གཡས་རུ་དབེན་ས་ཁ་དང་གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་ལོ་རྒྱུས།
[ཟླ་ཚེས། 2021-09-16 09:25:09][རྩོམ་པ་པོ། སེང་སྤྲུལ་རིག་འཛིན་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
གཡུང་དྲུང་བོན་གྱི་འདུ་གནས་ཆེན་མོ་གཡས་རུ་དབེན་ས་ཁ་དང་གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་ལོ་རྒྱུས་བསྟན་པ་དྲི་མེད་ཤེལ་གྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །
སེང་སྤྲུལ་རིག་འཛིན་ཉི་མས་བརྩམས།
འདུ་གནས་དང་གདན་སའི་དགོས་པ་བསྟན་པ།
ཆོས་ལུགས་གྲུབ་མཐའ་ཁག་གི་འདུ་གནས་དང་གདན་ས་ནི་གནའ་ཤུལ་རིག་གནས་དར་སྤེལ་སའི་གལ་འགངས་ཤིན་ཏུ་ཆེ་བའི་སློབ་གྲྭ་ཞིག་རེད། འདུ་གནས་དང་གདན་སའི་ལོ་རྒྱུས་དེ་ཡང་མི་རིགས་ཀྱི་རིག་གནས་སྔ་དར་བྱུང་བ་དང་། ལོ་རྒྱུས་ཀྱི་རྒྱུད་རིམ་ཁྲོད་དུ་མཁས་པ་དང་གྲུབ་པ་ཐོབ་པ་གང་བྱོན་པ། དེ་དག་གི་རུས་རྒྱུད་དང་ཡོན་ཏན་སོགས་ཕྱོགས་གང་ཐད་ནས་བསྟན་ཐུབ་པས་དེ་དག་ལ་ཞིབ་འཇུག་བྱ་རྒྱུ་ནི་གལ་ཆེ་པོ་འདུག དེ་ཡང་གདན་ས་དང་འདུ་གནས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་དང་ཞིབ་དཔྱད། ལོ་རྒྱུས་འབྲི་བ་སོགས་ནི་གནའ་རབས་ལོ་རྒྱུས་ལའང་གལ་འགངས་ཆེ་བའི་དོན་སྙིང་དང་ལྡན་ཡོད། གདན་ས་དང་འདུ་གནས་ལ་བརྟེན་ནས་སྔོན་བྱོན་གྱི་མཁས་པ་དང་གྲུབ་པའི་སྐྱེས་བུ་རྣམས་ཀྱི་ཤེས་ཡོན་དང་བློ་དཔྱོད་ཡང་མཚོན་ནུས། བོན་གྱི་འདུ་གནས་སམ་གདན་ས་ཆེན་མོ་གཡས་རུ་དབེན་ས་ཁ་ལྟ་བུ་ལ་དཔེར་མཚོན་ན། འདུ་གནས་དེ་རུ་བྱོན་མྱོང་པའི་སྐྱེས་བུ་དམ་པ་རྣམས་ནི་གཙོ་བོ་ཚད་མ་དང་། འདུལ་བ། ས་ལམ། ཕར་ཕྱིན། གབ་པ། མཛོད་སོགས་གཞུང་ཆེན་དྲུག་དང་རིག་གནས་ཆེ་ཆུང་བཅུ་ལ་མཁས་པ་དང་། གསང་སྔགས་རྒྱུད་སྡེ་དང་རྫོགས་ཆེན་གྱི་སྡེ་གསུམ་སོགས་ལ་ཉམས་ལེན་བྱས་པའི་སྐྱེས་བུ་ཚད་མ་ཡིན་པར་ཡང་བསྟན་ཐུབ། གཡས་རུ་དབེན་ས་ནས་མཐར་ཕྱིན་པའི་སློབ་མ་རྣམས་དེང་སང་ཀྲུང་གོ་ལ་མཚོན་ན་པེ་ཅིང་སློབ་ཆེན་དང་ཆིན་ཧྭའི་སློབ་ཆེན་ནས་མཐར་ཕྱིན་པའི་སློབ་མ་དང་། ཨར་རི་ལ་མཚོན་ན་ཧ་ཧྥོ་སློབ་ཆེན་ནས་མཐར་ཕྱིན་པའི་སློབ་མ་ལྟ་བུ་མཚོན་ཐུབ། དེའི་ཕྱིར་འདུ་གནས་དང་གདན་སའི་ལོ་རྒྱུས་དེ་ནི་ཤིན་ཏུ་གལ་ཆེའོ། །ལྷག་པར་དུ་བོད་ཀྱི་རིག་གནས་ནི་ཡ་ཐོག་ནས་བཟུང་འདུ་གནས་དང་གདན་ས། དགོན་པ་སོགས་དང་འབྲེལ་བ་དམ་པོར་ཆགས་ཡོད། སྔོན་ཆད་བོད་ཡུལ་དུ་དེང་སང་ལྟ་བུའི་སློབ་གྲྭ་མང་པོ་མེད་ནའང་། དགོན་པ་དང་གདན་ས་ནི་བོད་མི་རྣམས་ཀྱིས་སློབ་སྦྱོང་བྱེད་གནས་ཀྱི་སློབ་གྲྭ་ལྟ་བུ་ཆགས་ཡོད། དེར་བཞུགས་པའི་སེར་མོ་བ་དང་མི་སྐྱ་རྣམས་ནི་དགེ་རྒན་དང་སློབ་མ་ལྟ་བུ་ཆགས་ཡོད། དགོན་པར་སློབ་སྦྱོང་བྱེད་རྒྱུ་དེ་དག་ནི་ཆོས་རྐྱང་པ་ཙམ་མ་ཡིན་པར། སྒྲ་རིག་པ་དང་། དཀར་རྩིས་རིག་པ། གསོ་བ་རིག་པ། བཟོ་རིག་པ། སྙན་ངག་རིག་པ། མངོན་བརྗོད་རིག་པ། ཟློས་གར་རིག་པ། སྡེབ་སྦྱོར་རིག་པ། འབྱུང་རྩིས་རིག་པ། ས་ཁྲ་རིག་པ། སློབ་གསོ་རིག་པ་སོགས་བོད་ཀྱི་རིག་གནས་ཆེ་ཆུང་རྣམས་ཡིན། མི་རིགས་ཀྱི་རིག་གནས་དེ་ནི་ས་གནས་དེའི་རིག་གནས་དང་། རྒྱལ་ཁབ་དེ་ཡི་རིག་གནས། འཛམ་བུ་གླིང་སྤྱི་ཡི་རིག་གནས་ཡིན་པས་དེ་དག་རྒྱུད་འཛིན་དང་གཅེས་འཛིན་བྱེད་རྒྱུད་ནི་འགྲོ་བ་མི་ལ་རང་དབང་ཡོད་དགོས་རྒྱུ་ཞིག་རེད། བོད་ཀྱི་འདུ་གནས་དང་དགོན་པ་ནི་བོད་ཀྱི་རིག་གནས་ཀྱི་བང་མཛོད་ལྟ་བུ་ཡིན། །
བོན་གྱི་གདན་ས་དང་འདུ་གནས་ཀྱི་བྱུང་བ་བརྗོད་པ།
བོན་གྱི་འདུ་གནས་དང་གདན་སའི་ཐོག་མ་འདི་ཡི་ཞེས་ཁ་ཚོད་ཆད་དཀའ་ཡང་། གདན་ས་ཞེས་པ་ལ་རྒྱལ་ཁྲིམས་ཀྱི་གདན་ས་དང་། བོན་ཁྲིམས་ཀྱི་གདན་ས་གཉིས་ཡོད། དེ་གཉིས་ནི་སྟོན་པ་གཤེན་རབ་མི་བོའི་སྐུ་སྲས་དང་སློབ་མའི་སྐུ་རིང་ནས་ཡོད་དེ། རྒྱལ་ཁྲིམས་ཀྱི་གདན་ས་ནི་རྐོང་ཚ་དཀར་པོས་གནོན་ཅིང་། བོན་ཁྲིམས་ཀྱི་གདན་ས་ནི་གདུང་སོབ་མུ་ཆོ་ལྡེམ་དྲུག[༡]ཞེས་པ་ནས་བྱུང་བར་བསྟན། འདུ་གནས་ཞེས་པ་ནི་བོད་ལ་མཚོན་ན་བོད་རྒྱལ་དང་པོ་གཉའ་ཁྲི་བཙན་པོའི་ཡབ་སྲས་སྐུ་རིང་ནས་ཡོད་དེ། རྒྱལ་པོ་མུ་ཁྲི་བཙད་པོས་ཞང་ཞུང་ནས་མཁས་པ་ཆེན་པོ་བརྒྱ་དང་རྩ་བརྒྱད་གདན་དྲངས་ནས། བོད་དུ་བོན་གྱི་འདུ་གནས་ཆེན་པོ་བཞི་བཅུ་རྩ་ལྔ་བཙུགས་ཏེ་བླ་མེད་ཐེག་པའི་བོན་རྣམས་དར[༢]། དེ་བཞིན་དུ་བྱམས་མ་སོགས་ལས་ཀྱང་གསུངས་སོ། །དུས་སྐབས་དེ་ཙམ་ལ་ཡ་གོང་ཡེ་ཤེས་རྒྱལ་བའི་འདུལ་འཛིན་རྣམས་ཀྱིས་ལྷ་ས་ཡེར་བའི་ཀློང་དུ་བདུད་འདུལ་གཡུང་དྲུང་ཁྲིམས་གནས་ཀྱི་ལྷ་ཁང་བཞེངས་པ་དང་ཟང་ཟང་ལྷ་རྩེ་ལ་སོགས་འདུ་གནས་ཉི་ཤུ་རྩ་དགུ་ཆགས་པ་དང་། ཕམ་ཤི་དཔལ་གྱི་དབང་ཕྱུག་གི་རྒྱུད་འཛིན་རྣམས་ཀྱིས་ཏ་ཟ་གཡུང་དྲུང་རལ་བ་སོགས་དགོན་སྡེ་སུམ་ཅུ་རྩ་བརྒྱད་འཕེལ་བ་[༣]དེ་དག་ནི་འདུ་གནས་དང་གདན་སའི་བྱུང་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཙམ་དུ་ཟད་དོ། །
བོན་གྱི་གདན་ས་གཡས་རུ་དབེན་ས་ཁའི་བྱུང་བ་བསྟན་པ།
བོན་གྱི་ལོ་རྒྱུས་ཐོག་ཏུ་གཡུང་དྲུང་བོན་ལ་སྔ་དར་དང་། བར་དར། ཕྱི་དར་གསུམ་དུ་ཕྱེ་སྲོལ་ཡོད་ལས། བོན་ཕྱི་དར་གྱི་དུས་འགོ་ཆུ་བྱ་སྟེ་སྤྱི་ལོ༩༡༣ལོར་རྒྱ་གར་ཨ་ཙ་ར་མི་གསུམ་སྟེ[༤]། དཀོན་མཆོག་གྲགས་པ། ཉ་མོ་མགོན་པོ། སད་ཀུན་རཏྣ་གསུམ་གྱིས་བསམ་ཡས་སུ་གསེར་བཙལ་སྐབས་རྙེད་པའི་སྒྲོ་བ་གསུམ་ལས་བོན་སྡེ་སུམ་བརྒྱ་དང་བཞི་བཅུ་བཞུགས་པ་དེ་ཐོག་མར་བྱང་དུ་དར་བ་ལ་བྱང་གཏེར་ཞེས་གྲགས། འདི་བོན་གཏེར་ཐོན་པའི་དབུ་བརྙེས་པ་ཡིན་ཕྱིར་བོན་ལུགས་བསྟན་པ་ཕྱི་དར་གྱི་དབུ་འདི་ནས་འཛིན[༥]། དེ་ལ་གཏེར་གྱི་ལ་ཚིགས་གཉིས་པའི་དུས་ཡང་ཟེར། དེ་ནས་མེ་སྦྲུལ་ལོ་སྟེ་སྤྱི་ལོ༡༠༡༧གཤེན་ཆེན་ཀླུ་དགས་འབྲི་མཚམས་མཐའ་དཀར་ནས་མདོ་སྔགས་སེམས་གསུམ་བོན་སྐོར་མང་པོ་གཏེར་ནས་བཏོན[༦]། དེ་ཡི་སློབ་མ་ལ་བྲུ་ཞུ་སྤ་རྨེའུ་བཅས་མཁས་པ་དུ་མ་བྱོན་པ་ལས། མཛོད་མཚན་ཉིད་ཀྱི་བཀའ་འབབ་ས་བྲུ་ནམ་མཁའ་གཡུང་དྲུང་དང་བྲུ་ཤ་ཁྱུང་གི་རྒྱལ་མཚན་གཉིས་ཡིན། དེ་གཉིས་ལ་བྲུ་རྗེ་ཡབ་སྲས་ཟེར། ཤིང་རྟ་ལོ་སྟེ་སྤྱི་ལོ༩༩༤སྐུ་འཁྲུངས་པའི་བྲུ་ནམ་མཁའ་གཡུང་དྲུང་དགུང་ལོ་སོ་གཅིག་པ་ཤིང་ཕོ་བྱི་བ་སྟེ་སྤྱི་ལོ༡༡༤༤ལོར་གཡས་རུ་དབེན་ས་ཁར་ཡོག་ཐང་གྲུབ་སྡེ་གནས་གཞི་ཐོག་མར་བཙུགས་ཏེ་རྒྱལ་བ་བྲུའི་རིང་ལུགས་ཀྱི་བསྟན་པའི་མངའ་བདག་ཆེན་པོར་གྱུར་ནས་བྲུ་ལུགས་ཀྱི་སྲོལ་ཕྱེས[༧]། དེ་ནས་བཟུང་གཡས་རུ་དབེན་ས་ཁ་ཞེས་པའི་འདུ་གནས་ཆེན་པོ་ཆགས། ཁོང་ནི་གཡས་རུ་དབེན་ས་ཁ་དང་པོ་ཕྱག་བཏབ་གནང་མཁན་ཡིན། བཀའ་བབ་གཙང་སྟོན་བཅོ་བརྒྱད་ཀྱི་ནང་ནས་དང་པོ་ཡང་ཡིན། དེ་ནས་བཟུང་དབེན་ས་ཁ་ནི་བོན་གྱི་མདོ་སྔགས་རྫོགས་གསུམ་རིག་གནས་དང་བཅས་པ་ལ་སློབ་གཉེར་བྱེད་སའི་ལྟེ་གནས་གཙོ་བོར་ཆགས་ཡོད་པ་མ་ཟད་གཡས་རུ་དབེན་ས་ཁའི་སློབ་རྒྱུད་ཡང་སྟོན་པ་བཅོ་བརྒྱད་ནས་རྒྱལ་བ་མཉམ་མེད་ཤེས་རབ་རྒྱལ་མཚན་བར་དུ་རྒྱུན་མ་ཆད་པ་བྱུང[༨]།
གཡས་རུ་དབེན་ས་ཁ་ཡི་ལོ་རྒྱུས་བསྟན་པ།
བོན་གྱི་གདན་ས་གཡས་རུ་དབེན་ས་ཁ་ཞེས་པ་ནི་དེང་དུས་བོད་ལྗོངས་གཞིས་ཀ་རྩེ་རྣམ་གླིང་རྫོང་ཐོབ་རྒྱལ་ཤང་གི་ཉེ་འགྲམ་ན་ཡོད། ཡིན་ཡང་། ད་ལྟ་དགོན་ཤུལ་ཙམ་ལས་ལྷག་མེད། སྤྱི་ལོ༡༠༣༦བྲུ་རྗེ་ཡབ་སྲས་ཀྱིས་འདུ་གནས་གཡས་རུ་དབེན་ས་ཁར་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་སོགས་མཚན་ཉིད་རྩོད་སྤོང་གི་སྲོལ་བཏོད། དེ་ནས་ལྕགས་འབྲུག་སྟེ་སྤྱི་ལོ༡༠༤༠ལོར་གཡུང་དྲུང་བླ་མ་སྐུར་འཁྲུངས། ཁོང་དགུང་ལོ་སོ་གསུམ་པ་སྟེ་སྤྱི་ལོ༡༠༧༣དགོན་པའི་མཚན་ལ་དབེན་དགོན་བདེ་ཆེན་གླིང་ཞེས་བཏགས། འདུལ་ཁྲིམས་དང་མཐུན་པའི་གཙང་དགོན་དུ་བསྒྱུར། གྲྭ་པ་སྟོང་ཕྲག་ཁ་ཤས་འདུ་བར་བཤད[༩]། སྦ་སེར་པཎྜྀཏའི་རྣམ་ཐར་ལས་གྲྭ་པ་སུམ་སྟོང་བརྒྱད་བརྒྱ་ཡོད་པར་བཤད། ངག་རྒྱུད་ལ་དགོན་པ་འདི་འཇིག་ཁར་གྲྭ་པ་ཁྲི་གྲྭ་ཡོད་པར་བཤད་པ་ནི་སྔ་ཕྱིའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཡིན་པར་ཤེས་ཐུབ། འདི་ནི་བསྟན་པ་ཕྱི་དར་སྐབས་ཀྱི་ཕྱི་བསྟན་པའི་སྲོག་ཤིང་མདོ་འབུམ་རྒྱུད་མཛོད་ལ་རྩོད་སྤོང་དང་། ནང་ཉམས་རྟོགས་རྩེར་ཆིབ་ཨ་སྙན་རྫོགས་གསུམ་ལ་ཤིན་སྦྱངས་ཁྱད་པར་ཅན་གྱི་ཉམས་ལེན་བཅས་ཀྱི་ལྟེ་གནས་སམ་འདུ་གནས་ཁྱད་པར་ཅན་ཞིག་གོ། ཡང་ན་འདུལ་དགོན་སྔ་ཤོས་དང་ཆེ་ཤོས་ཡིན་པ་ཤེས་ཐུབ། བསྟན་འབྱུང་བསྐལ་བཟང་མགྲིན་རྒྱན་ལས། གཙོ་བོ་བྲུ་ཡི་གདན་ས་ཆེན་མོ་གཙང་གཡས་རུའི་བ་གོར་དབེན་ས་ཁ་ནི་བྲུ་རྗེ་བཙུན་གཡུང་དྲུང་བླ་མས་རབ་བྱུང་དང་པོའི་ཆུ་བྱི་ལོར་བཏབ་ཏེ་ད་ལྟའི་ཆུ་བྱི་འདི་ཡན་ལོ་དགུ་བརྒྱ་སོང་། གྲྭ་ཚང་གླིང་བཞི་གྱེས་ཤིང་མཚན་ཉིད་དང་གསང་སྔགས་ཟུང་འབྲེལ་གྱི་གཙང་གྲྭ་སུམ་སྟོང་ཉེ་བའི་གདན་ས་ཆེན་པོར་གྱུར[༡༠]། ཞེས་སོ། །སྤྱིར་གདན་ས་འདི་ཉིད་བྲུ་ཡིས་བཙུགས་པ་ཡིན་ནའང་། འགྲོ་མགོན་ཁུ་དབོན་དང་མེ་གཉོས་རྣམ་གཉིས་སོགས་བླ་རབས་ཁ་ཤས་བྲུ་ཡི་རུས་རྒྱུད་ལས་འཁྲུངས་པ་མ་ཡིན་པར་མ་ཟད། བྲུ་རྗེ་གཡུང་དྲུང་བླ་མ་ནས་གདན་ས་འདིའང་འདུལ་དགོན་དུ་བསྒྱུར་ཡོད་པས། གདུང་རྒྱུད་ཁོ་ནས་འཛིན་པའི་དགོན་པ་ཞིག་མ་ཡིན་པའང་ཤེས་ཐུབ། དེའང་དགའ་ལྡན་ཁྲི་པ་ལྟར་མདོ་སྔགས་གཞུང་ལུགས་རིག་གནས་དང་བཅས་པ་ལ་སྦྱང་བ་དཔྱིས་སུ་ཕྱིན་ནས་ད་གཟོད་སྟོན་པ་ཞེས་པའི་གོ་གནས་ཐོབ་དགོས་པ་ཤེས་དགོས། ཞེས་མཁན་པོ་ཚེ་རིང་ནོར་བུས་བརྩམས་པའི་བོན་གྱི་གདན་ས་ཆེན་མོ་གཡུས་རུ་དབེན་ས་ཁ་ཞེས་པ་ལས་གསུངས་སོ། །ཆུ་ལུག་སྟེ་སྤྱི་ལོ༡༤༠༣ལོར་གཡས་རུ་དབེན་ས་ཁ་འབྱུང་བས་འཇིག། ཤིང་བྱ་ལོ་སྟེ་སྤྱི་ལོ༡༤༠༥ལོར་རྒྱལ་བ་མཉམ་མེད་ཆེན་པོ་ཤེས་རབ་རྒྱལ་མཚན་གྱིས། གཙང་བཀྲ་ཤིས་སྨན་རི་དགོན་བཏབ། གཡས་རི་དབེན་ས་ཁའི་ལུགས་སྲོལ་ཇི་མ་ཇི་བཞིན་བཙུགས། གཡས་རུ་དབེན་ས་ཁའི་དགོན་པ་ལ་འཇིག་པ་བྱུང་ཡང་བསྟན་པ་ནི་ད་ལྟའི་བར་དུ་ཉམས་པ་མེད་པ་དར་བའོ། །
