མཛེས་ལྗོངས་ཁོད་སྤུངས་གཟི་རྩ་གཡུ་མཚོའི་དཀར་ཆག

[ཟླ་ཚེས། 2013-12-26 22:42:05][རྩོམ་པ་པོ། གསང་བདག་མུ་ལ་རང་གྲོལ་རྩལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅། །འཛམ་གླིང་ལ་མིང་གྲགས་ཁྱབ་པའི་མཛེས་ལྗོངས་ཁོད་སྤུངས་གཟི་རྩ་གཡུ་མཚོའི་དཀར་ཆག་གནམ་ཕྱི་གུང་རྒྱལ་ཡུམ་གྱི་ཞལ་ལུང་ཞེས་བྱ་བ་བཞུགས།

01.jpg

ཨཿ ལྟ་བ་སྟོང་ཆེན་མཐའ་བྲལ་ནམ་མཁའི་ཀློང་། །
སྒོམ་པ་རང་གསལ་རིག་པའི་རྟ་ལྗང་ཞེས། །
སྤྱོད་པ་འཁོར་འདས་རོལ་པ་ཡེ་གསལ་བྲལ། །
འབྲས་བུ་རེ་མེད་དོགས་མེད་ཐིག་ལེ་གཅིག །
ཅིར་ཡང་མ་བཅོས་རིག་སྟོང་ཟང་ཐལ་ཀློང་། །
སྟོང་པས་སྟོང་བ་མཇལ་བའི་རང་གཤིས་སུ། །
ལྷག་མཐོང་རིག་གདངས་བརྡ་ཡིག་འདི་ལྟར་འཆར། །
མ་མ་ཌཱཀི་ཙིརྟ་ཧ་ར་ཨ། །
ཡེ་སངས་སྲིད་པའི་རྒྱལ་པོར་ཕྱག་འཚལ་ལོ། །
བདག་གི་མདུན་གྱི་བར་སྣང་སྟོང་བའི་མཁའ། །
འོད་ལྔ་མུ་འཁྱུད་སྐོར་བའི་དཀྱིལ་རུམ་ན། །
ཡེ་ཤེས་ཌཱཀི་དཀར་མོ་ཞལ་གཅིག་མ། །
ཞལ་གཅིག་བདག་ལ་ཕྱོགས་ནས་འདི་སྐད་གསུངས། །
ཧྲི་ཧོ་སྐལ་ལྡན་ལས་འཕྲོ་ཅན་གྱི་བུ། །
ཚེ་རབས་གོང་ནས་ཐེག་ཆེན་སྦྱངས་འཕྲོ་སད། །
ད་ལྟར་བདག་དང་འཕྲད་པ་རྟེན་འབྲེལ་ལེགས། །
ང་ནི་སྲིད་པའི་ལྷ་མོ་གནམ་ཕྱི་མ། །
ཡེ་སངས་སྲིད་པའི་གོང་གི་རྒྱལ་མོ་ཞེས། །
ཡེ་སྲིད་མི་མངོན་དབྱིངས་ནས་མཉམ་པར་གནས། །
ད་ལྟར་སྐལ་ལྡན་ཁྱེད་དང་ཞལ་མཇལ་ཙམ། །
ཁོད་སྤུངས་གཡུ་མཚོ་ངོ་མཚར་མདངས་ལྡན་འདི། །
གསང་བའི་སྦས་གནས་ས་བཅུ་བཀོད་པ་ཅན། །
སྔོན་ཚེ་སྲིད་པ་སངས་པོ་འབུམ་ཁྲི་དང་། །
ཆུ་ལྕམ་རྒྱལ་མོ་ཡབ་ཡུམ་སྤྲུལ་བ་ལས། །
ཡེ་ཕྱི་གོང་སངས་ཡེ་མན་འབུམ་ཕྲག་ཅེས། །
