ཁྱུང་ལུང་དངུལ་མཁར་ལས་བྱུང་བའི་ལིག་མི་རྐྱའི་གཏམ་དགའ་བའི་ཚལ།

[ཟླ་ཚེས། 2013-10-26 11:28:26][རྩོམ་པ་པོ། རྒྱ་ཚུལ་ཁྲིམས་ཕུན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཞང་ཞུང་སྒོ་པའི་ཕུགས་པ་ཁྱུང་ལུང་དངུལ་མཁར་ལས་བྱུང་བའི་ལིག་མི་རྐྱའི་གཏམ་དགའ་བའི་ཚལ་ཞེས་བྱ་བ།
1025_1.jpg
IMG_0946.JPG
1025_1.jpg

ཨེ་མ་ཧོ། སད་གྱེར་སྤུངས་ལ་དེ་པ་ཧོ།
ལྷ་གཤེན་བོན་དང་གསུམ་ལ་བསྟོད།

༡༽ སྤྱིར་ཞང་ཞུང་སྒོ་ཕུགས་བར་གསུམ་ནི། ཞང་ཞུང་ཕུགས་པ་འོལ་མོ་ལུང་རིང་གི་སྐོར། ཇི་སྐད་དུ་ལུང་ལས། ཨེ་མ་ཧོ། །གནས་མཆོག་དམ་པ་འོལ་མོ་ལུང་རིང་ན། །དུས་བཞི་ཆ་སྙོམས་འཇིགས་བྲལ་མེད་པ་དང་། །རྩི་ཤིང་འབྲུ་སྨན་གཏེར་མཛོད་རྒྱས་པ་བཞིན། །ཞིང་ཁམས་འདི་ཡང་དེ་བཞིན་བཀྲ་ཤིས་ཤོག །ཅེས་གསུངས་པའི་ཡུལ་ཁམས་དེ་ནི་ད་ལྟའི་རི་བོ་གངས་ཅན་ཏི་སེ་ནི་ས་ཚིགས་ཀྱི་ཡུལ་དབུས་སུ་བྱས་པའི་འཛམ་བུ་གླིང་གི་བྱང་ནུབ་ཀྱི་ཕྱོགས་སུ་ཡོད་པར་གསུངས་པས་བོན་གྱི་ཡིག་རྙིང་མང་པོའི་ནང་ནས་འཁོད། ཡུལ་དེར་རྒྱ་གར་གྱི་མི་རྣམས་ཀྱི་ཤམ་བྷ་ལ་སོགས་ཡུལ་ཁམས་དང་ཆོས་ལུགས་གཞན་དག་གིས་ཀྱང་མཚན་སོ་སོར་ཡོད་པར་གསུངས་པས་དེའི་དཔྱད་གཞི་རེ་ཞིག་འཇོག །
ཞང་ཞུང་བར་པ་རྒྱལ་མཁར་བ་ཆོད་ཀྱི་སྐོར། མ་རྒྱུད་སྒོམ་འགྲེལ་ལས། ཞང་ཞུང་བར་པའི་ཡུལ་སྲིད་པའི་ཞིང་ཁམས་རྣམ་པར་དག་པ། འཛམ་གླིང་སའི་སྙིང་པོ། ཞང་ཞུང་བོན་གྱི་རྒྱལ་པོའི་ཞིང་ཁམས་ན། ཞེས་གསུངས་པའི་ཡུལ་ཁམས་དེ་ནི་ཞང་བོད་ཀྱི་གངས་དཀར་ཏི་སེའི་ནུབ་ཕྱོགས་ཡོད་པར་གསུངས་ཡོད། ཡུལ་དེར་ཨོ་རྒྱན་གྱི་ཡུལ་དང་སྟག་གཟིག་གམ་ཏ་ཟིག་སོགས་འཁོད་ཡོད། དེང་སང་མཁས་པ་འགའ་ཞིག་གི་ཨ་རབ་པའི་ལུང་པ་པར་སིག་སོགས་ལ་ངོས་འཛིན་གནང་མཁན་ཡང་ཡོད།

IMG_0948.JPG1 (1).JPG
ཞང་ཞུང་སྒོ་པ་ཁྱུང་ལུང་དངུལ་མཁར་གྱི་སྐོར།

གཡུང་དྲུང་བོན་གྱི་བསྟན་འབྱུང་ལས། ཕྱི་མ་སྒོ་པ་ཞང་ཞུང་དངོས་ཀྱི་ཡུལ། །སྟོད་ན་ཁ་ཆེའི་ཡུལ་མཚམས་སེང་པའི་ཕྱིན། །བྱང་ཕྱོགས་ཧོར་གྱི་གངས་རྒྱུད་ཚུན་དང་སྨད། །སུམ་པ་གླང་གི་གྱིམ་ཤོད་ཡན་ཆད་དང་། །ལྷོ་རྒྱུད་རྒྱ་གར་བལ་པོའི་ཡུལ་ཁམས་ཚུན། །ཞེས་གསུངས་པའི་ཞང་ཞུང་དངོས་གྱི་ཡུལ་སྒོ་པ་དེར་ཡང་སྒོ་ཕུགས་བར་གསུམ་ཡོད་དེ། །སྒོ་ཕུགས་པ་ཁྱུང་ལུང་དངུལ་མཁར་གྱི་སྐོར། །སྒོ་བར་པ་དྭང་ར་རྟ་སྒོའི་སྐོར། །སྒོ་ཕྱི་མ་སུམ་པ་གླང་གི་གྱིམ་ཤོད་ཀྱི་སྐོར་རོ། །ཞེས་བརྗོད་ལ་སྒོ་རེ་རེ་ལའང་གཡས་སྒོ་དང་གཡོན་སྒོ་དབུས་སྒོ་གསུམ་གསུམ་རེ་ཕྱེ་སྲོལ་ཡང་ཡོད།

1 (2).JPG

ཞང་ཞུང་རྒྱལ་རབས་གྲགས་ཆེ་བ་ནི། ཞང་ཞུང་ལ་ཡུལ་ཁམས་དྲུག་ཅུ་ཁྲི་སྡེ་བརྒྱད་ཅུ་ལ་མངའ་དབང་བསྒྱུར་ཞིང་ཡུལ་ཆེན་བཅོ་བརྒྱད་ཀྱི་མགོ་བོ་ནོན་པའི། སྲིད་པ་གནམ་ནས་བསྐོས་པའི་ཞང་ཞུང་སྲིད་པའི་རྒྱལ་པོ་གྲགས་ཆེ་བའི་བྱ་རུ་ཅན་རྒྱལ་པོ་བཅོ་བརྒྱད་དང་གཞན་དུ་ཞང་ཞུང་རྒྱལ་རབས་བཞི་བཅུ་རྩ་གཉིས་ཙམ་བྱུང་ཚུལ་ལོ་རྒྱུས་ཡང་ཡོད། །ཞང་ཞུང་གི་རྒྱལ་ས་གྲགས་ཆེ་བ་དབུས་ཀྱི་མཁར་ལྔ་དང་མཁར་ཕྲན་བཅོ་བརྒྱད། ཕྱོགས་ཀྱི་རྫོང་བཞིའམ་དྲུག་བཅས་ཡོད་ལ་གཞན་ཡང་མཁར་རྫོང་མང་ཞིག་ཡོད་པར་འདུག །ཞང་ཞུང་ཡུལ་ལ་གཡུང་དྲུང་བོན་གྱི་འདུ་གནས་ནི། གསས་མཁར་སུམ་བརྒྱ་དྲུག་ཅུ་ལ་སོགས་སྔགས་ཀྱི་སྒྲུབ་སྡེ་དང་། །གདན་ས་ཆེན་པོ་བཞི་གཙོས་པའི་འདུལ་འཛིན་སྡེ་ཆེ་ཕྲ་སྟོང་གྲངས་ཉེ་བ་ཡོད་པར་གསུངས་སོ། །འབེལ་གཏམ་ལུང་གི་སྙིང་པོ་ལས། སྐྱབས་སྟོན་ཁྲོ་འགྲེལ་༣༡ ༤ལས། སྤྱིར་ཞང་ཞུང་དང་བོད་གཉིས་དང་པོ་ས་བགོས་ལ། གཙང་ཁ་རག་ཡན་མན་ཡིན་ལ། ལིག་མི་རྐྱ་ཡི་དུས་ཞང་ཞུང་ལ་དམག་སྟོང་སྡེ་དགུ་ཁྲི་དགུ་འབུམ། སུམ་པའི་སྟོང་བུ་ཆུང་ཡང་དེའི་མངས་རིས། ཞེས་དང་། མར་པ། སྟག་ལོ། གུ་རིབ། ཁྱུང་བྱིད། ཁྱུང་པོ། འུ་སངས། སུམ་པའོ། ། ཞེས་སོ། །སྦལ་ཏི། རྐང་ཕྲན། ལ་དྭགས། ཟངས་མཁར། གར་ཞྭ། ཉུང་ཏི། སྤི་ཏི། ཁུ་ནུ། ཚང་ས། དྲུག་ཉི། ཉི་ཏི། ཀྱོ་ནམ། ཤ་ཁོག མགར་ཡང་། ཚང་རོ། ཏི་དཀར། སླེ་མི། ཝོམ་གློ། སེ་རིབ། དོལ་པོ། ཀྲུག་སྐྱེས་སོགས། ཀྵོར་མང་ཡུལ་ཡན་གྱི་ལྷོ་རྒྱུད་དང་། རུ་ཐོག་གུ་གེ་སྤུ་ཧྲེང་བསྐོར་གསུམ་དབུས། བཟུང་པའི་ཁ་ཡུག་ཁ་སྐྱོར་ཁ་རག་ཡུལ། ཅི་ཤང་ཅི་ན་གུ་རུབ་ཚོ་བཅུ་དང་། ར་སངས་ནག་གཙང་ཤང་གྱེར་བྱང་རྒྱུད་བཅས། ཡུལ་ཁམས་དྲུག་ཅུ་ཁྲི་སྡེ་བརྒྱད་ཅུའི་ཞིང་། བྱ་རུ་ཐོག་པའི་རྒྱལ་པོ་བཅོ་བརྒྱད་བྱོན། ཞེས་དང་། གངས་རིའི་དཀར་ཆག་ཚང་དབྱངས་ཡིད་ཕྲོག་ལས། སྲིད་པ་གནས་ནས་བསྐོར་བའི་ཞང་ཞུང་སྲིད་པའི་རྒྱལ་པོ། ཁྲི་ཝེར་ལ་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན་དང་། ཞང་ཞུང་ཟིལ་གནོན་རྒྱལ་པོ་རླབས་ཆེན་ཁྱུང་གི་བྱ་རུ་ཅན་དང་། ཧྲི་དོ་གྱེར་སྤུངས་རྒྱལ་པོ་ཀང་ཀ་ཤེལ་གྱི་བྱ་རུ་ཅན་དང་གསུམ་ནི། གངས་རི་ཆེན་པོའི་མདུན་རྒྱང་རི་གཡུ་ལོ་ལྗོན་པའི་རྫོང་མཁར་དུ་ཆགས་སོ། །ཁྱུང་ལུང་རྒྱལ་བ་མཉེས་ཡུལ་དུ་སླས་ཀྲ་གུ་གེའི་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན་དང་། རྒྱུང་ཡར་མུ་ཁོད་རྒྱལ་པོ་གཞའ་ཚོན་འོད་ཀྱི་བྱ་རུ་ཅན་དང་། ཀྱི་ལེ་གུ་གེ་རྒྱལ་པོ་ཨུན་ཆེན་དུང་གི་བྱ་རུ་ཅན་དང་གསུམ་མོ། །ཞང་ཞུང་པུ་མར་ཧྲེང་༼དེང་སྤུ་ཧྲེང་ཟེར༽གི་ཡུལ་སྤུང་རྒྱུང་གྱེར་གྱི་རྒྱལ་པོ་བྱི་རུ་འོད་ཀྱི་བྱ་རུ་ཅན་དང་། ཉེ་ལོ་ཝེར་ཡ་རྒྱལ་པོ་ཕྲ་མེན་འོད་ཀྱི་བྱ་རུ་ཅན་དང་གཉིས་སོ། །ཞང་ཞུང་ཙི་ཎའི༼ལ་དྭགས་དང་འདི་གཉིས་ལ་བརྟག་དགོས༽ཡུལ་དུ་སྟག་སྣ་གཟི་བརྗིད་རྒྱལ་པོ་ཟོམ་ཤང་ལྕགས་ཀྱི་བྱ་རུ་ཅན་དང་། རྫོ་དམར་ཐིས་སྤུངས་རྒྱལ་པོ་མེ་དཔུང་འོད་ཀྱི་བྱ་རུ་ཅན་དང་གཉིས་སོ། །ཞང་ཞུང་དྭ་རོག་ཡུལ་དུ་བདུད་འདུལ་དབར་གྱི་རྒྱལ་པོ་ཉི་ཤེལ་འོད་ཀྱི་བྱ་རུ་ཅན་དང་། ལི་ཝེར་གྱེར་གྱི་རྒྱལ་པོ་ཟླ་ཤེལ་འོད་ཀྱི་བྱ་རུ་ཅན་དང་གཉིས་སོ། །

