ལོ་ངམ་རྟ་རྫིའི་སྟོབས་ཤུགས་དང་མངའ་ཐང་གི་སྐོར་ལ་ཅུང་ཟད་དཔྱད་པ།

[ཟླ་ཚེས། 2021-02-09 10:29:42][རྩོམ་པ་པོ། སྡེ་དགེ་དངོས་གྲུབ་ཕྲིན་ལས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

[གནད་བསྡུས།]  དཔྱད་བརྗོད་འདིར་བོད་ཀྱི་རྒྱལ་རབས་བརྒྱད་པ་གྲི་གུམ་བཙན་པོའི་སྐུ་བཀྲོང་མཁན་ལོ་ངམ་རྟ་རྫིའི་སྟོབས་ཤུགས་དང་དེའི་དཔའ་བརྟུལ་གྱིས་གྲི་གུམ་ཇི་ལྟར་བཀྲོངས་པའི་ཚུལ་དང་། རྗེས་སུ་བོད་བཙན་པའི་རྒྱལ་ས་ཇི་ཙམ་བཟུང་བའི་སྐོར། མཐར་ཁྲག་གི་བུ་རུ་ལས་སྐྱེས་ཀྱིས་ལོ་ངམ་ཕ་བུ་དམག་མི་སྟོང་དང་བཅས་པ་བསད་ཅིང་མེས་པོ་གྲི་གུམ་བཙན་པོའི་རྒྱལ་སྲིད་དང་མངའ་ཐང་གཅེན་པོ་སྤུ་ལྡེ་གུང་རྒྱལ་གྱི་ཕྱག་ཏུ་ཇི་ལྟར་ཕུལ་བའི་སྐོར་ཅུང་གསལ་བཤད་བྱས་ཡོད།
[གནད་ཚིག]  རྒྱལ་པོ། བཙན་པོ། ལོ་ངམ།  བློན་པོ། རྟ་རྫི། འབངས། སྟོབས་ཤུགས། མངའ་ཐང་།
   དེ་ཡང་མཁས་དབང་དཔའ་བརྟུལ་ལགས་ཀྱིས“ལོ་ཟླ་རིམ་བགྲོད་ཀྱི་བྱུང་བ་ཁག་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་རིམ་པ་བཞིན་བྲིས་པའི་གླེགས་བམ་ལ་ལོས་རྒྱུས་ཟེར”ཞེས་གསུངས་པ་ལྟར་འདས་མ་ད་གསུམ་གྱི་བྱུང་རབས་གང་ཞིག་ཡིན་རུང་རྩ་བའི་ལྟ་བའམ་ཁ་ཕྱོགས་ཆོས་ལུགས་དང་གྲུབ་མཐའ་སོགས། རང་གཞན་ཆགས་སྡང་དབང་གིས་ཡ་ཡོ་དང་ཟུར་འཆུག་ཏུ་མ་སོང་པར་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་བསམ་བློ་དྲང་པོ་དང་། དཔྱད་པ་གཏིང་ཟབ་ཀྱི་སྒོ་ནས་རྩོམ་འབྲི་དགོས་པ་གཞིར་བྱས། འདིར་ཡང་བོད་རྒྱལ་གྲི་གུམ་བཙན་པོས་བོན་བསྣུབས་རྟིང་དུ་རྗེ་ཉིད་ཀྱི་སྐུ་ཚེ་ལ་བར་ཆོད་རྩོམ་མཁན་ལོ་ངམ་གྱི་སྐོར་ཅུང་ཤེས་རྟོགས་བྱེད་པར་ལོ་རྒྱུས་རྒྱས་པ་དཀོན་སྟབས་ཁོང་ཉིད་ཀྱི་འཁྲུངས་ལོ་དང་སྟངས་དབྱལ་གྱི་སྐོར་ནི་ད་ལྟའི་ཆར་ཤིན་ཏུ་ལྐོག་གྱུར་གྱི་གནས་སུ་གྱར་མོད། འོན་ཀྱང་སྔོན་བྱུང་གི་ལོ་རྒྱུས་ཁག་ལས་ཆེས་ཞལ་གསལ་པོ་དང་གཅིག་གྱུར་ཞིག་ཡོད་པ་གྲི་གུམ་བཙན་པོ་བཀྲོང་མཁན་ལོ་ངམ་ཡིན་ཞིང་དེ་ལ་འབངས་དང་། རྟ་རྫི། གྲི་རྒྱལ། བློན་པོ་ལོ་ངམ་ཞེས་ལས་སྣེའི་མིང་གི་ཁྱད་པར་འགའ་ཙམ་བྱུང་ཡོད། དེའི་སྐོར་ལ་དེང་གི་ཆར་གླེང་སློང་གནང་མཁན་མཁས་དབང་ནམ་མཁའི་ནོར་བུ་དང་། ཆབ་མདོ་ཤེས་རབ། དོན་འགྲུབ་ལྷ་རྒྱལ་སོགས་ཉུང་ཤས་བྱུང་ཡོད་འདུག་ཀྱང་ཆེད་དུ་དེའི་སྐོར་ལ་དཔྱད་བརྗོད་དང་། ཞིབ་འཇུག་ཆེད་རྩོམ་སོགས་ཕལ་ཆེར་བྱུང་མེད་པ་འདྲ་སྙམ། གང་ལྟར་ཡང་གནམ་གྱི་ཁྲི་བདུན་དང་། ལྷག་ཏུ་གྲི་གུམ་བཙན་པོའི་སྐུ་ཚེའི་སྟོད་ཡས་མར་སྐབས་སུ་བོན་སྲིད་མཉམ་འབྲེལ་ཐོག་སྤུ་རྒྱལ་བཙན་པོའི་སྟོབས་ཤུགས་དང་མངའ་ཐང་ཤིན་ཏུ་དར་རྒྱས་སུ་བྱུང་ཞིང་། སྐུ་ཚེའི་སྨད་ཙམ་དུ་དགོངས་གཞི་དགོས་པ་མང་དག་གིས་བོན་