ཁ་ནས་དོག་ལ་དུས་གཅིག་བབ་ནས་ཀྱང་། །
སྤྲུལ་པ་སྣ་ཚོགས་བྱེ་བ་ཕྲག་བརྒྱ་བསྟན། །
སངས་པོའི་སྤྲུལ་བ་ཀུ་བྱི་མང་ཀེ་ཡིས། །
ནམ་མཁའི་ཀློང་ནས་མངོན་སུམ་ཞལ་བསྟན་སྟེ། །
ལྷ་མོ་ཡེ་ཕྱི་མ་དང་མན་ཕྲན་ཅེས། །
སྔོན་ཚེ་སངས་པོ་ཡབ་ཀྱི་བཀའ་བཞིན་དུ། །
གཡུ་མཚོ་འདི་ཡི་ནང་དུ་རྟེན་བཅས་ལ། །
སངས་རྒྱས་བསྟན་པ་སྲུང་ཤིང་བསྟན་འཛིན་གྱི། །
འཕྲིན་ལས་ཐོགས་མེད་འགྲུབ་པར་ཞལ་བཞེས་བགྱིས། །
ཞེས་གསུངས་ཀུ་བྱི་མི་མངོན་དབྱིངས་སུ་ཡལ། །
སྲིད་པ་ལྷ་མོ་ཡེ་ཕྱི་གུང་རྒྱལ་མ། །
གཡུ་ཡི་ན་བུན་སྔོན་པོ་གོས་སུ་གྱོན། །
གཡས་པས་གསེར་གཤང་ཁྲི་ལོ་ནམ་མཁར་ཐོགས། །
གཡོན་པས་འབྱུང་བ་སྣ་ལྔའི་མདའ་དར་འཛིན། །
ཞལ་ནས་ལྷ་གཤེན་བོན་གསུམ་དར་རོ་ཞེས། །
གཡུ་འབྲུག་རྟ་རུ་ཆིབས་ནས་གཡུ་མཚོ་སྐོར། །
སྲིད་པའི་རྒྱལ་མོ་དབུ་བརྒྱ་ཕྱག་སྟོང་མ། །
མངོན་སུམ་སྐུ་སྤྲུལ་མཚོ་ལ་བྱིན་གྱིས་རློབས། །
མཚོ་སྟེང་སྲིད་རྒྱལ་སྐུ་གཟུགས་རང་བྱོན་ལ། །
མཚོ་མདངས་དབུ་བརྒྱ་ཕྱག་སྟོང་གསལ་བ་ཡོད། །
དེ་འོག་རྣམ་འདྲེན་གཤེན་རབ་མི་བོ་ཡིས། །
ཞབས་ཀྱིས་བཅགས་ནས་ཕྱོགས་བཞིར་ཁྲུས་ཆབ་གསོལ། །
མི་འགྱུར་ས་ཡི་རྟགས་བཞི་གསལ་བ་ཡོད། །
ཤར་ན་རི་བོ་མཎྚལ་སྤུངས་འདྲ་ལ། །
བདུད་རྩིའི་ཆུ་མིག་གཡུང་དྲུང་རིས་སུ་འབབས། །
ལྷོ་ན་ནགས་ཚལ་རིན་ཆེན་སྤུངས་འདྲ་ལ། །
མཁའ་ཀློང་ཌཱཀི་མ་ཚོགས་རྟག་ཏུ་གནས། །
བྱང་ན་བྲག་རི་སེང་གེ་ཉལ་འདྲ་ལ། །
བཀྲ་ཤིས་རྫས་བརྒྱད་རི་མོ་འབུར་དུ་དོད། །
ནུབ་ན་ནེའུ་ཐང་པད་མའི་དབྱིབས་ཅན་ལ། །
བྱང་སེམས་སྤྲུལ་བ་རི་དྭགས་རྩེད་བྲོ་བརྡུང་། །
ཕྱོགས་བཞི་དྲེགས་པ་ཟིལ་གནོན་རི་ཆེན་བཞི། །