1 (3).JPG

ཞང་ཞུང་རྟ་སྒོའི་ཡུལ་དུ་ཤེལ་རྒྱུང་ཧྲི་དོ་རྒྱལ་པོ་ཛོ་དམར་འོད་ཀྱི་བྱ་རུ་ཅན་དང་། ལིག་མུར་ནམ་མཁའི་རྒྱལ་པོ་བཻཌཱུརྱ་འོད་ཀྱི་བྱ་རུ་ཅན་དང་གཉིས་སོ། །ཞང་ཞུང་ཁ་སྐྱོ་ཡུལ་དུ་མུ་ཝེར་ནོར་གྱི་རྒྱལ་པོ་ག་ལྗང་འོད་ཀྱི་བྱ་རུ་ཅན་དང་། ཞང་ཞུང་ཁ་ཡུག་ཡུལ་དུ་སད་ཧྲི་གྱེར་གྱི་རྒྱལ་པོ་ཨུ་དཔལ་འོད་ཀྱི་བྱ་རུ་ཅན་དང་། ཞང་ཞུང་ལ་དྭགས་ཡུལ་དུ་ཉེ་ལོ་ཝེར་ཡ་རྒྱལ་པོ་གནམ་ལྕགས་དབལ་གྱི་བྱ་རུ་ཅན་དང་། ཞང་ཞུང་རུ་ཐོག་ཡུལ་དུ་མུ་མར་ཐོག་རྒོད་རྒྱལ་པོ་ཨེམྡ་འོད་ཀྱི་བྱ་རུ་ཅན་སོགས། ཞང་ཞུང་གི་རྒྱལ་པོ་བྱ་རུ་ཅན་བཅོ་བརྒྱད་འདི་རྣམས་ཀྱི་རིང་ལ་ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་ལ་སོགས་ཡུལ་ཆེན་བཅོ་བརྒྱད་ཀྱི་མགོ་བོ་ནོན་པ་དང་། གཡུང་དྲུང་བོན་གྱི་བསྟན་པ་ཕྱོགས་བཅུར་རྒྱས་ཤིང་། དེ་རྣམས་སྐུ་ཚེ་ཡང་མི་ལོ་སྟོང་ཕྲག་བར་དུ་བཞུགས་པ་དང་། ཕུང་བོ་ལྷག་མེད་དུ་སངས་རྒྱས་པ་ཡང་ཡོད་པའོ། །ཞེས་དང་།
ལུང་ལས། ཞང་ཞུང་སྒོ་ཕུགས་བར་གསུམ་ལ། །བདེ་སྐྱིད་རྩ་གསུམ་ལྷ་ལས་དཔག ། གཡུང་དྲུང་བོན་གྱི་བསྟན་པ་དར། །རྒྱལ་རབས་བཞི་བཅུ་རྩ་གཉིས་བར། །མངའ་ཐང་དཔལ་འབྱོར་ཕུན་སུམ་ཚོགས། །ཞེས་གསུངས་པས་དེ་ཙམ་མཐུན་པར་བྱས་སོ། །

1 (4).JPG

དེ་ལྟར་ཞང་ཞུང་སྒོ་ཕུགས་བར་གསུམ་སྐད་གཙོས་ཆེ་བ་ནི། མ་རྒྱུད་སྒོམ་འགྲེལ་ལས། དེ་ལ་ཞང་ཞུང་ལ་སྐད་རིགས་མང་ཡང་བསྡུས་ན་གསུམ་སྟེ། ཕུགས་པ་ཡི་སྐད་དེ་ཀ་པའི་ཏ་ལྷ་ལས་ཆད་པས་ལྷའི་སྐད་ཡིན་ནོ། །བར་པའི་སྐད་དེ་སངས་ཏྲི་ཏ་ལྷ་ལས་ཆད་པས་སུམ་ཅུ་རྩ་གསུམ་པའི་སྐད་ཡིན་ནོ། །སྒོ་པའི་སྐད་དེ་སྐལ་བཟང་སྒྲ་བླ་ལས་ཆད་པས་སྨར་གྱི་སྐད་ཡིན་ནོ། །དེ་ཡང་གཙོ་ཆེ་བའི་ངོས་ནས་བསྟན་པ་ཡིན་གྱི་སྒོ་པ་ལ་ཁྱུང་ལུང་ཏིང་ཏོག་གི་སྐད་ལས་སོགས་པ་ཡུལ་མི་སོ་སོར་ཡོད་པ་ཀུན་སྨར་གྱི་སྐད་ཡིན་ཅེས་བྱ་བ་ནི་མ་ཡིན་ནོ། །སྤྱིར་བསྟན་པ་འདི་དར་བའི་གནས་ཆེན་གསུམ་ལ་སྐད་དེ་ལྟར་ཡོད་དེ་ཏ་ཟིག་༼རྟག་གཟིགས༽ན་ཤམ་པོ་ལྷ་རྩེ། ཞང་ཞུང་བར་པ་ན་རྒྱལ་མཁར་བ་ཆོད། སྒོ་པ་ན་ཁྱུང་ལུང་དངུལ་མཁར། དེ་དག་ཀུན་ཏུ་གཏུག་པའི་སྐད་དུ། །ཞེས་གསུངས་སོ། །གཞན་ད་དུང་ཞང་ཞུང་སྒོ་ཕུགས་བར་གསུམ་ལ་སྐད་རིགས་མང་པོར་ཡོད་པར་བོན་དཔེ་མང་པོའི་ནང་ནས་གསུངས་སོ། །དེ་ལྟར་ཞང་ཞུང་སྒོ་ཕུགས་བར་གསུམ་ནས། གཡུང་དྲུང་བོན་གྱི་བརྡ་སྐད་གཙོས་ཆེ་བར་དེ་གསུམ་དུ་བསྟན་པར་ངེས་སོ། །གཡུང་དྲུང་བོན་གྱི་ལུགས་སུ་སྐད་དེ་གསུམ་ལ་གཙིགས་སུ་ཆེ་བར་མཐོང་ངོ་། །གཡུང་དྲུང་བོན་བསྟན་དར་སའི་ས་ཚིགས་ཀྱི་ཡུལ་དབུས་སམ་ལྟེ་བར་དེ་གསུམ་དུ་ཡིན་པར་ལགས་སོ། །དེ་ལྟར་ཞང་ཞུང་སྒོ་ཕུགས་བར་གསུམ་ལ་སྐད་རིགས་དེ་གསུམ་གྱིས་བྱས་པའི་གཤེན་གྱི་བསྟན་པ་ནི། བོན་གྱི་བསྟན་རྩིས་ཡོངས་གྲགས་སུ་ལྟར་ནས་མི་ལོ་གཅིག་ཁྲིའི་གོང་དང་དེང་དུས་མཁས་པ་རྣམས་ཀྱིས་བཞེད་དགོངས་ལྟར་ནས་ཉུང་མཐར་ཡང་མི་ལོ་སུམ་སྟོང་གི་གོང་ནས་རྒྱལ་ཁམས་དེ་དག་ལ་གཡུང་དྲུང་བོན་དར་ཟིན་པ་ཡིན་གསུངས་པ་བཞིན་ནོ། །

1 (5).JPG
༢༽ སྒོས་སུ་ཞང་ཞུང་སྒོ་པའི་ཕུགས་པ་ཁྱུང་ལུང་དངུལ་མཁར་དབུས་ཀྱི་སྐོར།

དེའང་ཞང་ཞུང་དངོས་ཀྱི་ཡུལ་དབུས་ནི། །གངས་རིའི་དཀར་ཆག་ཚང་དབྱངས་ཡིད་ཕྲོག་ལས་གསུངས་པའི་མ་བརྩེག་སྲིད་པའི་རི་བོ་ཆེན་པོ་བཞི། མ་བཀོད་འཁྱིལ་བའི་མཚོ་ཆེན་པོ་བཞི། ཁ་ནས་འབབ་པའི་ཆུ་བོ་ཆེན་པོ་བཞི། མཆོག་ཏུ་སྒྲུབ་པའི་གནས་ཆེན་པོ་བཞི། མི་འགྱུར་གླིང་གི་ཚལ་ཆེན་པོ་བཞི་སོགས་ས་གནས་རྩ་ཆེན་མང་པོ་ཡོད་ཅིང་དེའི་ནང་ནས་མི་འགྱུར་གླིང་གི་ཚལ་ཆེན་པོ་བཞིའམ་ངོ་མཚར་ལྡན་པའི་ཚལ་བཞི་རུ་སྲིད་པ་ནི། རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཡི་ལུང་བསྟན་ཞིང་བྱིན་གྱིས་བརླབ་པའི་གནས་ཞང་ཞུང་གཡུང་དྲུང་བོན་གྱི་བླ་རི་འཛམ་གླིང་གནས་ཀྱི་རྒྱལ་པོ་གངས་ཏི་སེ་ཡི་དམ་མགོན་པོ་རྣམ་གསུམ་སྐུ་གསུང་ཐུགས་ལས་སྤྲུལ་པའི་དབལ་རི་དཀར་པོ། བླ་མཚོ་མ་པང་གཡུ་མཚོ་ཡེ་སངས་སྤྲུལ་པ་སྟོན་པའི་མ་དྲོས་ཁྲུས་ཀྱི་མཚོ། ཞང་ཞུང་སྤོས་རི་ངད་ལྡན་གསས་ཀྱི་རི་ཞེས་དེ་གསུམ་ནི་གངས་རི་མཚོ་གསུམ་འཛམ་གླིང་གནས་ཀྱི་ཚལ་ཞེས་བྱ་བ་དང་། རྟ་མཆོག་ཁ་འབབ་ཀྱི་ཆུ་ལ་བྱེ་མ་དཀར་པོའི་གཡུང་དྲུང་ལུག་གུ་རྒྱུད་བཀྲ་ཤིས་དར་ལམ་ལྟ་བུ་ལ། གཡུང་དྲུང་བོན་གྱི་བསྟན་པ་ཕྱོགས་བཅུར་རྒྱས་པའི་བླ་དྭགས་ཡིན་པའི་ཞང་ཞུང་བྱེ་མ་གཡུང་དྲུང་ཚལ་ཞེས་བྱ་བ་དང་། ཞང་ཞུང་གཡུང་དྲུང་བོན་གྱི་རྒྱལ་པོ་མངའ་དབང་ཕྱོགས་བཅུར་རྒྱས་པའི་བླ་དྭགས་ཡིན་པའི་ཞང་ཞུང་ཙུ་ནའི་ཤོད་མི་འགྱུར་དུམ་པ་ཚལ་ཞེས་བྱ་བ་དང་། ཞང་ཞུང་ཁྱུང་ལུང་དངུལ་མཁར་རྒྱལ་བ་མཉེས་པ་བསྒྲུབ་པའི་གནས་ཀྱི་ཚལ་ཞེས་བྱ་བ། གང་སྒྲུབ་རིག་འཛིན་གྲལ་དུ་སྐྱེ་བ་དང་། གནས་ཆེན་བརྒྱ་རྩ་བརྒྱད་ཀྱི་གོང་བ་ཡིན་པ་རུ་བཤད་དོ། ཞེས་བྱུང་བ་དེ་ནི་ཞང་ཞུང་གི་སྒོ་ཕུགས་པའི་ཡུལ་དབུས་ཀྱི་ས་གནས་གཙོ་བོར་ཡིན་ཅིང་ཡུལ་དབུས་དེ་ལ། དབུས་ཀྱི་མཁར་ཆེན་ལྔའམ་ཞང་ཞུང་རྒྱལ་མཁར་ལྔ་ནི། གངས་ཏི་སེའི་མདུན་ངོས་སུ་༼ད་ལྟ་རྒྱང་གྲགས་དགོན་པ༽ཡོད་པའི་ག་ལྗང་གཡུ་ལོ་མཁར། གངས་ཏི་སེའི་ནུབ་འདབས་སུ་ཡོད་པའི་༼ད་ལྟ་མཁར་གདོང་གི་གནའ་ཤུལ༽ཁྱུང་ལུང་དངུལ་མཁར་འོམ་པོ་སྒོ་བཞི། མ་པང་གཡུ་མཚོའི་ཤར་དུ་ཡོད་༼ད་ལྟ་སྟག་ལ་རིའི་བོན་རི་དགོན་ལྟག་གི་མཁར་ཤུལ་དེ་ཡིན་ནམ་དཔྱད་༽པར་གྲགས་པའི་མ་པང་སྤོས་མོ་མཁར། གངས་ཏི་སེའི་ལྷོ་པུ་རང་ཡུལ་དབུས་སུ་ཡོད་པའི་༼ད་ལྟ་བཤད་འཕེལ་གླིང་ངམ་རྟ་ལ་མཁར༽པུ་རང་རྟ་ལྷ་མཁར། རྟ་མཆོག་ཁ་འབབ་ཀྱི་རྒྱུད་གྲོ་ཤོད་ཡུལ་ལ་ཡོད་པའི་༼ད་ལྟ་གྲོ་ཤོད་འུག་པ་ལུང་པའི་མཁར་ཤུལ་དེ་ཡིན་ནམ་དཔྱད༽གད་ཀྱི་བྱི་བ་མཁར་རམ། ཡང་ན་མ་པང་མཚོ་དང་ལ་ངག་གསེར་མཚོའི་བར་ལ་ཡོད་པའི་༼བྱིའུ་དགོན༽སྨེ་ཤང་བྱི་བ་མཁར་ཡིན་པར་ངོས་འཛིན་པ་དེ་དང་། དེ་ལྟར་རྒྱལ་མཁར་ལྔ་དང་། ཁྱུང་ལུང་དངུལ་མཁར་གྱི་ནུབ་གླང་ཆེན་གཙང་པོའི་རྒྱུད་དུ་ཡོད་པའི་༼ད་ལྟ་མདའ་བ་རྫོང་མཁར་ཤུལ༽ཁ་ཡུག་འདམ་མཁར་དང་། ༼ད་ལྟ་གུ་གེའི་རྒྱལ་རབས་ཀྱི་གནའ་ཤུལ༽གུ་གེ་རྩ་རང་མཁར། རུ་ཐོག་༼ད་ལྟ་མཚོ་མོ་ངང་ལྷ་རིང་མོ༽ཟོམ་ཤང་ལྕགས་མོ་མཚོའི་བྱང་ཤར་རྒྱུད་དུ་ཡོད་པའི་༼ད་ལྟ་རུ་ཐོག་བྱང་གནས་རྣམ་གསུམ་གྱི་ཡ་གྱལ་གནས་ཆེན་རྒྱལ་ཡུམ་མམ་བྱང་ར་དབྱེ་༽བྱང་གི་ར་བཞི་མཁར།