གཡས་རུ་དབེན་ས་ཁའི་སྟོན་པ་བཅོ་བརྒྱད་ཀྱི་ལོ་རྒྱུས་བསྟན་པ།
བྲུ་ཆེན་ནམ་མཁའ་གཡུང་དྲུང་གི་ལོ་རྒྱུས།
(༩༩༤-༡༠༥༤)
(༩༩༤-༡༠༥༤)
བྲུ་ཆེན་ནམ་མཁའ་གཡུང་དྲུང་ལ་བྲུ་ཤ་ནམ་མཁའ་གཡུང་དྲུང་ཡང་ཟེར། གཏེར་སྟོན་གཤེན་ཆེན་ཀླུ་དགའི༼༩༩༦ནས༡༠༣༥༽བར་བཀའ་བབས་ཀྱི་སློབ་བུ་བཞིའི་ཡ་གྱལ། གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་དང་པོ། ཡབ་བྲུ་གཡུང་དྲུང་སེང་གེ་ལ་སྲས་གསུམ་གྱི་གཅེན་པོའི་ཚུལ་དུ་བོད་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ༩༩༤ལོར་གཙང་གཡས་རུ་དབེན་ས་ཁའི་ཉེ་འགྲམ་བྲུ་གཞིས་ལ་སྐུ་འཁྲུངས[༡༡]། ཡང་བྲུ་དཔལ་མགོན་གྱི་སྲས་ཡིན་པར་ཡང་ཟེར[༡༢]། ཁོང་དགུང་ལོ་གསུམ་དུས་ཡིག་རྩིས་རྣམས་མ་བསླབས་པར་མཁྱེན། ལོ་བཅུ་གཅིག་ལ་ཡབ་མེས་ཀྱི་བོན་སྐོར་རྣམས་ཐུགས་སུ་ཆུད་པར་མཛད། ལོ་བཅོ་ལྔ་ཐོག་བླ་མ་མཐའ་བཞི་འཕྲུལ་གསས་ལས་གཏེར་ཆེན་ཁུ་ཚ་ཟླ་འོད་ཀྱིས་དངོས་གྲུབ་ཏུ་རྙེད་པའི་ཡི་དམ་དབལ་ཕུར་གྱི་དབང་ལུང་རྣམས་ཞུས་ནས་སྒྲུབ་པ་མཛད་ནས་གྲུབ་པ་བསྙེམས། དེ་རྗེས་ལྷོ་འབྲིག་མཚམས་མཐའ་དཀར་ནས་གཤེན་གྱིས་བོན་གཏེར་བཞེས་པར་ཐོས་པས་དེར་བྱོན་ནས་བཀའ་རྣམས་མ་ལུས་ཞུས་ཤིང་དབང་ལུང་ཐོབ། བླ་མ་གཤེན་གྱིས་ཁོང་ལ་གཤེན་ཆེན་པོའི་བཀའ་རྟགས་ཤེལ་སྐུ་རྣམ་གཉིས་ཁམས་འབུམ་གྱི་ཤོག་སེར། སྲིད་པའི་མཛོད་ཕུགས་ཀྱི་བོན་བདག་གྱུར། དེ་ནས་བླ་མ་ག་ར་ངོ་མང་གདན་དྲངས་ལྟར་ཕེབས་ཏེ་སྲས་པོ་ཁྱུང་རྒྱལ་མཇལ། བླ་མ་གཤེན་ཆེན་འདས་དུས་གདུང་སྦྱང་ལ་ཕེབས། འབྲིག་མཚམས་མཐའ་དཀར་ལ་མཁས་བཞིའི་ཐུན་དུང་དང་མཛོད་ཕུགས་འཆད་ཉན་གྱི་སྲོལ་བཙུགས། གཤེན་གྱི་ཇོ་མོ་ཡིས་བླ་མ་གཤེན་ཆེན་པོའི་ཞལ་ཆེམས་ལྟར་གཤེན་སྐུ་རྣམ་གཉིས་དང་ཁམས་འབུམ་གྱི་གཏེར་ཡིག་ཤོག་སེར། མཛོད་ཀྱི་བླ་དཔེ། མཁས་བཞིའི་ཐུན་དུང་། ཕྱག་བཤང་བཅས་པ་བྲུ་ཆེན་ཉིད་ལ་ཕུལ། །དེ་ནས་གཡས་རུ་དབེན་ས་ལ་ཕེབས་ནས་སྲིན་པོ་རིའམ་གཞི་བདག་བཙན་པོ་ཡམ་ཤུད་དམར་པོ་དམ་ལ་བཏགས། དེ་དུས་རོང་པ་མགར་སྟོན་ཡབ་སྲས་ཀྱིས་ཁུ་ཚའི་དབལ་ཕུར་སྡེ་སྐོར་དོན་གསུམ་དང་། དྲན་པའི་ཕྱག་ཕུར་ཁྲོ་བོ་འབྲུག་གསས་ཆེམ་པའི་སྐུ་མཐིང་ཕུར་ཆེན་མོ་དང་། ཁྲ་གསས་མེ་གསས་སྐུ་རྣམས་གཏད་དབང་མཛད། དགུང་ལོ་སོ་གཅིག་པ་ཤིང་ཕོ་བྱི་བ་སྟེ་སྤྱི་ལོ༡༠༢༤ལོར་གཡས་རུ་དབེན་ས་ཁར་ཡོག་ཐང་གྲུབ་སྡེ་གནས་གཞི་ཐོག་མར་བཙུགས་ཏེ་རྒྱལ་བ་བྲུའི་རིང་ལུགས་ཀྱི་བསྟན་པའི་མངའ་བདག་ཆེན་པོར་གྱུར་ནས་བྲུ་ལུགས་ཀྱི་སྲོལ་ཕྱེས[༡༣]། མེ་བྱི་ལོའམ་སྤྱི་ལོ༡༠༣༦ལོ་སྟེ་དགུང་ལོ་ཞེ་གསུམ་སྟེང་མངོན་པ་མཛོད་ལ་ཏི་ཀ་བཏབ་ནས་གཡུང་དྲུང་བོན་གྱི་ཤིང་རྟའི་སྲོལ་འབྱེད་ཆེན་པོར་གྲགས། བྲུ་ཆེན་ལ་ལྕམ་སྔ་ཕྱི་གཉིས་བཞུགས་པས་སྔ་མ་ར་ཤག་བཟའ་ལ་བྲུ་ཤ་ཁྱུང་གི་རྒྱལ་མཚན་འཁྲུངས། ཕྱི་མ་གནམ་གའུ་མ་ལ་བྲུ་པདྨ་རྒྱལ་མཚན་དང༌། རིན་ཆེན་རྒྱལ་མཚན། ཤེས་རབ་རྒྱལ་མཚན་གསུམ་འཁྲུངས། གདན་ས་ཆེས་སྔ་བ་ལ་སྟོད་གཙང་གི་གྲམ་པ་ག་ར་ངོ་མང་གི་བོན་གནས་ཡིན། སྐུ་ཚེ་སྨད་དུ་ཉ་མོ་སྨོན་དཀར་དགེ་ལྡིང་གི་གདན་ས་བཏབ། ཁོང་ཉིད་ནི་སྔགས་ཀྱི་གྲུབ་ཐོབ་ཡིན་པས་ལྷ་སྲིན་བྲན་དུ་ཁོལ། རྫུ་འཕྲུལ་རྩལ་གྱིས་རྔ་ལ་ཆིབས་ནས་བར་སྣང་འཕུར། སྲིན་པོ་རི་ལ་རྫུ་འཕྲུལ་རྩལ་གྱིས་སྐོར་བ། ཡི་དམ་ལྷ་ཞལ་ཁུམས་པ་སོགས་བསྟན་འགྲོའི་དོན་ཡོངས་སུ་རྫོགས་པར་གྲུབ་པའི་མཐར་དགུང་ལོ་རེ་གཅིག་པ་ཤིང་ཕོ་རྟ་སྟེ་སྤྱི་ལོ་༡༠༥༤ལོར་དགོངས་པ་བོན་ཉིད་དབྱིངས་སུ་གཤེགས། སློབ་མ་ལ། ཟིང་པ་གསས་བུ་མེ་སྟོན་རྒྱལ་མཚན་དང་ཤུ་ཀེ་ནམ་གཡུང་བྲུ་སྟོན་ལྷ་ཕྱུག་སོགས་མདོ་དབུས་གཙང་གསུམ་ནས་མང་དུ་བྱུང་ངོ་། །དེ་དག་དཔལ་ཚུལ་བསྟན་འབྱུང་ལས་གསལ་ལོ[༡༤]། །
བྲུ་ཤ་ཁྱུང་གི་རྒྱལ་མཚན་གྱི་ལོ་རྒྱུས།
(༡༠༡༢-༡༠༨༢)
(༡༠༡༢-༡༠༨༢)
བྲུ་ཤ་ཁྱུང་གི་རྒྱལ་མཚན་ནི་གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་གཉིས་པ། སྟོང་རྒྱུང་ཐུགས་ཀྱི་སྤྲུལ་པ་ཡིན་པར་བཤད། ཡབ་བྲུ་ཆེན་ནམ་མཁའ་གཡུང་དྲུང་དང་ཡུམ་ར་ཤག་བཟའི་སྲས་སུ་ཆུ་བྱི་ལོ་སྟེ་སྤྱི་ལོ༡༠༡༢ལོར་གཙང་གཡས་རུ་དབེན་ས་ཁའི་ཉེ་འགྲམ་བྲུ་གཞིས་ལ་སྐུ་འཁྲུངས[༡༥]། ཡང་བོད་མེ་སྟག་སྟེ་སྤྱི་ལོ༡༠༢༦ལོར་སྐུ་འཁྲུངས་བར་ཡང་བཞེད[༡༦]། ཡབ་བྲུ་ཆེན་ནམ་མཁའ་གཡུང་དྲུང་ལ་སྲས་བཞི་ཡོད་པ་ལས་འབྲིང་བ་ཡིན་པར་བཞེད[༡༧]། ཡབ་ཀྱི་དུས་སུ་ཁོང་གི་ཁྱིམ་གཞིས་སྨོན་དཀར་དགེ་སྡིངས་ཞེས་པའི་ས་ཆར་སྤོས། དམ་པ་འདི་གཤེན་ཆེན་ཀླུ་དགའི་སློབ་མ་རྒྱལ་མཚན་བཞི་ཡི་ཡ་གྱལ་གཅིག་སྟེ[༡༨]། གཤེན་ཆེན་ཀླུ་དགའི་དྲུང་ནས་མཚན་ཉིད་དང་གསང་སེམས་བཀའ་ལུང་གསན། ཡབ་བྲུ་ཆེན་ནམ་མཁའ་གཡུང་དྲུང་ལས་གསང་སྔགས་ཁྲོ་ཕུར་ཞང་གསུམ་སོགས་ཀྱི་དབང་ལུང་ཁྲིད་གདམས་དང་། དབུ་མ། ཚད་མ། ཕར་ཕྱིན། མཛོད་ཕུགས། བྱང་སེམས་གབ་པ། དབང་ཆེན་རྒྱུད་གཞུང་། སེམས་སྨད་སྡེ་དགུ་ལ་སོགས་ཞུས་ནས་དེ་དག་འགྲེལ་བཤད་མཛད་དེ་འཆད་ཉན་ཤིང་རྟའི་སྲོལ་རྒྱ་ཆེན་ཕྱེས། མེ་བྱི་ལོ་སྟེ་སྤྱི་ལོ༡༠༣༦ལོ་ལ་བྲུ་ཆེན་ནམ་མཁའ་གཡུང་དྲུང་དགུང་ལོ་ཞེ་གསུམ་ཐོག་ཉིད་དང་སྲས་བྲུ་ཤ་ཁྱུང་གི་རྒྱལ་མཚན་གྱིས་མངོན་པ་མཛོད་ལ་འགྲེལ་ཆེན་བཏབ་ནས་ཕྱི་དར་དུ་འཆད་ཉན་ཤིང་རྟའི་སྲོལ་ཆེན་བཙུགས[༡༩]། དེ་ནས་ཁོང་གིས་ལ་སྟོད་ག་ར་ངོ་མང་ལ་བོན་གྱི་གསས་ཁང་བཞེངས་ནས་བོན་བསྟན་རྒྱ་ཆེར་སྤེལ། དེ་ནས་གཡས་རུའི་བོན་གནས་སུ་བཀའ་འཁོར་བསྐོར་བས་སྙན་གྲགས་འཕེལ། བསམ་ཡས་སུ་ཆོས་ཀྱི་སྡེ་སྣོད་ཀུན་ལ་བློ་སྦྱངས། ཁྲོ་ཚང་འབྲུག་ལྷ་ལས་སྡོམ་པ་བླངས། ཡབ་དང་གཤེན་འབྲིག་མཚམས་པ་ཆེན་པོ་ལས་ལྷོ་གཏེར་མ་ལུས་པ་གསན། སློབ་མ་རྟོགས་ལྡན་ཕོ་མོ་བརྒྱ་རྩ་ཙམ་སྨིན་པར་འདུག །བྲུ་ཆེན་ཡབ་སྲས་དེ་གཉིས་ཀྱིས་རྒྱལ་རིགས་བྲུ་ཤའི་བསྟན་པའི་སྲོལ་ཚུགས་པ་ཡིན་ནོ [༢༠]། །དེ་རྗེས་ཆོས་མ་བྲག་ཕུག་ཏུ་སྒྲུབ་གྲྭ་བཙུགས་ཤིང་དུག་གདོང་བྲག་རིང་དང་ཤངས་རྫོང་བྲག་རྣམས་ལ་སྒོམ་གྲྭ་བཙུགས་ཏེ་སྐལ་ལྡན་བུ་སློབ་རྟོགས་ལྡན་ཕོ་མོ་བརྒྱ་སྟོང་ལ་བྱང་སེམས་གབ་པ་དང་རིག་པ་ཁུ་བྱུག་སོགས་བཤད་ནས་ཤེས་རྒྱུད་བཀྲོལ། དེ་ནས་མངའ་རིས་སྟོད་དུ་སེ་རིབ་རྒྱལ་པོ་དང་ཤང་པའི་རྒྱལ་པོ། སྤུ་རང་རྒྱལ་པོ་རྣམས་ཀྱིས་གདན་ཞུས་དབུ་བླར་བཀུར། དེ་ནས་ཡ་ངལ་རུ་ཐོག་གུ་རིབ་ལ་སོགས་ཡུལ་གྲུ་དུ་མའི་བུ་སློབ་གྲྭ་སྡེ་རྣམས་ལ་བཤད་ཁྲིད་བཀའ་ལུང་གྲངས་མེད་གནང་ཞིང་། བུ་སློབ་གྲྭ་སྡེ་གྲངས་ལས་འདས་པ་ཞིག་སྨིན་གྲོལ་ལམ་མ་བཀོད་པ་མཛད། ཡུལ་ཁམས་དེ་དག་སྐུ་རྟེན་ལྷ་ཁང་དང་གསུང་རྟེན་འབུམ་རྒྱས་འབྲིང་བསྡུས་གསུམ་དང་བཀའ་བཤད་གབ་མཛོད་ས་གསུམ་དང་ཞི་ཁྲོ་ཕུར་གསུམ་གྱི་བཤད་རྒྱུད་དང་སྒྲུབ་སྡེ་སོགས་སྤེལ། དགུང་གྲངས་བདུན་ཅུ་པར་ག་ར་རུ་བཞུགས་སྐབས་དཔའ་བོ་མཁའ་འགྲོས་མདུན་བསུས་སྒྲ་འོད་བཅས་མཐར་བོད་ཤིང་ཕག་སྟེ་སྤྱི་ལོ༡༠༩༥ལོར་སྐུ་ཞི་བར་གཤེགས[༢༡]། བོན་བརྒྱ་བསྟན་རྩིས་ལྟར་ན་སྤྱི་ལོ༡༠༨༢ལོར་སྐུ་འདས། སྐུ་གཤེགས་རྗེས་གདུང་ལས་ཀུན་བཟང་གཤེན་ལྷའི་སྐུ་དང་གཙོ་མཆོག་ཡབ་ཡུམ། ཐུགས་རྗེ་བྱམས་མའི་སྐུ་དང་། རིང་བསྲེལ་ཤ་རི་རམ་མང་པོ་བྱུང་ངོ་། །སློབ་མ་ལ། བུ་སློབ་གཤེན་སྟོན་དམ་པ། གཤོང་སྟོན་དངོས་གྲུབ། ཟིང་པ་གསས་བུ། མེ་སྟོན་བདུད་རྩི། རྒྱ་སྟོན་ཁྲི་པ། བྲག་གསུམ་སྟོན་པ། ཤངས་སྟོན་བ་རུ་བ། མངའ་ཆེ་སྟོན་རྒོད། སྐྱོ་སྟོན་ནར་མ་ལ་སོགས་སྟོད་མངའ་རིས་པ་ནས་མདོ་ཁམས་བར་དུ་མང་པོ་བྱུང་ངོ་། །
བྲུ་རྗེ་གཡུང་དྲུང་བླ་མའི་ལོ་རྒྱུས།
(༡༠༤༠-?)
(༡༠༤༠-?)