ཤར་རི་ཚལ་གྱི་རྒྱ་སྟག་ངར་འདྲ་ལ། །
རྒྱལ་འགོང་དམ་སྲི་ཟིལ་གྱིས་གནོན་པ་ཡོད། །
ལྷོ་ཡི་བྲག་དཀར་རྟེན་མདུང་བཙུགས་འདྲ་ལ། །
བདུད་བརྒྱད་བགེགས་ཚོགས་ཟིལ་གྱིས་གནོན་པ་ཡོད། །
བྱང་ཕྱོགས་རི་བོ་སེང་གེ་ཉལ་འདྲ་ལ། །
སྲིན་པོ་བཞི་བསྣོལ་དམ་སྲི་ཟིལ་ནོན་ཡོད། །
ནུབ་ཕྱོགས་ལྗོན་ཤིང་ཁྲོ་བོའི་སྐུ་གཟུགས་གསལ། །
ཐེའུ་རང་མ་མོ་ཟིལ་གྱིས་ནོན་པ་ཡོད། །
དེ་འོག་རིག་འཛིན་མཁས་བཞི་གྲུབ་ཆེན་དང་། །
རྒྱ་བོན་ཟིང་བ་མཐུ་ཆེན་ཡབ་ཡུམ་གྱིས། །
ཞི་ཁྲོ་སྒྲུབ་པའི་བྲག་ལ་རང་བྱུང་ཡོད། །
གཡས་ཀྱི་གཡུ་མཚོ་ཞི་ཁྲོའི་བཀོད་པ་གསལ། །
སྐལ་ལྡན་རྣམས་ཀྱིས་ལྷ་ཞལ་མཇལ་ཆོག་ཡོད། །
རྒྱ་བོན་ཟིང་བ་ཁྱུང་ཆེན་ལ་སྤྲུལ་ནས། །
ཁྱུང་གི་སྐུ་གཟུགས་རྡོ་ལ་རང་བྱོན་ཡོད། །
ཤ་རི་དབུ་ཆེན་ཕྱག་བྲིས་ཨ་ཧཱུྃ་ཡོད། །
ཕྱི་ལྟར་ངོ་མཚར་མཛེས་པའི་ཡུལ་ལྗོངས་ལ། །
ནང་ལྟར་སྦས་ཡུལ་ཁྲི་ཚོ་གཉིས་ཤོང་ཡོད། །
གསང་བ་རིག་འཛིན་མཁའ་འགྲོ་ཚོགས་ཀྱི་ཞིང་། །
གཡུ་མཚོ་དབུས་སུ་འོད་ཀྱི་མཐིང་གུར་སྣང་། །
སྣང་བ་མདོག་ཅན་ལྷ་ཀླུ་མི་གཤེན་གསུམ། །
རིག་འཛིན་རྣམས་ཀྱིས་བོན་འཁོར་བསྐོར་བ་ཡིས། །
དུས་བཟང་ཀུན་ཏུ་ལས་ཅན་རྣམས་ཀྱིས་ཐོས། །
གཡུ་མཚོ་གཏིང་རུམ་དཔག་ཚད་བརྒྱད་ཀྱི་མཚམས། །
མཐིང་གུར་གཡུ་ཡི་གཞལ་ཡས་མཛེས་པའི་ནང་། །
ཀླུ་སྒྲུབ་ཡེ་སྙིང་ཀླུ་ལ་བོན་བསྟན་ཞིང་། །
ཀླུ་རྣམས་གུས་པས་བརྐྱང་ཕྱག་འཚལ་བ་ཡིས། །
མཚོ་ཡི་ནང་དུ་སྒྲ་སྐད་སྣ་ཚོགས་ཡོད། །
གཞན་ཡང་མཚོ་མདངས་རིན་ཆེན་སྣ་ལྔ་ལ། །
ཡེ་ཕྱི་གུང་སངས་མངོན་སུམ་གསལ་བ་ཡོད། །
མཚོ་གཏིང་ལྗོན་ཤིང་ཞི་ཁྲོའི་ལྷ་སྐུ་དང་། །
སྲིད་རྒྱལ་དབུ་བརྒྱ་ཕྱག་སྟོང་རང་འབྱུང་ཡོད། །