1 (6).JPG

ཕྱོགས་ཀྱི་རྫོང་ཆེ་བ་དྲུག་ནི། ཞང་ཞུང་སྒོ་ཕུགས་པའི་ཤར་དུ་སྒོ་བར་པའི་ལྟེ་གནས་ཡིན་པའི་༼དྭང་ར་གཡུ་མཚོ་ཤར་ངོགས༽དྭང་ར་ཁྱུང་ཆེན་རྫོང་། བྱང་དུ་ཞང་ཞུང་རུ་ཐོག་གི་ཡུལ་དབུས་༼ད་ལྟ་རུ་ཐོག་མཛོ་མོ་རུ་རྫོང་།རུ་ཐོག་ལྷུན་གྲུབ་ཆོས་ལྡིང་དགོན༽རུ་ཐོག་སེང་གེ་རྫོང། ནུབ་སེང་གེ་ཁ་འབབ་ཀྱི་རྒྱུད་དུ། ལི་ཡུལ། བྲུ་ཤ། ལ་དྭགས་སྦལ་ཏི་སོགས་ཀྱི་ལྟེ་གནས་སྦལ་ཏི་ཧྲང་རྫོང་། ལྷོ་རྨ་བྱ་ཁ་འབབ་དང་གླང་ཆེན་ཁ་འབབ་ཀྱི་རྒྱུད་ཟངས་དཀར་། ཁུ་ནུ། མང་ཡུལ་སོགས་ཀྱི་ལྟེ་གནས་ལྷོ་སྟོད་མང་ཡུལ་སྟག་མོ་རྫོང་དང་། ལྷོ་སྨད་སེ་རིབ་འབྲུག་མོ་རྫོང་། གྱིམ་རྡུལ་གླང་ཆེན་རྫོང་། དེ་རྣམས་ནི་ཞང་ཞུང་རྒྱལ་རབས་རྣམས་ཀྱིས་སྐབས་སུ་ས་ཚིགས་ལྟེ་བའི་མིང་གྲགས་ཆེ་བ་རྣམས་ཡིན་ཞིང་། གཞན་ཡང་བཤམ་ལ་བཤད་འགྱུར་གྱི་མཁར་ཕྲན་བཅོ་བརྒྱད་བཅས་སོགས་མཁར་རྫོང་མང་པོ་ཡོད་པར་བཤད། ཞང་ཞུང་རྒྱལ་རབས་རྣམས་ཀྱིས་སྐབས་སུ་སྔགས་ཀྱི་སྒྲུབ་སྡེའམ་འདུ་གནས་དང་འདུལ་བའི་འདུས་སྡེ་སོགས་ཀྱི་སྐོར་རེ་ཞིག་བཞག

1 (7).JPG

༣༽ སྐུ་མཁར་ཁྱུང་ལུང་དངུལ་མཁར་འོམ་པོ་སྒོ་བཞི་དངོས་ཀྱི་སྐོར།

དེའང་ཞང་ཞུང་ཕུགས་པ་འོལ་མོ་ལུང་རིང་ལ་སྐུ་འཁྲུངས་པའི་སངས་རྒྱས་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཉིད་ཀྱི་མཛད་ཆེན་བཅུ་གཉིས་ཀྱི་ནང་ནས་མཛད་ཆེན་གཉིས་པ་བསྟན་སྤེལ་གྱི་སྐབས་སུ་འཛམ་གླིང་སྐད་རིགས་སུམ་བརྒྱ་དྲུག་བཅུའི་ཡུལ་དག་ལ་གཡུང་དྲུང་བོན་གྱི་བསྟན་པ་འཛུགས་པར་དགོངས་ནས་གཤེན་འཁོར་དང་བཅས་པ་དང་ཐོག་ཞང་ཞུང་བར་པ་རྒྱལ་མཁར་བ་ཆོད་ལ་བབས་པ་དང་དེ་ནས་ཞང་ཞུང་སྒོ་གོང་གི་ཡུལ་དུ་བབས་ཏེ་ཞང་ཞུང་སྲིད་པའི་རྗེ་ཁྲི་ཝེར་ལ་རྗེ་ཡབ་སྲས་ལ་གཤེན་གྱིས་གཡུང་དྲུང་བོན་གསུངས་པ་ནས་བསྟན་པ་ཞང་ཞུང་ལ་སྔ་བའི་གཏན་ཚིགས་ཀྱང་དེ་ནས་བྱུང་ཞིང་ཞང་ཞུང་རྒྱལ་པོ་བོན་རྒྱལ་ཐོགས་པ་ཡང་དེར་སྲིད། །དེའི་ཚེ་ཞང་ཞུང་ཁ་ཡུག་ཡུལ་གྱི་མི་རྣམས་ཀྱིས་རྒྱལ་བ་གཤེན་འཁོར་བཅས་ལ་དགའ་སྟོན་རོལ་མོ་རྒྱ་ཆེན་ཞུས་ཏེ་གཟིགས་པ་ན་སྟོན་པ་ཐུགས་མཉེས་ཏེ་སྐུ་མཁར་ཁྱུང་ལུང་དངུལ་མཁར་འོམ་པོ་སྒོ་བཞི་ཕྱག་བཏབ་པའི་སྐོར་ནི།
ཀུན་འབུམ་གོ་འབྱེད་ལས། དེ་ནས་སྟོན་པ་གཤེན་རབ་ཀྱིས། ཞེས་ནས་ སྐད་རིགས་མི་མཐུན་པ་སུམ་བརྒྱ་དྲུག་བཅུ་རུ་སྐད་བསྒྱུར་ལ། གཡུང་དྲུང་བོན་གྱི་བསྟན་པ་གཟུགས་པར་དགོངས་པས། འདབ་ཆགས་གི་རྒྱལ་པོ་ཁྱུང་ཆེན་ཅིག འདི་ལ་ཆིབ་ཀྱི་ཡེགེ་མགུལ་དུ་བཏག་ན་བྱུང་སྟེ་བྱ་ལོའི་གཏན་ཚིག་ཀྱང་དེ་ནས་བྱུང་། རླབས་ཆེན་བྱ་ཁྱུང་དེ་ལ་བཅིབས་ནས་བོན་གྱི་བསྟན་པ་གཟུགས་སུ་གཤེགས་ནས། དང་པོ་ཞང་ཞུང་ཡུལ་དུ་བབ་པས། བསྟན་པ་ཞང་ཞུང་ལ་སྔ་བའི་གཏན་ཚིགས་ཀྱང་དེ་ནས་བྱུང་། ཞང་ཞུང་བོན་གྱིས་རྒྱལ་པོར་ཐོགས་པ་ཡང་དེར་བསྲིད། དེ་ལ་མས་གཤེགས་པ་ཁྲི་འདུལ་སྣང་རྩེ་དང་། ཁྲི་གང་གཡུ་རྩེ་དང་། ཡེ་གད་སྟག་རྩེ་དང་། ཁྲི་དང་ཁྲོམ་སྟག་རྩེ་དང་། ཞང་ཞུང་བར་པའི་ཡུལ་དུ་བྱོན། དེ་ལས་མར་གཤེགས་པ། ཞང་ཞུང་སྒོ་པའི་ཡུལ། གཡུང་དྲུང་མུ་ལེའི་དབུས། སྟ་སྒོ་ཤེལ་གྱི་གང་ར། མ་ཕང་གཡུ་མཚོའི་ཁུག་པ། བཀྲ་ཤིས་བྱིན་དུ་ཆགས་པའི་སར། ཁྱུང་ལུང་སྤྲུལ་པའི་མཁར་ཅིག་བརྩིགས། མཐའ་འདུལ་མཁར་ཕྲན་བཅོ་བརྒྱད་བརྩིགས། ཡང་འདུལ་གསས་མཁར་སུམ་༼བརྒྱ་༽དྲུག་ཅུ་བརྩིགས། གཞི་འདུལ་མཆོད་རྟེན་སྟོང་དང་རྩ་བརྒྱད་བརྩིགས་ནས་ས་མནན་ནོ། །ཤེ་ལེ་དབལ་རྩེ། འོད་གསལ་གཡུ་རྩེ། གསང་མེར་ལྷ་རྩེ། ཉི་འོད་ཤེལ་རྩེ། རྒྱལ་བ་བསེ་མཁར། ཡ་གད་སྟག་མཁར། ཧབ་སོ་ལྒ་མཁར། སྐྱུག་མོ་ལན་མཁར། ལོ་ཏོག་འགྱུར་མཁར། དྲག་ཚན་འབྲམ་མཁར། གུ་རི་གནམ་མཁར། གཡུང་དྲུང་ཡོད་མཁར། ཁ་རག་ཁྱུང་མཁར། དཔལ་བརྩན་སེང་མཁར། ཆེ་བརྩན་དྲེགས་མཁར། མཐོ་བརྩེགས་རྒོད་མཁར། མ་མ་དྲེད་མཁར། ཡར་མོ་བཞད་མཁར། མཁར་ཕྲན་བཅོ་བརྒྱད་ལ། སྡེ་ཆེན་བཅོ་བརྒྱད་གནས། བོན་ཆེན་བཅོ་བརྒྱད་བཞུགས། གསས་ཆེན་བཅོ་བརྒྱད་གསོལ། དེའི་དཀྱིལ་ཤད་དུ། ཁྱུང་ལུང་དངུལ་མཁར་བརྩིགས། རྨེང་བཞི་གསེར་ལ་བྱས། ལོག་བཞི་དངུལ་ལ་བྱས། སྒོ་སྐྱེས་པ་ལྕགས་ལ་བྱས། སྒོ་བཞི་དུང་ལ་བྱས། ཟུར་བཞི་མཆོང་ལ་བྱས། ཁ་བད་ཟངས་ལ་བྱས། རྩེ་མོ་གནམ་རིམ་བཅུ་གསུམ་དུ་བྱུང་། བུ་ཡུག་རྟག་པར་འཁོར། འབྲུག་ཏོང་སྔོན་པོ་ཉལ། བྱ་ཁྱུང་རྩིབས་སུ་ལྡིང་། མཁར་མིག་བརྒྱ་དང་རྩ་བརྒྱད་ཡོད། སུམ་ཆ་ཡན་ཆད་ལྷའི་བཟུངས་། གཡའ་བྲག་གངས་གསུམ་བྷར། འོད་ཟེར་ཐོག་གསུམ་འཕྲོ། ལྷ་དྲག་གེ་ཁོད་གནས། སུམ་ཆ་གཤེན་གྱིས་བཟུང་། འབྲོག་མོ་ཐིལ་གསུམ་མཆིས། རྟ་ལུག་གནག་གསུམ་འཕྱོ། རྔ་གཤང་དུང་གསུམ་སྒྲོགས། བསྭོ་དབལ་བོན་གསུམ་འབོད། ཞང་ཞུང་གྱེར་རྒྱུང་གནས། སུམ་ཆ་མན་ཆད་ཀླུས་བཟུངས། གཡུ་མཚོ་ཀྱི་ལི་ལི། གཡུ་བུན་ཁྲིགས་སེ་ཁྲིག ཆུ་སྲིན་དུང་གསུམ་ངར། ཀླུ་ཕྲུག་གྱུར་གསུམ་རྩེ། མི་མགོན་དཀར་པོ་གནས། དེ་རུ་ཞབས་ཕེབས་ནས། ཞང་ཞུང་བོན་ལ་འཕྲུལ་ངག་བོན་བཤད་ན། ཞེས་གསུངས། མཛོད་སྒྲ་འགྲེལ་ཆེན་མོ་ལས། སྔོན་ཞང་ཞུང་གི་ཡུལ་ཨི་ཤོད་ན། ཤིང་ཨ་པར་ལྗོན་པའི་ཚལ། གྲོང་ཁྱེར་རྒྱལ་བ་མཉེས་པའི་དབུས། མཁར་ཁྱུང་ལུང་དངུལ་མཁར་མ་མ་ཞེས་ཀྱང་བྱ། འོམ་པོ་སྒོ་བཞི་ཞེས་བྱ་བ་ན། ཞེས་བྱ་བ་བྱུང་ངོ་། །
དེ་ནས་སྟོན་པའི་གཤེན་རབ་ཀྱི་མཛད་ཆེན་བདུན་པ་བདུད་བཏུལ་སྐབས། ཁྱབ་པས་རྐྱེན་བསྐུལ་གཤེན་འཁོར་བཅས་པ་གཤེན་ཡུལ་ནས་བོད་ཡུལ་བདུད་བཏུལ་བསྟན་པའི་བར་ཆད་བསལ་ཞིང་ཕེབས་ལམ་ལ་གངས་ཏི་སེ་རུ་གཤེན་གྱིས་ཞང་བོད་ཀྱི་ལྷ་སྲིན་སྡེ་བརྒྱད་རྣམས་དབང་དུ་བསྡུས་ཏེ་བཀའ་ལ་ཉན་པའི་ཆད་མདོ་ཕུལ་བས། ཐ་ཚིག་གཡུང་དྲུང་བོན་ལ་སྔ་ཞེས་པའི་གཏན་ཚིག་བྱུང་ཞིང་། །དེ་སྔོན་དུ་བོད་ཡུལ་སོགས་ལ་ལྷ་སྲིན་སྡེ་བརྒྱད་ལ་མིའི་སེམས་ཅན་སྲོག་བཅད་པའི་ཤ་ཁྲག་མཆོད་པའི་སྔ་སྲོལ་གྱི་སྡིག་རྒྱུན་ཡོད་པས། དེའི་ཚུན་ཆད་ལ་གཤེན་རབ་ཀྱིས་བཀའ་དམ་གནས་པའི་ལྷ་སྲིན་སྡེ་བརྒྱད་ལ་མཆོད་པའི་ཆེད་དུ་རང་རེས་སྲོག་བཅད་པའི་ཤ་ཁྲག་གི་མཆོད་པ་བཀག་བཛད་དེ་ཡས་གླུད་ངོ་མའི་ཚབ་ཏུ་མདོས་ལ་གླུད་གཟུགས་འགྲོས་དམིགས་རྟེན་དང་། རང་བཞིན་གྱི་ཤི་བའི་སེམས་ཅན་གྱི་ཤ་ཁྲག་རུས་གསུམ་སོགས་ཡས་རྫས་ཙམ་གྱིས་གོ་ཆོད་པའི་སྲོལ་དེ་ནས་དར་བར་ངེས་ཏེ། །དེར་སྟོན་པ་གཤེན་རབ་ཀྱིས་བོད་ཀྱི་བོན་པོ་རྣམས་ལ། སྣང་གཤེན་བྱམས་སེམས་ཅན་གྱི་བོན། ལྷ་གསོལ་བ་དང་འདྲེ་བཀར་བ། ཡུགས་ཕུད་པའི་ལུང་ཕོག ཡས་སྟགས་སུ་ཤིང་རྩི་བན་བུན་དང་། ཞུགས་ཤིང་གསེར་སྐྱེམས་བསྟན། །ཞང་ཞུང་གི་བོན་པོ་རྣམས་ལ་ཛྭ་དང་སྔགས་ཀྱི་ལུང་ཕོག ཡ་སྟགས་སུ་མུ་ཟེར་ལྷ་ཞལ་དང་ནམ་མཁའ་དཀར་ནག་བསྟན། །ཞེས་སོགས་གསུངས་པས་སོ།
ཁྱུང་ལུང་དངུལ་མཁར་རུ་གཤེན་གྱི་གདུང་སྲས་ཀོང་ཚ་གཡུང་དྲུང་དབང་ལྡན་དེ་རུ་འཁྲུངས་ཤིང་གཤེན་གྱིས་སྒོ་བཞི་མཛོད་ལྔའི་བོན་རྣམས་སྨོན་ལམ་བཏབས་ཏེ་བཞག་ཅིང་སླར་འོལ་མོ་གླིང་ཆེན་དུ་གཤེགས་པའི་སྐོར་ནི། དྲན་པའི་ཨ་དཀར་དགོངས་འདུས་ལས། འཛམ་གླིང་ཡུལ་དབུས་ཀྱི་ཐད་དྲང་ཏི་སེ་གངས་དཀར་ཡིན། དེ་ཡི་ནུབ་ཕྱོགས་འོམ་མོ་སྒོ་བཞི་བྱ་བ་ཡོད། ཞང་ཞུང་ཁ་ཡུག་ཡུལ་ཞེས་པ་དེ་ལ་བྱ། སྔོན་ཚེ་རྒྱལ་བ་ཡབ་སྲས་ནག་པོ་བདུད་ཀྱི་རྗེས་བསྙེག་བྱོན་པའི་ཚེ། གྲོང་ཁྱེར་ཆེན་པོ་དེའི་དགའ་སྟོན་རོལ་མོ་སོགས་གཟིགས་ནས་ཐུགས་མཉེས་པས། སྒོ་བཞི་མཛོད་ལྔའི་བོན་རྣམས་དར་བའི་སྨོན་ལམ་བཏབས་ནས་བཞག གྲོང་ཁྱེར་རྒྱལ་བ་མཉེས་པའི་ཡུལ་དུ་མིང་བཏགས་སོ། མཁར་ནི་ཁྱུང་ལུང་དངུལ་མཁར་དངུལ་ཆུའི་རྨེང་རྡོ་ཅན། ཤིང་ནི་ཨ་པར་ལྗོན་པ་ཡོན་ཏན་ལྡན་པའི་ཤིང་། ཞེས་གསུངས། མདོ་འདུས་ལས། ཁྱུང་ལུང་རྔུལ་མཁར་བརྩིགས། གཤེན་བུ་རྐོང་ཚ་དེ་རུ་འཁྲུངས། དེ་ནས་མ་པང་མཚོ་ལ་འཆག ཀླུ་ཡི་སྟོན་པ་ལོ་གཅིག་མཛད། ཏེ་ཙེ་གངས་ཀྱི་རྩེ་མོ་རུ། མ་སངས་ལྷ་ཡི་ཞལ་དྲོ་དྲངས། དེ་ནས་སླར་ཡང་འོལ་མོ་གླིང་། ཁྲི་སྨོན་རྒྱལ་བཞད་དག་ཏུ་བྱོན། གསུངས་སོ།

