང་བཞི་ལ། །ཤར་ཕྱོགས་ས་སྐྱ་སྟག་ཤུ་ལ། །གཟུངས་སྡེ་ཕྲ་མོ་བཅུ་གཉིས་དང་། །རིན་ཆེན་གསེར་གྱི་གཏེར་ཁ་ཡོད། །བྱང་ཕྱོགས་བྱེ་རི་དམར་མོ་ལ། །འབུམ་སྡེ་སིལ་བུ་ཕྲ་གཉིས་དང་། །རིན་ཆེན་ཟངས་ཀྱི་གཏེར་ཁ་ཡོད། །ནུབ་ཕྱོགས་རུ་སྦལ་བྲག་འོག་ལ། །རྒྱུད་སྡེ་འཐོར་བུ་ཆ་གསུམ་དང་། །རིན་ཆེན་ལྕགས་ཀྱི་གཏེར་ཁ་ཡོད། །ལྷོ་ཕྱོགས་སྤང་རི་འབྲུག་ལྷུང་ལ། །མན་ངག་སྔགས་ཀྱི་ཡང་ཁོལ་དང་། །རིན་ཆེན་གཡུ་ཡི་གཏེར་ཁ་ཡོད། །རི་མཆོད་རྟེན་འདྲ་བའི་བང་རིམ་ལ། །ཕྱྭ་གཤེན་ཀང་ཀའི་རྒྱབ་མདུན་ཡོད། །རི་རྒྱལ་སྣང་གཉན་ཐུགས་ཀ་ན། །སྲིད་པའི་གཉན་འབུམ་ཆེན་པོ་ཡོད། །དེ་ཡི་ལྷོ་རུ་ཁ་བལྟས་ཀྱི། །རྒྱབ་ཡོལ་གདན་ཁྲི་འདྲ་བའི་བར། །མངོན་པ་ཉི་མའི་དཀྱིལ་འཁོར་དང་། །རིན་ཆེན་བུམ་པ་ཆ་ལྔ་ཡོད། །དེའི་གཡས་ཟུར་ནུབ་ཕྱོགས་ཀྱི། །ཤེལ་བྲག་འོད་ཀྱི་གསང་ཕུག་ལ། །གསང་སྔགས་ཁྲོ་བོ་དཀར་སྔོན་དང་། །རྣམ་པར་འཇོམ་པའི་གཟུངས་སྡེ་ཡོད། །དེའི་གཡས་ཟུར་ནུབ་ཕྱོགས་ཀྱི། །དཀའ་ལ་བསྐྱེད་པའི་ས་གནས་སུ། །ཡང་དག་བཀའ་ཡི་ཕྱི་གཏེར་ཡོད། །ལྷ་སྐུ་ཅན་དང་ཡིག་འབྲུ་ཅན། །བུམ་པ་ཅན་དང་མེ་ལོང་ཅན། །གདན་ཁྲི་འདྲ་བའི་བྲག་ལ་ཡོད། །དེ་རྣམས་སྤྱི་ལ་ཡོད་ཚུལ་ལོ། །
      གཉིས་པ་དགོས་ཀྱི་ཡོད་ཚུལ་ནི། །ཕོ་བྲང་ཤེལ་ལེ་རྫོང་དྲུག་གི །ཡིད་བཞིན་ནོར་བུའི་རྩེ་མོ་ལ། །མཆོད་སྦྱིན་རྒྱས་པའི་བོན་སྐོར་དང་། །རིན་ཆེན་བུམ་པ་ཆ་ལྔ་ཡོད། །དྲི་མེད་ཤེལ་དཀར་རྩེ་མོ་ལ། །གཙང་དག་འདུལ་བའི་བོན་སྐོར་དང་། ཤེལ་སྒོང་མཎྜལ་བཅུ་དྲུག་ཡོད། །མཉམ་ཉིད་མཐོང་བའི་རྩེ་མོ་ལ། །སྔགས་སེམས་སྤྱོད་འཇུག་སྐོར་གསུམ་དང་། །བཀའ་རྟགས་གཡུ་ཡི་ཕུར་སྐུ་ཡོད། །བསམ་འགྲུབ་དགའ་བའི་རྩེ་མོ་ལ། །གསང་སྔགས་ཡེ་ཤེས་མེ་དཔུང་དང་། །དྲུག་ཅུ་རྩ་གཅིག་དགོས་སྒྲུབ་དང་། །སྔགས་ཕུར་བརྒྱ་དང་ཉི་ཤུ་རེ། །མི་འགྱུར་གཡུང་དྲུང་རྩེ་མོ་ལ། །བསམ་གཏན་ཅོག་བཞག་བོན་སྐོར་དང་། །འཕྲུལ་གྱི་མེ་ལོང་ཆ་བདུན་ཡོད། །ཆེན་པོ་ཏོག་ཆེན་རྩེ་མོ་ལ། །ལུང་སྡེ་སིལ་བུ་བཅུ་གསུམ་ཡོད། །མངོན་དགའ་སེང་གེའི་རྩེ་མོ་ལ། །སྔགས་ཀྱི་སྤྱོད་ཚུལ་ཆེན་མོ་དང་། །བཀའ་རྟགས་ཤེལ་གྱི་བུམ་པ་ཡོད། །མཐོང་སྨོན་ཟླ་བའི་རྩེ་མོ་ལ། །རྫོགས་ཆེན་འཁོར་ལོ་གཏིང་རྫོགས་དང་། །བཀའ་རྟགས་གསེར་གྱི་མཎྜལ་ཡོད། །གཏེར་བདག་སྲིད་པའི་རྒྱལ་མོ་དང། །བདུད་བཙན་དྲ་བ་དམར་ནག་དང་། །སྲོག་བདག་དྲེགས་པ་སྡེ་དཔོན་དང་། །གནས་བདག་ཀླུ་བཙན་གྲལ་གྱིས་བྱེད། །སྔོན་ཆད་སྟོང་རྒྱུང་གྲུབ་པའི་གནས། །བར་དུ་མུ་སྤུངས་བདག་གི་གནས། །ད་ལྟ་སྐལ་ལྡན་མཆེད་ཀྱི་གནས། །ཕྱི་རབས་གང་ཟག་སྐྱེས་བུ་རྣམས། །གནས་ཕྲན་གཞན་དུ་ལོ་བསྒྲུབས་པས། །གནས་མཆོག་འདི་རུ་ཟླ་སྒྲུབ་དགའ། །གཞན་དུ་ཟླ་སྒྲུབ་བྱས་པ་བས། །འདི་རུ་ཞག་གསུམ་སྒྲུབ་པ་ལྷག །དེ་ཕྱིར་གནས་ཀྱི་ཡོན་ཏན་ལ། །ཕྱི་རབས་མོས་འདུན་གུས་པ་བསྐྱེད། །ཅེས་གསུངས་སོ། །
      ཡང་གཡོན་གྱི་མཁའ་འགྲོའི་ཞལ་ནས། གསོན་དང་སྐལ་ལྡན་རིགས་ཀྱི་བུ། །ཡུམ་ཅིག་ཞལ་ནས་གསུངས་པ་ཡི། །ཕོ་བྲང་ཤེལ་ལེ་རྫོང་དྲུག་འདི། །ཕྱི་ནང་ཡོན་ཏན་དེ་ལྟར་ན། །གསང་བའི་ཡོན་ཏན་འདི་ལྟར་རོ། །སྤྱི་རུ་དུས་རྣམས་ཐམས་ཅད་དུ། །བདེར་གཤེགས་འོད་ཟེར་རྟག་ཏུ་གནས། །ཁྱད་པར་དུས་བཟང་བརྒྱད་པོ་ལ། །མཁའ་འགྲོ་གསང་བའི་དངོས་གྲུབ་འབེབ། །ལྷ་སྲིན་དྲེགས་པས་སྡོང་གྲོགས་བྱེད། །སྔོན་ཆད་བསྐལ་བ་གོང་མ་ལ། །མ་སྲིང་མཁའ་འགྲོ་ཐམས་ཅད་ཀྱིས། །སུམ་ཅུ་རྩ་གསུམ་ལྷ་གནས་ནས། །ཡོངས་སུ་དག་པ་སྤྱན་དྲངས་ནས། །དཔའ་བོ་དཔའ་མོ་ཀུན་འཚོགས་ནས། །ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་བསྐོར། །ཚོགས་ཀྱི་གྲུབ་པའི་དབང་བསྐུར་ཞུས། །དེ་འོག་བར་གྱི་བསྐལ་བ་ལ། །སྟག་གཟིག་འོལ་མོ་གླིང་ཆེན་ནས། །དབལ་བུ་ང་ཚ་སྤྱན་དྲངས་ནས། །ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་བསྐོར། །ཚོགས་ཀྱི་སྒྲུབ་པའི་དབང་བསྐུར་ཞུས། །དེ་འོག་བར་གྱི་བསྐལ་བ་ལ། །སློབ་དཔོན་སྟོང་རྒྱུང་སྤྱན་དྲངས་ནས། །ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་བསྐོར། །ཚོགས་ཀྱི་སྒྲུབ་པའི་དབང་བསྐུར་ཞུས། །དེ་འོག་བར་གྱི་བསྐལ་བ་ལ། །སློབ་དཔོན་མཁས་པ་མི་གསུམ་དང་། །གྱེར་སྤུངས་དྲན་པ་སྤྱན་དྲངས་ནས། །ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་བསྐོར། །ཚོགས་ཀྱི་སྒྲུབ་པའི་དབང་བསྐུར་ཞུས། །དབང་རྟགས་མི་འགྱུར་རྒྱ་ཡི་གདབ། །ཚོགས་ཀྱི་སྒྲུབ་པའི་བསྟན་པ་ནི། །རྗེས་བཞག་མཐར་རྒྱས་སྨོན་ལམ་གདབ། །ལར་ཡང་ཕྱི་རབས་གང་ཟག་རྣམས། །གཡུང་དྲུང་གསང་བའི་སྒོར་ཞུགས་ནས། །བོན་སྒོ་ཕྱི་ནང་གང་སྤྱོད་ཀྱང་། །དུས་བཟང་ཚོགས་ཀྱི་འཁོར་ལོ་དང་། །བསྙེན་སྒྲུབ་ཟབ་མོའི་དབང་བསྐུར་ཞུས། །ཡིད་དམ་བྱིན་བརླབས་སྤྲིན་ལྟར་གཏིབས། །ཡེ་ཤེས་མཁའ་འགྲོ་ཉི་ལྟར་ཤར། །རྫུ་འཕྲུལ་མཁའ་འགྲོ་གཞའ་ལྟར་འཁྱུག །ཤ་གཟན་མཁའ་འགྲོ་སྐར་ལྟར་འཁྲུག །ལས་ཀྱི་མཁའ་འགྲོ་ཐོག་ལྟར་འགྲིལ། །མཆོག་ཐུན་དངོས་གྲུབ་ཆར་ལྟར་འབེབ། །རྣལ་འབྱོར་རིག་པ་ངར་དང་ལྡན། །སྐལ་ལྡན་རིག་པ་འུར་དང་འབར། །ཉམས་དང་སྣང་བ་རྒྱ་ཡན་འཕྱོ། །ཏིང་འཛིན་ཉམས་ལེན་དགོངས་པ་འཕེལ། །བསྙེན་སྒྲུབ་དྲོད་ཚད་བཅུ་འགྱུར་འཕེལ། །མི་དང་མི་མིན་དབང་དུ་བསྡུད། །ལྷ་སྲིན་དྲེགས་པ་བྲན་ཏུ་འཁོལ། །མཐུ་དབང་བྱིན་བརླབས་ཕུན་སུམ་ཚོགས། །ཨེ་མ་ངོ་མཚར་ཉམས་རེ་དགའ། །སྔོན་ཆད་རིག་འཛིན་སྒྲུབ་པའི་གནས། །ད་ལྟ་སྐལ་ལྡན་སྒྲུབ་གཤེན་གྱིས། །མཆོག་ཐུན་སྒྲུབ་པའི་གནས་སུ་ཕྱིན། །ཕྱི་རབས་གང་ཟག་སྐྱེས་བུ་ལ། །རིགས་ལྡན་གནས་སྒོ་ཕྱེད་པར་མཛོད། །ཅེས་གསུངས་ཏེ། ཀུན་གྱིས་ཚོགས་འཁོར་བསྐོར་ནས། ཕྲིན་ལས་ཀྱི་ལས་མཐའ་རྫོགས་པར་མཛད་དོ། །མཚན་ལྡན་བམ་དང་ཚོགས་ཀྱི་འཁོར་ལོ་རྣམས་ཀྱང་། ཕུན་སུམ་ཚོགས་པའི་ཡོ་བྱད་དུ་གྲུབ་ཏེ། གཏོར་མ་དང་དངོས་གྲུབ་ཀུན་གྱིས་རོལ་ལོ། །དཔོན་གསས་རིག་འཛིན་མཁའ་འགྲོ་རྣམས་ཀྱང་། མགུ་བ་དང་དགྱེས་པའི་ཚུལ་བསྟན་ནས། བདག་ལ་ཡང་ཉམས་གྱི་གླེང་ལང་དང་། བཀའ་ཡི་གནང་བ་དང་། སྔ་ཕྱིའི་འགྱུར་ཚུལ་མང་དུ་གནང་ནས། རྫུ་འཕྲུལ་གྱི་སྐུར་སྤྲུལ་ཏེ་མཁའ་སྤྱོད་ཀྱི་གནས་སུ་གཤེགས། དེ་ལྟར་རྣལ་འབྱོར་ཁོ་བོ་ཡང་། །སྔོན་གྱི་ལས་འཕྲོ་སྐལ་ལྡན་པས། །བླ་མ་རིག་འཛིན་མཁའ་འགྲོའི་ལུང་། །ཁྱད་པར་གནས་ཀྱི་ཡིན་ཚུལ་གྱི། །ལོ་རྒྱུས་གསལ་བའི་སྒྲོན་མེ་འདི། །ཕྱི་རབས་ཡིད་ཆེས་བསྐྱེད་པའི་ཕྱིར་དུ། །འགྲུ་བཙུན་ཤེས་རབ་རྒྱལ་མཚན་གྱིས། །ཡང་ཡང་བསྐུལ་མ་བྱས་ནས་སུ། །དཀར་ཆག་ཡི་གེར་བཏབ་པ་འདི། །མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ། །འདི་བྲིས་དགེ་བའི་རྩ་བ་དེས། །ཕྱི་རབས་རྗེས་འབྲང་གང་ཟག་རྣམས། །གནས་ཀྱི་ཡོན་ཏན་རབ་རྫོགས་ནས། །མཆོག་ཐུན་དངོས་གྲུབ་སྙེམས་པར་ཤོག །བཀྲ་ཤིས། ཞལ་བྲོ་བར་ཤོག །

2014ལོའི་«ཞང་བོད་ཞིབ་འཇུག»སྤྱི་དེབ་གཉིས་པ་ལས་དྲངས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།