བྲུ་རྗེ་གཡུང་དྲུང་བླ་མ་ལ་བྲུ་ཤ་རྗེ་བཙུན་ཅན་ཡང་ཟེར། གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་གསུམ་པ། ལི་ཕྱོ་ཧ་རའི་རྣམ་སྤྲུལ་དུ་ལུང་གིས་ཟིན། རྒྱལ་རིགས་བྲུ་ཡི་འདུལ་བརྒྱུད་ཀྱི་ཐོག་མ་ཡིན། ཡབ་བྲུ་ཤ་པདྨ་རྒྱལ་མཚན་གྱི་སྲས་སུ་བོད་ལྕགས་འབྲུག་སྟེ་སྤྱི་ལོ༡༠༤༠ལོར་གཡས་རུའི་སྨོན་དཀར་དགེ་ལྡིང་དུ་སྐུ་འཁྲུངས[༢༢]། ཡང་ཤིང་འབྲུག་ལོ༡༠༦༤འཁྲུངས་པར་བཞེད[༢༣]། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བྱང་ཆུབ་ཀྱི་སེམས་བཅོས་མིན་རྩོལ་བྲལ་དུ་མངའ་ཞིང༌། དད་བརྩོན་ཤེས་རབ་སྟོབས་ཆེ་བས། གཉོས་ལག་དྲུག་པ་ཚུལ་ཁྲིམས་ཡེ་ཤེས་ལས་རབ་ཏུ་བྱུང༌བས་མཚན་གཡུང་དྲུང་བླ་མ་ཞེས་གསོལ། མཁན་པོ་འདིའི་དྲུང་ནས་བྱང་བ་རྗེ་བཙུན་ཁྲོ་ཚང་འབྲུག་ལྷ་དང་དམ་པ་ཁོང་གཉིས་ལ་མདོ་དབུས་གཙང་གསུམ་ནས་རྗེ་བཙུན་རྣམ་གཉིས་ཞེས་སྙན་གྲགས་ཆེ་བ་བྱུང༌། དེ་ནས་ཁོང་གིས་ལྷ་རྗེ་རྒྱལ་མཚན་ཞབས་པད་བསྟེན་ནས་ཕྱི་མཚན་ཉིད་གཞུང་ཆེན་རྣམས་དང༌། ནང་གསང་སྔགས་རིམ་གཉིས་ཟབ་མོའི་དོན་ལ་གསན་སྒོམ་མཛད་ནས་སྒྲོ་འདོགས་བཅད། སྐྱིད་མཁར་དུ་བྱོན་ནས་ཞུ་སྐྱེ་སེ་ཆེན་པོ་བསྟེན། གབ་པ་སེམས་ཕྱོགས་དང་རྒྱུད་དྲུག་གི་དོན་རྣམས་ཁོང་དུ་ཆུད་པར་མཛད་ནས་ཉམས་བཞེས་གནང༌། དེ་ནས་སུམ་པ་ཚུལ་ཁྲིམས་བླ་མའི་དྲུང་དུ་བསྙེན་པར་རྫོགས། དེ་ནས་བསྟན་པ་གསལ་བྱེད་འཆད་ཉན་གྱི་སྡེ་ལ་གཙང་གཡོན་རུ་ཉ་མོ་བོན་གནས་དང་ཉ་མོ་སྨོན་དཀར་དགེ་སྡེངས་གཡས་རུ་སྲིན་པོ་རི་སོགས་ལ་མཛོད་དང་བྱང་སེམས་གབ་པ་སོགས་བོན་གྱི་གཞུང་ལུགས་མང་པོར་བཤད་ཁྲིད་མཛད་པ་དང་བོན་གྱི་རྒྱུད་སྡེ་མང་པོར་དགོངས་འགྲེལ་མཛད་དེ་བཤད་སྒྲུབ་ཀྱི་བསྟན་པ་བསྐྱངས། དེ་རྗེས་བྲུ་རྗེ་གཡུང་དྲུང་བླ་མ་དགུང་ལོ་སོ་གསུམ་ཐོག་དབེན་ས་ཁའི་ཀླུ་དུང་སྐྱོང་མས་དགོན་ས་ཕུལ་ཏེ། དགུང་ལོ་སོ་གསུམ་པ་བོད་ཆུ་བྱི་ལོ་སྟེ་སྤྱི་ལོ༡༠༧༢ལོར་བྲུའི་གདན་ས་ཆེན་པོ་གཙང་གཡས་རུ་དབེན་ས་བདེ་ཆེན་གླིང་གི་དགོན་སྡེ་ཆེན་པོ་ཕྱག་འདེབས་མཛད། ཡང་མེ་བྱི་ལོ༡༠༩༦བཞེད་པ་ཡང་ཡོད[༢༤]། ཕྱི་ནང་གི་རྟེན་དང་བརྟེན་པ་རྒྱ་ཆེར་བསྐྲུན། བྱང་བ་རྗེ་བཙུན་ཁྲོ་ཚང་འབྲུག་ལྷ་དགུང་ལོ་བརྒྱ་དང་བཅུ་བདུན་པར་བྱོན་ནས་ས་འདུལ་དང་མངའ་དབུལ་རབ་གནས་མཛད། དེ་ནས་བྲུ་ཡི་གདན་ས་གཡས་རུ་དབེན་ས་ཁ་ལ་གྲྭ་ཚང་གླིང་སྟོད། གླིང་སྨད། གླིང་ཟུར། གླིང་སྐེད་བཅས་གླིང་བཞིའི་གྲྭ་ཚང་དང་འདུས་གྲྭ་སུམ་སྟོང་ལྷག་ཙམ་འཕེལ་ནས་བསྟན་པའི་གསལ་བྱེད་འཆད་ཉན་གྱི་སྡེ་ལ་ཐོས་པ་གབ་མཛོད་ས་གསུམ་གྱི་གཞུང་ལུགས་གཙོ་བོར་མཛད་དེ་བཤད་སྒྲུབ་ཀྱི་བསྟན་པའི་རྒྱལ་མཚན་མཐོན་པོར་སྒྲེང་བས་གངས་ཅན་བོད་དུ་བོན་བསྟན་ཕྱི་དར་སྐབས་ཀྱི་རྒྱལ་རིགས་བྲུ་ཡི་གདན་ས་ཆེ་ཤོས་དང་སྔ་ཤོས་སུ་གྱུར། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལྡན་ཞིང་འབྲེལ་ཚད་དོན་ལ་སྦྱོར་བའི་བཤེས་གཉེན་ཡིན། གསང་མཚན་རིག་འཛིན་དྲུང་མུ་ཅི་པར་ཡང་ཟེར། རྒྱལ་ཆེན་ཤེལ་ཁྲབ་བཀའ་འོག་བཙུད་ནས་སྲུང་མར་བསྐོས། བཀའ་བརྒྱུད་མི་ལ་དང་དུས་མཉམ་ཡིན[༢༥]། དེ་ནས་བོད་ཡུལ་སྟོད་སྨད་བར་གསུམ་ས་ཕྱོགས་ཀུན་ནས་ཐོས་བསམ་དོན་གཉེར་བྱེད་པའི་འདུས་གྲྭ་སྟོང་ཕྲག་དུ་མར་ཚོགས་ཤིང་ཁྱད་དུ་འཕགས་པའི་གདན་ས་འདིར་གཙང་གཡས་རུའི་སྟོན་པ་བཅོ་བརྒྱད་དམ་མཁས་གྲུབ་བཅོ་བརྒྱད་ཅེས་པའི་མཁས་པ་རྣམས་གྲྭ་ས་འདི་ནས་ཐོན་པའོ། །ཐ་མ་གཤེགས་ཚུལ་ཡང་སྐུ་ལ་བསྙུན་མེད་པ་དང་། དབུ་མའི་དོན་རྟོགས་འབྱུང་བཞི་ཟིལ་གྱིས་མནན་ ལྷ་དང་སེམས་དཔའ་མ་དང་མཁའ་འགྲོས་བསུས་ཏེ་མཁའ་སྤྱོད་གཤེགས། སྐུ་གདུང་ལས་རིང་བསྲེལ་མང་པོ་བྱུང་ངོ་། །སློབ་མ་ལ། ཡང་སྟོན་ཆེན་པོ་དང་བྲུ་སྟོན་ཉི་རྒྱལ་སོགས་རབ་བྱུང་རིགས་དང་། སྔགས་སེམས་འཛིན་པ་བྲུ་སྟོན་ཟླ་བ་རྒྱལ་མཚན། ཇོ་ཟླ། བླ་སྟོན་མུ་ཐུར། དག་པ་ས་སྟོན། རྐོང་པོ་ལེགས་པ། ཡ་ངལ་ཐུན་ཐུང་། བྲག་གསུམ་སྒོམ་རིན། ཞང་ཞུང་གེ་ཁོད་སྐྱབས། ཏྲེ་ཡི་གཉན་སྟོན། ཤང་གི་བྲུ་སྟོན་ཤེར་ལྡན། ཉ་མོའི་སུམ་སྟོན་ཡོན་ཏན་འོད་ཟེར། རྒྱ་སྟོན་ཉི་རྒྱལ། ཞུ་སྟོན་ལྷ་སྲས། ཟིང་པ་ཚུལ་ཁྲིམས། གཡོར་པོའི་དར་རེ། ལི་སྟོན་རྒྱལ་མཚན། སྐྱེ་སྟོན་གྱི་ཞུ། གྲོའི་ཞུ་ཁྲི་འཕན་བཅས་ཏེ་སྟོན་ཆེན་བཅོ་བརྒྱད་ལ་སོགས་པ་བྱུང་། དེ་ལས་གཞན་པའི་གཙང་དབུས་ཁམས་གསུམ་ནས་སློབ་མ་མང་པོ་བླ་མ་འདིའི་ཞབས་ལ་བཏུད། ཤར་ཕྱོགས་རྒྱ་མོས་དར་འཐག་ཡན། བྱང་གི་ལི་བུ་སྒང་རིང་འཇག་བསྐྱེད་ཚུན་ཆད། ནུབ་ཀྱི་ཁ་ཆེས་རྡོ་ལས་བཟོ་བྱེད་དང་། ལྷོ་མོན་སྨྱུག་མའི་ཕུབ་འཁུར་ཚུན་ཆད་ཀྱི་དག་རྐོང་སྤུ་གསུམ་བལ་པོ་ཞང་ཞུང་། གུ་གེ། ལ་དྭགས། རྒྱ་གར་སོགས་སློབ་མ་ལ་བོན་བཤད་མཛད། ལོ་རྒྱུས་དེ་དག་དཔལ་ཚུལ་བསྟན་འབྱུང་ལས་གསུངས་སོ[༢༦]། །
བྲུ་སྟོན་ཉི་མ་རྒྱལ་མཚན་གྱི་ལོ་རྒྱུས།
(༡༡༢༣-༡༢༠༣)
(༡༡༢༣-༡༢༠༣)
བྲུ་སྟོན་ཉི་མ་རྒྱལ་མཚན་ལ་བྲུ་སྟོན་ཉི་རྒྱལ་ཡང་ཟེར། གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་བཞི་པ། སྟོང་རྒྱུང་མཐུ་ཆེན་གྱི་སྤྲུལ་པ་ཡིན་པར་ལུང་གིས་ཟིན། ཡབ་བྲུ་སྟོན་ཡེ་ཤེས་གྲུབ་པ་དང་ཡུམ་རྣམ་རྒྱལ་བུ་ཁྲིད་གཉིས་ཀྱི་སྲས་སུ་ཆུ་ཡོས་ལོ་སྟེ་སྤྱི་ལོ༡༡༢༣་ལོར་སྐུ་འཁྲུངས[༢༧]། འཁྲུངས་དུས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས་པས་མཚན་ལ་ཉི་མ་རྒྱལ་མཚན་གསོལ། ཞང་བོད་ཀྱི་ཡི་གེ་མཐའ་དག་འབྲི་ཀློག་ཙམ་མ་བསླབ་པར་མཁྱེན། གཡས་རུ་དབེན་ས་ཁ་རུ་ཁུ་བོ་བྲུ་རྗེ་གཡུང་དྲུང་བླ་མའི་མདུན་ནས་མདོ་སྔགས་རིག་གནས་དང་བཅས་པའི་སློབ་སྦྱོང་མཛད། དེ་ནས་རྨ་སྟོན་སྲོལ་འཛིན་གྱི་མདུན་ནས་དབང་ལུང་མང་ཙམ་ཞུས། དེ་རྗེས་བྱང་བ་རྗེ་བཙུན་ཁྲོ་ཚང་དང༌། བྲུ་རྗེ་བཙུན་རྣམ་གཉིས་ཀྱིས་མཁན་སློབ་མཛད་ནས་རབ་ཏུ་བྱུང༌། དེ་ནས་དམ་པ་གོང་མའི་ཁྲོ་ཕུར་རྣམས་ལ་འགྲེལ་བཤད་མཛད་ལ། བླ་མ་རྨ་སྟོན་སྲིད་འཛིན་ལ་གྱེར་མིས་གནང་པའི་ཤོག་སེར་ཁ་བྱང་དང་། ལུང་བསྟན་སྐོར་རྣམས་བླ་མས་གདན་དྲངས་ནས་དབེན་ས་ཁ་རུ་ཁུ་བོའི་དྲུང་ནས་རྒྱུད་བསེན་ཐུབ་དང་གཡུང་དྲུང་ལས་དག སྤྱི་སྤུངས་བསྙེན་སྒྲུབ་སྐོར། ཆ་ལག་མཆོང་དགུ། ལས་ཁ་མདེལ་ཁ། སྙན་བརྒྱུད་ཨ་གསལ་སོགས་དབང་ལུང་དཔེ་ཁྲིད་རྗེས་གནང་བཅས་པ་ཞུས་ཏེ་དབང་ལུང་གདམས་རྒྱུན་སྟོད་སྨད་ཕྱོགས་བཅུར་དར་རྒྱས་སྤེལ་ཞིང་འདུས་པའི་འཁོར་རྣམས་ལ་བོན་འཁོར་བསྐོར། དེ་ནས་གཅེན་ཟླ་རྒྱལ་གྱི་སྲས་རྒྱུད་རྣམས་རབ་ཏུ་བྱུང་བས་གདུང་རྒྱུད་རིན་པོ་ཆེ་ཆད་ལ་ཉེ་བའི་སྐབས་ཀུན་ཀྱིས་ཁོང་ལ་གསང་ཡུམ་བཞེས་དགོས་པར་གསོལ་བ་བཏབ་པ་བཞིན་སྔགས་ཆེན་ཚུལ་མཛད་ནས་གསང་ཡུམ་རྗེ་རིགས་མགུར་མོ་བོན་གནས་མ་ཁབ་ཏུ་བཞེས་ཏེ་བ་གོར་ཁམས་ལུང་གནས་སུ་གདན་ས་ཆགས། དེ་ལ་སྲས་བྲུ་སྟོན་ནམ་མཁའ་རྒྱལ་མཚན་འཁྲུངས། དེ་ནས་ཁོང་གིས་བྲུ་ཆེན་གྱི་རྟེན་ཀུན་བཟང་ཆེན་མོ་དང་། གསུང་རྟེན་མདོ་འབུམ་རྒྱུད་གཞུང་བཞུགས་ཚད། བླ་མ་གོང་མའི་གསུང་འབུམ་བཀའ་འགྲེལ་སྐོར། བྲུ་རྗེའི་སྐུ་གདུང་ཆེན་མོ། དབུ་རྩེ་ཁྲ་མོའི་འཁྱམས་ཁང་དང་བཅས་རྟེན་དང་བརྟེན་པ་བསམ་གྱིས་མི་ཁྱབ་པ་བཞེངས། མཐར་དགུང་ལོ་བརྒྱད་ཅུ་ཆུ་ཕག་ལོ་སྟེ་སྤྱི་ལོ༡༢༠༣ལོར་སྒྲ་འོད་ཟེར་དང་བཅས་མཁའ་སྤྱོད་བདེ་བ་ཆེན་པོར་སྐུ་གཤེགས་སོ[༢༨]། །དགུང་ལོ་བདུན་ཅུ་སྟེང་སྐུ་གཤེགས་པ་ཡང་བཞེད[༢༩]། སློབ་མ་ལ། འབུར་དུ་ཐོན་པ་མེ་གཉོས་རྣམ་གཉིས་དང་། དམ་པ་འབུམ་རྗེ་ཀླུ་བྲག་པ་མཆེད་གཉིས། གཞན་ཡང་སྟོད་སྨད་དབུས་གཙང་མདོ་ཁམས་སོགས་ནས་བུ་སློབ་གནམ་གྱི་སྐར་མ་ལྟ་བུར་བྱུང་ཞེས་གྲགས་སོ། །རྣམ་ཐར་དེ་དག་དཔལ་ཚུལ་བསྟན་འབྱུང་ལས་གསལ་ལོ[༣༠]། །
གཡོར་པོ་མེ་དཔལ་གྱི་ལོ་རྒྱུས།
(༡༡༣༤-༡༡༦༨)
(༡༡༣༤-༡༡༦༨)
གཡོར་པོ་མེ་དཔལ་ལ་གཡོར་མེ་གྲགས་པ་དཔལ་ཡང་ཟེར། ཁོང་ནི་དྲན་པ་ནམ་མཁའི་རྣམ་སྤྲུལ་ཡིན་པར་དྲན་པའི་སྐོས་ཡིག་སྒྲོན་མེ་ལས་གསུངས་སོ། །ཁོང་ནི་དབུས་གཙང་མཁན་བརྒྱུད་ཉེར་གསུམ་པ་ལས་བཅུ་གཉིས་པ་དང་། གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་ལྔ་པ་ཡིན། དམ་པ་ཁོང་གི་འཁྲུངས་ཡུལ་བོད་ཡུལ་དབུས་གཙང་རུ་བཞིའི་ནང་ཚན་གཡོ་རུའི་ཁོངས། དེང་ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྫོང་མངར་བྲག་ཤང་གཡོར་པོ་དོལ་ཞེས་པའི་ས་གནས་སུ་མེ་ཡི་གདུང་ལས་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ༡༡༣༤ལོར་སྐུ་འཁྲུངས། ཨ་ལྕགས་འབྲུ་ཡི་རིགས་ཡིན་པའང་བཤད། ཀུན་ཀྱིས་གཡོར་མེ་གྲགས་པ་དཔལ་ཞེས་འབོད་དོན་ནི། གཡོར་ནི་འཁྲུངས་ཡུལ་དང་། མེ་ནི་རུས་རྒྱུད། ཆུང་མིང་གྲགས་པ་དཔལ་གསུམ་དེ་བསྡུས་ནས་འབོད་པའོ། །སྔོན་སྦྱངས་ལས་འཕྲོ་སད་པས་ཆུང་ནས་འབྲི་ཀློག་མཁས་པ་བྱུང་། སྐུ་ན་ཆེར་སོན་པ་དང་གཡས་རུ་དབེན་ས་ཁར་བྱོན་ཏེ། བྲུ་སྟོན་ཉི་རྒྱལ་མདུན་ནས་བསྙེན་གནས་དང་དགེ་བསྙེན་གྱི་སྡོམ་པ་ནོས་ཤིང་། ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་བཅད་དེ། བཀའ་ལུང་རྒྱུད་སྡེ་མཐའ་དག་ལ་མཁས་པར་བློ་སྦྱངས། དགུང་ལོ་ཉི་ཤུ་ལྷག་གི་སྟེང་གཤེན་སྟོན་ནམ་མཁའ་རྒྱལ་མཚན་གྱི་དྲུང་ནས་གཙང་གཙུག་དང་དྲང་སྲོང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་བླངས་ནས་བཟུང་སྡོམ་ཁྲིམས་ཉམས་པ་མེད་པ་མིག་འབྲས་བཞིན་དུ་བསྲུངས། དེ་ནས་ཞང་དམ་པ་ཚུལ་ཤེས་ཀྱི་དྲུང་ནས་གནས་ལུགས་ཐེག་པ་ཆེན་པོའི་ངོ་སྤྲོད་ཀྱི་གདམས་པ་དང་། གག་སེལ་གཞུང་བཞི་བཅས་ཞུས་ནས་མི་གཡོ་རྩེ་གཅིག་ཏུ་ཉམས་སུ་བླངས། གཞན་ཡང་གཤེན་སྒོམ་ཞིག་པོའི་ཞབས་ལ་གཏུགས་ནས་སྙན་རྒྱུད་རིག་པ་གཅེར་མཐོང་ངོ་སྤྲོད་གདམས་པ་དང་སྨར་བྱང་གི་དབང་ངོ་སྤྲོད་གདམས་པ་དང་བཅས་པ་ཞུས། བླ་མ་རྨ་སྟོན་སྲོལ་འཛིན་གྱི་ཞབས་ལ་གཏུགས་ཏེ་བྱང་གཏེར་དང་དྭང་ར་མའི་སྐོར་རྣམས་གསན་ཞིང་བྱེ་བྲག་སྙན་རྒྱུད་ཨ་གསལ་སྒྲོན་མའི་དབང་དང་བྱིན་རླབས་ངོ་སྤྲོད་བཅས་ཞུས། གཞན་ཡང་མཁས་བཙུན་མང་པོའི་ཞབས་ལ་གཏུགས་ནས་ཐོས་བསམ་གྱི་སྒྲོ་འདོགས་ལེགས་པར་བཅད། དེ་ནས་བ་གོར་དབེན་ས་ཁར་བཞུགས་ཤིང་དབུ་རི་ནག་པོ་དང་ཡར་ལྷ་ཤམ་པོ་ལ་སོགས་སྒྲུབ་གནས་མཐའ་དག་ལ་བཞུགས་ནས་སྒོམ་སྒྲུབ་མཛད་པས། སྟོང་རིག་མ་བུ་འཕྲོད་ནས་སངས་རྒྱས་རང་ས་ཟིན་ཏེ། གནས་ལུགས་ཀྱི་རྟོགས་པ་མངོན་དུ་ཤར། བསྙེན་སྒྲུབ་མཛད་སྐབས་བུམ་ཆུ་རང་འཁོལ་དང་། ཡི་དམ་ལྷ་ཞལ་གཟིགས་པ། ལྗགས་མཆིལ་བཏབ་པས་གཞན་གྱི་ན་ཚ་ཞི་བ་སོགས་རྫུ་འཕྲུལ་གྲུབ་རྟགས་ཐོགས་མེད་མངའ་བའོ། །དེ་ནས་གཡས་རུ་དབེན་ས་ཁ་རུ་ལོ་འགར་བཞུགས་ཏེ་བསྟན་པའི་རྒྱལ་ཐེབས་མཛད་ནས་བཀའ་གཞུང་ཉན་བཤད་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ནས་གདན་ས་ལ་བཀའ་དྲིན་ཤིན་ཏུ་ཆེ། དེ་ནས་འགྲོ་བའི་དོན་ལ་དགོངས་ནས་ཉིད་ཀྱི་ཉམས་མྱོང་གིས་གསལ་བཏབ་ནས། ཉམས་ཁྲིད་ཡི་གེར་བཀོད་པ་འདི་ནི་གཡས་རུའི་ཨ་ཁྲིད་ཆེན་མོ་ཞེས་གྲགས་ལ། མཐར་དགུང་གྲངས་སོ་ལྔ་པ་སྤྱི་ལོ༡༡༦༨ལོར་འཇའ་འོད་མཁར་ཁེངས་སྒྲ་འོད་ཟེར་བཅས་དགོངས་པ་བོན་དབྱིངས་སུ་བསྡུས། ཕྱི་རབས་ཀྱི་རྟེན་དུ་ཐུགས་ལྗགས་སྤྱན་གསུམ་དང་རིང་བསྲེལ་མང་དུ་བྱོན། བསྟན་པ་རྗེས་བཞག་ལ། མཛོད་འགྲེལ་པོད་གཅིག་དང་། ས་ལམ་འགྲེལ་པོད་གཅིག། ཨ་ཁྲིད་སྐོར་པོད་གཅིག། དེ་བཞིན་ཉམས་ཀྱི་མགུར་ལ་སོགས་ཡིག་ཕྲན་དུ་མ་མཛད་དོ། །སློབ་བུ་གྲོལ་ཚུལ་ནི་སྤྱིར་སྟོད་སྨད་བར་གསུམ་ལ་མཁས་བཙུན་བཟང་གསུམ་དང་བསྟན་པ་ལ་ཞབས་ཏོག་མཛད་པ་མང་དུ་བྱུང་ཡང་། གདན་ས་རིན་པོ་ཆེ་ལ་འཛིན་སྐྱོང་སྤེལ་གསུམ་གྱི་བཀའ་དྲིན་བླ་ན་མ་མཆིས་པར་འགྲོ་བའི་མགོན་པོ་འ་ཞ་བདུད་རྩི་རྒྱལ་མཚན་ལགས་སོ། །རྣམ་ཐར་དེ་དག་ནི་དཔལ་ཚུལ་བསྟན་འབྱུང[༣༡]་དང་ཞང་བོད་ཚིག་མཛོད་[༣༢]སོགས་ལས་གསལ་ལོ། །
གཉོས་ཚུལ་ཁྲིམས་རྒྱལ་མཚན་གྱི་ལོ་རྒྱུས།
(༡༡༤༤-?)