དེ་ལྟར་གནས་འདིར་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་མཆོག་དང་ཞང་ཞུང་རྒྱལ་པོ་ཁྲི་ཝེར་ལ་རྗེ་མཆོད་ཡོན་ནས་ཕྱག་བཏབ་པ་ནས་བཟུང་སྟེ་གཡུང་དྲུང་བོན་གྱི་གནས་ཆེན་བརྒྱ་རྩའི་གོང་བ་དང་། །ཞང་བོད་ཀྱི་འདུ་གནས་སུམ་བཅུ་རྩ་བདུན་གྱི་འགོ་བོ། །གཤེན་སྣང་བ་མདོག་ཅན་ལ་སོགས་གྱེར་སྤུངས་དྲན་པ་དང་ལོ་པན་གཤེན་བརྒྱད་དང་བཅས་བཀའ་བསྡེབ་ནས་གཡུང་དྲུང་བོན་སྡེ་མང་པོ་ཕུགས་པའི་རྟག་གཟིགས་ཀྱི་སྐད་ལས་ཞང་བོད་ཀྱི་སྐད་དུ་སྒྲ་བསྒྱུར་མཛད་པའི་ལྟེ་གནས། །དེ་བཞིན་ཞང་བོད་རིག་འཛིན་མཁས་གྲུབ་རྣམས་ཀྱི་འདུ་གནས་ཀྱི་གཙོ་བོ་ཡིན་ཞིང་། ། བོན་བསྟན་དར་ནུབ་སྐབས་སུ་བོན་གྱི་གཏེར་གནས་རྩ་ཆེན། མཐར་སྤྱི་ལོའི་དུས་རབས་བདུན་པར་བོད་རྗེ་སྲོང་བཙན་སྐབས་སུ་ཞང་རྒྱལ་ལིག་མི་རྐྱ་ལྡེའུ་ཡི་རྒྱལ་ས་ཡང་ཡིན་པ། །མདོར་ན་ཞང་ཞུང་རྒྱལ་རབས་རྣམས་ཀྱི་སྐབས་སུ་དེའི་ཆབ་སྲིད། དཔལ་འབྱོར། ཤེས་རིག་སོགས་ཀྱི་ལྟེ་བར་རམ་དབུས་གྱུར་ཁྱུང་ལུང་དངུལ་མཁར་ཡིན་སྟེ། གངས་ཏི་སེའི་དཀར་ཆགས་ཚང་དབྱངས་ཡིད་ཕྲོག་ལས། ཆུ་བོ་གངྒའི་ལོགས་སུ་ཁྱུང་ལུང་དངུལ་མཁར་རྒྱལ་བ་མཉེས་པའི་ཡུལ་ཞེས་བྱ་བ་རིག་འཛིན་རྒྱལ་བ་ཀུན་གྱིས་སྐུ་ཡི་སྒྲུབ་པའི་གནས། རི་བྲག་ཐམས་ཅད་ཀྱང་ཁྱུང་ཆེན་རྫོང་ལ་སྤུངས་པ་ལྟ་བུ། གསང་བའི་བྲག་ཕུག་ཐམས་ཅད་ཀྱང་གཡུང་དྲུང་འཁོར་ལོ་པདྨ་དང་ནོར་བུ་ལ་སོགས་རིགས་རྟགས་ལྔ་ཡི་རྟགས་དང་ལྡན་པ། རྩི་ཤིང་དང་ནཊ་ཚལ་ཐམས་ཅད་བྱང་ཆུབ་འབྱུང་བའི་རྒྱུ་དང་ལྡན་པ། ཆུ་དང་ཆུ་མིག་ཐམས་ཅད་ཀྱང་བདུད་རྩི་གསོ་ཀྱི་རྒྱུ་དང་ལྡན་པའི་གནས་ཡུལ། ཞེས་དང་། གནས་ཆེན་བརྒྱ་དང་རྩ་བརྒྱད་ཀྱི་གོང་བ་ཡིན་པ་རུ་བཤད་དོ། ཅེས་དང་། ཁྱུང་ཆེན་སྤུངས་རི་ཡང་རྟ་མཆོག་རིན་པོ་ཆེ་གར་ལ་འཆམ་པ་ལྟ་བུའོ། ཞེས་གསུངས་པས། གནས་ཆེན་བརྒྱ་དང་རྩ་བརྒྱད་ནི་མ་རྒྱུད་ཀྱི་གནས་ཆེན་བརྒྱ་དང་ཉེར་ལྔ་ཡིན་ཏེ། མ་རྒྱུད་ལས། ཤར་ཕྱོགས་ཁྱུང་ལུང་དངུལ་མཁར་མཁའ་འགྲོ་མ། ཞེས་གསུངས། ཞང་བོད་འདུ་གནས་སོ་བདུན་གྱི་འགོ་བོ་ཡིན་ཏེ། བོད་རྒྱལ་མུ་ཁྲི་བཙན་པོས་སྔགས་ཀྱི་སྒྲུབ་སྡེ་སུམ་བཅུ་རྩ་བདུན་བཙུགས་པའི་ཡ་གྱལ་ཁྱུང་ལུང་དངུལ་མཁར་ནི་འདུ་གནས་ཀྱི་འགོ་བོ་ཡིན་པ་བོན་གྱི་ལོ་རྒྱུས་དང་ཡིག་རྙིང་རྣམས་ནས་གསལ་བར་གསུངས། བོད་རྒྱལ་མུ་ཁྲིའི་བཙུགས་པས་ཞང་བོད་ཀྱི་འདུ་གནས་སོ་བདུན་ཞེས་པའི་རྒྱུ་མཚན་ཅི་ཞེ་ན། གངས་ཏི་སེའི་དཀར་ཆག་ཚང་དབྱངས་ཡིད་ཕྲོག་ལས། ཞང་ཞུང་དང་བོད་ཡུལ་གྱིས་འདུ་གནས་སུམ་ཅུ་རྩ་བདུན། ཞེས་གསུངས་པའི་ཕྱིར་རོ། །