གཤེན་གྱི་དབུ་འཕང་ཅུང་རྒུད་དུ་བཅུག་པ་ལས་རྒྱལ་སྲིད་ལ་ཕམ་ཉེས་གང་ཡང་བྱུང་མེད་ཀྱང་སྐབས་དེར་རྒྱལ་ཕྲན་ལོ་ངམ་གྱིས་བཙན་པོའི་སྐུ་བཀྲོངས། རྒྱལ་སྲས་མཐའ་རུ་སྤྱུགས། བཙུན་མོ་གཡོག་ཏུ་བཀོལ། སྲས་མོ་ཁབ་ཏུ་བཞེས་པ་སོགས་མདོར་ན་སྟོབས་ཆེན་སྤུ་རྒྱལ་བཙན་པོའི་རྒྱལ་འབངས་འཁོར་དང་བཅས་པ་ཐལ་བའི་རྡུལ་དུ་བརླགས་ནས་རྒྱལ་ས་འཕྲོག་ཅིང་བདག་གིར་བྱས་པ་སོགས་བསམ་ཡུལ་ལས་འདས་པའི་སྟོབས་ཤུགས་ལ་ཞིབ་པར་བསམ་ན་ལོ་ངམ་ནི་སྤྱི་བཏང་གི་མི་ཞིག་མིན་པའང་ཤེས་ཐུབ། དེར་བརྟེན་ལ་ཤས་ཀྱི་རྒྱལ་པོས་བོན་བསྣུབ་པའི་ལེ་ལན་དུ་བློན་པོ་ལོ་ངམ་དང་བོན་གཤེན་མཉམ་འབྲེལ་གྱིས་བཙན་པོའི་སྐུ་བཀྲོངས་པ་སྨྲ་བར་འདུག་རུང་འོག་ནས་རིམ་བཞིན་གླེང་བར་བྱའོ། །
གཅིག མིང་གི་ཁྱད་པར་མི་འདྲ་བ་བྱུང་ཚུལ་གྱི་སྐོར།
   སྤྱིར་མིང་ལ་བྱ་བ་དང་། ས་གནས། ལས་རིགས། རུས་རྒྱུད་སོགས་ཀྱི་ཁྱད་པར་འདོགས་ཚུལ་ཡོད་པ་བཞིན། རྩ་བའི་ལོ་ངམ་ཞེས་པར་འགྱུར་ལྡོག་ཕྱིན་མེད་རུང་མིང་གི་ཁྱད་པར་གྲི་རྒྱལ་དང་། འབངས། བློན་པོ། རྟ་རྫི། རྗེ་ཞེས་མི་འདྲ་བ་འགའ་བྱུང་ཡོད་པར«ཏུན་ཧོང་གཏེར་ཡིག»ལས། “ལོ་ངམ་རྟ་རྫིས་ཀྱང་མྱི་ཕོད་ཅེས་གསོལ་པ་ལས་མ་གནས་སྟེ།” ཞེས་དང་། «རྦ་བཞེད»ལས། “འབངས་ལོ་མང་རྟ་རྫིས་གྲི་གུཾ་བཙན་པོ་བསད།” ཅེས་དང་། «གྲི་བཤད»ཀྱི་ལུང«དར་རྒྱས་གསལ་སྒྲོན»དུ་དྲངས་པ། “གྲི་བདུད་ཧ་ལའི་སྤྲུལ་པ་ནི། །གྲི་རྒྱལ་ལོ་ངམ་རྟ་རྫི་དེ། །”ཞེས་དང་། «ཞང་བོད་ལོ་རྒྱུས་ཏི་སེ་འོད»ལས། “ལོ་ངམ་ནི་བོད་ཀྱི་རྒྱལ་ཕྲན་ཞིག་ཡིན་ལ། རྒྱལ་པོའི་ཐ་སྙད་ཡོད་པ་དང་། དུས་དེར་རྒྱལ་པོའི་ཟླར་འོས་པའི་རྒྱལ་ཕྲན་ཆེ་གྲས་ཞིག་ཡིན་པའང་གསར་བར་བསྟན་པ་ཡིན། ཏྲི་རྒྱལ་ལོ་ངམ་ཞེས་པའི་ཐ་སྙད་འདི་གང་ནས་བྱུང་བའི་ཁུངས་ནི་དར་རྒྱས་གསལ་སྒྲོན་དུ་བོན་གྱི་གཞུང་གྲི་བཤད་ཀྱི་ལུང་དྲངས་པ་ཐོབ་[660ཤ་83ན་ 6]ལས་ཏྲི་རྒྱལ་ངོ་ངམ་རྟ་རྫི་དེས། གདུག་པའི་གྲི་མདའ་ལྟོང་ནག་ནི། དཔྲ་བའི་དབྱེས་སུ་བརྒྱབས་ཏེ་བསད། ཅེས་གསལ་བ་ཡིན།” ཞེས་གསུངས་འདུག་ཀྱང་ཁོང་གིས་མཇལ་བའི་གྲི་བཤད་ཀྱི་ལུང་དར་རྒྱལ་གསལ་སྒྲོན་དུ་དྲངས་པ་དེར་གྲི་ལ་ཏྲིར་ཡིག་ནོར་དུ་སོང་ཞིང་ཁོང་གིས་ཀྱང་ཡིག་ནོར་ལྟར་འགྲེལ་བརྗོད་མཛད་པ་མིན་ནམ་སྙམ། གྲི་བཤད་ཅེས་པའི་གཞུང་དེ་ད་ལྟར་དངོས་སུ་བཞུགས་ཡོད་མེད་མ་ངེས་རུང་ད་ལན་ཁོ་བོས་དར་རྒྱས་གསལ་སྒྲོན་དཔེ་ཁུངས་མི་འདྲ་བ་ལྔ་ཙམ་མཇལ་བས་གྲི་རྒྱལ་ལོ་ངམ་རང་འདུག་སྟབས་དེ་བཞིན་ངེས་པར་སེམས། དེ་ལྟར་གྲི་རྒྱལ་ལོ་ངམ་ཞེས་པ་ཡང་གྲི་གུམ་བཙན་པོས་བོན་བསྣུབས་རྗེས་བོན་འབངས་རྣམས་ཞེ་བརྣགས་ནས་ཡོད་སྐབས། ལོ་ངམ་གྱིས་གྲི་མདའ་བརྒྱབ་ནས་བསད་པ་དང་ཆེད་བསྟོད་དམ་འཁོན་ལན་གྱིས་གསོལ་བའི་མིང་ཞིག་ཡིན་པ་འདྲ་སྙམ། སྤྱིར་འབངས་ཞེས་པའི་སྒྲ་འཇུག་ས་མང་སྟེ། དཔེར་ན། རྒྱལ་འབངས་ཞེས་པ་ལྟ་བུའི་སྐབས་རྒྱལ་འོག་གི་བློན་པོ་དང་འཁོར་ཡོ་ལ་གོ་བ་དང་།  