བྲག་ནས་ཆུ་འབབས་ཞི་ཁྲོའི་ལྷ་འཛབ་དང་། །
སྲིད་པའི་རྒྱལ་མོ་བསྟན་སྲུང་དཔོན་གཡོག་བཅས། །
ལས་སྐལ་ཅན་ལ་མངོན་སུམ་མཇལ་ཆོག་ཡོད། །
ཁྱད་པར་བྱང་ཤར་བྲག་དཀར་ཆུ་འབབས་ལ། །
སྲིད་པའི་རྒྱལ་མོ་དབུ་བརྒྱ་ཕྱག་སྟོང་མ། །
ལྗང་ནག་ཁྲོ་ཚུལ་དྲེད་སླག་གཡང་གཞི་གསོལ། །
ཞལ་བརྒྱ་ཧ་ཧ་བགད་མོ་སྒྲ་ཡང་བསྒྲོགས། །
མི་མིན་ཐམས་ཅད་སྐྲག་ཅིང་རྒྱལ་བ་ཡོད། །
ལྗོན་ཤིང་སིལ་སྒྲ་སལེ་འོད་གྲགས་ཤིང་། །
ཐོས་ཚེ་འགྲོ་རྣམས་ངན་སོང་ལྷུང་སྒོ་ཁེགས། །
གཞན་ཡང་བཀའ་རྟགས་རང་བྱུང་ཡིག་འབྲུ་སོགས། །
གྲངས་ཀྱིས་མི་ལོངས་བརྗོད་ཀྱིས་མི་དཔོགས་ཡོད། །
རིག་འཛིན་བླ་ཆེན་འཆི་མེད་ཡབ་སྲས་དང་། །
ལོ་པཎ་གྲུབ་ཆེན་ཚོགས་ཀྱིས་སྒྲུབ་པའི་གནས། །
ཐོད་པ་བོར་ཙམ་མངོན་སངས་རྒྱས་པ་ཡིན། །
ཤར་ལྷོའི་མཚམས་སུ་ནགས་ཀྱི་ཚལ་གསེས་ན། །
གདོལ་བ་ནག་པོ་ཕུར་པའི་དབྱིབས་ཅན་ལ། །
དབལ་གསས་རྔམ་པའི་སྐུ་གཟུགས་རང་བྱོན་དང་། །
མི་བདུད་འབྱམས་པ་རྟག་ཏུ་འཁོར་བ་ཡོད། །
མཚོ་ཡི་གཡས་ཕྱོགས་གསང་བ་གསེར་སྒོ་ན། །
སྒོ་མ་བཞི་ཡི་རྟག་ཏུ་སྲུང་བ་ཡོད། །
ནང་དུ་རིག་འཛིན་ཕོ་མོ་ཐམས་ཅད་ཀྱིས། །
དུས་བཟང་ཀུན་ཏུ་ཚོགས་འཁོར་བསྐོར་བ་དང་། །
ཧཱུྃ་ཕཊཿ་སྔགས་སྒྲ་ཀུན་གྱིས་ཐོས་ཆོག་ཡོད། །
གཞན་ཡང་རིག་འཛིན་གྲུབ་ཆེན་ཐམས་ཅད་ཀྱིས། །
ཟབ་མོ་གཏེར་ཁ་བརྒྱ་ཕྲག་གསུམ་ཙམ་ཡོད། །
བླ་ཆེན་དྲན་པ་འོད་ལྡན་འབར་མ་ཡིས། །
རྫོགས་ཆེན་དབྱིངས་ཀློང་ཟབ་དོན་ཆ་ལག་བཅས། །
རུས་པ་འདྲ་བའི་རྡོ་ལ་གཏེར་དུ་ཡོད། །
གཤེན་རབ་ཕྱག་བསིལ་འདུལ་ཆས་གོས་དྲུག་སོགས། །
ནོར་བུ་སྤུངས་འདྲ་བྲག་ལ་གཏེར་དུ་ཡོད། །
སངས་པོ་ཐུགས་ཏིག་སེའུ་འབུམ་ཁྲ་དང་། །
སྲིད་པའི་ཡང་བྱང་ཆེན་མོ་ལ་སོགས་པ། །
མེ་ལོང་འདྲ་བའི་བྲག་ལ་གཏེར་དུ་ཡོད། །
བསྐལ་སྟོང་སངས་རྒྱས་སྟོང་གི་མཚན་ཕྱག་དང་། །
ངན་སོང་དོང་སྤྲུགས་ཨ་དཀར་གཅིག་སྒྲུབ་སོགས། །
བུམ་པ་འདྲ་བའི་བྲག་ལ་གཏེར་དུ་ཡོད། །
གཤེན་རབ་ཕྱག་གི་གསེར་གྱི་གཡུང་དྲུང་དང་། །
བཻཌཱུ་མདོག་ཅན་ལྕགས་ཀྱི་ལྷུང་གཟེར་སོགས། །
གཡུ་མཚོ་རིང་མོ་མཚོ་གཏིང་གཏེར་དུ་ཡོད། །
དྲན་པ་ནམ་མཁའི་གསང་སྤྲུལ་ཐུགས་ཀྱི་རྒྱ། །
འོད་ལྡན་མཁའ་འགྲོ་གསང་ལམ་ཨ་དཀར་འོད། །
གསང་བ་མཁའ་འགྲོའི་ཐུགས་ཏིག་བཅུ་གསུམ་སོགས། །
ཨ་དཀར་གསལ་བའི་བྲག་ལ་གཏེར་དུ་ཡོད། །
འདི་ལྟར་གནས་མཆོག་ངོ་མཚར་ཁྱད་པར་ཅན། །
སྙིགས་མའི་དུས་འདིར་འགྲོ་འདུལ་དུས་བབས་པའི། །
དཀར་ཆག་བརྡ་ཡིག་སྐལ་ལྡན་ཐུགས་ཀྱིས་དཀྲོལ། །
འབུམ་ཕྲག་བདུན་གྱིས་འགྲོ་དོན་ངེས་པར་ཡོང་། །
བོན་གྱི་བསྟན་པ་དར་ཞིང་རྒྱས་པར་འགྱུར། །
ཁྱད་པར་ཟིང་བའི་སྤྲུལ་བ་སྔགས་ཀྱི་མཚན། །
དེ་ཡིས་གནས་འདིར་འདུས་སྡེ་རྣམ་གསུམ་འབྱུང་། །
དེ་དང་དུས་མཉམ་གཟའ་བདུད་ཧ་ཡི་མིང་། །
དེ་ཡི་བསྟན་ལ་འཚེ་བ་ཅུང་ཡོད་ཀྱང་། །
ཧོང་གི་མིང་ཅན་ས་མིག་གྲུ་གསུམ་དུ། །
བདུད་འདུལ་སྒྲ་སྙན་མཆོད་རྟེན་རྣམ་གསུམ་བཞེངས། །
རབ་གནས་སྨོན་ལམ་གང་འགྲུབ་བྱེད་གྱུར་ན། །
བོན་བསྟན་སྤྱི་ཡི་རྒུད་ཚོགས་ཞི་བར་འགྱུར། །
གནས་འདིར་ཞལ་མཇལ་མཐའ་འཁོབ་ལུས་མི་ལེན། །
སྐོར་བ་བཅུ་གསུམ་མཐོང་ལམ་མངོན་དུ་ཐོབ། །
སྐོར་བརྒྱར་བཞེངས་ན་ས་བཅུའི་རྒྱུན་མཐར་གནས། །
སྒོམ་ཞིང་སྒྲུབ་ན་ཚེ་གཅིག་མངོན་སངས་རྒྱས། །
ངེས་དོན་འཆད་ཉན་བར་ལྷའི་ཞིང་དུ་བགྲོད། །
རྫོགས་ཆེན་སྒོམ་ན་ཟག་མེད་འོད་ལུས་གྲོལ། །