(༡༡༤༤-?)
གཉོས་ཚུལ་ཁྲིམས་རྒྱལ་མཚན་ལ་སློབ་དཔོན་དབྱར་མོ་ཐང་པ་ཡང་ཟེར། ཁོང་ནི་མེ་གཉོས་རྣམ་གཉོས་ནང་ཚན་དང་། གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་དྲུག་པ། ཁྲི་འབར་ཚུལ་ཁྲིམས་ཀྱི་རྣམ་སྤྲུལ་དུ་ལུང་གིས་ཟིན། གཉོས་ཀྱི་གདུང་ལས་ཤིང་བྱི་ལོ་སྟེ་སྤྱི་ལོ༡༡༤༤ལོར་མདོ་ཁམས་དབྱར་མོ་ཐང་ཞེས་པར་སྐུ་འཁྲུངས་པས་ཕྱིས་སུ་མཚན་གཞན་མཁས་པ་དབྱར་མོ་ཐང་ཞེས་གྲགས། དེའང་ཁམས་གཡར་མོ་ཐང་ཞེས་པ་ནི་ད་ལྟ་ཀན་སུའུ་ཀ་ཆུ་གཡར་མོ་ཐང་ཞེས་རྒྱའི་མཆོད་རྟེན་ཀ་རུའི་ཉེ་ཆ་ལ་ཡོད་པའི་ཀ་ཅུ(甘肃临夏市)ཟེར་བ་སྣང་བས་མཁས་པ་རྣམས་ཀྱིས་དཔྱད་པར་འཚལ། གཡར་མོ་ཐང་ལ་ཡིག་རྙིང་དུ་གཡེར་མོ་ཐང་བྲིས་པའང་སྣང་། ཞེས་མཁན་ཚེ་རིང་ནོར་བུའི་དཔེ་ཆ་ཞིག་ནང་དུ་བཀོད་འདུག བྲུ་རྗེ་ཁུ་དབོན་གཉིས་ཀྱི་རྒྱུད་འཛིན་བསྟན་པའི་གསལ་སྒྲོན་དམ་པ་མཚན་ལྡན་གཡོར་པོ་མེ་དཔལ་དང༌། གཉོས་སྟོན་ཚུལ་ཁྲིམས་རྒྱལ་མཚན་ནམ་སློབ་དཔོན་དབྱར་མོ་ཐང་པ་ཞེས་གྲགས་པའི་རྒྱལ་ཐེབས་དེ་གཉིས་ཀྱིས་དབང་ལུང་བཤད་གསུམ་གྱི་བསྟན་པའི་ཆུ་བོ་ཚུགས་པར་ཡིན་ཀྱང༌། གདུལ་བྱ་སྐལ་པ་དམན་སྐྱོན་གྱིས་སྐུ་ཚེའི་སྨད་ཙམ་ན། མེ་དཔལ་ཁམས་གཞི་འཁྲུགས། གཉོས་རྒྱལ་སྤྱན་འགྲིབ་པ་སོགས་ཀྱི་རྐྱེན་ལ་ལྟོས་ནས་གཡུང་དྲུང་ཡེ་དབང་སོགས་དབང་ལུང་འགའ་ཞིག་རྩ་འགག་ཏུ་སོང་སྐད་དོ[༣༣]། ། གང་ལྟར་ཡང་ཁོང་དགུང་ན་ཆེར་སོན་པ་དང་དབུས་གཙང་ཕྱོགས་སུ་བྱོན་ནས་ཐོས་བསམ་སྒོམ་སྒྲུབ་ཀྱི་ཉམས་ལེན་རྒྱ་ཆེར་མཛད། ཁྱད་པར་དུ་བྲུ་སྟོན་ཉི་རྒྱལ་དྲུང་ནས་རྒྱས་པ་འབུམ་སྡེ་སྐོར་དང་རྒྱུད་སྡེ་ཕྱི་ནང་གསང་བའི་ཁྲིད་རྒྱུན་དང་དབང་ལུང་མན་ངག་བཅས་གསན། དེ་ནས་གཤེན་སྟོན་ནམ་མཁའི་མདུན་ནས་དྲང་སྲོང་ཉིས་བརྒྱ་ལྔ་བཅུའི་ཁྲིམས་བཞེས་པར་མཛད་ནས་སྡེ་སྣོད་གཞུང་ལ་སྒྲོ་འདོགས་བཅད། གཡོར་པོ་མེ་དཔལ་ལས་རྩ་རྒྱུད་གསང་བ་བསེན་ཐུབ་དེ་ཁོ་ན་ཉིད་འདུས་པའི་རྒྱུད་སོགས་ཀྱི་གསང་སྔགས་ཀྱི་དབང་ལུང་བཤད་ཁྲིད་གདམས་ངག་མང་དུ་གསན་ནས། བཀའ་དང་བཀའ་བརྟེན་གབ་མཛོད་སྔགས་སེམས་རྒྱུད་སོགས་མདོ་སྔགས་སེམས་གསུམ་ལ་བྱང་ཆུབ་པའི་མཁས་པ་དབྱར་མོ་ཐང་ཞེས་མཚན་སྙན་རབ་ཏུ་འབར། དེ་ནས་བྲུ་ཡི་གདན་ས་བ་གོར་དབེན་ས་ཁའི་བསྟན་པ་ལུང་རྟོགས་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་བསྟན་པ་འཛིན་སྐྱོང་གནང་སྟེ་བོན་གྱི་འཁོར་ལོ་བསྐོར། མཐར་བསྟན་འགྲོའི་དོན་མཛད་དེ་སྐུ་ཞི་བར་གཤེགས་པའོ། །གསུང་རྩོམ་ལ། སྣོད་བཅུད་ཀྱི་གཞུང་དང་། མཛོད་འགྲེལ། ས་ལམ་གྱི་གཞུང་། གབ་འགྲེལ། ཀློང་རྒྱས་དང་ཁྲོ་བོའི་འགྲེལ། མཆོང་དགུའི་གསལ་བྱེད་དང་། དྲ་བ་ནག་པོའི་ཕྱག་བཞེས་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག གཞན་ཡང་སྒྲུབ་སྐོར་ཟིན་བྲིས་ཕྱག་བཞེས་སྐོར་སོགས་མདོ་སྔགས་གཞུང་འགྲེལ་བསྟན་བཅོས་རྒྱ་ཆེན་མཛད། སློབ་མ་ལ། བྲུ་སྟོན་ནམ་མཁའ་རྒྱལ་མཚན་དང་འགྲོ་མགོན་བདུད་རྩི་རྒྱལ་མཚན། བྲུ་སྟོན་དར་མ་སོགས་བསྟན་འཛིན་མང་ཞིག་བྱོན་ནོ[༣༤]།
འ་ཞ་བདུད་རྩི་རྒྱལ་མཚན་གྱི་ལོ་རྒྱུས།
(༡༡༥༦-?)
(༡༡༥༦-?)
འ་ཞ་བདུད་རྩི་རྒྱལ་མཚན་ལ་འགྲོ་མགོན་བདུད་རྩི་རྒྱལ་མཚན་ཡང་ཟེར། ཁོང་ནི་ཞང་ཞུང་ལྷ་ཁྲིའི་སྤྲུལ་པར་ལུང་བསྟན་རྨ་ཡི་ནང་རྒྱུད་གླིང་སྒྲགས་ལས་གསུངས་སོ། །ཁོང་ནི་དབུས་གཙང་མཁན་བརྒྱུད་ཉེར་གསུམ་པ་ལས་བཅུ་གསུམ་པ་དང་། གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་བདུན་པ་ཡིན། ཡབ་འ་ཞ་གཡུང་དྲུང་སེང་གེའི་སྲས་སུ་མེ་བྱི་ལོ་སྟེ་སྤྱི་ལོ༡༡༥༦ལོར་གཡོར་པོ་དོལ་ཞེས་བོད་ཡུལ་རུ་བཞིའི་ནང་ཚན་གཡོ་རུ་ལྷོ་ཁ་སྣ་དཀར་རྩེ་རྫོང་མངར་བྲག་ཤང་གཡོར་པོའི་ས་ཆ་རུ་སྐུ་འཁྲུངས[༣༥]། ཡང་ཤིང་བྱི་ལོ་ཡང[༣༦]ཟེར་བ་དེ་ཡིག་ནོར་ཡིན་པ་འདྲ། ཡང་ལྕགས་བྱི་ལོ༡༡༨༠ཟེར་བ་ཡང་ཡོད[༣༧]། ཆུང་ནས་སྦྱངས་པའི་འཕྲོ་ཅན་ཡིན་པས་འབྲི་ཀློག་ལ་སོགས་ཡོན་ཏན་གང་ལ་མ་རྨོངས་པར་མཁྱེན་པ་མ་ཟད་རིགས་སད་པའི་རྟགས་བཞི་དང་ལྡན། ཡབ་ཀྱི་དྲུང་ནས་བཀའ་ལྷོ་བྲག་མའི་བོན་སྡེ་བསྒྲགས་པ་སྐོར་གསུམ་དང་། ཁྱད་པར་རྫོགས་ཆེན་ལུང་དྲུག་སོགས་ཉན་གསན་མཛད། དེ་ནས་གཡས་རུ་དབེན་ས་ཁར་བྱོན་ཏེ། མེ་སྟོན་ཤེར་རབ་འོད་ཟེར་དང་གཉོས་ཚུལ་ཁྲིམས་རྒྱལ་མཚན་རྣམ་གཉིས་གཙོས་པའི་མཁས་བཙུན་དུ་མའི་ཞབས་ལ་གཏུགས་ཏེ་བློ་སྦྱོང་མཛད། བྱང་སེམས་གབ་པ་དགུ་སྐོར་དང་། མཛོད་ཕུགས། ས་ལམ་ལ་སོགས་པའི་མཚན་ཉིད་ཀྱི་བོན་དང་། རྣམ་དག་དང་། ཀློང་རྒྱས། ཀུན་རིགས་གསུམ་དང་རབ་གནས་སྐོར་གསུམ་ལ་སོགས་ཕྱི་རྒྱུད་ཀྱི་བོན། ཁྲོ་བོ་དབལ་གསས། ཕུར་པ། ཞང་ཞུང་མེ་རི་གསུམ་ལ་སོགས་ནང་རྒྱུད་གསང་སྔགས་ཀྱི་བོན། ཁྱད་པར་དུ་ཟབ་མོ་རྫོགས་པ་ཆེན་པོ་སོགས་ཕྱི་ནང་གསང་གསུམ་གྱི་གཞུང་དང་། འགྲེལ་པ་ཕྱག་བཞེས་སོགས་ལ་ལག་ལེན་མཁས་པར་སྦྱངས་ཤིང་། ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་བཅད། ཁྱད་པར་དུ་འགྲོ་མགོན་གཡོར་པོ་མེ་དཔལ་དྲུང་ནས་བསྙེན་གནས་དགེ་བསྙེན་གཙང་གཙུག་ནས་དག་པ་དྲང་སྲོང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུའི་བར་དུ་རྫོགས་པར་བླངས་ཏེ། ཚུལ་མིང་བདུད་རྩི་རྒྱལ་མཚན་བཏགས། དེ་ནས་བཟུང་དྲང་སྲོང་སྡོམ་ཁྲིམས་རྨ་མེད་དམ་ཉམས་མེད་དུ་བསྲུང་བ་དང་། གསང་སྔགས་ཟབ་མོའི་དབང་ཞུ་བ་དང་། དམ་ཚིག་བསྲུང་། བསྐྱེད་རྫོགས་ཟུང་འབྲེལ་གྱི་སྒོ་ནས་ཉམས་ལེན་ལྷུར་དུ་བཞེས་ཏེ་མཐར་ཕྱིན་པར་མཛད། ཁྱད་པར་ཐེག་ཆེན་ཨ་ཁྲིད་ཆེན་པོ་གྲགས་པ་འདི་ཉིད་ཀྱི་ཚིག་དོན་མ་ལུས་པར་ལུང་རྗེས་གནང་དང་བཅས་པ་ཞུས་ནས་འབྲལ་མེད་ཉམས་སུ་བླངས། སྐྱི་ཤོད་ཕུག་ལ་སོགས་དབེན་གནས་མང་པོར་བཞུགས་ཏེ། ཉམས་ལེན་གནད་དུ་ཁེལ་བ་མཛད་པས་ཉམས་རྟོགས་མངོན་དུ་གྱུར་ཅིང་གཟུང་འཛིན་རང་སར་གྲོལ། འཁོར་འདས་དབྱེར་མེད་དུ་རྟོགས་པ་མ་ཟད་ཡི་དམ་གྱི་ལྷ་ཞལ་གཟིགས་ཤིང་ཐུན་མོང་གི་གྲུབ་རྟགས་དང་རྫུ་འཕྲུལ་དུ་མ་མངའ་བར་གྲགས། དེ་ནས་མེ་གཉོས་རྣམ་གཉིས་ཀྱི་གདན་ས་གཡས་རུ་དབེན་ས་ཁར་བཞུགས་ཏེ་རྒྱལ་བ་བྲུ་ཡི་རང་ལུགས་ཀྱི་བཀའ་ལུང་ཉན་བཤད་ཀྱི་བསྟན་པའི་འཁོར་ལོ་བསྐོར་ནས་ཕྱོགས་མཚམས་ཀྱི་བུ་སློབ་ཀུན་ལ་བོན་སྦྱིན་རྒྱ་ཆེར་བཀྱེས། དྲང་སྲོང་གི་འཁོར་རྣམས་ལ་འདུལ་བ་མདོ་སོགས་ཀྱི་བོན་སྡེ་འཆད་ཉན་བཀའ་འཁོར་བསྐོར། མདོར་ན་དབུས་ཕྱོགས་སྐྱིད་ཤོད་ཕུག་རིང་སོགས་དབེན་གནས་རྣམས་སུ་ཉམས་ལེན་མཛད་དེ་ཀུན་བཟང་གི་དགོངས་པ་མངོན་དུ་གྱུར། བདེན་གཉིས་དོ་མཉམ་མམ་གཉིས་མེད་ཀྱི་དོན་རྟོགས། འཁོར་འདས་ལམ་གསུམ་ཐིག་ལེ་ཉག་གཅིག་ངང་དུ་གྲོལ། བླ་མ་གོང་མའམ་བརྒྱུད་པའི་བླ་མ་རྣམས་ཀྱི་བྱིན་རླབས་ཐོབ་པས་མཆོག་དང་ཐུན་མོང་གི་ཉམས་རྟོགས་སྐྱེས། རྨི་ལམ་དང་འཁྲུལ་པ་སངས་ནས་འོད་གསལ་གྱི་རྟོགས་པར་ཤར་བ་བཅས་ཐ་མ་སྐུ་ཚེ་མཐར་ཕྱིན་ཅིང་འགྲོ་དོན་རྫོགས་པར་མཛད་ནས་འཇའ་འོད་དང་བཅས་བོན་ཉིད་དབྱིངས་སུ་མྱ་ངན་ལས་འདས་སོ། །ལ་ལས་དགུང་ལོ་གྱ་ལྔ་བཞུགས་པར་བཤད་ཀྱང་ཡིག་ཆ་ཁུངས་ཐུབ་ཞིག་མ་མཐོང་། ཁོང་གི་མཛད་པའི་བསྟན་བཅོས་ལ། མཛོད་འགྲེལ་ཆེན་མོ། དབུ་མའི་འགྲེལ་པ། ཀློང་རྒྱས་འགྲེལ་པ་སོགས་མང་དུ་མཛད། དེའི་མཁན་རྒྱུད་ནི། བྲུའི་རྒྱལ་སྲས་དམ་པ་དར་མ་རྒྱལ་མཚན་ཡིན། རྒྱུད་འཛིན་གྱི་བུ་སློབ་ནི་གཤེན་བློ་གྲོས་རྒྱལ་མཚན་སོགས་སྟོད་སྨད་བར་གསུམ་དུ་མཁས་བཙུན་བཟང་གསུམ་མང་དུ་འཕེལ་ལོ། །
འ་ཞ་བློ་གྲོས་རྒྱལ་མཚན་གྱི་ལོ་རྒྱུས།
(༡༡༩༨-༡༢༦༣)
(༡༡༩༨-༡༢༦༣)
འ་ཞ་བློ་གྲོས་རྒྱལ་མཚན་ལ་དབོན་པོ་མཚན་ལྡན་བློ་གྲོས་རྒྱལ་མཚན་དང་འགྲོ་མགོན་བློ་གྲོས་རྒྱལ་མཚན་ཡང་ཟེར། གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་བརྒྱད་པ། ཧྲིས་པ་གྱེར་མེད་ཀྱི་རྣམ་སྤྲུལ་དུ་ལུང་གིས་ཟིན་པའི་དམ་པ་འདི་ནི། ཡབ་འ་ཞ་ཤེས་རབ་སེང་གེ་དང་། ཡུམ་རིན་ཆེན་བུ་ཁྲིད་གཉིས་ཀྱི་སྲས་སུ་ཡུལ་གཡོར་པོ་དོལ་ཞེས་བོད་ཡུལ་རུ་བཞིའི་ནང་ཚན་གཡོ་རུ་ལྷོ་ཁ་སྣ་དཀར་རྩེ་རྫོང་མངར་བྲག་ཤང་སོག་གཡོར་པོའི་ས་ཆ་རུ་ས་རྟ་ལོ་སྟེ་སྤྱི་ལོ༡༡༩༨ལོར་སྐུ་བལྟམས[༣༨]། ཡང་ཤིང་རྟ་༡༢༣༤ལོར་འཁྲུངས་པ་ཡང་བཞེད[༣༩]། ཆུང་ངུའི་དུས་ནས་འབྲི་ཀློག་སོགས་ཡོན་ཏན་གང་ལ་མ་རྨོངས་པར་མཁྱེན་པར་གྲགས། དགུང་ན་ཆེར་སོན་པས་སྔོན་སྦྱངས་ཟབ་མོའི་འཕྲོ་སད་ནས་གདན་ས་ཆེན་པོ་གཡས་རུ་དབེན་ས་ཁར་ཕེབས་ནས། ཁུ་བོ་བདུད་རྩི་རྒྱལ་མཚན་དྲུང་ནས་སྲིད་པའི་མཛོད་ཕུགས་སོགས་འདུལ་བ་མདོ་དང་། རྩ་རྒྱུད་གསང་བ་བསེན་ཐུབ་དེ་ཁོ་ན་ཉིད་འདུས་པའི་རྒྱུད་སོགས་གསང་སྔགས་ཀྱི་དབང་ལུང་ཁྲིད་གསུམ་གསན། དེ་ནས་རབ་བྱུང་གི་སྡོམ་ཁྲིམས་ཞུས། མཚན་བློ་གྲོས་རྒྱལ་མཚན་དུ་གསོལ། མེ་སྟོན་ཞི་བ་ངང་ལྡན་ལས་སྤ་དྲོ་ཕུག་ཅལ་ནས་ཁུ་ཚ་ཟླ་འོད་ཀྱིས་གཏེར་དུ་བཞེས་པ་ཁྲོ་བོའི་རྒྱུད་ཆེན་དྲུག་སོགས་གསན། དེ་ནས་དཔོན་གསས་ཁྱུང་རྒོད་རྩལ་གྱི་དྲུང་ནས་ཞལ་བཟང་བྲག་ལ་སོགས་པའི་གཏེར་ཁ་བཅུ་གཅིག་ནས་ཐོན་པའི་བོན་སྡེ་རྣམས་ཀྱི་དབང་ལུང་རྗེས་གནང་དང་བཅས་པ་ཞུས། ཡང་རྨ་ལྕམ་མེ་དང༌། རྨ་ཤེས་རབ་སེང་གེ་རྣམ་གཉིས་དང་མཇལ་ནས་དབང་ལུང་ཁྲིད་གསུམ་མན་ངག་བྱིན་རླབས་དང་བཅས་པ་མང་དུ་བསྩལ། གཞན་ཡང༌། གཤེན་སྟོན་ཀླུ་ཡི་དབང་པོ། ཁྱེའུ་གཉན་འཐིང༌། ཁུ་ཚ་ཟླ་འོད། བཞོད་སྟོན་དངོས་གྲུབ་གྲགས་པ། ལུང་བོན་ལྷ་གཉེན། རྨ་སྟོན་སྲོལ་འཛིན། འོར་སྒོམ་ལ་སོགས་པས་ལྷོ་བྱང་མདོ་གསུམ་ཀུན་ནས་ཐོན་པའི་བོན་སྡེ་མཐའ་དག་གསན་སྒོམ་མཛད་དེ། བདག་གིར་བཞེས་ནས་དར་སྤེལ་གནང༌། བྲུ་ཤ་ནམ་མཁའི་སྲས་བྲུ་སྟོན་དར་མ། ཡོན་ཏན་རྒྱལ་མཚན་སོགས་བསྟན་པའི་བདག་ཉིད་ཆེན་པོ་རྣམས་ཀྱི་རྒྱལ་ཚབ་མཛད་ནས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བཀའ་ཡི་འཁོར་ལོ་རྒྱ་ཆེར་བསྐོར་བས། ཕྱོགས་ཀུན་ནས་སློབ་ཚོགས་གྲངས་ལས་འདས་པ་བྱོན། ཁྱད་པར་དུ་ཀུན་མཁྱེན་ཉི་མ་སོགས་ཀྱིས། དབུ་ཚད་དང་གསང་སྔགས་ལ་མངའ་བརྙེས་པ་འགྲོ་མགོན་བློ་གྲོས་རྒྱལ་མཚན་ཞེས་བསྔགས་པར་མཛད། དམ་པ་ཁོང་གིས་ཕྱི་རབས་ཆེད་དུ་རྗེས་བཞག་མཛད་པའི་བོན་སྒོ་ནི། རྫོགས་པ་ཆེན་པོའི་སྐོར་དང་། གསང་སྔགས་ཀྱི་སྐོར། ས་ལམ་གྱི་རྣམ་བཞག མཛོད་ཀྱི་རྣམ་བཞག ཚད་མའི་རྣམ་བཞག སྒྲུབ་སྐོར། མངོན་རྟོགས། སྦྱིན་སྲེག