རྗེ་བློན་འབངས་གསུམ་ཞེས་པའི་སྐབས་འབངས་ཞེས་པ་མི་དམངས་ཕལ་ལ་གོ་བ་སོགས་སྐབས་ཐོབ་ཀྱི་འཇུག་པ་མང་རུང་ཁོང་ཉིད་སྤུ་རྒྱལ་བཙན་པོའི་མངའ་འབངས་ཡིན་པས་འབངས་ལོ་ངམ་ཞེས་པ་དང་། སྐབས་དེར་བོད་བཙན་པོའི་བློན་པོའི་གོ་ས་ཡོད་པས་བློན་པོ་ལོ་ངམ་བརྗོད་ཀྱིན་ཡོད་པ་འདྲ། རྟ་རྫི་ལོ་ངམ་ཞེས་པར་ལོ་རྒྱུས་ཀྱི་ཡིག་ཚང་ལས་དམིགས་བསལ་བཤད་པ་མ་གསལ་ཡང་ལོ་ན་གཞོན་སྐབས་རྒྱལ་པོ་ཚང་གི་རྟ་རྫིར་བྱས་ནས་ཐོགས་པ་ཞིག་ཡིན་ཡང་སྲིད། མ་གཞི་སྲིད་ཐོག་ནས་གོ་གནས་ཤིག་རག་པར་རྒྱལ་པོ་ཚང་དང་ངེས་པར་དུ་འབྲེལ་བ་ཡོད་དགོས་པས། ཁོང་ཉིད་ཀྱང་ཐོག་མར་རྒྱལ་པོ་ཚང་གི་རྟ་རྫིར་གནང་ཞིང་དེ་ནས་རིམ་པས་བོད་བཙན་པོའི་བློན་པོར་གྱུར་པ་ཡིན་ནམ་སྙམ།  གཞན་ཡང་ལོ་ངམ་ནི་གཙང་ལྷོ་བྲག་རྒྱལ་ཕྲན་གྱི་རྗེ་བོ་ཡིན་ཏེ། «ཏུན་ཧོང་ཡིག་རྙིང»ལས«ཆབ་མདོའི་ཡིག་ཚང་རིན་ཆེན་སྤུངས་པ»རུ་ལུང་དྲངས་པ། “རྒྱལ་པྲན་ཡུལ་ཡུལ་ན། མཁར་བུ་རེ་རེ་ན་གསལ་སྟེ། རྒྱལ་པྲན་བགྱིད་པ་དང་། རྒྱལ་པྲན་གྱྀ་བློན་པོ་བགྱིད་པ་འྀ་རབ་ལ།” ཞེས་པ་ནས། “ཡུལ་མྱང་རོ་འི་ཤམ་པོ་ན། རྗེ་ལོ་ངམ་བྱི་བྲོམ་ཚ། བློན་པོ་ངབ་མྱི་དང་འབྲེ་གཉིས།” ཞེས་གསལ་བ་ལྟར་དམག་མི་སྟོང་ལྷག་གི་རྒྱལ་པོ་ཡང་ཡིན་ནོ། །
གཉིས། གྲི་གུམ་བཀྲོང་ཚུལ་གྱི་སྐོར།
   དེའང་གྲི་གུམ་བཙན་པོས་བོན་བསྣུབས་ཅིང་གཤེན་པོ་རྣམས་མཐའ་རུ་སྤྱུགས་པའི་ལོ་ཚིགས་ཀྱང་ངེས་གཏན་མེད་པར«སངས་རྒྱས་ཀྱི་བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ»ལས། “(སྔོན867) མེ་བུག་གཟུགས་༡༩༣ཕྲིས་བྲལ་བ་ཞེས། མེ་བྱར་སྔོན་གྱི་སྲིན་པོའི་འཕྲོ། ཐེལ་རྒྱལ་གྲི་གུམ་བཙད་པོ་ཡིས། དམོད་ངན་དབང་གིས་བསྟན་བསྣུབས་སྐབས། ཟབ་གཏེར་སུམ་བརྒྱ་དྲུག་ཅུ་སྦས། ༼༢༦༤༤༽ (སྔོན683) མེས་༣ཕྲིས་ལྕགས་བྱིར་ཐེལ་རྒྱལ་ཡང་ལོ་ངམ་གྱིས་གྲི་མདས་བསྒྲལ།” ཞེས་སོགས་གསལ་བ་ལྟར་སྤྱི་ལོའི་སྔོན་༼༦༨༣༽མེ་བྱ་སྟེ་གྲི་གུམ་བཙན་པོ་དགུང་ལོ་སོ་གཅིག་ཐོག་བོན་གཤེན་གང་བསྣུབས་པ་དང་མཐར་སྤྱུགས་པར་འདོད་པའི་བྱ་བ་ཡོངས་སུ་གྲུབ། དེ་ནས་ལོ་གསུམ་གྱི་མཚམས་སྔོན་ལོ་༼༦༨༠༽ལྕགས་བྱི་དགུང་ལོ་སོ་བཞིའི་ཐོག་ལོ་ངམ་གྱིས་བཀྲོངས་པར་སེམས། «རྩ་རྒྱུད་ཉི་ཟེར་སྒྲོན་མ»ལས། “གྲི་གུམ་དགུང་ལོ་ཉེར་བདུན་ཡན་ལ་གཡུང་དྲུང་གི་བོན་ལ་སྤྱད། དེ་ནས་བསྟན་པ་སྣུབས་རྗེས་ལོ་བདུན་ནས་ལོ་ངམ་གྱི་བཀྲོངས།” ཞེས་གསུངས་པ་དགུང་ལོ་ཉེར་བརྒྱད་ལ་བོན་བསྣུབས་པར་འགོ་བརྩམས་ཤིང་རྗེས་ལོ་བདུན་ཏེ་དགུང་ལོ་སུམ་ཅུ་རྩ་བཞིའི་ཐོག་ལོ་ངམ་གྱིས་བཀྲོངས་པར་ཡིན་ནམ་སྙམ། གལ་ཏེ་སྤྱི་ལོའི་སྔོན་༼༦༨༣༽མེ་བྱ་ལོར་དགུང་ལོ་ཉེར་བདུན་ཡིན་ན་སྤྱིའི་ལོའི་སྔོན་༼༦༨༠༽ལྕགས་བྱི་ལོར་དགུང་ལོ་སུམ་ཅུ་ཡིན་ཞིང་ལོ་དེར་བཀྲོངས་པ་ཡིག་ཚང་གང་ལས་མ་གསལ་བའི་ཕྱིར། ད་དུང་ཡང«ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མེ»ལས། “ལོ་ངམ་གྱི་དགུང་ལོ་སུམ་ཅུ་རྩ་དྲུག་གི་སྟེང་དུ་དྲི་རུ་བཀུམ།”ཞེས་དང་། «བསྒྲགས་པ་གླིང་གྲགས»ལས། “དེ་ཡང་རྒྱལ་པོ་དེའི་ཚེ་སྟོད་ལ་གསས་ཁང་ས་ལེ་བྱེ་ཚང་བཞེངས། གཡུང་དྲུང་བོན་ཁོ་ནར་སྤྱོད་དོ། ཚེ་སྨད་ལ་བོན་བསྣུབ་པས། བསྣུབས་མ་ཐག་ཏུ་ཡང་རྒྱལ་པོ་ལོ་སུམ་ཅུ་རྩ་དྲུག་ནས་གྲི་ཁར་འདས་སོ། །” ཞེས་གསལ་བ་སོགས་དཔྱད་རྒྱུ་མང་ངོ་། །གང་ལྟར་སྐབས་དེར་སྟོབས་འབྱོར་དང་མཐུ་རྩལ་ཆེ་བའི་བོན་གཤེན་རྣམས་ཉམ་དམས་སུ་བཏང་ཟིན་ཙང་སྔར་རྒྱལ་སྲིད་བོན་གྱིས་འཁྱེར་བའི་ཐུགས་ཁྲལ་དང་། དོགས་པ་ཡོངས་སུ་སེལ་ཞིང་རྒྱལ་པོ་ཞེ་རྔམ་དང་ང་རྒྱལ་གྱིས་སྨྱོས་ནས་ཡོད་པའི་སྐབས་དེར་རྒྱལ་པོ་དང་ལོ་ངམ་གཉིས་ཀྱི་བར་འཐབ་རྩོད་ཀྱི་འགོ་འཛུག་དེ་ནས་བྱས་པ་ཡིན། «གཡུང་དྲུང་བོན་གྲུབ་མཐའ་སྤྱི་བཤད»ལས། “དེ་ནས་བོན་རྣམས་ཕམ་པར་ནད་མ་ཐེག་པར་གཤེན་རྣམས་དང་དེར་རྒྱབ་སྐྱོར་གནང་མཁན་བོན་བློན་རྣམས་ཡུན་རིང་གྲོས་བཤམས་ཏེ་མཐར་གྲི་གུམ་བཙན་པོ་དགུང་བཞི་བཅུར་སླེབས་སྐབས་བོན་བློན་གྱི་ངན་བསྐུལ་འོག་ལྷོ་བྲག་གི་རྒྱལ་པོ་ལོ་ངམ་གྱིས་དམག་སྣེ་འཁྲིད་དེ་བཙན་པོ་དང་འཐད་དུས་བྱས།” ཅེས་གསལ་ཡང་གལ་ཏེ་ལོ་ངམ་བོན་བློན་གྱིས་བློ་བསྒྱུར་ཐུབ་མཁན་ཞིག་དང་། གྲི་གུམ་གྱིས་བོན་བསྣུབས་པའི་ལན་དུ་གྲི་ཁར་བཀྲོངས་པ་ཡིན་ན་ཁོས་ལོ་བཅུ་གསུམ་ཙམ་ལ་རྒྱལ་སྲིད་བཟུང་བས་སྐབས་དེར་བོན་བསྟན་ཉམས་གསོ་མི་བྱེད་སྲིད་ཀྱི་མ་རེད་སྙམ། དེ་ལྟར་ལོ་ངམ་གྱིས་རྒྱལ་པོ་ལ་མ་དགའ་བའི་ཚུལ་བསྟན་ཙང་རྒྱལ་པོ་ཐུགས་མ་བདེ་ནས། ལོ་ངམ་མེད་པར་བྱེད་འདོད་ཀྱིས་བཀའ་ཕབ་སྟེ། «རྫོགས་ཆེན་ཡོངས་རྩེའི་འགྲེལ»ལས། “བོན་བསྣུབས་ཚར་ནས། རྒྱལ་བློན་རྣམས་སྐུ་དལ་གྱིས་བྲོ་གླུ་བྱེད་ཅིང་ཡོད་སར། བར་སྣང་དུ་མི་དཀར་པོ་འཇིགས་སུ་རུང་བ་ཞིག་བྱུང་ནས། ཁྱེད་རྒྱལ་བློན་རྣམས་ད་ལྟ་དགའ་སྐྱིད་འཛོམས་ནས་སྣང་སྟེ། སྲོག་རྩ་གཉན་པོ་མྱུར་དུ་ཆད་ཀྱིས་ཟེར་ནས་མི་སྣང་ངོ་། །དེར་བོན་གྱི་བཀའ་ཆད་ཀྱིས་རྒྱལ་པོའི་ཐུགས་སུ་གདོན་ཞུགས་ནས། འབངས་ལོ་ངམ་རྟ་རྫི་ལ་འཕྲིན་བརྫངས་ཏེ།” ཞེས་དང་། «དར་རྒྱས་གསལ་སྒྲོན»ལས། “རྒྱལ་པོ་གྲི་རུམ་གྱི་བོན་བསྣུབས་པའི་ཞེ་རྔམ་སྐྱེས་ནས། ལྷོ་བྲག་ལོ་ངམ་རྟ་རྫི་ལ་འཕྲིན་བརྫངས་སྟེ། ང་དང་མཉམ་པའི་བོན་པོ་ནི་སྤྱུགས། ད་ང་ལ་འཐབ་ཟླ་མེད་པས། ཁྱོད་ཀྱིས་འཐབ་ཟླ་བྱེད་དགོས་གསུངས་པས། ལོ་ངམ་ན་རེ། ཁྱེད་སྤྱི་ཕུད་ཀྱི་རྒྱལ་པོ་ཆེན་པོ་ཡིན། བདག་རྒྱལ་ཕྲན་བཅུ་གཉིས་ཀྱི་ཡུ་བ་ཡིན། རྒྱལ་འབངས་འཁྲུངས་པ་ག་ལ་འོས། རྗེའི་འཐབ་ཟླ་མི་འོང་བས། བཀའ་དེ་མི་གསུངས་བར་ཞུ་བྱས་པས། རྒྱལ་པོ་ན་རེ། ང་དང་མཉམ་པའི་བོན་གཤེན་རྣམས་ནི་མཐའ་རུ་སྤྱུགས། ད་ང་ལ་འཐབ་ཟླ་འོས་མི་རྟ་ཧྲགས་པ་ཁྱེད་ལས་མེད་པས། དམག་དང་བཅས་ནས་མི་འོང་ན་རྐེ་ལ་ཆབ་གསོལ་ཟེར་རོ། །”ཞེས་དང་། «ལེགས་བཤད་མཛོད»ལས། “དེར་ལོ་ངམ་བློ་སེམས་མ་བདེ་བར་ཡོད་ཙ་ན། དོ་ནུབ་རྨི་ལམ་དུ་བོན་གྱི་བཀའ་སྲུང་སྐྱེས་ཕྲན་ཆས་བཟང་ཞིག་ཏུ་སྤྲུལ་པ་ཞིག་ན་རེ། ལོ་ངམ་ཁྱོད་སྐྲག་མི་དགོས་རྒྱལ་པོ་བོན་གྱི་དབུ་ཡོག་གིས། མ་བདུད་ཀྱིས་སྙིང་དཀྲུག་ནས་ཡོད་ཀྱི། ཁྱོད་ཀྱི་སྟོབས་ཀྱིས་མི་ཐུབ་ཀྱང་ལྷ་དབྱེའི་རྫས་འདི་རྣམས་བྱས་ཤིང་འཐབ་ན་ཐུབ་པས། རྒྱལ་པོ་ལ་འདི་སྐད་སྨྲོས་ཤིག ད་ཅི་ནས་ཀྱང་ཐུགས་དགྱེས་ན་རྗེའི་འཐབ་ཟླ་བདག་གིས་མི་འོང་མོད། ཀུ་རེའི་ཚུལ་དུ་རོལ་མོ་ཞིག་འབུལ་བ་ལགས་པས། ཟླ་བ་ཕྱི་མའི་ཉ་ལ་རྒྱལ་རྟ་ཕུམ་དམར་ལ་ཆིབས་ལ་བྱོན། སྤྲེལ་དང་བྱི་ལ་སྔ་ཤད་དང་ཕྱི་ཤད་ལ་ཐོགས། དཔྲལ་བར་དངུལ་དཀར་གྱི་མེ་ལོང་གིས་བརྒྱན། རལ་གྲི་དམུ་ཚ་ཀླད་ལ་བསྐོར་ཞིང་། བ་དམར་གླང་དམར་བརྒྱ་ལ་ཐལ་སྒྲོ་མདུང་རྩེ་སྲིན་མོ་རྐང་བཙུག་པ་རེ་ཁོལ་བྱོན། དེ་རྣམས་ཕྱོགས་ཐུབ་ཀྱི་རྫས་ལགས་སོ། །དེ་ལྟར་མ་བྱས་ན་བདག་ཅག་ཡོད་པའི་ས་ཕྱོགས་ཀྱི་ལྷ་འདྲེ་རྣམས་ཡ་ང་རུ་འཐུར་བས། རྗེའི་སྐུ་ཚེ་ལ་གནོད་པ་གང་ནས་འོང་མ་ངེས་ལགས་པས། དེ་ལྟར་མཛད་པར་ཞུ་ཟེར་བ་ཅེས་སྨྲོས་ཤིག་ཟེར་རོ། །ལོ་ངམ་གྱིས་ཀྱང་དེ་ལྟར་སྨྲས་པས། རྒྱལ་པོ་དགྱེས་ཏེ། ལོ་ངམ་སྙིང་བཟང་ཐོས་པ་ཆེ་བས་དེ་ལྟར་བྱའོ་གསུངས། ལོ་ངམ་གྱི་དམག་དང་བཅས་ནས་འོང་བར་འཐབ་དུས་བགོས་སོ། །” ཞེས་དང་། དེའི་ཚེའི་ལོ་ངམ་གྱིས་རྒྱལ་པོ་ལ་གསེར་ཡིག་བཏང་སྟེ། ཞེས་པ་ནས། ཐལ་གསེབ་ལ་མེ་ལོང་གསལ་བ་ལ་གཏད་ནས་མདའ་བརྒྱབ་སྟེ་བསད་དོ། །ཞེས་གསལ་བ་ལྟར་སྐབས་དེར་རྒྱལ་པོའི་སེམས་ལ་ལོ་ངམ་གསོད་པའི་བློ་ཡོད་ཀྱང་ལོ་ངམ་གྱིས་ཐབས་མཁས་པའི་ཐོག་ནས་འཐབ་ཟླ་རང་དུ་ཁས་མ་བླངས་ཤིང་ཀུ་རེའི་ཚུལ་དུ་རོལ་མོ་འབུལ་ཞིང་ཐུགས་གཉེས་པའི་ཕྱིར་རྩལ་འགྲན་པར་ཞུས་ནས་ཉང་རོ་ཐལ་བ་ཚལ་དུ་དུས་བཏབ། འོ་སྐོལ་གཉིས་ལ་རྗེ་འབངས་ཀྱི་ཁྱད་འདུག་པས། སྔོན་དུ་ངས་ཁྱེད་རང་བསུ་བ་ཞུ་ཞེས་སོགས་གཡོ་ཐབས་ཀྱིས་རོལ་མོས་བསུ་བ་བྱས་པས་བ་དམར་གླང་རྣམས་འགྲོགས། ཐལ་སྒྲོ་རྣམས་མདུང་རྩེས་ཕུག་སྟེ་ཐལ་རླུང་གི་གསེབ་ནས་མེ་ལོང་གསལ་བར་ལོ་ངམ་གྱིས་མདའ་བརྒྱབ་ནས་བསད་དོ། །གོང་གི་ལྷ་དབྱེའི་རྫས་སོགས་ཆས་དེ་ལྟར་དགོས་ཞེས་པར་ཡང«རྫོགས་ཆེན་ཡོངས་རྩེའི་འགྲེལ»ལས། “ལོ་ངམ་གྱིས་ཀྱང་འཕྲིན་དེ་ལྟར་བརྫངས་པས། རྒྱལ་པོས་ཀྱང