1 (8).JPG

འདུལ་བའི་འདུ་སྡེ་ཡང་ཡིན་ཏེ། དེ་ལས། དེ་ལྟར་དུའང་ཡེ་ཤེས་ཚུལ་ཁྲིམས་ཀྱི་སློབ་མ། དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་ཞེས་བྱ་བ་དེས། ཞང་ཞུང་ཁྱུང་ལུང་གི་གྲོང་ཁྱེར་རྒྱལ་བ་མཉེས་ཡུལ་གྱི་ཁབ་ཁྱུང་ཆེན་སྤུངས་པའི་རི་ལ་ཡང་། དགྲ་བཅོམ་གཡུང་དྲུང་སེམས་དཔའི་འདུས་སྡེ་གྲང་མེད་དུ་སྤེལ་ལ། དེའི་དུས་སུའང་ཞབས་ནས་འདེགས་པའི་རྒྱལ་པོ། གྲོང་ཁྱེར་རྒྱལ་བ་མཉེས་ཡུལ་གྱི་དངུལ་མཁར་དཀར་པོ་ཁྲོ་ཆུའི་རྨེངས་རྡོ་ཅན་དེ་རུ་ཡང་། སླས་ཀྲ་གུ་གེའི་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན་ཉིད་དོ། །ཞེས་གསུངས་སོ། །
ཞང་ཞུང་གི་སྒྲ་བསྒྱུར་མཛད་པའི་ལྟེ་གནས་ཡིན་ཏེ། སྤྲུལ་སྐུ་བློ་ལྡན་གསུངས་འབུམ་ལས། ཁྱུང་ལུང་དངུལ་མཁར་གནས་སུ་ཕེབ། ལོ་པན་བརྒྱད་དང་བཀའ་བསྡེབ་ནས། ཞང་བོད་གཉིས་སུ་ལོ་ཙ་བསྒྱུར། ཞེས་དང་། ཁྱུང་ལུང་དངུལ་མཁར་གསང་བའི་ཕོ་བྲང་ན། །ཀུན་ཏུ་བཟང་པོ་ཉིད་དང་དབྱེར་མེད་པའི། །ལོ་པཎ་མཁས་མཆོག་དྲབ་པ་ནམ་མཁའ་ལ། རིག་འཛིན་གཤེན་པོ་རྣམས་ཀྱིས་འཁོར་གྱིས་བསྐོར། ཞེས་གསུངས། མ་རྒྱུད་སྒོམ་འགྲེལ་ལས། སྤྱིར་བསྟན་པ་འདི་དར་བའི་གནས་ཆེན་གསུམ་ལ་སྐད་དེ་ལྟར་ཡོད་དེ་ཏ་ཟིག་༼རྟག་གཟིགས༽ན་ཤམ་པོ་ལྷ་རྩེ། ཞང་ཞུང་བར་པ་ན་རྒྱལ་མཁར་བ་ཆོད། སྒོ་པ་ན་ཁྱུང་ལུང་དངུལ་མཁར། དེ་དག་ཀུན་ཏུ་གཏུག་པའི་སྐད་དུ། །ཞེས་དང་། རྒྱལ་རབས་བོན་གྱི་འབྱུང་གནས་ལས། ཁྱུང་ལུང་དངུལ་མཁར་གྱི་ཕྱོགས་བཞི་ན་སྐད་རིགས་ཟུང་བཞི་ཡོད་པ་ལ། ཞང་ཞུང་སྡེ་བརྒྱད་ཅེས་བྱ་སྟེ། དེའི་ཕྱོགས་བཞི་ན་མཁས་པ་མི་བཞིས་ལོ་ཙ་བྱས་ཏེ་བསྒྱུར་བར་བཤད་དོ། ཞེས་དང་། འབེལ་གཏམ་ལུང་སྙིང་ལས། ཡུལ་དེའི་སྐད་ནི། སྨར་གྱི་སྐད་དང་། དར་མའི་སྐད་དང་། དིར་མའི་སྐད་དང་། དར་མ་དིར་གྱི་སྒྲ། གུ་གེའི་སྐད་དང་། ཕལ་པོ་གླང་གི་སྐད་བཅས་དང་། སྨར་ནི་སྒོ་པ་སྤྱི་ཡི་མཆོག་སྐད་ཡིན། གུ་གེའི་སྒྲ་ནི་ཡི་གེའི་སྐད་ཞེས་པའི་དོན་ཡིན་ལ། དར་མ་ལྷོ་སྐད། དིར་མ་བྱང་རྒྱུད་སྐད། དར་མ་དིར་ནི་སྟོད་སྨད་སྤྱིའི་སྐད། ཅེས་གསུངས། ཞང་ཞུང་གི་ཤེས་རིག་སྐོར་གླེང་བ་ལས། སྨན་རིའི་སློབ་དཔོན་ཕྲིན་ལས་ཉི་མ་མཆོག་གིས། ༼སྙན་རྒྱུད་རིན་ཆེན་སྒྲོན་མ༽ལས་སོགས་ནས་མི་མཐུན་མ་དྲུག་ཏུའང་བཤད་ཡོད་དེ། དེ་ཡང་སྨར་ཆེན་དང་། སྨར་ཆུང་། ཟུར་འབོར་འདོགས་རིང་དང་། ནོར་བུ་ལུགས་ལྕུགས་མ། སྤྲུགས་ཡིག བརྡ་བཤད།བརྡ་ཡིག སྤུང་ཡིག རིགས་དྲུག་བརྡ་དོན་གབ་སྦས་སོ། །སྙན་དཔེ་འདི་ནི་གཏེར་སྟོན་བོན་ཞིག་གླིང་པས་ཕྱུག་མོ་དཔལ་རི་ནས་གདན་དྲངས་ནས། ཞང་ཞུང་གི་སྤྲུགས་ཡིག་ཆེན་མོ་ལས། དག་པར་སྒྲ་བསྒྱུར་ཞིང་གཏན་ལ་ཕབ་པོ། ཞེས་དང་། སྐད་རིགས་ལའང་ཁྱུང་ལུང་དངུལ་ཆུ་ཅན་གྱི་ཕྱོགས་བཞི་ནས་སྐད་ཀྱི་ཟུང་བཞི་སྟེ། ཤར་ན་འགྱོགས་ཚང་སྨར་གྱེར་བྱ་བ་སཾསྐྲྀ་ཏའི་སྐད་དུ་བསྒྱུར་བ་དང་། ནུབ་དྭང་ར་ཕལ་བོ་གླང་གི་སྐད་དུ་འཁུན་པ་དང་། ལྷོ་ན་མཐིང་མིང་དང་ཐོག་ཕལ་པོ་ཁྱིའི་སྐད་དུ་ཟུག་པ་དང་། བྱང་ན་གུ་གེ་བྱ་ཕུག་རོན་རྟའི་སྐད་དུ་འཚེར། གུ་གེའི་སྒྲ་ནི་ཡི་གེའི་སྐད་དང་། དར་མ་ལྷོ་སྐད་དིར་མ་བྱང་རྒྱུད། དར་མ་དིར་ནི་སྟོད་སྨད་ཕལ་སྤྱིའི་སྐད་དུ་བཤད་དོ། །ཞེས་གསུངས། མ་རྒྱུད་ལས། ཞང་ཞུང་དབལ་ལུང་མཁའ་འགྲོ་འབྲོང་གདོང་ལྔ། དབུས་ཕྱོགས་སྨར་གྱི་ཀུན་བཟང་མཁའ་འགྲོ་མ། ཤར་ཕྱོགས་དར་མ་དིར་ཟའི་མཁའ་འགྲོ་མ། བྱང་ཕྱོགས་དིར་བ་སྒྲ་མཁན་མཁའ་འགྲོ་མ། ནུབ་ཕྱོགས་གུ་གེ་ཡིག་གསལ་མཁའ་འགྲོ་མ། ལྷོ་ཕྱོགས་བལ་པོ་གླང་གི་མཁའ་འགྲོ་མ། ཞང་ཞུང་གནས་ཆེན་མ་ལྔས་་་། ཤེས་གསུངས་པས་མ་རྒྱུད་གནས་ཀྱི་འགྲོ་སྟངས་ལ་གཞིག་ནས། སྨར་ཀྱི་སྐད་དབུས་ཕྱོགས། དར་མ་དིར་ཟ་ཤར་རམ་སྟོད་སྨད་སྤྱི་སྐད་ཡིན་ཡང་ཆོག དིར་བ་སྒྲ་མཁན་བྱང་རྒྱུད་སྐད། གུ་གེའི་སྐད་ནུབ་ཕྱོགས། བལ་པོ་གླང་གི་སྐད་ལྷོ་ཕྱོགས་ཡིན་པ་ལྟར་འདུག་པས་དེ་ལྟར་མཐུན་ཆེ་སྙམ།
ཞང་ཞུང་རྒྱལ་རབས་རྣམས་ཀྱི་སྐབས་སུ་རྒྱལ་སའི་ལྟེ་བར་ཡིན་ཏེ། ལུང་ལས། ཡུལ་ནི་ཞང་ཞུང་གྲོང་ཁྱེར་ཡངས་པ་ཅན། །ཕྱི་ཁྲི་ནང་ཁྲི་བར་ཁྲི་ཞེས་བྱ་སྟེ། །ཁྱིམ་བདག་སྟོང་ཕྲག་སུམ་ཅུའི་དབུས་རྩེ་ན། །མཁར་ནི་ཁྱུང་ལུང་དངུལ་མཁར་གཡུ་བད་ཅན། །རྒྱལ་བ་མཉེས་པའི་ཕོ་བྲང་ཞེས་བྱ་བ། ཞང་ཞུང་རྒྱལ་མཁར་ལྔ་ཡི་དང་མ་ན། ཞེས་དང་། དེ་ལྟར་ཞང་ཞུང་དངོས་ཀྱི་ལྟེ་བར་ཡིན་པའི་ཕྱིར་ནས། ལུང་ལས། སྒོ་པ་ཁྱུང་ལུང་དངུལ་མཁར་གྱི་སྐོར། ཞེས་དང་། ཕུགས་པ་ཁྱུང་ལུང་དངུལ་མཁར་གྱི་སྐོར། ཞེས་སོགས་གསུངས་པའི་ཕྱིར་རོ། །

1 (9).JPG

འོ་ན་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་གིས། དེ་ཡང་གང་ཏི་སེའི་མདུན་ཉེ། རི་སྤོས་རི་ངད་ལྡན་གྱི་རྩ་བ། མཚོ་མུ་ལེ་ཁྱུད་ཀྱི་འགྲམ་དུ་ཞང་ཞུང་སྲིད་པའི་རྒྱལ་པོའི་ཁྲི་ཝེར་ལ་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན་བྱོན། དེས་གངས་ཏི་སེའི་མདུན་ཞོལ་དུ་གསས་ཁང་ནོར་བུ་སྤུངས་རྩིགས་བཞེངས། སངས་རྒྱས་སྟོན་པའི་ཞལ་འཇལ། ཁྲི་རྗེ་ལུང་བསྟན་མདོ་གསུངས། ག་ལྗང་གཡུ་ལོ་རྫོང་མཁར་དུ་བཞུགས། ཞེས་གསུངས་པ་དང་། ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་གཞན་དག་རྣམས་ལའང་མཁར་རྫོང་མང་པོ་ཡོད་པར་གསུངས་ཤིང་དཔེ་ཆ་གཞན་དག་ལའང་དེ་ལྟར་གསུངས་པས་སོ་ཞེ་ན། དེ་ནི་རྒྱལ་པོ་སོ་སོའི་དམིགས་གསལ་གྱི་མཁར་རྫོང་ངམ་ཆེ་ཐབས་ཀྱི་མཁར་རྫོང་ཡིན་པར་གསུངས་པ་ལས་ཞང་ཞུང་བྱིངས་ཀྱི་ལྟེ་བར་ཡིན་པར་གསུངས་པ་མ་ཡིན་ནོ། །
མདོར་ན་ཞང་ཞུང་རྒྱལ་བ་མཉེས་པའི་ཡུལ་དུ་ཁབ་ཁྱུང་ལུང་དངུལ་མཁར་མ་བཏབ་ཀྱི་སྔོན་དུ་ཞང་ཞུང་གི་རྒྱལ་མཁར་ལྟེ་བ་གངས་ཏི་སེའི་མདུན་ག་ལྗང་གཡུ་ལོ་མཁར་དང་། དེ་ནས་སྟོན་མཆོག་གཤེན་རབ་མི་བོ་དང་ཞང་ཞུང་རྒྱལ་པོ་ཁྲི་ཝེར་ལ་རྗེ་ཟུང་ནས་ཁབ་ཁྱུང་ལུང་དངུལ་མཁར་ཕྱག་བཏབས་ནས་གཟུངས་རྒྱལ་མཁར་འདི་ནི་དེའི་ཤེས་རིག་དང་། དཔལ་འབྱོར། ཆབ་སྲིད་དམག་དོན་བཅས་ཀྱི་ལྟེ་བར་སྨོས་མེད་ཡིན་པས་གཡུང་དྲུང་བོན་གྱི་ཡིག་རྙིང་ལོ་རྒྱུས་རྣམས་ལས་ཁྱུང་ལུང་དངུལ་མཁར་གྱི་སྐོར་འཁོད་པ་མང་བས་འདྲིས་པོ་བྱས་ནས་རྟོགས་ནུས་སོ། མཐར་ཞང་རྒྱལ་ལིག་མི་རྐྱའི་ལྡེའུ་ཡི་སྐབས་སུ་བོད་རྒྱལ་སྲོང་བཙན་གྱིས་ལིག་མི་རྐྱ་ཡི་སྲིད་བརླག་སྟེ་ཞང་ཞུང་ཐམས་ཅད་འབངས་སུ་བཀུག་པའི་སྐོར་ཏུན་ཧོང་ཡིག་རྙིང་དང་དེབ་དཀར་སོགས་ལ་བཀོད་ཡོད་པས་དེང་སྐབས་ཡོངས་གྲགས་ཡིན།