ཕྱག་བཞེས་རིགས། གཞུང་ཆེན་མཚན་ཉིད་སྲིད་པའི་མཛོད་འགྲེལ། བྲུའི་ཨ་ཁྲིད་ཆེན་མོ། གདམས་པ་མུན་སེལ་སྒྲོན་མ་སོགས་ཕྱག་རྩོམ་སུམ་ཅུ་ལྷག་ཙམ་མཛད་པས་བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་བློ་གྲོས་ཞེས་པའི་མཚན་སྙན་འབར། དེ་ནས་གཡས་རུ་དབེན་ས་ཁ་རུ་གབ་མཛོད་ས་གསུམ་གྱི་གཞུང་ཆེན་ཁག་ལ་འཆད་ཁྲིད་ལེགས་པར་སྐྱོང་བས་འདུས་གྲྭ་སྟོང་ཕྲག་བརྒལ་བའི་འདུས་ཚོགས་བསྐྱངས། དམ་པ་ཁོང་ནི་འདི་ལྟའི་སྣང་བ་ལ་སྐྱོ་ཤས་སྐྱེས་ཏེ། དབེན་གནས་ཁོ་ནར་འགྲིམས་ནས་ཐུན་མིན་གྱི་ཉམས་རྟོགས་ཀློང་དུ་བརྡོལ། གངས་ཅན་བསྟན་པའི་སྒྲོན་མེ་མཁས་གྲུབ་བྱེ་བའི་གཙུག་གི་ནོར་བུའི་རྒྱན་བོན་གྱི་སྤྱན་ལྡན་ཆེན་པོ་འ་ཞ་བློ་གྲོས་རྒྱལ་མཚན་ཞེས་གྲགས། མཐར་ཐུན་མོང་གི་སྣང་ངོར་དགུང་གྲངས་རེ་དྲུག་པ་ཆུ་ཕག་ལོ་སྟེ་སྤྱི་ལོ༡༢༦༣ལོར་སྐུ་མྱ་ངན་ལས་འདས[༤༠]། ཡང་ས་ཕག༡༢༩༩ལོ་ལ་འདས་པ་ཡང་བཞེད[༤༡]། མཁན་ཚེ་རིང་ནོར་བུས་སྤྱི་ལོ༡༢༦༤ལོར་འདས་པ་བཞེད། གསུང་རྩོམ་ལ། ཞི་བ་ཨ་གསལ་གྱི་མངོན་རྟོགས་ཆུང་བ་གསལ་བྱེད། གསང་ཐུས་ལྟར་གྱི་གཏོང་རག་འབུལ་བའི་ཚིག་བཤད། དབལ་གསས་ལས་རིམ་གྱི་ཕྱག་བཞེས། སྦྱིན་སྲེག་ལས་ཀྱི་བྱང་བུ། ནང་སྒྲུབ་གསལ་བྱེད་སྒྲོན་མ་རིན་པོ་ཆེའི་མཛོད། གསང་བ་ཡབ་ཡུམ་གྱི་ཕྱག་བཞེས་གསལ་བའི་སྒྲོན་མ་རིན་པོ་ཆེའི་བཅུད། གསང་བ་བླ་མེད་སྒྲུབ་པ་དྲན་པ་གསང་སྒྲུབ་ཀྱི་ཕྱག་བཞེས་གསལ་བྱེད་སྒྲོན་མ། ཕྱི་སྒྲུབ་ཕྱག་བཞེས། ལུང་བསྟན་སྙན་རྒྱུད་དབང་གི་ལག་ལེན་དུ་བཀོད་པ། ཚེ་དབང་རིག་འཛིན་གསང་སྒྲུབ་ཀྱི་བསྡུས་དོན་ཉམས་སུ་ལེན་པའི་མན་ངག རིག་འཛིན་གྱི་སྐོང་བ་ཚངས་པའི་གཏེར། ཚེ་དབང་སྐོང་བཤགས་ཚངས་པའི་གཏེར། ཚད་མའི་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་། ཐེག་པ་ཆེན་པོ་ས་དང་ལམ་གྱི་རིམ་པ་ལེགས་བཤད་རིན་པོ་ཆེ་འཕྲུལ་གྱི་ལྡེ་མིག མདོ་སྡེ་གསར་རྙིང་ལུང་གི་དགོངས་པ་བདུན་ཚིགས་སྤྱི་དྲིལ་ཉམས་སུ་ལེན་ཐབས། སྤྱི་སྤུངས་ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་ཕྱག་བཞེས་གསལ་བྱེད་སྒྲོན་མ། ཐར་གླུད་མདོས་ཀྱི་ལག་ལེན་གསལ་བའི་མེ་ལོང་། ཕུར་པའི་བསྡུས་དོན་ཉམས་ལེན་མེ་རི་བཀོད་ལེགས། གསང་སྔགས་ལམ་གྱི་འཇུག་ཆོག་མུ་ཏིག་འཕྲེང་བ་སོགས་པོད་བཅུ་ཕྲག་ལྷག་ཡོད་དོ། །སློབ་མ་ལ། སྟོད་སྨད་བར་གསུམ་ལ་མཁས་བཙུན་བཟང་གསུམ་མང་དུ་བྱོན་ཀྱང་། ཁྱད་པར་དུ་ལ་སྟོད་བྲུ་སྟོན་ཚུལ་ཁྲིམས་རྒྱལ་མཚན་དང་། གཙང་དུ་བྲུ་སྟོན་འདུལ་བ་རྒྱལ་མཚན། མདོ་ཁམས་སུ་ཁྲོ་ཚང་ཚུལ་ཁྲིམས་རྒྱལ་མཚན། འགྲོ་མགོན་སྲས་པོ་བློ་གྲོས་རྒྱལ་མཚན་སོགས་མང་དུ་བྱོན། དེ་རྣམས་ཀྱི་ནང་ནས་བསྟན་པའི་བདག་ཉིད་དུ་གྱུར་ཅིང་ཕྱི་ནང་གསང་གསུམ་གྱི་རྒྱུད་པ་འཛིན་པ་མཉམ་མེད་རིན་པོ་ཆེ་འདུལ་བ་རྒྱལ་མཚན་ལགས་སོ[༤༢]། །
བྲུ་འདུལ་བ་རྒྱལ་མཚན་གྱི་ལོ་རྒྱུས།
(༡༢༣༩_༡༢༩༣)
(༡༢༣༩_༡༢༩༣)
བྲུ་འདུལ་བ་རྒྱལ་མཚན་ནི་གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་དགུ་པ། གསང་བ་འདུས་པའི་སྤྲུལ་པར་ལུང་གིས་ཟིན། བན་དེས་བཤད་པ་ལྟར་ན་དགེ་སློང་མེ་ཏོག་སྙིང་པོའི་ཡང་སྲིད་ཡིན་པར་བཤད། ཡབ་བྲུ་སྟོན་ནམ་མཁའ་གཡུང་དྲུང་གི་སྲས་སུ་ས་ཕག་ལོ་སྟེ་སྤྱི་ལོ༡༢༣༩ལོར་སྐུ་འཁྲུངས[༤༣]། ཡང་ཤིང་ཕག༡༢༧༥ལོར་འཁྲུངས་པ་ཡང་བཞེད[༤༤]། གང་ལྟར་ཡང་ཆུང་ནས་སྔ་ཕྱིའི་སྐྱེ་གནས་མཁྱེན་པ་དང་འབྲི་ཀློག་སོགས་སློབ་མ་དགོས་པས་སྐྱེ་སྟོབས་ཚད་མེད་མངའ། འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི་དྲུང་ནས་མདོ་རྒྱུད་མང་པོར་ཐོས་བསམ་མཛད། རྒྱུད་སྡེ་རྒྱ་མཚོའི་གཞུང་ལ་ཐོས་བསམ་སྒོམ་གསུམ་གྱིས་སྒོ་ནས་སྒྲོ་འདོགས་ལེགས་པར་བཅད། ཞུ་ཡས་རྒྱལ་མཚན་དར་དང་ཞུ་ཁང་གསར་གྲགས་པ་རྒྱལ་མཚན་མདུན་ནས་བྱང་སེམས་གབ་པ་གསན། དགེ་བསྙེན་གྱི་སྡོམ་པ་ཞུས། རྨ་སྟོན་སྐུ་མཆེད་དང་གུ་རུ་རྣོན་རྩེ་སོགས་ལས་དབང་བཀའ་ནོད་ཅེས་དཔལ་ཚུལ་གྱིས་གསུངས་པ་དེ་ནི་དག་སྣང་གིས་ཞལ་མཇལ་བ་ཡིན་ནམ་དུས་མི་མཉམ་སྟེ་བར་དུ་ལོ་བརྒྱ་ལྷག་ཡོད། སླར་ཡང་འ་ཞ་བློ་གྲོས་རྒྱལ་མཚན་ལས་རབ་བྱུང་བསྙེན་རྫོགས་བཞེས། དེ་སྔར་གྱི་གཏེར་ཁ་བཅོ་ལྔའི་བོན་སྡེ་མཐའ་དག་དང༌། སྙན་བརྒྱུད་རྣམས་ཞུས་ཏེ་གསང་སྔགས་རིམ་གཉིས་རྫོགས་ཆེན་ཉམས་ལེན་གནང༌། བླ་མས་བཀའ་ནན་བསྩལ་བ་ལྡོག་མ་ནུས་པར་ལོ་དུ་མར་དབེན་ས་ཁའི་གདན་ས་སྐྱོང༌། དེ་ནས་བྱ་བཏང་ཁོ་ན་མཛད་དེ་ལྷོ་བྲག་མཁར་ཆུ་ཡར་འབྲོག་ར་དམར་སོགས་རི་ཁྲོད་དབེན་གནས་རྣམས་སུ་བཞུགས་ནས་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ་ཆེན་པོར་གྱུར། རྗེ་རི་ཁྲོད་པ་ཆེན་པོའི་རྣམ་ཐར་ཇི་ལྟ་བ་བཞིན་སྒོམ་སྒྲུབ་ཀྱི་རྐང་བཙུགས། འགྲོ་དོན་ཕྱོགས་མེད་དུ་མཛད། མཐར་དགུང་གྲངས་ང་ལྔ་ཆུ་སྦྲུལ་ལོ་སྟེ་སྤྱི་ལོ༡༢༩༣ལོར་སྐུ་འདས་པར་བཤད[༤༥]། ཡང་དགུང་ལོ་ང་ལྔ་ས་སྦྲུལ༡༣༢༩ལོར་འདས་པ་ཡང་ཟེར[༤༦]། །གསུང་རྩོམ་ལ། མཚན་ལྡན་འདུལ་བ་རིན་པོའི་མགུར་གདམས། བྲུ་འདུལ་བ་རིན་པོ་ཆེའི་ཞལ་གདམ་མཇལ་སར་བཀོད་པ་སོགས་མང་ངོ་། །སློབ་མ་ལ། རྗེས་འཇུག་བུ་སློབ་གྲངས་ལས་འདས་པ་བྱུང༌། ཁྱད་པར་ལ་སྟོད་དུ་བྲུ་སྟོན་ཚུལ་ཁྲིམས་རྒྱལ་མཚན། གཙང་དུ་བྲུ་རྒྱལ་བ་གཡུང་དྲུང༌། མཁས་བཙུན་གཅུང་རིན་པོ་ཆེ་སོགས་མང་དུ་བྱོན་ལ་ཁོང་གི་གདན་ས་འཛིན་པ་ནི་མཁས་བཙུན་རྒྱལ་བ་གཡུང་དྲུང་ཡིན[༤༧]།
བྲུ་རྒྱལ་བ་གཡུང་དྲུང་གི་ལོ་རྒྱུས།
(༡༢༤༢_༡༢༩༠)
(༡༢༤༢_༡༢༩༠)
བྲུ་རྒྱལ་བ་གཡུང་དྲུང་ལ་མཁན་བུ་མཉམ་མེད་རྒྱལ་བ་དང་མཉམ་མེད་རྒྱལ་བ་གཡུང་དྲུང་ཡང་ཟེར། ཁོང་ནི་གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་བཅུ་པ། སྣང་བ་མདོག་ཅན་རྣམ་སྤྲུལ་དང་། རྗེ་བཙུན་སྨིན་བྱེད་པའི་རྣམ་སྤྲུལ་ཡིན་པར་བཤད། ཆུ་སྟག་སྟེ་སྤྱི་ལོ༡༢༤༢ལོར་གཡས་རུ་དབེན་ས་ཁར་དུ་ཡབ་བྲུ་ཞ་བསོད་ནམས་རྒྱལ་མཚན་དང་ཡུམ་མ་གཅིག་ཨོག་ཡོན་གཉིས་ཀྱི་སྲས་སུ་འཁྲུངས། སྤུན་མཆེད་བཞི་ཡོད་པའི་ཐ་ལྟག་ཡིན[༤༨]། ཡང་ཆུ་སྟག༡༣༠༢ལོར་འཁྲུངས་ཡང་ཟེར[༤༩]། ཆུང་ནས་ལས་འཕྲོ་སད་དེ་ཡོན་ཏན་དུ་མ་ལྡན། དགུང་ལོ་བཞི་ལ་ཡི་གེ་འབྲི་ཀློག་མཁྱེན། དགུང་གྲངས་བརྒྱད་སྟེང་མཚན་ལྡན་འདུལ་བ་རྒྱལ་མཚན་ལས་སྲིད་པའི་མཛོད་ཕུགས་གསན། དེ་ནས་གསང་སྔགས་ཕྱི་ནང་དབང་ཁྲིད་ལུང་མན་ངག་བཅས་གསན་རྗེས་བསྙེན་སྒྲུབ་མཐར་ཕྱིན་མཛད། ཁྲོ་ཕུར་ཞང་གསུམ་དང་དབུ་མ་ཚད་མ་བཅས་ལ་གསན་སྦྱངས་མཛད་རྗེས་གདན་སར་བཀའ་བཤད་མཛད་དེ། གདུལ་བྱ་སེམས་ཅན་རྣམས་ལ་སྨིན་གྲོལ་བོན་འཁོར་བསྐོར། །དེ་ནས་འདུལ་བ་རིན་པོ་ཆེའི་ཞབས་ལ་གཏུགས་ནས་དག་པ་དྲང་སྲོང་གི་སྡོམ་ཁྲིམས་ཞུས་ཏེ་ཚུལ་མིང་རྒྱལ་བ་གཡུང་དྲུང་གསོལ། གཞན་ཡང་ཕྱི་ནང་གསང་གསུམ་གྱི་བོན་སྡེའི་དབང་ལུང་བྱིན་རླབས་དང་བཅས་པ་ཞུས་ཤིང་ཐུགས་རྒྱུད་ཡོན་ཏན་གྱིས་གཏམས་པར་བྱས། ཁྱད་པར་གནས་ལུགས་ཐེག་པ་ཆེན་པོའི་ངོ་སྤྲོད་ཞུས་ནས་རྩེ་གཅིག་ཡེངས་མེད་ཀྱི་ཐུགས་དམ་མཛད། དབྱིལ་སྟོན་ནམ་མཁའ་བསོད་ནམས་དང་། ལུང་སྒོམ་བཀྲ་ཤིས་རྒྱལ་མཚན། དབྱིལ་སྟོན་དཔོན་གསས། ནམ་མཁའ་བསོད་ནམས། རྨེ་སྟོན་དྲང་སྲོང་། སྤྲུལ་སྐུ་རྐྱང་འཕགས། རྨ་སྟོན་དྲང་སྲོང་ལ་སོགས་ཀྱི་མདུན་ནས་དབང་ལུང་གདམས་པ་བྱིན་རླབས་དང་བཅས་པ་ཞུས། ཁྱད་པར་རྫོགས་ཆེན་སྙན་རྒྱུད་སྐོར་རྣམས་ལ་སྟོད་རྟོགས་ལྡན་དད་ཤེས་དང་། འཇད་ཀྱི་ཞང་སྟོན་བསོད་རིན་བཅས་ནས་ཞུས། མདོར་ན་རྒྱུད་ལྡན་བླ་མ་དུ་མའི་ཞབས་ལ་གཏུགས་ནས་དབང་ལུང་མན་ངག་རྗེས་གནང་དང་བཅས་པ་ཞུས་ཏེ་གཡས་རུ་མཁར་སྣའི་བྲག་དང་། རན་གོང་ཡོན་པོ་ལ་སོགས་སྒྲུབ་གནས་མང་པོ་ལ་ཉམས་ལེན་མཐར་ཕྱིན་མཛད་ནས་བློ་ཡི་གཡང་ལུགས་བུད་ནས་རིག་པ་ལྷང་དུ་ཐོན་ཅིང་ཉམས་རྟོགས་ཀྱི་རང་རྒྱུད་བྱུར་བུར་གཏམས། དེ་ལྟར་མཁས་བཙུན་བཟང་གསུམ་འཛོམས་པས། ལྟ་སྤྱོད་ཟུང་དུ་འབྲེལ་བའི་སྒོ་ནས་བླ་མའི་གདན་ས་བཟུང་ཞིང་། ཉན་བཤད་སྒོམ་སྒྲུབ་ལ་སོགས་བཀའ་ཡི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས་འགྲོ་དོན་རྒྱ་ཆེར་མཛད། ཐ་མ་སྐུ་ཚེ་ཡང་དགུང་གྲངས་ཞེ་དགུ་ལྕགས་སྟག་ལོ་སྟེ་སྤྱི་ལོ༡༢༩༠ལོར་འཇའ་འོད་ས་གཡོས་དང་བཅས་སྐུ་མྱ་ངན་ལས་འདས་པའོ། །ཡང་ལྕགས་སྟག༡༣༥༠ལོར་འདས་ཟེར[༥༠]། གསུང་རྩོམ་ལ། ཕྱི་ནང་གསང་གསུམ་གྱི་ཕྱག་བཞེས་གཅིག་ཏུ་བསྡུས་པ་ལག་ལེན་པོད་ཆུང་ཞིག་དང་། སྙིང་པོ་གཅིག་ཏུ་བསྡུས་པ་རིན་པོ་ཆེའི་གཟུངས། རྫོགས་ཆེན་སྙན་རྒྱུད་ལག་ལེན་དམར་ཁྲིད། དབལ་གསས་ལག་ཁྲིད། རྩ་རླུང་ཐིག་ལེའི་གདམས་པ། དྲང་དོན་དང་སྣོད་བཅུད་ཀྱི་ཡིག་སྣ། ངན་སོང་དོང་སྤྲུག་གི་བཟླས་ལུང་། ཞལ་གདམས་མགུར་འབུམ། བརྒྱུད་པའི་གསོལ་འདེབས་ལ་སོགས་མང་དུ་མཛད། ཁྱད་པར་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པ་དང་། རྒྱབ་སྐྱོར་རིན་ཆེན་གསལ་འདེབས་གཉིས་སུ་བསྒྲིགས། གསང་སྒྲུབ་ཆོག་ཁྲིགས། ཁོད་སྤུངས་བཀྲ་ཤིས། དྲན་པ་ཚེ་སྒྲུབ་ཀྱི་ཕྱག་བཞེས། ཞང་ཞུང་སྙན་རྒྱུད་ཀྱི་ལོ་རྒྱུས། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་སྔོན་འགྲོ་གསོལ་འདེབས། ཟབ་མོ་གནད་ཀྱི་གདམས་པ་དངོས་གཞི། གཞི་རང་ངོ་སྤྲད་པ་གཅེར་མཐོང་ལྟ་བའི་ཁྲིད། ལམ་ཉམས་སུ་ལེན་པ་འོད་གསལ་བསྒོམ་པའི་ཁྲིད། རྐྱེན་ལམ་དུ་སློང་བ་རྩལ་སྦྱོང་སྤྱོད་པའི་ཁྲིད། འབྲས་བུ་རང་ས་བཟུང་བ་སྐུ་གསུམ་དམར་ཐག་བཅད་པའི་ཁྲིད། ངོ་སྤྲོད་རིན་པོ་ཆེ་ཡི་གསོལ་འདེབས་རྒྱབ་བསྐྱོར་གྱི་གདམས་པ། ཕོ་སྦྱོང་མོ་སྦྱོང་ཀུན་ལ་རྒྱུགས་པའི་ཆ་ལག་སྐབས་ཀྱི་ཆོ་ག་རིན་ཆེན་ཕྲེང་བ། རྣམ་དག་པད་མ་ཡུམ་གྱི་འཕྲིན་ལས་རྒྱས་པའི་གཞུང་གི་ཆོ་ག མན་ངག་རིན་པོ་ཆེ་ཨ་ཁྲིད་ཀྱི་མཎྜལ་གསོལ་འདེབས། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་སྔོན་འགྲོ་གསོལ་འདེབས། གཡུང་དྲུངཀློང་རྒྱས་ཀྱི་སྐབས་ཆོག་རིན་ཆེན་ཕྲེང་བ་སོགས་གླེགས་བམ་བཅུ་ལྷག་ཡོད་དོ། །སློབ་མ་ལ། སྟོད་སྨད་བར་གསུམ་དུ་དགེ་བའི་བཤེས་གཉེན་དང་རྟོགས་ལྡན་གྱི་སྐྱེས་བུ་མང་དུ་བཞུགས་ཤིང་། དེའི་ནང་ནས་བསྟན་པའི་བདག་ཉིད་དུ་གྱུར་པ་གཅུང་པོ་བྲུ་ནམ་མཁའ་འོད་ཟེར་དང་། བྲུ་སྟོན་བསོད་ནམས་རྒྱལ་མཚན། རི་པ་ཤེར་བློ། བོད་སྒོམ་བསོད་གཡུང་། ཨ་ཐོག་ཡེ་རིན། མཚུངས་མེད་བསོད་བློ་སོགས་མང་པོ་བྱུང་ངོ་[༥༡]། །
བྲུ་ཤ་ནམ་མཁའ་འོད་ཟེར་གྱི་ལོ་རྒྱུས།
(༡༢༤༥_༡༣༡༨)
(༡༢༤༥_༡༣༡༨)
བྲུ་ཤ་ནམ་མཁའ་འོད་ཟེར་ལ་བྲུ་ཞ་ནམ་མཁའ་འོད་ཟེར། གཤེན་གྱི་དྲང་སྲོང་ནམ་མཁའ་འོད་ཟེར། རྟོགས་ལྡན་ནམ་མཁའ་འོད་ཟེར། རྟོགས་ལྡན་ནམ་འོད་ཡང་ཟེར། གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་བཅུ་གཅིག་པ། ལྷ་ཆེན་ནམ་མཁའ་གཡུང་དྲུང་གི་སྤྲུལ་པར་ལུང་གིས་ཟིན། ཡབ་བྲུ་ཞ་བསོད་ནམས་རྒྱལ་མཚན་དང་ཡུམ་མ་གཅིག་ཨོག་ཡོན་གཉིས་ལ་སྲས་དྲུག་གི་གཅུང་པོའི་ཚུལ་དུ་ཤིང་སྦྲུལ་ལོ་སྟེ་སྤྱི་ལོ༡༢༤༥ལོར་ཡུལ་གཡས་རུ་དབེན་ས་ཁར་སྐུ་འཁྲུངས། སྤུན་མཆེད་རྣམས་ཀྱི་ཐ་ཆུང་དེ་ཡིན[༥༢]། ཤིང་སྦྲུལ་ལོ༡༣༠༥ལོར་འཁྲུངས[༥༣]། ཆུང་ནས་ལས་འཕྲོ་སད་དེ་སྐྱེས་སྟོབས་ཤེས་རབ་ལྡན་ཞིང་། གཅེན་པོ་རྒྱལ་བ་གཡུང་དྲུང་གི་མདུན་ནས་སྲིད་པའི་མཛོད་ཕུགས་སོགས་གཞུང་ཆེན་དྲུག་ལ་ཐོས་བསམ་མཛད། དེ་ནས་གསང་སྔགས་ཕྱི་ནང་གསང་གསུམ་གྱི་དབང་བཞི་ཞུས། ཁྲོ་བོའི་རྒྱུད་ཆེན་དྲུག་གི་ཁྲིད་ལུང་དང་། དབལ་གསས་བསྙེན་སྒྲུབ་རྩ་བའི་རྒྱུད་ཀྱི་ཁྲིད། བདུད་འདུལ་གེ་ཁོད་རྒྱུད་ཆེན་ལྔའི་ལུང་རྒྱུན་སོགས་གནས། དེ་ནས་རབ་ཏུ་བྱུང་བས་མཚན་ནམ་མཁའ་འོད་ཟེར་བཏགས་ཤིང་དེ་རྗེས་བསྙེན་པར་རྫོགས། ཕྱི་ནང་གསང་བའི་བོན་སྡེ་རྣམས་ལ་སྒྲོ་འདོགས་ལེགས་པར་བཅད། གཞན་ཡང་དམ་པ་དུ་མའི་ཞབས་ལ་བསྟེན་ནས་མདོ་སྔགས་སེམས་གསུམ་སྡེ་སྣོད་རྒྱ་མཚོར་གསན་སྦྱངས་མཐའ་ཆོད་པ་མཛད། ཁྱད་པར་དུ་གནས་ལུགས་ཐེག་པ་ཆེན་པོ་ཨ་ཁྲིད་དང་། སྙན་རྒྱུད་རྫོགས་པ་ཆེན་པོ་ལ་སོགས་མན་ངག་དམར་ཁྲིད་དང་བཅས་པ་རྫོགས་པར་ཞུས། གཡས་རུ་དབེན་ས་དང་། མཁར་སྣའི་རིག་འཛིན་གསང་ཕུག་སོགས་ལ་བཞུགས་ནས་རྩེ་གཅིག་ཡེངས་མེད་ཀྱི་བཅད་རྒྱར་ཡུན་རིང་བཞུགས་ནས་ཉམས་ལེན་མཐར་ཕྱིན། རྟོགས་པ་མངོན་དུ་གྱུར། ཟག་མེད་ཀྱི་ཡེ་ཤེས་བརྙེས། ཡི་དམ་ཞལ་གཟིགས་པ་སོགས་མཆོག་ཐུན་དངོས་གྲུབ་དཔག་མེད་ཐོབ། རིག་སྟོང་འོད་གསལ་ཆེན་པོའི་དོན་རྟོགས་ཤིང་རྟོགས་ལྡན་འཁྲུལ་ཞིག་ཆེན་པོར་གྱུར་ནས་གདུལ་བྱ་སྨིན་གྲོལ་གྱི་ལམ་ལ་བཀོད། དེ་ནས་གསེར་གྱི་སྟོན་པའི་སྐུ་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན། མཁར་སྣ་རུ་གསས་ཁང་ཟོ་བོ་ཁྱུང་ལག་སོགས་སྐུ་གསུང་ཐུགས་རྟེན་མང་པོ་བཞེངས། མཐར་དགུང་ལོ་དོན་བཞི་རབ་བྱུང་ལྔ་པའི་ས་རྟ་ལོ་སྟེ་སྤྱི་ལོ༡༣༡༨ལོར་རིག་འཛིན་མཁའ་འགྲོ་ཡིས་བསུ་བ་དང་བཅས་འཇའ་འོད་ལམ་དུ་གཤེགས། རུས་མཛོད་ནག་པོ་ལས་ས་རྟ༡༣༧༨ལོར་འདས་པར་བཞེད། སྐུ་འདས་རྗེས་སྐུ་གདུང་ལོ་བརྒྱད་ཙམ་དུ་བཞུགས་ནས་གདུང་རུས་ལས་དུང་དཀར་གཡས་འཁྱིལ་གཅིག་དང་ཤ་རི་རམ་མང་དུ་བྱོན་པ་ཕྱི་རབས་དད་རྟེན་དུ་བཞག་པ་བཅས་སོ། །གསུང་རྩོམ་ལ། དྲང་དོན་འགྲེལ་བ། ཉིད་ཀྱིས་མཛད་པའི་བོན་ནི་ཉམས་ཀྱི་མགུར་འབུམ། ཐུགས་གྲོལ་གྱི་གདམས་པ་ལ་སོགས་ཡིག་ཕྲན་མང་དུ་མཛད། སློབ་མ་ལ། མཐའ་བྲལ་བསོད་ནམས་རྒྱལ་མཚན་དང་། མཚུངས་མེད་བསོད་ནམས་བློ་གྲོས། སྒོམ་པ་བསྟན་འཛིན་རྒྱལ་མཚན། དབྲ་སྟོན་རིན་ཆེན་རྒྱལ་མཚན་སོགས་སོ[༥༤]། །
མཐའ་བྲལ་བསོད་ནམས་རྒྱལ་མཚན་གྱི་ལོ་རྒྱུས།
(༡༢༦༨_༡༣༢༢)
(༡༢༦༨_༡༣༢༢)
མཐའ་བྲལ་བསོད་ནམས་རྒྱལ་མཚན་ལ་བྲུ་ཤ་བསོད་ནམས་རྒྱལ་མཚན་ཡང་ཟེར། གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་བཅུ་གཉིས་པ། ཚེ་དབང་དང་སྟོང་རྒྱུང་གི་རྣམ་སྤྲུལ་དུ་ལུང་གིས་ཟིན། ཡུལ་གཡས་རུ་དབེན་ས་ཁར་ཡབ་བྲུ་ཞ་འདུལ་བ་གཡུང་དྲུང་དང་ཡུམ་སྣ་ལུང་བཟའ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་ས་འབྲུག་ལོ་སྟེ་སྤྱི་ལོ༡༢༦༨ལོར་སྐུ་འཁྲུངས། ཡང་ས་འབྲུག༡༣༢༨ལོར་འཁྲུངས་པར་ཡང་བཞེད[༥༥]། སྐུ་མཆེད་གཉིས་ཡོད་པའི་གཅེན་པོ་ཡིན། སྐུ་འཁྲུངས་མ་ཐག་ཏུ་རྟོགས་ལྡན་ནམ་མཁའ་འོད་ཟེར་གྱི་དྲུང་དུ་གཅར། ཀ་ཁ་དང་ཡི་གེ་མ་བསླབ་པར་རང་རྡོལ་མཁྱེན། དེ་ནས་སྲིད་པའི་མཛོད་ཕུགས་དང་འདུལ་བ་རྒྱུད་དྲུག་སོགས་འདུལ་བ་མདོ་དང་། ཁམས་ཆེན་བསྡུས་པའི་རྒྱས་པ་སོགས་རྒྱས་པ་འབུམ། རྩ་རྒྱུད་གསང་བ་བསེན་ཐུབ་སོགས་གསང་སྔགས་བཅས་ཕྱི་ནང་གསང་གསུམ་གྱི་དབང་དང་ཐུགས་རྗེའི་སྐྱབས་འོག་ཏུ་བཅུག དགུང་གྲངས་བཅོ་ལྔ་བཞེས་ནས་མཉམ་མེད་རྒྱལ་བ་རིན་པོ་ཆེ་སྐུ་མཆེད་གཉིས་ཀྱིས་མཁན་སློབ་མཛད་དེ། དག་པ་དྲང་སྲོང་གི་ཁྲིམས་རྫོགས་པར་བླངས། མཚན་བསོད་ནམས་རྒྱལ་མཚན་གསོལ། གསང་སྔགས་སྤྱི་ཡི་དབང་ལུང་བུམ་པ་གང་བྱོའི་ཚུལ་དུ་ཐོབ། གཏེར་སྟོན་གཡུང་དྲུང་གླིང་པས་གཏེར་ནས་དྲངས་པའི་བོན་སྡེ་རྣམས་དང་། གཤེན་རབ་བསྟན་གཙོའི་སྐུ་ཕྱག་ཏུ་བབས། གསང་བ་ཁྲིད་དང་སྙན་རྒྱུད་དང་། ཡོངས་རྩེ་ལྷན་སྐྱེས་དམར་བྱང་དང་། རྒྱ་གར་བོན་སྐོར་ལ་སོགས་རྫོགས་ཆེན་གྱི་བོན་སྐོར་རྣམས་ལ་ཐུགས་སྦྱོང་ཕྱོགས་མེད་མཛད། གདན་སར་ལོ་བཅུ་རུ་འཆད་ཉན་རྒྱ་ཆེར་མཛད། མཁར་སྣར་བཞུགས་ནས་དབྱར་ཁྲིད་དང་དགུན་ཁྲིད་མ་ཆད་པར་མཛད་ནས་རྟོགས་ལྡན་སྒྲུབ་པ་ཉམས་ལེན་གྱི་སྡེ་རྣམས་རབ་ཏུ་འཕེལ། དེ་ནས་དགུང་གྲངས་ང་ལྔ་པ་ཆུ་ཁྱི་ལོ་སྟེ་སྤྱི་ལོ༡༣༢༢ལོར་ཁམས་ཀྱི་རྩི་ཆུ་ཁ་རུ་འཇའ་ཚོན་ཀ་བ་ཟུག་པ་སོགས་རྟགས་མཚན་ཤར་ཏེ་སྐུ་ཞི་བར་གཤེགས་སོ། །རུས་མཛོད་ནག་པོ་ལས་ཆུ་ཁྱི་༡༣༨༢ལོར་འདས་པར་བཞེད། འདས་རྗེས་སྐུ་གདུང་ལས་ཤ་རི་རམ་སོགས་རིང་སྲེལ་དུ་མར་བྱོན། གསུང་རྩོམ་ལ། མེ་ལྷ་རྒྱུན་གྱི་མངོན་རྟོགས། རིག་འཛིན་རྒྱུད་སྐོང་བྱིན་རླབས་ཆར་འབེབ་སོགས་འགའ་ཡོད། སློབ་མ་ལ། འདམ་སྟོན་ཚུལ་ཁྲིམས་འོད་ཟེར་དང༌སོག་བཙུན་སྟོན་པ་ཡེ་ཤེས་རྒྱལ་མཚན་ལ་སོགས་མང་དུ་བྱོན་ཅིང་། གདམས་པ་འདི་ཡི་རྒྱུད་པ་འཛིན་པ་ནི་མཚུངས་མེད་བསོད་ནམས་བློ་གྲོས་ལགས[༥༦]། །
བྲུ་མཚུངས་མེད་བསོད་ནམས་བློ་གྲོས་ཀྱི་ལོ་རྒྱུས།
(༡༢༧༧_༡༣༤༡)
(༡༢༧༧_༡༣༤༡)
བྲུ་མཚུངས་མེད་བསོད་ནམས་བློ་གྲོས་ལ་མཚུངས་མེད་བསོད་བློ་དང་བྲུ་བསོད་བློ་ཡང་ཟེར། གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་བཅུ་གསུམ་པ། སྟོང་རྒྱུང་ཐུགས་ཀྱི་སྤྲུལ་པ་དང་ཚེ་དབང་རིག་འཛིན་གྱི་སྤྲུལ་པར་ལུང་གིས་ཟིན། ཡུལ་གཡས་རུ་དབེན་ས་ཁར། ཡབ་བྲུ་ཞ་ནམ་མཁའ་གཡུང་དྲུང་དང་། ཡུམ་ས་སྐྱ་བཟའ་མཁའ་འགྲོ་རྒྱན་གཉིས་ཀྱི་སྲས་སུ་མེ་གླང་སྟེ་སྤྱི་ལོ༡༢༧༧ལོར་སྐུ་འཁྲུངས[༥༧]། ཡང་མེ་གླང༡༣༣༧འཁྲུངས་པར་བཞེད[༥༨]། སྐུ་མཆེད་གསུམ་འཁྲུངས་པའི་བར་པ་ཡིན། དགུང་གྲངས་དགུའི་ཐོག་མཉམ་མེད་རྒྱལ་བ་རིན་པོ་ཆེ་དང་། རྟོགས་ལྡན་ནམ་མཁའ་འོད་ཟེར་རྣམ་གཉིས་ཀྱི་དྲུང་ནས་དག་པ་དྲང་སྲོང་གི་ཁྲིམས་རྫོགས་པར་བླངས། མཚན་བསོད་ནམས་བློ་གྲོས་གསོལ། དགུང་ལོ་བཅུ་ནས་མཐའ་བྲལ་བསོད་ནམས་རྒྱལ་མཚན་ལས་སྲིད་པའི་མཛོད་ཕུགས་དང་འདུལ་བ་རྒྱུད་དྲུག་གསན། རྩ་རྒྱུད་གསང་བ་བསེན་ཐུབ་དང་ཏིང་མུར་གཡུ་རྩེ། གེ་ཁོད་རྒྱུད་ལྔ་སོགས་ཕྱི་ནང་གསང་གསུམ་གྱི་བོན་ལ་ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་བཅད། དགུང་ལོ་བཅུ་གསུམ་ལ་མཉམ་མེད་རྒྱལ་བ་རིན་པོ་ཆེ་ཞིང་ཁམས་གཞན་དུ་ཕེབས་དུས་རྟགས་དང་མཚན་མ་སྣ་ཚོགས་ཤར། བཅུ་དྲུག་དུས་སུ་ཕར་ཕྱིན་མངོན་པ་དབུ་ཚད་སོགས་སློབ་དཔོན་ས་སྐྱ་བཀའ་བཅུ་པ་ལས་བསླབས་ཤིང་སྒྲོ་འདོགས་ལེགས་པར་བཅད། ཉི་ཤུ་ལ་རྒྱལ་བའི་གདན་ས་མཐའ་ནས་སྤེལ་བའི་ཕྱིར། མདོ་ཁམས་སྨད་དུ་པོམ་ར་ལ་སོགས་གངས་རི་མཚོ་གསུམ་སོགས་ལ་རི་ཁྲོད་འགྲིམས། གནས་རི་སོ་སོ་ལ་དང་པོ་ཆོ་འཕྲུལ་ཉམས་སོད་དང་། བར་དུ་ཚོགས་ཀྱི་འཁོར་ལོ་བསྐོར། ཐ་མ་དངོས་གྲུབ་འབུལ་བ་ལ་སོགས་མདོ་ཁམས་སྨད་ཀྱི་རི་དབང་རྣམས་ཀྱིས་མཛད། དེ་ནས་མངའ་རིས་ལ་བྱོན་ཏེ་སྤྲུལ་སྐུ་གཅུང་རིན་པོ་ཆེ་དད་པ་ཤེས་རབ་དང་མཇལ། ཕྱི་ནང་གསང་བའི་དབང་ལུང་དང་ཐེག་ཆེན་གྱི་ཉམས་རྒྱུད་མ་ལུས་པ་ཞུས། གངས་རི་མཚོ་གསུམ་ལ་སོགས་གནས་ཆེན་དུ་མ་བསྐོར་ནས་ཉམས་རྟགས་དུ་མ་ཤར། ཞེ་ལྔ་བཞེས་སྐབས་དཔལ་ལྡན་མཁར་སྣར་རིན་པོ་ཆེའི་གདན་སར་ཕེབས་ནས་སྙན་རྒྱུད་རྫོགས་ཆེན་ཁྲིད་སོགས་དབྱར་ཁྲིད་དང་དགུན་ཁྲིད་མ་ཆགས་པར་མཛད། དགུང་ལོ་ཞེ་ལྔ་ནས་མཁར་སྣ་ལ་བཞུགས་ནས་བུ་སློབ་ལ་སྟོད་མངའ་རིས་ནས་སྨད་མདོ་ཁམས་ཡན། དབུས་གཙང་ལྷོ། སྤུ་བོ། དག་རྐོང་རྒྱ་འཇང་ཧོར་སོགས་ནས་ཕེབས་པ་ལ་འཆད་ཉན་མཛད། མཐར་དགུང་ལོ་རེ་ལྔ་པ་ལྕགས་སྦྲུལ་ལོ་སྟེ་སྤྱི་ལོ༡༣༤༡ལོར་མཉམ་གཞག་སྐྱིལ་ཀྲུང་ངང་སྐུ་བོན་དབྱིངས་སུ་བསྡུས། རུས་མཛོད་ནག་པོ་ལས་ལྕགས་སྦྲུལ༡༤༠༡ལོར་འདས་པར་བཞེད། འདས་རྗེས་གདུང་ལས་ཡིག་འབྲུ་ཤ་རི་རམ་མང་བྱོན། གསུང་རྩོམ་ལ། རྩ་རྒྱུད་འགྲེལ་ཆུང་དང་། མཛོད་བོན་གྱི་ཀླད་དོན་དོན་འདུས། རྣམ་དག་གི་འགྲེལ། སྟོན་པ་ཡེ་ཤེས་འཁྲུལ་མེད། གཏམ་རྒྱུད་ནོར་བུའི་ཕྲེང་བ། རྣམ་དག་འགྱུར་མེད་ཀྱི་འགྲེལ་པ། བླ་མའི་སྒྲུབ་པ་བསམ་འཕེལ་ནོར་བུ། ཚོགས་ཀྱི་འཁོར་འདས་ལེན་དུ་གསུངས་པའི་བྲོ། ཞལ་གདམས་མགུར་འབུམ་ལ་སོགས་མང་དུ་མཛད། སློབ་མ་ལ། རྒྱུད་པ་འདི་ཡི་གདན་ས་འཛིན་མཁན་རྣམ་རྒྱལ་ཀ་ར་ལ་སོགས་མང་པོ་བྱུང་ངོ[༥༩]།
བྲུ་ནམ་མཁའ་བསོད་ནམས་ཀྱི་ལོ་རྒྱུས།
(༡༢༨༢_༡༣༤༧)
(༡༢༨༢_༡༣༤༧)
བྲུ་ནམ་མཁའ་བསོད་ནམས་ལ་མཁས་གྲུབ་ནམ་མཁའ་བསོད་ནམས་ཡང་ཟེར། གཡས་རུའི་སྟོན་པ་བཅོ་བརྒྱད་ལས་བཅུ་བཞི་པ། སུམ་པ་སྦུ་ཁའི་སྤྲུལ་པར་ལུང་གིས་ཟིན། ཡབ་བྲུ་ཞ་ནམ་མཁའ་གཡུང་དྲུང་དང་། ཡུམ་ས་སྐྱ་བཟའ་མཁའ་འགྲོ་རྒྱན་གཉིས་ཀྱི་སྲས་སུ་ཆུ་རྟ་ལོ་སྟེ་སྤྱི་ལོ༡༢༨༢ལོར་སྐུ་འཁྲུངས། ཡང་ཆུ་རྟ༡༣༤༢ལོར་འཁྲུངས[༦༠]། སྐུ་མཆེད་གསུམ་འཁྲུངས་པའི་ཐ་ཆུང་དེ་ཡིན། ཆུང་ཚེ་སློབ་དཔོན་དཔལ་སྐྱེས་ཞེས་སུ་གྲགས། མཚུངས་མེད་བསོད་ནམས་བློ་གྲོས་ལས་སྲིད་པའི་མཛོད་ཕུགས་དང་འདུལ་བ་རྒྱུད་དྲུག །དབལ་གསས་བསྙེན་སྒྲུབ་རྩ་བའི་རྒྱུད་ཏིང་མུར་གཡུ་རྩེ་སོགས་གསན། བྲུ་འདུལ་བ་རྒྱལ་མཚན་དང་མཚུངས་མེད་བསོད་བློ་སྐུ་མཆེད་ཀྱི་དྲུང་དུ་རབ་ཏུ་བྱུང་བས་ཚུལ་མིང་ནམ་མཁའ་བསོད་ནམས་ཞེས་གསོལ། གཅེན་པོ་མཚུངས་མེད་བསོད་ནམས་བློ་གྲོས་ཀྱི་མདུན་ནས་གསང་སྔགས་ཕྱི་ནང་གསང་བའི་དབང་ཁྲིད་དང་། གབ་མཛོད་ས་གསུམ་གཞུང་ཁྲིད་ཕྱག་ལེན་ཕལ་ཆེ་བ་རྣམས་ཞུས་ཏེ་བླ་བྲང་ཆེན་མོར་ལོ་འཁོར་བཅུ་གསུམ་དུ་བཞུགས། མདོ་ཁམས་སྟོད་སྨད་ཀུན་ཏུ་བསྟན་དོན་གདུལ་བྱར་ཕེབས་ཏེ་གདན་སར་སྐུ་གསུང་ཐུགས་རྟེན་ཚད་མེད་བཞེངས། དེ་རྗེས་མཁར་སྣར་ལོ་ལྔའི་རིང་བཞུགས་ནས་དབྱར་ཁྲིད་དང་དགུན་ཁྲིད་ལ་སོགས་སྐལ་ལྡན་བུ་སློབ་བརྒྱ་ཕྲག་དུ་མར་བོན་གྱི་བཀའ་འཁོར་བསྐོར་ཞིང་སྨིན་གྲོལ་གྱི་ལམ་ལ་བཀོད། མཐར་དགུང་ལོ་རེ་ལྔ་བོད་ཆུ་རྟ་སྟེ་སྤྱི་ལོ༡༣༤༧ལོར་སྒྲ་འོད་དང་བཅས་དགོངས་པ་བོན་དབྱིངས་སུ་བསྡུས[༦༡]། རུས་མཛོད་ནག་པོ་ལས་མེ་ཕག༡༤༠༧ལོར་འདས་པར་བཞེད། སློབ་མ་ལ། སྐུ་དབོན་རྣམ་རྒྱལ་ཀ་ར་དང་མཁས་བཙུན་ནམ་རིན་ལ་སོགས་མང་དུ་བྱོན[༦༢]།
སྤྲུལ་སྐུ་ཚེ་དབང་རྒྱལ་མཚན་གྱི་ལོ་རྒྱུས།
(དུས་རབས་བཅུ་གསུམ་དང་བཅུ་བཞིའི་བར་ཙམ་ལ་འཁྲུངས)
(དུས་རབས་བཅུ་གསུམ་དང་བཅུ་བཞིའི་བར་ཙམ་ལ་འཁྲུངས)