་ལོ་ངམ་གྱི་ཟེར་བ་ལྟར་བྱས་ནས་འོང་།” ཞེས་དང་། «ལྡེའུ་ཆོས་འབྱུང»ལས། “ཉན་སྣ་གསང་ལོ་ངམ་གྱིས་ཅི་ཟེར་ཉན་དུ་བཏང་པས། ཉན་པ་ལོ་ངམ་གྱིས་ཚོར་ནས། ལོག་པར་སྨྲས་ཏེ། གཞན་ངས་ཅི་བྱས་ཀྱང་ཐུབ་འོང་སྟེ། ཞེས་པ་ནས། ཉན་སྣ་གསང་གིས་གྲི་གུམ་ལ་དེ་སྐད་བཟླས་སོ། །”ཞེས་གསལ། གྲི་གུམ་དང་ལོ་ངམ་བར་འགལ་ཟླའི་འགོ་འཛུག་བྱས་ཚུལ་གཞན་ཞིག་ནི«ཏུན་ཧུང་གཏེར་ཡིག»ལས། “དྲི་གུམ་བཙན་པོ་སྐུ་ཆུང་བའི་ཚེ་མཚན་ཇིར་གདགས་ཤེས། མ་མ་གྲོ་ཞ་མ་སྐྱི་བརླིང་མ་ལ་དྲྀས་ན།” ཞེས་པ་ནས། “བཙན་པོ་དྲི་གུམ་ལྡེ་བླ་གུང་རྒྱལ་གྱིས་གནས་དུ་དྲངས་ན། ལོ་ངམ་གྱྀསས་མཆན་ནས་སྟེའུ་བྱུང་བས། ལྡེ་བླ་གུང་རྒྱལ་ནི་ཏི་ཙེ་གངས་རུམ་དུ་འཕང་སྟེ་གཤེགས་སོ། །བཙན་པོ་དྲི་གུམ་ཡང་དེ་རུ་བཀྲོངས་ནས། སྤུར་ཟངས་བརྒྱའ་ཁ་སྤྲོད་གྱི་ནང་དུ་བཅུག་སྟེ་རྩ་ཆུརའི་གཞུང་དུ་བཏང་ངོ་། །”ཞེས་པ་དང་། «ཉང་ཆོས་འབྱུང»ལས། ཁ་ཆེའི་རྒྱལ་པོ་ལ་དམག་དྲངས་གཡུལ་སྤྲད་དེ། བོད་མདག་རྒྱལ་ནས་ཚུར་ལོག་པ་དང་། བོད་ཀྱི་དཔའ་བོས་གཞུ་ཀ་བ་ཙམ་ལ་མདའ་ཕྱམ་ཙམ་འཕངས་པས་ཤིང་སྡོང་ལ་མདའ་ཕིགས་འདུག་ནས། མདའ་དེ་མཐོང་བ།” ཞེས་དང་། “དེ་དག་གང་ཡིན་བརྟག་པའི་དོན་དུ་རྒྱལ་པོའི་དྲུང་དུ་སྙན་ཕྲ་བྱས་པས་འབངས་ལོ་ངམ་གྱིས་ཆད་པ་བྱུང་གིས་དོགས་ནས། རྩལ་འགྲན་པར་འདོད་ན་སུ་ཡོང་བ་དེ་མ་ཧེ་ལ། སོལ་ཕྱེ་ཁོལ་ལོ་བྱོན།” ཞེས་པ་དེ་རེད། གཞན་སྡེའི་ཆོས་འབྱུང་ཕལ་ཆེར་ནས་ཀྱང་འདི་བཞིན་འབྱུང་གི་ཡོད་པ་འདྲ།
གསུམ། ཁོང་གིས་རྒྱལ་ས་བཟུང་ཚུལ་གྱི་སྐོར།
   དེ་ལྟར་གྲི་གུམ་བཀྲོངས་ནས«དར་རྒྱས་གསལ་སྒྲོན»ལས། “སྤུར་ས་ལ་ལུས་པ་དེ། ལོ་ངམ་གྱིས་ཟངས་ཁ་སྤྲོད་དུ་བཅུག་སྟེ། འདའ་ལེ་ཟམ་ཁ་ནས་ཉང་ཆུ་ལ་བསྐྱུར་རོ་། །སྲས་སྤུ་ལྡེ་དང་ཧ་ཁྲི་གཉིས། དྭགས་རྐོང་གཉིས་སུ་སྤྱུགས། བློན་པོ་དྲག་པ་བསད། ཞན་པ་སྤྱུགས། བཙུན་མོ་ལ་ལུག་རྫི་བྱེད་དུ་བཅུག སྲམ་མོ་ལྷ་ལྕམ་མ་ཁབ་ཏུ་བླངས་ནས། རྒྱལ་ས་ལོ་བཅུ་གསུམ་ཁོས་བཟུང་ངོ་། །”ཞེས་པ་ལྟར་གྲི་གུམ་བཙན་པོའི་སྟོབས་འབྱོར་དང་མངའ་ཐང་ཀུན་དབང་དུ་བསྡུས་ཏེ། རྒྱལ་ས་ལོ་བཅུ་གསུམ་འབངས་ལོ་ངམ་གྱིས་བཟུང་པ་ཡིན།  «རྒྱལ་རབས་བོན་འབྱུང་གནས»ལས། “ལོ་ངམ་གྱིས་ལོ་གསུམ་རྒྱལ་ས་བཟུང་།” ཞེས་གསལ་ཡང་ལོ་ངམ་བཀྲོང་མཁན་བློན་པོ་རུ་སྐྱེས་ཡིན་པ་ལོས་རྒྱུས་ཀུན་ལས་ཞལ་མཐུན་གྱིས་གསལ་ཞིང་། བློན་པོ་རུ་ལས་སྐྱེས་ནི། ལོ་ངམ་གྱིས་རྒྱལ་བཟུང་བའི་ཕྱི་ལོར་འཁྲུངས་པ་ཡིན་ཞིང་དེ་ལྟར་ཕྲུ་གུ་ལོ་གཉིས་གསུམ་ཅན་ཞིག་གིས་གྲི་རྒྱལ་ལོ་ངམ་བཀྲོང་མི་ཐུབ་པར་སུས་ཀྱང་ཤེས་པའི་ཕྱིར་རོ། །གཞན་ཡང«ཆབ་མདོའི་ཡིག་ཚང་རིན་ཆེན་སྤུངས་པ»ལས། “དེང་ལོ་རྒྱུས་སྨྲ་བ་ཁ་ཅིག་གིས་རྟ་རྫི་ལོ་ངམ་བོད་བཙན་པོའི་རྒྱལ་ཐོག་དགུ་པར་འཇོག་རིགས་ཟེར། དེ་ཡང་ཕྱོགས་གཅིག་ནས་བལྟས་ན་མི་བདེན་རྒྱུ་མེད་དེ། ལོ་ངམ་གྱིས་བོད་བཙན་པོའི་རྒྱལ་ཐོག་བརྒྱད་པ་གྲི་གུམ་བཙན་བཀྲོངས་རྗེས་སྲས་རྣམས་ཀོང་ཡུལ་ཕྱོགས་སུ་སྤྱུགས་ཏེ། བཙན་པོའི་རྟ་རྫི་ལ་བཏང་བ་སོགས་སྐབས་དེའི་བོད་ཀྱི་དབང་ཆ་ཡོངས་རྫོགས་ལོ་ངམ་གྱིས་བཟུང་བ་འདྲ་ཞིག་ཡོད་མོད། ཕྱོགས་གཅིག་ནས་བལྟས་ན་ལོ་ངམ་གྱིས་བཙན་པོ་བཀྲོངས་རྗེས་རང་ཡུལ་མྱང་རོ་ཤམ་པོར་ཕྱིར་ལོག་ནས་བསྡད་པ་ལས། གྲི་གུམ་བཙན་པོའི་ཁྲི་ལ་བསྡད་ནས་རང་ཉིད་བཙན་པོ་ཡིན་པར་རང་གིས་ཁ་མ་བླངས་པ་དང་གཞན་དྲིལ་བསྒྲགས་པ་སོགས་བྱས་རབས་མ་བྱུང་ཞིང་།” ཞེས་གསུངས་ཀྱང་། མཁས་དབང་ནམ་མཁའི་ནོར་བུ་ལགས་ཀྱིས་བརྩམས་གནང་བའི«ཞང་བོད་ལོ་རྒྱུས་ཏི་སེ»ལས། “དར་རྒྱས་ཀྱི་གཞུང་འདི་ནི་ཏྲི་རྒྱལ་ལོ་ངམ་བོད་ཀྱི་རྒྱལ་རབས་ཀྱི་གྲངས་སུ་རྩིས་གནང་མཁན་གྱི་རྒྱལ་རབས་ཉག་ཅིག་པ་སྟེ། དེ་ལས་གཞན་པའི་བན་བོན་གྱི་རྒྱལ་རབས་གང་ཞིག་ཏུའང་ཏྲི་རྒྱལ་ལོ་ངམ་རྒྱལ་རབས་ཀྱི་གྲངས་སུ་བཞག་པ་རྩ་བ་ནས་མཐོང་མ་མྱོང་། དངོས་དོན་གྱི་དབང་དུ་བྱས་ན། རྒྱལ་རབས་ཞེས་པ་དེ་ནི་སྟོབས་དང་ལྡན་པའི་སྐྱེ་བོ་སུའང་རུང་བ་ཞིག་གིས་རྒྱལ་ཁམས་གང་ཡང་རུང་བ་ཞིག་ལ་མངའ་དབང་རྫོགས་པར་བསྒྱུར་ཅིང་མངའ་བདག་གི་གོ་གནས་ཆ་ཚར་བར་འཛིན་མཁན་དེ་འདྲ་བའི་རིགས་ལ་རྒྱལ་པོའམ་བཙན་པོ་ཞེས་ཐ་སྙད་འདི་བྱུང་ཡོད་པ་ཡིན་སྟབས། ཏྲི་རྒྱལ་ལོ་ངམ་གྱིས་བོད་ཀྱི་རྒྱལ་སྲིད་ལོ་གྲངས་བཅུ་གསུམ་གྱི་བར་དུ་བསྐྱངས་མྱོང་བ་ལ། ད་དུང་བོད་ཡུལ་གྱི་རྒྱལ་པོའི་རབས་སུ་མི་འཇོག་པ་དེས་ནི”ཞེས་པ་དང་། གོང་གི«ཡོངས་རྩེའི་འགྲེལ»དང་། «བསྒྲགས་པ་གླེང་གྲགས» «ལེགས་བཤད་མཛོད»སོགས་ཡོ་ནས་ལོ་ངམ་གྱིས་རྒྱལ་ས་བཟུང་བར་གསལ་བས་དེ་ལྟར་འདོད་དོ། །འོན་ཀྱང་ལོ་རྒྱུས་ཕལ་མོ་ཆེའི་ནང་ལོ་ངམ་བོད་ཀྱི་རྒྱལ་པོའི་རབས་སུ་མི་བགྲང་བར་འདི་ལྟར་ཏེ་སྔར་གནམ་གྱི་ཁྲི་བདུན་ནས་ཕ་རྒྱལ་པོའི་བུ་རྒྱལ་པོར་བསྐོས་པ་ལས་གཞན་བློ་གསལ་རིག་གྲུང་ཅན་གང་ཞིག་ཡིན་ཡང་རྒྱལ་པོར་འཇོག་པའི་སྲོལ་མེད་པས་ལོ་ངམ་རྟ་རྫི་རྒྱལ་རབས་སུ་མ་བགྲང་བར་ཡིན་ནམ་སྙམ།
བཞི། སླར་ཡང་ལོ་ངམ་བཀྲོང་ཚུལ་གྱི་སྐོར།
   དེ་ཡང་རུ་ལས་སྐྱེས་ནི«བསྟན་འབྱུང་ཤེལ་གྱི་རྒྱང་མཐོང»ལས། “གྲི་གུམ་བསད་པའི་ཕྱི་ལོ་ལྕགས་གླང་ལ། བཙུན་མོ་དཔལ་ཟ་ཁྲི་བཙུན་གྱིས་མྱ་ངམ་དང་བཅས་ཏེ་ལུག་འཚོ་སྐབས། གཉིད་དུ་སོང་བའ་རྨི་ལམ་དུ་སྐྱེས་ཕྲན་ཡིད་དུ་འོང་བ་ཞིག་དང་འཕྲད་ནས་བཟའ་ཟླ་བཤོས་པ་རྨིས། སད་པ་ན་སྔས་སུ་གཡག་དཀར་བོ་ཞིག་ཉལ་ནས་ཡོད། ལོ་དེར་བཙུན་མོ་མངལ་ཆགས། བཙས་ན་པ་ཁྲག་ཤ་ལག་མགོ་ཙམ་ཞིག་ཡིན། མོས་ངོ་ཚ་ནས་ཕ་མེད་པ་འདི་ཅི་འདྲ་སྙམ་ནས། གཡག་རུ་ཞིག་ནང་དུ་བཞག་ནས་མ་སྒྱེད་ཀྱི