1 (10).JPG

༤༽ ལྷོ་རྒྱལ་འཛམ་བུ་གླིང་གི་དབུས་དཀྱིལ་རི་མཐོ་ས་གཙང་གངས་རིའི་ར་བ་བསྐོར་བའི་བསིལ་ལྗོངས། ཞང་ཞུང་རྒྱལ་བ་མཉེས་པའི་ཡུལ་ཁྱུང་ལུང་དངུལ་མཁར་ཞེས་བྱ་བའི་ཡུལ་ཁམས། དེའི་ཤར་དུ་ཞང་ཞུང་ལྷ་རིགས་སུམ་བརྒྱ་དྲུག་ཅུ་བསྐོར་བའི་དཀྱིལ་དབུས་སུ་གངས་རི་མཚོ་གསུམ་དང་། བྱང་དུ་ནོར་བདག་གནོད་སྦྱིན་སུམ་བརྒྱ་དྲུག་ཅུའི་བསྐོར་བའི་གཙོ་བོ་ནོར་བདག་གནོད་སྦྱིན་མགོན་རི། ལྷོ་ནུབ་ཏུ་སྨན་བཙུན་སུམ་བརྒྱ་དྲུག་ཅུའི་བསྐོར་བའི་གངས་སྨན་རྒྱལ་མོ། ལྷོ་ཤར་དུ་ལས་ཀྱི་མ་མོ་སུམ་བརྒྱ་དྲུག་ཅུའི་གཙོ་མོ་སྒྲ་བླའི་རྒྱལ་མོ་སྟག་རི་ཁྲ་བོ་བཅས་དང་། ཁྱུང་ལུང་དངུལ་མཁར་གྱི་ཕྱོགས་བཞི་ནས་ལུང་པ་སྒོ་བཞི་ཡོད་པས། ཤར་དུ་ཆུ་བོ་གླང་ཆེན་གཙང་པོའི་ཕུ་སྒོའི་ལ་ལུང་རྒྱུད་པའི་ཆུ་བོ་རྟ་མཆོག་ཁ་འབབ་རྒྱུད་ཀྱི་ཡུལ་ཁམས། བྱང་དུ་ཆུ་ནག་གཙང་པོའི་ཕུ་སྒོའི་ལ་ལུང་རྒྱུད་པའི་ཆུ་བོ་སེང་གེ་ཁ་འབབ་རྒྱུད་ཀྱི་ཡུལ་ཁམས། ནུབ་དུ་ཆུ་བོ་གླང་ཆེན་ཁ་འབབ་མདའ་སྒོའི་རྒྱུད་ཀྱི་ཡུལ་ཁམས། ལྷོ་རུ་ཆུ་དཀར་གཙང་པོའི་ཕུ་སྒོའི་ལ་ལུང་རྒྱུད་པའི་ཆུ་བོ་རྨ་བྱ་ཁ་འབབ་རྒྱུད་ཀྱི་ཡུལ་ཁམས་བཅས་ཆགས་ཤིག་གང་སར་བསྐྱོད་བདེ་བའི་ལམ་གྱི་མདུན་མདོ། ཞིང་འབྲོག་གཉིས་རྒྱ་ཆེར་བཀོལ་ནུས་པའི་རུ་མཚམས། གོང་དུ། བཀྲ་ཤིས་བྱིན་དུ་ཆགས་པའི་སར། ཁྱུང་ལུང་དངུལ་མཁར་བརྩེགས། ཤེས་གསུངས་པ་བཞིན། ཤར་རམ་གཡོན་དུ་གནས་ཆེན་༼པྲི་ཏ་པུ་རི༽དྲི་བདའ་སྤོས་རི་། བྱང་ངམ་རྒྱབ་ཏུ་གནས་མཆོག་གངས་དཀར་ཏི་སེའི་རི་རྒྱུད། ནུབ་བམ་གཡས་སུ་སྒྲུབ་གནས་འོད་འཕྲོ་གཡུང་དྲུང་སྤུངས་བའི་རི་བོའམ་གཡུང་དྲུང་གཏམས་པའི་བྲག་དང་སྒྲུབ་ཕུག ལྷོའམ་མདུན་དུ་ཤར་ནས་ནུབ་ཏུ་འབབ་པའི་ཆུ་བོ་ཡན་ལག་བརྒྱད་ལྡན་གླང་ཆེན་གཙང་པོ་དང་། ལྷོ་རུ་ཉི་འོད་དབྱེན་དམར་ནས་བྱང་དུ་འབབ་པའི་ཆུ་དཀར་གཙང་པོ། བྱང་དུ་རི་བོ་བོན་ཆེན་ནས་ལྷོ་རུ་འབབ་པའི་ཆུ་ནག་གཙང་པོ་ཞེས་ཆུ་གསུམ་འཛོམ་པའི་མདུན་མདོ་དང་། ཤར་དུ་ཨ་ལིས་ཐང་ཆེན་གི་ཐང་ཞིང་། བྱང་དུ་རྫ་སྤུངས་ཀྱི་བང་སོའི་ཐང་། ནུབ་ཏུ་ཙྭ་ཆུ་འཛོམ་པའི་༼གུར་གྱམ་དགོན་ཐུགས་བསྟན་གཟི་འབར་མདོ་སྔགས་གྲགས་རྒྱས་གླིང་།༽གུ་རུ་དཔལ་རྒྱས་ཐང་། ལྷོ་རུ་ཆུ་གསུམ་མདོ་ཡི་སྟར་རུ་འོམ་བུའི་ཐང་། མཁར་ཤུལ་ནས་ཕྱོགས་བཞིར་བལྟས་པས་ས་གཞིའི་མཐོང་རྒྱ་ཆེ་བས་ཤར་ཐག་རིང་ཞིང་གནམ་གྱི་གོ་ཡངས་པས་ཟླུམ་པོའི་ཚུལ་དུ་ཡིན་ཡང་གངས་དཀར་ཏི་སེའི་ལྷོ་ངོས་ཀྱི་ནམ་མཁའ་མདའ་སྟོང་འདྲ། དེ་ལྟར་རི་མཐའ་ཐང་གི་བསྐོར་བ་དང་གཅིག ཐང་མཐའ་ལམ་གྱིས་དང་གཉིས། ལམ་མཐའ་ནགས་ཀྱིས་དང་གསུམ། ནགས་མཐའ་ཆུ་ཡིས་དང་བཞི། ཆུ་མཐའ་ལེན་གྱིས་དང་ལྔ། ལེན་མཐའ་གནམ་གྱིས་བསྐོར་བ་དང་བཅས་ས་ཡི་འཁོར་དྲུག་དང་བསྲུང་བཞི་ཡོངས་སུ་ཚང་ཞིང་ས་དཔྱད་ཁྱད་པར་ཅན་གྱི་དབུས་སུ། ལོ་རྒྱུས་ཡིག་རྙིང་རྣམས་སུ་འཁོད་པའི་གནའ་བོའི་གནས་ཡུལ་དང་མཁར་གྱི་བཀོད་པའི་སྡོམ་ཚིག་ནི། །འཛམ་གླིང་ཞིང་ཁམས་གངས་ཅན་ཏི་སེའི་ནུབ། །ཞང་ཞུང་རྒྱལ་བ་མཉེས་པའི་ཡུལ་མཆོག་ཞེས། །གྲོང་ཁྱེར་ཁྱད་འཕགས་དུ་མས་བདལ་བའི་དབུས། །ཁྱུང་ལུང་དངུལ་མཁར་ཤེལ་འོད་འབར་བ་ཅན། །འོམ་པོ་སྒོ་བཞི་རིན་ཆེན་བཀོད་པ་བཀྲ། །གཡུ་ཡི་བྱ་འདབ་རིམ་གསུམ་རྩེ་བརྒྱད་ལྡན། །གསེར་གྱིས་ཏོག་མཛེས་ནོར་བུའི་དྲ་བ་འཕྱང་། །རི་དྭགས་འཁོར་ལོ་པ་དྲའི་མཚན་པ་གསལ། །ཉི་ཟླ་ནོར་བུའི་རྩེར་བརྒྱན་འོད་ཟེར་འཕྲོ། །ངོ་མཚར་ཕོ་བྲང་བཀོད་པ་ཕུན་ཚོགས་ཁྱོན། །སྐལ་བཟང་སངས་རྒྱས་གཡུང་དྲུང་སེམས་དཔའ་དང་། །རིག་འཛིན་ལོ་པཎ་མ་ལུས་མཉེས་པའི་ཡུལ། །ཞེས་དང་། དེ་ཚེ་གྱེར་སྤུངས་དྲན་པ་ནམ་མཁའ་ཉིད། །ཁྱུང་ལུང་དངུལ་མཁར་དེ་ཡི་བྱང་ནུབ་ན། །གཡུང་དྲུང་སྤུངས་པ་གསང་བའི་གཞལ་ཡས་བྱོན། །གསང་གནས་གཡུང་དྲུང་སྤུངས་བའི་གནས་མཆོག་ཏུ། །ཞེས་སོགས་གོང་དུ་ལུང་ཁུངས་དྲངས་པ་རྣམས་ལའང་གསུངས། མཁར་མིང་རྣམ་གྲངས་ནི། ཁྱུང་ལུང་དངུལ་མཁར་མ་མ། འོམ་པོ་སྒོ་བཞི། ཁྱུང་ལུང་རྔུལ་མོ་མཁར། ཁྱུང་ལུང་དངུལ་མཁར་དཀར་པོ་ཁྲོ་ཆུའམ་དངུལ་ཆུའི་རྨེང་རྡོ་ཅན། མཁར་ཤེལ་ལེ་རྫོང་ཕུག འོམ་པོ་རྩེ་དགུའམ་རྩེ་བརྒྱད། སེང་གེ་རབ་གྲགས་བཅས་ཁོ་བོས་མཐོང་མྱོང་བའི་དཔེ་རྣམས་སོ། །