སྤྲུལ་སྐུ་ཚེ་དབང་རྒྱལ་མཚན་ལ་བྲུ་ཚེ་དབང་དང་། སྤྲུལ་སྐུ་ཚེ་དབང་ཡང་ཟེར། གཡས་རུའི་སྟོན་པ་བཅོ་བརྒྱད་ལས་བཅོ་ལྔ་པ། ཡབ་ནམ་མཁའ་རྒྱལ་མཚན་ལ་སྲས་སྤྲུལ་སྐུ་ཚེ་དབང་རྒྱལ་མཚན་དང༌། མཁས་བཙུན་ནམ་མཁའ་རིན་ཆེན། ད་ར་བ། རིན་ཆེན་རྒྱལ་མཚན། ཀུན་དགའ་དང་ལྔ་བྱོན་པ་ལས་གཅེན་པོའི་ཚུལ་དུ་དུས་རབས་བཅུ་གསུམ་དང་བཅུ་བཞིའི་བར་ཙམ་ལ་འཁྲུངས། ཁུ་བོ་བྲུ་མཚུངས་མེད་བསོད་ནམས་བློ་གྲོས་དང་བྲུ་མཁས་གྲུབ་ནམ་མཁའ་བསོད་ནམས་རྣམ་གཉིས་ཀྱི་གདན་ས་འཛིན་པ་ནི་སྐུ་ཚ་རྣམ་གཉིས་ཏེ་སྤྲུལ་སྐུ་ཚེ་དབང་རྒྱལ་མཚན་དང༌། མཁས་བཙུན་ནམ་མཁའ་རིན་ཆེན་མཆེད་གཉིས་བྱོན། དམ་པ་འདིས་མཁས་གྲུབ་ནམ་མཁའ་བསོད་ནམས་ལས་སྲིད་པའི་མཛོད་ཕུགས་སོགས་འདུལ་བ་མདོ་དང་། རྩ་རྒྱུད་གསང་བ་བསེན་ཐུབ་དང་རྒྱུད་ཏིང་མུར་གཡུ་རྩེ་སོགས་གསང་བ་སྔགས། བསོད་ནམས་བློ་གྲོས་ལས་སྟོང་ཕྲག་བརྒྱ་པ་རྩ་བའི་འབུམ་སོགས་རྒྱས་པ་འབུམ་སོགས་ཀྱི་ལུང་རྒྱུན་དང་ཁྲིད་ལུང་ཞུས། ཡང་ཁུ་བོ་རིན་པོ་ཆེ་རྣམ་གཉིས་ཀྱི་མདུན་ནས་རབ་ཏུ་བྱུང་ཞིང་། ཕྱི་སོ་སོར་ཐར་པའི་སྡོམ་པ་དང་། ནང་གསང་བ་སྔགས་ཀྱི་སྡོམ་པ། གསང་བ་བྱང་ཆུབ་སེམས་ཀྱི་སྡོམ་པ་གསུམ་དང་ལྡན་ཞིང་། ཁྱད་པར་དུ་འདུལ་བའི་བསྙེན་རྫོགས་ཀྱི་སྡོམ་པ་རྫོགས་པ་ཞུས། གཞན་ཡང་བླ་མ་དེ་དག་གི་མདུན་ནས་ཚད་མ། དབུ་མ། ཕར་ཕྱིན། གབ་པ། ས་ལམ། མཛོད་སོགས་ཀྱི་གཞུང་ཆེན་ཁག་གི་བོན་སྒོ་མཐའ་དག་གསན། རིམ་བཞིན་བྲུའི་གདན་ས་དབེན་ས་ཁར་བསྟན་པ་འཛིན་སྐྱོང་དང་བཤད་སྒྲུབ་བསྟན་པའི་བྱ་བ་རླབས་ཆེན་གྲུབ་ཅིང་མཛད་འཕྲིན་མཐར་ཕྱིན་ནོ[༦༣]། །
བྲུ་ནམ་མཁའ་རིན་ཆེན་གྱི་ལོ་རྒྱུས།
(དུས་རབས་བཅུ་གསུམ་དང་བཅུ་བཞིའི་བར་ཙམ་ལ་འཁྲུངས། )
(དུས་རབས་བཅུ་གསུམ་དང་བཅུ་བཞིའི་བར་ཙམ་ལ་འཁྲུངས། )
བྲུ་ནམ་མཁའ་རིན་ཆེན་ལ་མཁས་བཙུན་ནམ་མཁའ་རིན་ཆེན། མཁས་བཙུན་ནམ་རིན། བྲུ་ནམ་རིན། བྲུ་བཙུན་ནམ་མཁའ་རིན་ཆེན། བྲུ་སྟོན་ནམ་མཁའ་རིན་ཆེན་སོགས་ཟེར། གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་བཅུ་དྲུག་པ། ཡབ་ནམ་མཁའ་རྒྱལ་མཚན་གྱི་སྲས་ལྔ་ལས་གཉིས་པ་ཚུལ་དུ་དུས་རབས་བཅུ་བཞི་པའི་དུས་འགོ་ཙམ་ལ་གཡས་རུ་དབེན་ས་ཁར་སྐུ་འཁྲུངས། ཁུ་བོ་བྲུ་མཚུངས་མེད་བསོད་ནམས་བློ་གྲོས་དང་བྲུ་མཁས་གྲུབ་ནམ་མཁའ་བསོད་ནམས་རྣམ་གཉིས་ཀྱི་གདན་ས་འཛིན་པ་ནི་སྐུ་ཚ་རྣམ་གཉིས་ཏེ་སྤྲུལ་སྐུ་ཚེ་དབང་རྒྱལ་མཚན་ལས་སྲིད་པའི་མཛོད་ཕུགས་སོགས་འདུལ་བ་མདོ་སྡེ་སྐོར་དང་། ཁམས་ཆེན་བསྡུས་པ་འབྲི་མཚམས་གཏེར་མ་སོགས་རྒྱས་པ་འབུམ་གྱི་བོན་རྣམས་གསན། རྩ་རྒྱུད་གསང་བ་བསེན་ཐུབ་དང་བདུད་འདུལ་གེ་ཁོད་རྒྱུད་སོགས་གསང་བ་སྔགས་ཀྱི་བོན་སྐོར་གསན། རྒྱལ་ཐེབ་རིན་ཆེན་རྒྱལ་མཚན་ལས་ཁུ་ཚ་ཟླ་འོད་ཀྱི་ཕུར་པའི་སྐོར་གྱི་ལུང་རྒྱུན་བཅས་ཞུས་པ་ནི་བཀའ་འགྱུར་ལུང་རྒྱུན་ཤེལ་ཕྲེང་སོགས་ལས་གསལ། མཁས་བཙུན་ནམ་མཁའ་རིན་ཆེན་མཆེད་གཉིས་བྱོན། དམ་པ་འདི་ཁུ་བོ་རིན་པོ་ཆེ་རྣམ་གཉིས་ཀྱི་མདུན་ནས་རབ་ཏུ་བྱུང་ཞིང་། སོ་བྱང་སྔགས་གསུམ་སྟེ་ཕྱི་ནང་གསང་བའི་སྡོམ་པ་ཆ་ཚང་དང་གཞན་ཡང་གབ་མཛོད་ས་གསུམ་གྱི་གཞུང་ཆེན་ཁག་གི་བོན་སྒོ་མཐའ་དག་གསན། རིམ་བཞིན་བྲུའི་གདན་ས་དབེན་ས་ཁར་བསྟན་པ་འཛིན་སྐྱོང་དང་བཤད་སྒྲུབ་བསྟན་པའི་བྱ་བ་རླབས་ཆེན་གྲུབ་ཅིང་མཛད་འཕྲིན་མཐར་ཕྱིན་ནོ། །འདས་འཁྲུངས་གསལ་བ་མ་མཐོང་། །སློབ་མ་ལ། བྲུ་ཤའི་གདུང་འཛིན་པ་གཡུང་དྲུང་། ནམ་མཁའི་མཚན་ཅན་གྱིས་རྣམ་དག་བསྟན་པ་སྤེལ་བ་གྲངས་མང་འབྱུང་ངོ[༦༤]། །
བྲུ་སྟོན་རྣམ་རྒྱལ་ཀ་རའི་ལོ་རྒྱུས།
༼དུས་རབས་བཅུ་གསུམ་པའི་ནང་དུ། ༽
༼དུས་རབས་བཅུ་གསུམ་པའི་ནང་དུ། ༽
བྲུ་སྟོན་རྣམ་རྒྱལ་ཀ་ར་ལ་མཚན་ལྡན་རྣམ་རྒྱལ་ཀ་ར་ཡང་ཟེར། གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་བཅུ་བདུན་པ། ཡབ་བྲུ་ཤ་རྒྱལ་མཚན་འོད་ཟེར་དང་ཡུམ་བོ་དོང་བཟའ་རྒྱལ་མོ་གཉིས་ཀྱི་སྲས་སུ་དུས་རབས་བཅུ་གསུམ་པའི་ནང་དུ་གཡས་རུ་དབེན་ས་ཁར་སྐུ་འཁྲུངས། འཁྲུངས་ཡུལ་བ་གོར་གནས་ཡིན་པར་དཔལ་ཚུལ་བསྟན་འབྱུང་ལས་གསུངས[༦༥]། ཆུང་ནས་བློ་རྩལ་ཆེ་ཞིང་རིག་པའི་སྟོབས་དང་ལྡན་པ། དགུང་ལོ་བཅུར་སོན་སྐབས་ཁུ་བོ་བསོད་ནམས་རྒྱལ་མཚན་དྲུང་དུ་ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་བཅད། མཁས་བཙུན་ནམ་མཁའ་རིན་ཆེན་ལས་མཛོད་སོགས་གཞུང་ཆེན་དྲུག་ལ་ཐོས་བསམ་མཛད། དེ་ནས་གསང་སྔགས་བོན་སྡེ་མང་པོ་གསན། བདག་མེད་རྣམ་གཉིས་ཀྱི་དོན་རྟོགས་ཤིང་མདོ་སྔགས་རྫོགས་གསུམ་གྱི་བོན་རྣམས་མཁྱེན་པའི་ཡེ་ཤེས་དང་། འགྲོ་བ་སེམས་ཅན་ཐམས་ཅད་བུ་གཅིག་གི་མ་ལྟ་བུའི་བརྩེ་བ་བྱང་ཆུབ་ཀྱི་སེམས་གཉིས་ཉིན་བཞིན་དུ་རྒྱས་པ་བྱུང་། དེ་ནས་སློབ་དཔོན་གསལ་བ་འོད་ལྡན་ལས་འབུམ་སོགས་ལུང་རྒྱུན་ཀུན་ཞུས། ཁྱད་པར་དུ་མཚུངས་མེད་བསོད་ནམས་བློ་གྲོས་ཀྱི་དྲུང་ནས་གནས་ལུགས་ཐེག་པ་ཆེན་པོའི་ངོ་སྤྲོད་ཀྱི་གདམས་པ་དང་། ཨ་ཁྲིད་སྙན་རྒྱུད་རྫོགས་ཆེན་ལ་སོགས་ཉམས་རྒྱུད་མན་ངག་ལག་ཁྲིད་དང་བཅས་པ་ཞུས་ནས་གཡས་རུ་མཁར་སྣ་དང་བཀྲ་ཤིས་རྩེ་བྲག་ལ་སོགས་དབེན་གནས་ལ་བཞུགས་ནས་ཉམས་ལེན་མཛད་པས། རིག་སྟོང་འོད་གསལ་ཆེན་པོའི་དོན་རྟོགས་ནས་ཐེག་ཆེན་བོན་གྱི་འཁོར་ལོ་བསྐོར་ཏེ་གདུལ་བྱ་སྨིན་གྲོལ་གྱི་ལམ་ལ་བཀོད། གདན་ས་རིན་པོ་ཆེ་ལ་ལོ་བདུན་བཟུང་ནས་དབུ་རྩེ་དཀར་པོའི་ཐོག་ཏུ་གསེར་འཕྲུ་བཀྲ་ཤིས་འོད་འབར་དང་། དབུ་རྩེ་དམར་པོའི་ནང་དུ་མཐའ་བྲལ་བསོད་ནམས་རྒྱལ་མཚན་དང་། མཚུངས་མེད་བསོད་ནམས་བློ་གྲོས་རྣམ་གཉིས་ཀྱི་ཐུགས་དགོངས་ཁྱད་པར་རྫོགས་ཕྱིར། གསེར་ཁམས་ཡིད་བཞིན་ནོར་བུ་དང་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་གསེར་ལས་གྲུབ་པ་རེ་བཞེངས། གདན་སའི་བྱ་བ་རྒྱ་ཆེན་པོར་མཛད། རྣམ་རྒྱལ་ཀ་ར་གྲོལ་བ་བཞི་དང་ལྡན་པའི་ངང་། མཐར་དགུང་གྲངས་ང་དྲུག་ཐོག་འཇའ་ཚོན་འོད་བཅས་སྐུ་མྱ་ངན་ལས་འདས་པའོ། །སློབ་མ་ལ། འཛའ་འོ་གྲོགས་ཆེན་དང་གྲོགས་ཆུང་ལ་སོགས་མང་དུ་བྱོན་ཀྱང་གདམས་པ་འདི་ཡི་བརྒྱུད་པ་འཛིན་ཐུབ་པ་མཁས་གྲུབ་རིན་ཆེན་བློ་གྲོས་དང་གཡུང་དྲུང་ཡེ་ཤེས་དག་ཡིན་ནོ[༦༦]། །
མཁས་གྲུབ་རིན་ཆེན་བློ་གྲོས་ཀྱི་ལོ་རྒྱུས།
(༡༣༤༤-༡༤༠༨)
(༡༣༤༤-༡༤༠༨)
མཁས་གྲུབ་རིན་ཆེན་བློ་གྲོས་ལ་མཁས་གྲུབ་རིན་བློ་ཡང་ཟེར། གཡས་རུའི་སྟོན་པ་བཅོ་བརྒྱད་པ། སྟོང་རྒྱུང་མཐུ་ཆེན་གྱི་སྤྲུལ་པར་ལུང་གིས་ཟིན། ཡབ་དཔོན་ཚང་ཀུན་དགའ་དང་། ཡུམ་བྲུ་ཞ་བཟའ་རྒྱན་མོ་གཉིས་ཀྱི་སྲས་སུ་ཤིང་སྤྲེལ་ལོ་སྟེ་སྤྱི་ལོ༡༣༤༤ལོར་གཡས་རུ་དབེན་ས་ཁའི་བ་གོར་ཞོལ་དུ་སྐུ་འཁྲུངས[༦༧]། ཡང་ཤིང་སྤྲེལ་༡༤༠༤ལོར་འཁྲུངས་པ་བཞེད[༦༨]། ཆུང་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་ཁྲིམས་ཞུས། མཚན་རིན་ཆེན་བློ་གྲོས་ཞེས་གསོལ། དགུང་ལོ་བཅུའི་སྟེང་སློབ་དཔོན་གསལ་བ་ཡེ་ཤེས་རྒྱལ་མཚན་མདུན་དུ་གཞུང་ཆེན་དྲུག་ལ་ཐོས་བསམ་སྦྱངས་ཤིང་སྒྲོ་འདོགས་ལེགས་པར་བཅད། དགུང་ལོ་བཅུ་དྲུག་གི་དུས་སུ་སློབ་དཔོན་གསལ་བ་ཡེ་ཤེས་ཀྱི་དྲུང་ནས་གསང་སྔགས་ཀྱི་བོན་སྡེ་ལ་ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་བཅད། ཁྱད་པར་སྤྲུལ་སྐུ་རྣམ་རྒྱལ་ཀ་རའི་དྲུང་ནས་ཕྱི་ནང་གསང་བའི་དབང་ལུང་དང་། ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པའི་ལག་ལེན་དམར་ཁྲིད་དང་བཅས་པ་རྫོགས་པར་ཞུས། ཉི་ཤུ་དུས་སུར་རོང་སྟོན་ཤེས་བྱ་ཀུན་རིག་གི་དྲུང་དུ་ཕར་ཕྱིན་མངོན་པ་དབུ་ཚད་ལས་སོགས་གསན། གཞན་སྡེ་གཞུང་ལུང་ཀུན་ལ་མཁས་པར་གྱུར། དེ་ནས་གཡས་རུ་དབེན་ས་ཁར་བྱོན་ནས་དྲིན་ཆེན་གཡུང་དྲུང་ཡེ་ཤེས་དྲུང་ནས་ཞང་ཞུང་སྙན་རྒྱུད་དང་ཞི་གཅོད་ལྷན་སྐྱེས་དམར་བྱང་ལ་སོགས་ལག་ལེན་དམར་ཁྲིད་དང་བཅས་པ་ཞུས་ནས་ཉམས་ལེན་རྒྱ་ཆེར་མཛད། མཐའ་བྲལ་དབུ་མའི་དོན་རྟོགས་ནས་དག་སྣང་གི་འཆར་ཚུལ་བསམ་གྱིས་མི་ཁྱབ་པ་བྱུང་། དེ་ནས་དབུས་གཙང་མངའ་རིས་མདོ་ཁམས་སྟོད་སྨད་ཀྱི་གནས་ཆེན་ཀུན་ལ་བྱོན་ནས་བོན་གྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བས་གདུལ་བྱ་སྨིན་གྲོལ་གྱི་ལམ་ལ་བཀོད། ཐ་མ་སྐུ་ཚེ་མཐར་ཕྱིན་ནས་དགུང་གྲངས་དྲུག་ཅུ་རྩ་བཞི་པ་ས་བྱི་སྟེ་སྤྱི་ལོ༡༤༠༨ལོར་སྐུ་མྱ་ངན་ལས་འདས་པ། ཡང་ལ་ལས་མེ་ཕག༡༤༦༧ལོར་འདས་པ་བཞེད[༦༩]། སྐུ་གཤེགས་རྗེས་གདུང་རྟེན་རྣམ་རྒྱལ་སྐུ་སོགས་བྱུང་། གསུང་རྩོམ་ལ། བཀའ་བརྟེན་སུམ་བརྒྱ་པའི་འགྲེལ། དབུ་མ་བདེན་གཉིས་ཀྱི་འགྲེལ། འདུལ་བའི་འགྲེལ། སྣོད་བཅུད་ཀྱི་འགྲེལ། རྒྱུད་དང་ཆ་ལག་ལ་སོགས་མང་དུ་མཛད། སློབ་མ་ལ། དྲང་སྲོང་རིན་ཆེན་རྒྱལ་མཚན་དང་། རྒྱལ་བ་མཉམ་མེད་ཆེན་པོ། མཁས་གྲུབ་མུ་ལ་རིན་ཆེན་སོགས་སྐལ་ལྡན་གྱི་སྐྱེས་བུ་མང་དུ་བྱོན་ནོ[༧༠]། །
མཆན།[༡] 《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས》དེབ་དང་པོ། 《གླེང་གཞི་བསྟན་པའི་བྱུང་ཁུངས》ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། བོན་གཞུང་མཐོ་ཐོག་རྩ་འགྲེལ་གྱི་ལུང་དྲངས། ཤ༣༩༢
[༢] 《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས》དེབ་དང་པོ། 《བསྟན་འབྱུང་དར་རྒྱས་གསལ་སྒྲོན》སྤ་སྟོན་རྒྱལ་བཟང་པོས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤ༢༨༥
[༣] 《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས》དེབ་བཅུ་གསུམ་པ། 《རྣམ་དག་འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ》ཉི་མ་བསྟན་འཛིན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤ༣༦༢-༣༦༤
[༤] ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས་སྟོད་ཆ། 《གཡུང་དྲུང་བོན་གྱི་བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ》མཁན་པོ་ཉི་མ་བསྟན་འཛིན་གྱིས་བརྩམས། སྤྱི་ལོ༢༠༡༦ཟླ༡༡་པ་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་གཞི་དང་པོ་པར་ཐེངས་དང་པོ་བསྐྲུན། ཤོག་ལྡེབ༡༠༥༢པ།
[༥] 《བསྟན་རྩིས་བློ་གསར་དགའ་བའི་མཛེས་རྒྱན》བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་བརྩམས། ༢༠༡༨ ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་ཐེངས་དང་པོ། ཤ༥༥
[༦] 《བསྟན་རྩིས་བློ་གསར་དགའ་བའི་མཛེས་རྒྱན》བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་བརྩམས། ༢༠༡༨ ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་ཐེངས་དང་པོ། ཤ༦༠
[༧] 《ཞང་བོད་ལོ་རྒྱུས་མ་བཅོས་གསེར་ཀྱི་ཡང་ཞུན》 ཀུན་གསལ་བློ་གྲོས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༡པར་པར་གཞི་དང་པོ་བསྒྲིགས། ཤ༧༤༡
[༨] 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས། སྤྱི་ལོ༡༩༨༥ཟླ༩པ་ལ་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་པར་གཞི་དང་པོ་པར་ཐེངས་དང་པོ་བསྐྲུན། ཤོ༢༦༣།