འདི་འདྲའི་སྦས་གནས་ཁྱད་པར་འཕགས་པ་ལ། །
དུས་ཀྱི་ཐ་མར་ཞལ་མཇལ་འབྲེལ་ཐོབ་ནས། །
འཁོར་བ་མ་ལུས་སྟོང་བ་འདྲེན་པར་ཤོག །
ཕྱག་སྐོར་མོས་འདུན་སྒྲུབ་སྦྱོང་ཚོགས་རྫོགས་ནས། །
རྣམ་འདྲེན་སངས་རྒྱས་གོ་འཕང་མཆོག་ཐོབ་ཤོག །
འདི་ལྟར་དཀར་ཆག་ཌཱཀིའི་ཞལ་གྱི་ལུང་། །
བཏང་བཞག་ཚད་ཟིན་སྐལ་ལྡན་ཀུན་ལ་སྤེལ། །
བསྟན་འགྲོའི་དོན་སྨིན་རྟེན་འབྲེལ་ཁྱད་པར་འཕགས། །
ཞེས་གསུངས་ཌཱཀི་དཀར་མོ་རང་ཡལ་སོང་། །
ཉེར་གཅིག་བཀའ་རྒྱ་ཙིརྟའི་གསང་རྒྱ་བཏབ། །
སླར་ཡང་རྟེན་འབྲེལ་གྲོགས་ཀྱིས་བརྡ་བཀྲོལ་ཏེ། །
ལས་ལྡན་ཅན་གྱིས་བསྐུལ་མ་བྱུང་བའི་ངོར། །
ཡི་གེར་ཕབས་ཏེ་ཕྱི་རབས་རྗེས་སུ་བཞག །
ས་མ་ཡ་རྒྱ་རྒྱ་རྒྱ། ཨ་ཨ་ཨ།

    ཞེས་ཁོད་སྤུངས་གཟི་ཚའི་གཡུ་མཚོ་དཀར་ཆག་འདི་ཉིད་སྔོན་ནས་གཟི་ཚའི་གཡུ་མཚོའི་འགྲམ་དུ་ཌཱཀིས་ལུང་བསྟན་ཀྱང་གསང་རྒྱ་བྱས་པའི་སླར་ཡང་དུང་རི་སྤྲུལ་སྐུ་མདོ་སྔགས་བཤད་སྒྲུབ་རྒྱལ་མཚན་གྱིས་བསྐུལ་མ་གནང་ཞིང་རྟེན་འབྲེལ་དུས་སུ་བབ་པའི་རྒྱ་ཡུལ་སྤོས་ངད་ལྡན་པའི་གྲོང་ཁྱེར་དུ་རིག་འཛིན་མཁའ་འགྲོའི་ལུང་གིས་གནང་བ་ཐོབ་པའི་གཏེར་མིང་བ་གསང་བདག་མུ་ལ་རང་གྲོལ་རྩལ་ལམ་དང་ར་བ་ཞིག་པོ་རུས་ཐོབ་ཀུན་བཟང་བསྟན་འཛིན་དུ་འབོད་པས་བོད་རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་ལོའི་ཟླ་༩བའི་ཚེས་༢༨ཉིན་མ་བཅོས་ཐོལ་ཤལ་ཕབས་པ། ཐོག་མའི་ཡི་གེ་བ་ནི་རིན་སྤུངས་ཚུལ་ཁྲིམས་བསྟན་འཛིན་གྱིས་བགྱིས་པ་དགེ་ཞིང་བཀྲ་ཤིས་སོ། །

མཛེས་ལྗོངས་ཁོད་སྤུངས་གཟི་རྩའི་འདྲ་པར་སྣ་ཚོགས་ལ་གཟིགས་འདོད་ན་འདིར་སྣོན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།