1 (11).JPG

ད་ལྟ་ནི་༼མངའ་རིས་ཁུལ་སྒར་རྫོང་མོན་མཚེར་ཤང་གྲོང་ཚོ་བཞི་པའི་ས་ཁོངས་མཐོ་ཚད་རྒྱ་མཚོའི་ངོས་རྨིད་བཞི་སྟོང་བཞི་བརྒྱ་ལྷག་ཟིན་པའི༽མཐའ་གཤམ་བྲག་གཡང་གཟར་ཅན་གྱི་བསྐོར་བའི་༼མཁར་གདོང་གནའ་ཤུལ༽རི་བོ་ཁྱུང་ཆེན་སྤུངས་རི་ལ་མཁར་ཤུལ་གཅིག་བུའི་འཛུགས་བསྐྲུན་གྱི་རྒྱ་ཁྱོན་ནི་རྨིད་གྲུ་བཞི་མ་གཅིག་ཁྲི་དགུ་སྟོང་ལྷག་ཟིན་པས་ཆེད་མཁས་ཞིབ་འཇུག་པ་འགའ་ཞིག་གི་དཔྱད་འབྲས་ལྟར་ནས། སྤྱི་ལོའི་དུས་རབས་བདུན་པའི་སྔོན་གྱི་གནའ་ཤུལ་མཁར་གྱི་འཛུགས་བསྐྲུན་གཞི་ཁྱོན་འདི་ལས་ལྷག་པ་ནི་ད་ལྟ་བོད་ཡོངས་ལ་ཕར་ཆེར་མཐོང་དཀོན་ཞེས་ཟེར། དབུ་རྩེར་མཁར་གྱི་བྱང་ངོས་ན་ཐེམ་སྐས་སམ་བང་རིམ་བདུན་ཅུ་ལྷག་གི་སྟེང་དུ་མཁར་གཙོ་བོ་དེའི་བརྩེགས་ཤུལ་ཡོད་ཅིང་མཁར་ངོས་ཀྱི་གཡས་གཡོན་མདུན་གྱི་མཁར་དབྱིབས་སོགས་ཆགས་སྟངས་ཅི་ལྟར་ཡིན་པ་ད་ལྟ་རྩེག་ཤུལ་གསལ་པོ་བསྡད་མི་འདུག་མོད། ཕར་ཆེར་གནའ་བོའི་དུས་སུ་རི་བོའམ་མཁར་ཤུལ་དེའི་སྟོད་ཀྱི་རི་གདོང་ཀུན་མཁར་ཡིན་པའི་བཟོ་ཞིག་འདུག དེ་བས་ན་རྗེས་སུ་མཁར་གདོང་ཞེས་པའི་མིང་དེ་ལྟར་ཐོགས་པ་ཞིག་མིན་ནམ་སྙམ། དེ་ནས་རི་གདོང་ངམ་མཁར་གདོང་གི་གཡས་གཡོན་ཀྱི་རྒྱུད་ཁང་པ་དང་མཐར་ལྕགས་རི་སོགས་ཀྱིས་ཡོངས་སུ་བསྐོར་བའི་ཐོག་གི་མདུན་ངོས་ཀུན་ལ་གཞི་ཁྱོན་ཆེ་བའི་མཁར་རམ་ཁང་པ་སོགས་ཀྱི་བརྩེགས་ཤུལ་ཤ་དག་ཡིན་ཞིང་རྩེག་རྒྱུའི་གྲུབ་ཆ་ནི་ད་ལྟ་མཐོང་བཞིན་པ་ནི་རྡོ་རྩེག་རྐྱང་རྐྱང་དང་རྡོའི་རྩེག་སྟངས་ནི་སླས་མ་སོགས་ཀྱི་བརྩེགས། དེ་ནས་ཐང་གཤམ་དུ་འབབ་བྱེད་ཐེས་སྐས་སོགས་ཀྱི་བརྩེགས་ཤུལ་མང་པོ་ཡོད་ཅིང་གཡས་ངོས་ཀྱི་ཐེས་སྐས་གཅིག་གི་སྣེ་ནི་བྲུས་ཕུག་ཅིག་ལ་གཏུགས། མདོར་ན་ད་ལྟ་དེར་གཞི་ཁྱོན་ཆེ་བའི་རྡོ་བརྩེགས་ཀྱི་མཁར་ཤུལ་མང་པོ་ཡོད་པ་མ་ཟད། ལྷག་པར་དུ་བོན་གྱི་ལོ་རྒྱུས་ལ་གྲགས་ཆེ་བ་ཞང་ཞུང་དྲན་པ་ནམ་མཁའི་རྡོ་སྐུ་རང་བྱོན་༼ཁ་རག་རྡོ་སྐུ་རང་བྱོན༽ཞེས་པ་དེ་ཡོད། དེའང་རིག་འཛིན་འདུས་པ་ཐབས་ཆེན་མཁའ་ཡི་རྒྱུད་ལས། དེ་ནས་གསུང་གི་བསྟན་པའི་དཀྱིལ། །ཐུགས་ཀྱི་བསྟན་པའི་དབུ་འཛུགས་སུ། །འཛམ་གླིང་དབུས་ཀྱི་ལྟེ་བ་ཡི། །རི་བོ་གངས་ཅན་མདུན་དྲུང་དུ། །བྱམས་སེམས་ནམ་མཁའ་ལྟ་བུ་ཡི། །ལྔ་བརྒྱ་དྲན་པའི་ནམ་མཁའ་འབྱུང། །རྟག་གཟིགས་ཨུ་རྒྱན་རྒྱ་གར་དང་། །ཕྲོམ་བོད་ཞང་ཞུང་ལོ་ཙྭ་བསྒྱུར། །ཞེས་གསུངས་པའི་ཁབ་ཁྱུང་ལུང་དངུལ་མཁར་རུ་སྐུ་འཁྲུངས་པའི་ཡབ་ཞང་ཞུང་རྒྱལ་པོ་རྒྱུང་ཡར་མུ་ཁོད་གཞའ་ཚོན་འོད་ཀྱི་བྱ་རུ་ཅན་དང་། ཡུམ་ཕྱྭ་བཙུན་གུང་མ་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས་པའི་གཤེན་རབ་བསྟན་པའི་ཐུགས་ཀྱི་གཉེར་དཔོན་གྱེར་སྤུངས་དྲན་པ་ནམ་མཁའ་དེའི་རྡོ་སྐུ་རང་བྱོན་ནི། སྤྲུལ་སྐུ་བློ་ལྡན་གསུང་འབུམ་ལས། ཁ་རག་དྷོ་སྐུ་རང་བྱོན་དེ། །བོད་ལ་དཔལ་དུ་ཤར་བའི། །ཀུན་བཟང་ཐུགས་རྟེན་མངོན་གྱུར་པ། །དུས་མཐར་འགྲོ་དོན་མཛད་པའི་ཕྱིར། །མ་ངེས་སྤྲུལ་པའི་སྐུ་རུ་བྱོན། །ཁྱད་པར་བླ་ཆེན་དྲན་པ་དང་། །དངོས་སུ་མཇལ་དང་གཉིས་སུ་མེད། །དུས་མཐའ་བར་དུ་འགྲོ་དོན་མཛད། །གང་མཇལ་ངན་སོང་གསུམ་ལ་ཐར། །ཚོགས་ཀྱི་འབྲེལ་པ་གང་ཐོབ་པ། །ཕྱི་མ་ཚོགས་ཀྱི་ལམ་ལ་བསྒྲོད། །ཟུར་བྱང་ལས། ཁ་རག་རྡོ་སྐུ་རང་བྱོན་ལ། །གང་མཇལ་ཡི་དྭགས་བསྐྲེས་སྐོམ་ཞི། །ཞེས་གསུངས་པའི་ལོ་རྒྱུས་སྐོར་ཁོ་བོས་བྲིས་པའི་་༼ཞང་ཞུང་ཁྱུང་ལུང་དངུལ་མཁར་གྱི་ཁ་རག་རྡོ་སྐུ་རང་བྱོན་གྱི་མཚམས་སྦྱོར་གཤེན་གྱི་ཞལ་ལུང་།༽༼http://theyungdrungbon.com/?p=4381#more-4381 ༽ཡང་ན་༼http://www.himalayabon.com/e/public/jump/?classid=3&id=115༽ལ་གཟིགས། དངོས་གཙོ་འཛིན་པའི་ཆེད་མཁས་པས་བཤད་པ་ལྟར་ནས་རྡོ་སྐུ་འདི་ནི་མདོར་ན་སྤྱི་ལོའི་དུས་རབས་བདུན་པའི་ཡར་སྔོན་དུ་བཟོས་ཟིན་པའི་ངོས་འཛིན་ཡང་བྱེད།
དེ་བཞིན་རྡོ་ཆས་དང་། རྫ་ཆས། ཁྲབ་བྱང་དང་། མདའ་རྩེ་སོགས་ལྕགས་ཆས་རིགས། གཟི་རྙིང་། ཨ་ལིས་ཤེས་དུང་དང་གཡུ་ལ་སོགས་པའི་ཤེ་ནེའི་རིགས། གནམ་ལྕགས་སམ་ཐོག་ལྕགས་སོགས་གནའ་རྫས་མང་དག་ཅིག་རྙེད་སོན་བྱུང་རྒྱུ་ཡོད་ཅིང་། རྙེད་སོན་བྱུང་བའི་གནའ་རྫས་དེའི་རིགས་ད་ལྟ་དགོན་པས་ཉར་ཚགས་བྱས་དང་བྱེད་བཞིན་ཡོད། དེ་བས་ན་ཞང་ཞུང་སྒོ་གོང་གི་ཡུལ་འདིར་ཆེས་གནའ་བོའི་དུས་ནས་ཀྱང་བཟོ་ཡི་རིགས་ལའང་ལག་རྩལ་གྱིས་ཚད་གཞི་ཡང་མཐོ་པོར་སླེབ་ཡོད་པར་ངེས་ཏེ། དེང་དུས་ཞིབ་འཇུག་པ་འགའ་ཞིག་གིས་དཔྱད་གཏམ་སྤེལ་བ་ལྟར་ནས། ད་ལྟ་མི་རྣམས་ཀྱི་གཟི་དང་གནམ་ལྕགས་འགའ་ཞིག་ནི་རི་བོ་མཐོན་པོའི་ངོགས་དང་བྲག་གསེབ་རྫ་ཁྲོད་སོགས་ནས་རྙེད་པའི་རྒྱུ་མཚན་ནི། དེང་དུས་སུ་ཆེས་མཐོ་བའི་རི་ཧི་མ་ལ་ཡའི་རི་རྒྱུད་འདི་རྣམས་ཆེས་སྔ་བའི་དུས་སུ་རྒྱ་མཚོའི་ནང་དུ་ཡོད་པའི་ས་རྡོ་རི་བྲག་གི་རིགས་ཡིན་པའི་རྟགས་སུ་དེང་དུས་བྲག་རྡོ་རྣམས་ཀྱི་གསེབ་ནས་ཆུ་གནས་ཀྱི་སེམས་ཅན་སྣ་ཚོགས་པའི་ལུས་ཁོག་རྡོ་བར་ཆགས་པའི་གཟུགས་ཅི་རིགས་མངོན་མཐོང་དུ་ཡོད་པ་ནས། དེ་བཞིན་ཆེས་སྔ་བའི་དུས་རིམ་གྱི་འགྱུར་བ་ཇི་སྙིད་པའི་ནང་རི་བོ་ཐང་དུ་འགྱུར་བ་དང་། ཐང་རྣམས་རི་བྲག་ཏུ་འགྱུར་བ་སོགས་ཀྱི་གནས་ཚུལ་ལ་བརྟེན། དངོས་དོན་དེང་དུས་ཀྱི་རི་བྲག་ལ་སོགས་པ་འདི་ཀུན་ཆེས་སྔ་བའི་དུས་སུ་སྤང་ཐང་དང་ཡུལ་གྲོང་གི་གནས་གཞིའང་ཡིན་སྲིད། དེའི་ཕྱིར་ནས་གཟི་དང་གནམ་ལྕགས་སོགས་འགའ་རི་ངོགས་དང་བྲག་རིའི་ཁྲོད་ནས་རྙེད་པའི་ཡོད་པ་འདི་བྱུང་བ་རེད། ཅེས་སོགས་གང་ལྟར་ཆེས་གནའ་བོའི་དུས་སུ་དེ་ལྟར་བཟོ་ཐུབ་པའི་བདེན་དཔང་བྱེད་དོ། །
སྔོན་མ་སྐྱབས་རྗེ་ཁྱུང་སྤྲུལ་རིན་པོ་ཆེའི་སྐབས་སུ། དབྱིན་ཇིའི་གནའ་རྫས་རྟོགས་ཞིབ་པས་མཁར་གདོང་ལ་རྙེད་པའི་གདུང་དུམ་དག་ཞིབ་འཇུག་བྱས་པ་རྒྱུད་ལོ་ངོ་སུམ་སྟོང་ལྷག་ཙམ་ཕྱིན་ཡོད་པའི་ངོས་འཛིན་བྱས་ཤིང་གནའ་རྫས་དེ་དག་ཁྱུང་ལུང་དངུལ་མཁར་གུར་གྱམ་དགོན་མདོ་སྔགས་གྲགས་རྒྱས་གླིང་དུ་ཉར་ཚགས་བྱས་ཡོད་རེད་ཅེས། སྐྱབས་རྗེ་དགེ་སློང་བསྟན་འཛིན་དབང་གྲགས་མཆོག་གི་ཞལ་ནས་དངོས་སུ་གསུངས།
སྤྱི་ལོ་༢༠༠༤ལོར་བོད་ལྗོངས་རིག་དངོས་གནའ་རྫས་ཁང་ནས་གཉེར་བའི་ཀྲུང་གོ་དང་ཨ་རིའི་ཚན་རིག་ཆེད་མཁས་པ་སོགས་མི་གྲངས་སུམ་བཅུ་ཙམ་གྱིས་ཟླ་བ་གཅིག་ལྷག་རིང་མཁར་གདོང་གི་མཁར་ཤུལ་ཐིག་ལེན་རིས་འབྲི་དང་བསྔོག་འདོན་ཚོད་ལྟ་དང་། གཡས་གཡོན་གྱི་གླང་ཆེན་གཙང་པོ་དང་ཆུ་དཀར་གཙང་པོའི་རྒྱུད་ཀྱི་བང་སོ་སོགས་ལ་ཐིག་འབྲི་བཅས་བྱས་ཏེ་ཁྱོན་གནའ་རྫས་གཉིས་སྟོང་ལྷག་ཙམ་རྙེད་སོན་བྱུང་ཞེས་ཟེར་ལ། དེའི་ནང་རྩ་ཆེ་ཤོས་ནི་མཁར་གདོང་གི་གནའ་ཤུལ་ཐོག་ཏུ་རྡོ་བརྩེགས་ཤུལ་ལ་རྨིད་གཅིག་ལྷག་ཙམ་བསྔོག་པས་ལི་མའི་ལྷ་སྐུའམ་མི་གཟུགས་དབུ་གཉིས་ཡོད་པ་ཤིག་རྙེད་ཅིང་། དེའང་ཁོ་ཚོས་ལི་སྐུ་དེ་ཞང་ཞུང་གི་སྐབས་སུ་བཟོས་པའི་ངོས་འཛིན་བྱས་ཡོད་ཀྱང་ལྷ་སྐུ་དེ་ཞང་ཞུང་གི་ལྷ་རིགས་གང་ཞིག་ཡིན་མིན་སྐོར་ད་ལྟ་ངོས་འཛིན་བྱེད་ཐུབ་མེད། དེའི་གནའ་རྫས་ཀུན་ཁོ་ཚོས་ཁྱེར་སོང་བས་ད་ལྟ་གུར་གྱམ་དགོན་ལ་གཅིག་ཀྱང་མེད།
སྤྱི་ལོ་༢༠༠༦ ལོ་ཟླ་༨པར་གུར་གྱམ་དགོན་པའི་གཡས་འགྲམ་ས་ངོས་སུ་རྡིབ་པའི་བང་སོ་ང་ཚོ་གུར་གྱམ་དགོན་པའི་གྲྭ་བཙུན་ཚོས་བསྔོགས་ཏེ་རྙེད་སོན་བྱུང་བས། བང་སོའི་དུར་རྒྱགས་ནི་ཤིན་ཏུ་སྲབ་པའི་གསེར་ཤོག་དང་དངུལ་ཤོག འཇམ་ཤ་དོད་པའི་ལིའི་ལྷུང་གཟེད་དང་སྐྱོགས། ལི་ཆས། རྭ་ཅོའི་གཟར་བུ། རྡོའི་སྐོར་རུ། ཟངས་སྦུད་པ། སྨྱུག་སྣོད་སླས་མ། ཤིང་གི་པར་བུ། ལྕགས་ཀྱི་མདའ་མདུང་དང་། ཟངས་རྡིག རྫ་མ་ཆེ་ཆུང་མང་པོ། ཤིང་ཅོག་ཆུང་ཆུང་། གཡུ་ཡི་ཕྲེང་རྒྱན། མི་རུས་བཏུམས་བྱེད་ཀྱི་དར་ཟབ་དང་རི་མོ་ངོ་མཚར་ཅན་གྱི་གོས་ཆེན་དང། ཟ་རིགས་རྩམ་པ་དང་། ཇ་ལོ། སེམས་ཅན་གྱི་རུས་པ་སོགས་རྡོ་རྫ་ཤིང་ལྕགས་ཀྱི་ཡོ་བྱད་མང་པོ་རྙེད་སོན་བྱུང་བ་ཀུན་དགོན་འདིར་ཉར་ཚགས་བྱས་ཡོད།
སྤྱི་ལོ་༢༠༡༢ཟླ་༦པར་ཀྲུང་གོ་སྤྱི་ཚོགས་པེ་ཅིང་སྤྱི་ཚོགས་ཚན་རིག་གླིང་ནས་ཆེད་མཁས་པ་仝涛)ཐོང་ཐའོ་སོགས་ཀྱི་ལོ་ལྔའི་རིང་ས་གནས་འདིར་ཞིབ་འཇུག་བྱེད་རྒྱུའི་འཆར་གཞི་ལྟར། གོང་གི་བང་སོའི་གཡས་གཡོན་དུ་ཐིག་ལེན་རིས་འབྲི་དང་བསྔོག་འདོན་ཚོད་ལྟ་བྱས་ཤིང་འཇུག་འབྲས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་བསྔོག་འདོན་ཁྲོད་ཁྱོན་སྡོམ་བང་སོ་ཆེན་མོ་བཞི་རྙེད་པ་དང་། ཚང་མ་མངའ་རིས་སྒར་རྫོང་མོན་འཚེར་ཤང་གླང་ཆེན་ཁ་འབབ་བྱང་ངོགས་སུ་ཆགས་པའི་བོན་པོའི་དགོན་པ་ཁྱུང་ལུང་དངུལ་མཁར་གུ་རུ་གྱམ་དགོན་གྱི་མདུན་དུ་ཡོད་པ་རེད། བང་སོ་དེ་དག་ཕལ་ཆེར་ཀྲུང་གོའི་དབུས་རྒྱུད་ཧན་ཅིན་(中原汉晋)དུས་སྐབས་དང་མཉམ་ལ། བང་སོ་དང་པོ་དེའི་ཉེ་འཁོར་དུ་སྔོག་བཤེར་ཞིབ་ཕྲ་བྱས་རྗེས་གནའ་རྫས་རྟོག་ཞིབ་ ཚོགས་པས་བར་ཐག་སྨི་༢༠ཙམ་གྱི་ཁྱབ་ཁོངས་སུ་སྔ་གཞུག་ཏུ་བང་སོ་ཆེན་མོ་གསུམ་ རྙེད་སོན་བྱུང་བ་དང་།
བང་སོ་དེ་དག་གི་གཏིང་ཚད་ལ་སྨི་༥ནས་༦ཡོད་ཅིང་། མངའ་རིས་ས་ཁུལ་དུ་གཏིང་རིམ་ཆེས་ཟབ་ལ་མང་འདུས་བང་སོ་ཞིག་ཡིན་ཁར། བོད་ལྗོངས་ཡོངས་ནས་ཀྱང་དེ་ལྟ་བུ་བང་སོ་མཐོང་དཀོན་ནོ། །
༢༠༠༦ལོར་ཁྱུང་ལུང་དངུལ་མཁར་གུ་རུ་གྱམ་གྱི་གྲྭ་བས་ས་ངོས་སུ་བུད་པའི་བང་སོ་དང་པོའི་རིག་དངོས་ཁག་ལ་གཙང་བཤེར་བྱས་མྱོང་བ་དང་། དེའི་ནང་དུ་འདབ་ཆགས་ཀྱི་རི་མོ་ཕབ་ཡོད་པའི་གནའ་བོའི་གོས་ཆེན་དང་ཁམ་མདོག་གི་ དར་གོས་རྙིང་རོ། ལིའི་ལྷུང་བཟེད། ཤིང་གཙུབས་མེ་ལེན་ཡོ་ཆས། རྩྭ་བཟོས་ཡོ་ཆས་ལ་སོགས་ཡོད་ཅིང་། དར་གོས་དང་། ཤིང་། ཇ་ལོ་སོགས་ཀྱི་མ་དཔེ་དག་ལ་ཆེད་ལས་སྡེ་ཚན་ནས་ཚད་མཇལ་གཏན་འབེབས་བྱས་རྗེས་དར་ གོས་ཆེན་ལ་ད་བར་དུ་ལོ་ངོ༡༧༤༧ཡས་མས་དང་། ཤིང་ལ་ད་བར་དུ་ལོ་ངོ་༡༦༥༣ཡས་མས་དང་། ཇ་ལོ་ལ་ད་བར་དུ་ལོ་ངོ༢༡༨༦ཡས་མས་བཅས་ཀྱི་ལོ་རྒྱུས་ཡོད་པ་བདེན་དཔང་བྱས། ཚད་མཇལ་གཏན་འབེབས་ལ་གཞིགས་ནས་རིག་འདེད་བྱས་ན་ཡིག་རིས་ཕབ་པའི་དར་གོས་ཆེན་ནི་ཧན་ཝེའི་(汉魏)སྐབས་ནས་ཡོང་བ་ཡིན་འདུག དུས་དེར་ནང་ལོགས་དབུས་རྒྱུད་ས་ཁུལ་དང་རྒྱང་ཐག་རིང་བའི་ཞང་ཞུང་བར་ལ་རིག་གནས་ཀྱི་འབྲེལ་འདྲིས་དང་འབྲེལ་བ་ཡོད་པ་མཚོན་ཐུབ། ཆེད་མཁས་པས་(王侯) “རྒྱལ་བློན” ཞེས་ཡི་གེ་འཁོད་ཅིང་འདབ་ཆགས་དང་དུད་འགྲོའི་གཟུགས་རིས་ཅན་གྱི་དར་གོས་ཧྲུལ་ བོ་ནི་ད་བར་དུ་མདོ་དབུས་མཐོ་སྒང་དུ་རྙེད་པའི་ཆེས་སྔ་བའི་དར་གོས་རེད་ཟེར།
ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་འབུམ་རམས་པ་(仝涛)ཐོང་ཐའོ་ཡིས་འདི་སྐད། བང་སོ་དང་པོའི་ནང་དུ་ལི་ཆས་དང་། ནང་ལོག་དབུས་རྒྱུད་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་རལ་གྲི། དེ་མིན་སྲོག་ཆགས་ཀྱི་རུས་པ་སོགས་དུར་རྒྱགས་འབོར་ཆེན་འདུག་ལ། དེའི་ནང་དུ་ཚོན་རིས་ཀྱིས་བྲིས་པའི་གསེར་གྱི་ཞལ་འབག་ཆུང་ཆུང་ཞིག་ཡོད་པ་ནི་རྩ་མདའ་དང་རྒྱ་གར་བྱང་མའི་ས་ཁུལ་དུ་རྙེད་པའི་གསེར་གྱི་ཞལ་འབག་གི་རིག་གནས་མ་ལག་དང་གཅིག་ཏུ་གཏོགས་པ་རེད། ཡོ་ཆས་དེ་དག་ནི་ས་གནས་དེ་དང་ཉེ་བར་འབྲེལ་བའི་རྩ་མདའ་ས་ཁུལ་དང་། ཤན་ཅང་ལྷོ་རྒྱུད། རྒྱ་གར་བྱང་རྒྱུད། དེ་མིན་ནང་ལོགས་དབུས་རྒྱུད་ས་ཁུལ་བཅས་བར་ལ་རིག་གནས་ཀྱི་འབྲེལ་འདྲིས་ཆེན་པོ་ཞིག་ཡོད་པ་མངོན་པར་མཚོན་ཐུབ་པ་དང་།
མདོ་དབུས་མཐོ་སྒང་གི་ཆེས་སྔ་ཤོས་ཀྱི་རིག་གནས་ལྟེ་གནས་ནང་གི་གཅིག་ཡིན་པ་ར་སྤྲོད་བྱུང་སྟེ། དེ་ནི་ཞང་ཞུང་མངའ་ཁོངས་ཀྱི་ལྟེ་གནས་སུ་གཏོགས་པས་ད་གཟོད་མཚར་སྡུག་རྣམ་པར་ བཀྲ་བའི་རིག་གནས་འདི་ལྟ་བུ་བྱུང་བ་ཡིན་སྲིད་ཅེས་ཟེར། ཐེངས་འདིའི་གནའ་རྫས་རྟོག་དཔྱོད་རུ་ཁག་གིས་བང་སོའི་ཉེ་འགྲམ་གྱི་རི་མགོའི་ མཁར་གདོང་གི་ཤར་ངོས་ལ་ས་ཐིག་རིས་བྲིས་དང་ཚོད་སློག་བྱས་ཤིང་། གནས་ཤུལ་འདི་ནི་ཕལ་ཆེར་ཞང་ཞུང་རྒྱལ་རབས་སྐབས་ཀྱི་མཁར་ཁྱུང་ལུང་དངུལ་མཁར་གྱི་མཁར་ཤུལ་ཁག་ཅིག་ཡིན་པར་བཞེད་པ་མ་ཟད་ད་ལྟའི་མཁར་ཤུལ་གི་བརྩེགས་འོག་ཏུ་ དེ་ལས་སྔ་བའི་བརྩེགས་པ་ཞིག་ཡོད་པ་མཐོང་བས་མཁར་ཤུལ་ལ་དུས་རིམ་སྔ་རྗེས་གཉིས་སུ་ཡོད་པར་ཁ་ཚོན་བཅད་པ་རེད། གནའ་རྫས་རྟོག་དཔྱོད་པ་རྣམས་ཀྱིས་བཞེད་པ་ལྟར་ན། མཁར་བརྩེགས་པའི་རྒྱུ་ཆ་དང་རིམ་པའི་སྟེང་ནས་བལྟས་ན་སྔ་མོའི་མཁར་གྲོང་མ་བརྩེགས་པའི་ཡར་སྔོན་དུ་འཚོ་སྡོད་བྱེད་པའི་དུས་ཡུན་ཤིན་ཏུ་རིང་བོ་ཞིག་འདུག་པས། མཁར་གདོང་གི་གནའ་ཤུལ་ནི་མིག་སྔའི་བར་དུ་བོད་ལྗོངས་སུ་རྙེད་པའི་མཁར་ཤུལ་ཆེས་སྔ་ཤོས་ཡིན་ཅིང་། བདག་ཉར་བྱས་པ་ཆེས་ལེགས་པ་དང་རིག་གནས་ཧ་ཅང་གྱ་ནོམ་པའི་མཁར་ཤུལ་ཞིག་ཀྱང་ཡིན། ཞེས་སོགས་ཀྱི་དཔྱད་འབྲས་བདེན་དཔང་གི་གཏམ་མང་པོ་སྤེལ་ཡོད། དེ་བཞིན་ཨ་རིའི་ཚན་རིག་ཞིབ་འཇུག་པས་ལྟར་ནས་ཀྱང་། བང་སོའི་མི་རུས་དེ་ས་འོག་རྐྱང་པ་ལ་ལོ་༡༦༠༠ནས༡༧༠༠དབར་ཕྱིན་ཡོད་པའི་ར་སྤྲོད་བྱས།