[༩] ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས་སྨད་ཆ། 《ཞང་བོད་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ》 ཀུན་གསལ་བློ་གྲོས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༡པར་པར་གཞི་དང་པོ་བསྒྲིགས། ཤོ༧༤༢།
[༡༠] 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༤༩༥
[༡༡] 《ཞང་བོད་ལོ་རྒྱུས་མ་བཅོས་གསེར་ཀྱི་ཡང་ཞུན》 ཀུན་གསལ་བློ་གྲོས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༡པར་པར་གཞི་དང་པོ་བསྒྲིགས། ཤ༧༤༡
[༡༢] གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་ལས་དེབ་དང་པོ། 《བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ》མཁས་གྲུབ་ལུང་རྟོགས་རྒྱ་མཚོས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤ༥༡༥-༥༡༦
[༡༣] 《ཞང་བོད་ལོ་རྒྱུས་མ་བཅོས་གསེར་ཀྱི་ཡང་ཞུན》 ཀུན་གསལ་བློ་གྲོས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༡པར་པར་གཞི་དང་པོ་བསྒྲིགས། ཤ༧༤༡
[༡༤] 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༣༥༥
[༡༥] 《བསྟན་རྩིས་བློ་གསར་དགའ་བའི་མཛེས་རྒྱན》བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་བརྩམས། ༢༠༡༨ ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་ཐེངས་དང་པོ། ཤ༦༠
[༡༦] 《ཞང་བོད་ཚིག་མཛོད་ཆེན་མོ》 དེབ་གཉིས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༠ལོའི་ཟླ༡༢པར་པར་གཞི་དང་པོ་བསྒྲིགས། ཤ༧༤༡
[༡༧] གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་ལས་དེབ་དང་པོ། 《བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ》མཁས་གྲུབ་ལུང་རྟོགས་རྒྱ་མཚོས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤ༥༡༥-༥༡༦
[༡༨] 《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ》ལས་《གཏེར་གྱི་ཁ་བྱང》སྒ་སྟོ་ཚུལ་ཁྲིམས་རྒྱལ་མཚན་གྱིས་བརྩམས། སྤྱི་ལོ༢༠༡༨ཟླ༧པ་ལ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ལྡེབ༣༠༦པ།
[༡༩] 《བསྟན་རྩིས་བློ་གསར་དགའ་བའི་མཛེས་རྒྱན》བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་བརྩམས། ༢༠༡༨ ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་ཐེངས་དང་པོ། ཤ༦༦
[༢༠] གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་ལས་དེབ་དང་པོ། 《བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ》མཁས་གྲུབ་ལུང་རྟོགས་རྒྱ་མཚོས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤ༥༡༥-༥༡༦
[༢༡] 《ཞང་བོད་ཚིག་མཛོད་ཆེན་མོ》 དེབ་གཉིས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༠ལོའི་ཟླ༡༢པར་པར་གཞི་དང་པོ་བསྒྲིགས། ཤ༧༣༢
[༢༢] 《ཞང་བོད་ཚིག་མཛོད་ཆེན་མོ》 དེབ་གཉིས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༠ལོའི་ཟླ༡༢པར་པར་གཞི་དང་པོ་བསྒྲིགས། ཤ༧༤༢
[༢༣] 《རུས་མཛོད་དེབ་ཐེར་ནག་པོ》ཞུ་འོད་ཟེར་མཐར་རྒྱས་ཀྱིས་བསྒྲིགས། ༢༠༢༠ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་ཁང་ནས་པར་ཐེངས་དང་པོ། ཤ༦༩༣
[༢༤] 《རུས་མཛོད་དེབ་ཐེར་ནག་པོ》ཞུ་འོད་ཟེར་མཐར་རྒྱས་ཀྱིས་བསྒྲིགས། ༢༠༢༠ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་ཁང་ནས་པར་ཐེངས་དང་པོ། ཤ༦༩༣
[༢༥] གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་ལས་དེབ་དང་པོ། 《བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ》མཁས་གྲུབ་ལུང་རྟོགས་རྒྱ་མཚོས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤ༥༡༦
[༢༦] 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༢༧༨
[༢༧] 《རུས་མཛོད་དེབ་ཐེར་ནག་པོ》ཞུ་འོད་ཟེར་མཐར་རྒྱས་ཀྱིས་བསྒྲིགས། ༢༠༢༠ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་ཁང་ནས་པར་ཐེངས་དང་པོ། ཤ༦༩༤
[༢༨] 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༣༥༨
[༢༩] 《ཞང་བོད་ཚིག་མཛོད་ཆེན་མོ》 དེབ་གཉིས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༠ལོའི་ཟླ༡༢པར་པར་གཞི་དང་པོ་བསྒྲིགས། ཤ༧༣༠
[༣༠] 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༣༥༨
[༣༡] 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༢༣༣
[༣༢] 《ཞང་བོད་ཚིག་མཛོད་ཆེན་མོ》 དེབ་གསུམ་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༠ལོའི་ཟླ༡༢པར་པར་གཞི་དང་པོ་བསྒྲིགས། ཤ༤༢༧
[༣༣] གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་ལས་དེབ་དང་པོ། 《བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ》མཁས་གྲུབ་ལུང་རྟོགས་རྒྱ་མཚོས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤ༥༡༦
[༣༤] 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༢༧༨
[༣༥] 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༢༣༤
[༣༦] 《བསྟན་རྩིས་བློ་གསར་དགའ་བའི་མཛེས་རྒྱན》བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་བརྩམས། ༢༠༡༨ ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་ཐེངས་དང་པོ། ཤ༨༡
[༣༧] 《རུས་མཛོད་དེབ་ཐེར་ནག་པོ》ཞུ་འོད་ཟེར་མཐར་རྒྱས་ཀྱིས་བསྒྲིགས། ༢༠༢༠ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་ཁང་ནས་པར་ཐེངས་དང་པོ། ཤ༧༤༣
[༣༨] 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༢༣༥
[༣༩] 《རུས་མཛོད་དེབ་ཐེར་ནག་པོ》ཞུ་འོད་ཟེར་མཐར་རྒྱས་ཀྱིས་བསྒྲིགས། ༢༠༢༠ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་ཁང་ནས་པར་ཐེངས་དང་པོ། ཤ༧༤༣
[༤༠] ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས་ལས། 《བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ》ཉི་མ་བསྟན་འཛིན་གྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དུ༢༠༡༦ལོའི་ཟླ ༡༡ པོར་པར་ཐེངས་དང་པོ་དཔར། ཤ༡༠༥༤
[༤༡] 《རུས་མཛོད་དེབ་ཐེར་ནག་པོ》ཞུ་འོད་ཟེར་མཐར་རྒྱས་ཀྱིས་བསྒྲིགས། ༢༠༢༠ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་ཁང་ནས་པར་ཐེངས་དང་པོ། ཤ༧༤༣
[༤༢] 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༢༣༥
[༤༣] 《ཞང་བོད་ཚིག་མཛོད་ཆེན་མོ》 དེབ་གཉིས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༠ལོའི་ཟླ༡༢པར་པར་གཞི་དང་པོ་བསྒྲིགས། ཤ༧༣༠
[༤༤] 《རུས་མཛོད་དེབ་ཐེར་ནག་པོ》ཞུ་འོད་ཟེར་མཐར་རྒྱས་ཀྱིས་བསྒྲིགས། ༢༠༢༠ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་ཁང་ནས་པར་ཐེངས་དང་པོ། ཤ༦༩༥
[༤༥] 《བསྟན་རྩིས་བློ་གསར་དགའ་བའི་མཛེས་རྒྱན》བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་བརྩམས། ༢༠༡༨ ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་ཐེངས་དང་པོ། ཤ༡༠༢
[༤༦] 《རུས་མཛོད་དེབ་ཐེར་ནག་པོ》ཞུ་འོད་ཟེར་མཐར་རྒྱས་ཀྱིས་བསྒྲིགས། ༢༠༢༠ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་ཁང་ནས་པར་ཐེངས་དང་པོ། ཤ༦༩༥
[༤༧] 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༢༧༩
[༤༨] 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༢༧༩
[༤༩] 《རུས་མཛོད་དེབ་ཐེར་ནག་པོ》ཞུ་འོད་ཟེར་མཐར་རྒྱས་ཀྱིས་བསྒྲིགས། ༢༠༢༠ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་ཁང་ནས་པར་ཐེངས་དང་པོ། ཤ༦༩༧
[༥༠] 《རུས་མཛོད་དེབ་ཐེར་ནག་པོ》ཞུ་འོད་ཟེར་མཐར་རྒྱས་ཀྱིས་བསྒྲིགས། ༢༠༢༠ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་ཁང་ནས་པར་ཐེངས་དང་པོ། ཤ༦༩༨
[༥༡] 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༢༨༠
[༥༢] 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༢༨༠
[༥༣] 《རུས་མཛོད་དེབ་ཐེར་ནག་པོ》ཞུ་འོད་ཟེར་མཐར་རྒྱས་ཀྱིས་བསྒྲིགས། ༢༠༢༠ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་ཁང་ནས་པར་ཐེངས་དང་པོ། ཤ༦༩༨
[༥༤] 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༢༨༠
[༥༥] 《རུས་མཛོད་དེབ་ཐེར་ནག་པོ》ཞུ་འོད་ཟེར་མཐར་རྒྱས་ཀྱིས་བསྒྲིགས། ༢༠༢༠ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་ཁང་ནས་པར་ཐེངས་དང་པོ། ཤ༦༩༨
[༥༦] 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༢༨༡
[༥༧] 《གནའ་བོའི་ཞང་བོད་ཚིག་མཛོད》དགེ་བཤེས་བློ་གྲོས་རབ་གསལ་གྱིས་བརྩམས། ༢༠༡༣ལོའི་ཟླ༤པའི་ཚེས ༡༨ཉིན་ཧི་མ་ཡའི་དྲྭ་རྒྱའི་སྟེང་དུ་བཀོད།
[༥༨] 《རུས་མཛོད་དེབ་ཐེར་ནག་པོ》ཞུ་འོད་ཟེར་མཐར་རྒྱས་ཀྱིས་བསྒྲིགས། ༢༠༢༠ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་ཁང་ནས་པར་ཐེངས་དང་པོ། ཤ༦༩༨
[༥༩] 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༢༨༡
[༦༠] 《རུས་མཛོད་དེབ་ཐེར་ནག་པོ》ཞུ་འོད་ཟེར་མཐར་རྒྱས་ཀྱིས་བསྒྲིགས། ༢༠༢༠ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་ཁང་ནས་པར་ཐེངས་དང་པོ། ཤ༦༩༩
[༦༡] 《ཞང་བོད་ཚིག་མཛོད་ཆེན་མོ》 དེབ་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༠ལོའི་ཟླ༡༢པར་པར་གཞི་དང་པོ་བསྒྲིགས། ཤ༣༠༥
[༦༢] 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༢༨༢
[༦༣] 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༢༨༢
[༦༤] 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༢༨༣
[༦༥] 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༢༨༣
[༦༦] 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༢༨༣
[༦༧] 《བསྟན་རྩིས་བློ་གསར་དགའ་བའི་མཛེས་རྒྱན》བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་བརྩམས། ༢༠༡༨ ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་ཐེངས་དང་པོ། ཤ༡༠༧
[༦༨] 《རུས་མཛོད་དེབ་ཐེར་ནག་པོ》ཞུ་འོད་ཟེར་མཐར་རྒྱས་ཀྱིས་བསྒྲིགས། ༢༠༢༠ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་ཁང་ནས་པར་ཐེངས་དང་པོ། ཤ༧༠༠
[༦༩] 《རུས་མཛོད་དེབ་ཐེར་ནག་པོ》ཞུ་འོད་ཟེར་མཐར་རྒྱས་ཀྱིས་བསྒྲིགས། ༢༠༢༠ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་ཁང་ནས་པར་ཐེངས་དང་པོ། ཤ༧༠༠
[༧༠] 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༢༨༣