1 (12).jpg

དེ་ལྟར་ཞིབ་འཇུག་པས། ཤན་ཅང་ལྷོ་རྒྱུད། རྒྱ་གར་བྱང་རྒྱུད། དེ་མིན་ནང་ལོགས་དབུས་རྒྱུད་ས་ཁུལ་བཅས་བར་ལ་རིག་གནས་ཀྱི་འབྲེལ་འདྲིས་ཆེན་པོ་ཞིག་ཡོད་པ་མངོན་པར་མཚོན་ཐུབ། ཅེས་བཤད་པ་ལྟར། གཡུང་དྲུང་བོན་དང་བོད་ཀྱི་ཡིག་རྙིང་ལོ་རྒྱུས་སོགས་ལ་བལྟས་ནས། ལྷོ་འཛམ་བུ་གླིང་འདིར་ཞང་ཞུང་དངོས་ཀྱི་ཡུལ་ཆེན་འདི་ཡུལ་དབུས་སུ་བྱས་པའི་ཕྱོགས་བཞི་ཡུལ་ཆེན་བཞི་ནི། ཇི་སྐད་དུ། སྲིད་པའི་བུ་བཞི་གཡུང་དྲུང་བོན་དུ་ངེས། ཞེས་ལྟར། གཙུག་ལག་སྲིད་པའི་བུ་བཞི་ཡི་འདུལ་ཞིང་། ཤར་རྒྱ་ནག་གཙུག་ལག་རྒྱལ་པོ། བྱང་ཁྲོམ་གེ་སར་དམག་གི་རྒྱལ་པོ། ནུབ་སྟག་གཟིག་ནོར་གྱི་རྒྱལ་པོ། ལྷོ་རྒྱ་གར་ཆོས་ཀྱི་རྒྱལ་པོ་ཞེས་མཐའ་བཞི་རྒྱལ་པོ་བཞིའམ་བསྐོས་པའི་རྒྱལ་པོ་བཞི་གཙོས་པའི་ཞང་བོད་ཀྱི་མཐའ་འཁོར་དུ་ཡོད་པའི་ཡུལ་ཆེན་བཅོ་བརྒྱད་བཅས་ཀྱི་བར་ལ་ཆབ་དཔལ་རིག་གསུམ་ཕན་ཚུན་ཕར་ཚུལ་འབྲེལ་འདྲིས་ཆེན་པོ་ཡོད་པས་ཡིག་རྙིང་ལོ་རྒྱུས་ཁག་ལ་གཟིགས་ཞིབ་གནང་ནས་རྟོགས་ནུས་སོ། །
འདི་ལོར་ཏེ་༢༠༡༣ལོར་ས་གནས་འདིར་སྔ་ལོ་བཞིན་བང་སོ་སྔོག་འདོན་བྱས་ཏེ་རྙེད་སོན་བྱུང་བས་བང་སོ་བཞི་དང་དེའི་གནའ་རྫས་སུམ་ཅུ་སོ་གཉིས་ཙམ་རྙེད་སོན་བྱུང་ཡོད། མདོར་ན་དེ་སྔོན་རྙེད་སོན་བྱུང་བའི་གནས་རྫས་དང་མཁར་ཤུལ་ནི། སྔ་རྗེས་ཀྱི་ཆེད་མཁས་པ་ཚོས་ཞིབ་འཇུག་བྱས་པའི་དཔྱད་འབྲས་ལྟར་ནས། སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་པ་ནས་ཉུང་ཤོས་སྤྱི་ལོའི་དུས་རབས་ལྔ་པའི་བར་ནས་ཡིན་པའི་བདེན་དཔང་བྱས་པ་མ་ཟད་ཆེད་མཁས་པས། མཁར་ཤུལ་དེ་དུས་རིམ་སྔ་རྗེས་ཀྱི་དབྱེ་བ་བྱས་ཡོད་པས་ཞིབ་འཇུག་བྱས་ཚར་བ་འདི་དག་ཀུན་མཁར་ཤུལ་སྟེང་རིམ་གྱི་ཤུལ་དེའི་གནའ་རྫས་ཀྱི་དཔྱད་འབྲས་ཤིག་རེད། ཆེས་སྔ་བའི་མཁར་ཤུལ་འོག་རིམ་གྱི་དུས་རབས་དང་ལོ་གྲངས་ནི་དེ་ལས་མང་དུ་ཕྱིན་ཡོད་པས་ཅི་སྨྲོས། མཁར་གདོང་གི་གནའ་ཤུལ་འདི་ཉིད་ཞིབ་འཇུག་བྱས་རིམ་བཞིན་དེ་ཙམ་གྱིས་གཏིང་ཟབ་དུ་འགྲོ་བ་ནི་གནའ་ཤུལ་འདི་ཡི་དགེ་མཚན་ཞིག་ཡིན་ཞིང་། གནའ་ཤུལ་འདི་ཉིད་ལོ་རྒྱུས་ཡུན་རིང་ལྡན་ཞིང་གཟི་བརྗིད་རབ་ཏུ་འབར་པའི་གནའ་ཤུལ་ཞིག་ཡིན་པ་ནས། གནའ་བོའི་ཞང་བོད་ཀྱི་སྐབས་སུ་ང་ཚོ་བོད་པའམ་བོད་རིགས་ཤེས་མིང་ཐོགས་པའི་མེས་པོས་མཛད་རྗེས་འགའ་ཞིག་ནི་གསལ་བཤད་ཐུབ་བཞིན་པ་དང་མ་འོངས་པར་དེ་ལས་ལྷག་པའི་ཡིད་ཆེས་ཀྱི་ཡོངས་སུ་ཁེངས་སོ། །

ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་རྒྱ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་སྤྱི་ལོ་༢༠༡༣ལོར་ཟླ་༡༠ཚེས་༢༥ཉིན་ནས་ཕུལ།
བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱས་གྱུར་ཅིག

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།