་ཐབ་རྩར་དྲོད་ལ་བཅར། དེ་ནས་སྐྱེ་གཟུགས་ལེགས་ཤིང་ཕོ་སྒོ་བཟང་པའི་བྱིས་པ་དེ་ལ་མིང་ཁྲག་གི་བུ་རུ་ལས་སྐྱེས་བཏགས།” ཞེས་པ་ལྟར་ལོ་ངམ་གྱིས་གྲི་གུམ་བཀྲོངས་པའི་ཕྱི་ལོར་བཙུན་མོ་དབལ་བཟའ་ཁྲི་བཙུན་ལ་རུ་ལས་སྐྱེས་འཁྲུངས་ཤིང་ལོ་བཅུ་གཉིས་ལོན་པ་དང་སྔར་གྱིས་ལོ་རྒྱུས་རྣམས་མས་རུ་ལས་སྐྱེས་ལ་ཞིབ་པར་བཤད་ཅིང་། གཅེན་སྤུ་ལྡེ་གུང་རྒྱལ་ཡང་ད་ལྟ་རྐོང་ཡུལ་དུ་བྲོས་ནས་ཡོད་ཚུལ་སོགས་བཟླས། དེ་ནས་རུ་ལས་སྐྱེས་ཀྱིས་གཅེན་པོ་རྐོང་ཡུལ་ནས་སྤྱན་དྲངས། བྱིང་བ་སྟག་རྩེར་རྒྱལ་སར་བཏོན། དབུས་ཀྱི་འབངས་རྣམས་དབང་དུ་བསྡུས། རུ་ལས་སྐྱེས་ཀྱི་མིང་ལ་རྒྱལ་པོ་ཁྲི་སྨོན་བཟུང་བྱ་བ་བཏགས་ནས་རྒྱལ་ཕྲན་བྱས། དེ་ནས་རུ་ལས་སྐྱེས་ནི་ཆུང་ནས་ཤེས་རིག་རྣོ་ཞིང་། བསམ་བློ་གྲུང་བའི་མི་ཞིག་ཡིན་པས་ཐབས་ཇུས་སྣ་ཚོགས་ཀྱི་སྒོ་ནས་གཙང་དུ་དམག་དྲངས་པས་གཙང་གི་འབངས་རྣམས་ཀྱིས་ཀྱང་ངེད་ཀྱི་རྗེ་བོ་བྱོན་ཟེར་ནས་དམག་སྣ་ནང་དུ་དྲངས་ཏེ། ཤམ་པོ་རྩེ་ནས་ཕབ། ལོ་ངམ་ཕ་བརྒྱ་བུ་སྟོང་གྲི་རུ་བསད་དོ། །«ལྡེའུ་ཆོས་འབྱུང»ལས། “དེ་ནས་ངར་ལ་སྐྱེས་ཀྱིས་ལོང་ངམ་རྟ་རྫི་ལ། ཤ་ཁྱི་དཀར་མོ་ལ་སྤུ་རྩར་དུག་བྱུག་ནས་དཀོར་ཕུལ་བས། ལོང་ངམ་གྱིས་བྱིལ་བྱས་པས། ཁོའི་ལག་པ་ཧྲེངས་ནས་འཁོར་རྣམས་དེར་འདུས་ཀྱི་བར་དུ། ངར་ལ་སྐྱེས་ཀྱིས་མྱང་རོ་ཤམ་པོ་མཁར་གྱི་ཕ་རོལ་ན་རྒོད་ཚང་ཡོད་པ་ལ་སྙད་བཏགས་ནས་བྱ་རྒོད་ཀྱི་གསོབ་ཏུ་ཞུགས་ཏེ་བསད། ལོང་ངམ་ཕོ་བརྒྱ་སླ་ང་བྲང་ལ་སྦུབས་ཏེ་བསད། ལོང་ངམ་མོ་བརྒྱ་ཟང་རུ་མགོ་ལ་སྦུབས་ཏེ་བསད།”ཅེས་གསུངས་པ་ཡང་བདེན་པར་འདུག་སྟེ། སྐབས་དེར་ལོ་ངམ་ནི«གཡུང་དྲུང་བོན་གྱི་གྲུབ་མཐའ་སྤྱི་བཤད»ལས། “ལོ་ངམ་ཕ་བུ་དང་དམག་མི་སྟོང་དང་བཅས་པ་བསད་ནས་དགྲ་ཤ་བླངས”ཞེས་པ་ལྟར་དམག་མི་སྟོང་གི་བདག་པོ་དང་སྔར་གྲི་གུམ་བཀྲོངས་པའི་ལེ་ལན་གྱི་དོགས་པ་ཡོད་སྲིད་པས་ལས་སླ་མོས་སོད་པ་ཞིག་ག་ལ་ཡིན། དེས་ན་རུ་ལས་སྐྱེས་ཀྱིས་ཐབས་འཕྲུལ་འོག་ཤ་ཁྱིའི་སྤུ་རྩར་དུག་བཀུས་ནས་རྒྱལ་པོར་ཕུལ། དེར་རེག་པ་དང་རྒྱལ་པོའི་ལག་པ་ཧྲེངས་ཅིང་བློན་འབངས་རྣམས་དེར་འདུས་པ་དང་། རྒོད་ཚང་དཀྲུག་ཅིང་དེའི་བར་ནས་ལོ་ངམ་བཀྲོངས་པ་ཡིན་ཡང་སྲིད། གང་ལྟར་ཡང་རུ་ལས་སྐྱེས་ཀྱིས་སྤྱི་ལོའི་སྔོན༼༦༦༨༽ལོར་ལོ་ངམ་བཀྲོངས་ཅིང་སྔར་གྲི་གུམ་གྱི་རྒྱལ་སྲིད་མངའ་ཐང་བཅས་པ་སླར་ཡང་གཅེན་པོ་སྤུ་ལྡེ་གུང་རྒྱལ་གྱི་ལག་ཏུ་སྤྲད་པ་རེད། དེ་ནས་སྤུ་ལྡེས་ཡབ་ཀྱི་པུར་བཙལ་ཞིང་ཡར་ལུང་གི་དྲང་མོ་དྲང་ཆུང་གི་གཡའ་ལ་བང་སོ་བཏབ། ཐོག་མར་རྒྱལ་གྱི་བང་སོ་ས་ལ་ཟུག་པ་ཡང་དེའོ། །དེ་ནས་སྤུ་ལྡེས་སྟོང་རྒྱུང་སོགས་བོན་གཤེན་རྣམས་སྤྱན་དྲངས་ཤིང་སྔར་གནམ་ཁྲི་བདུན་གྱི་སྐབས་བཞིན་རྒྱལ་གཤེན་བསྟན་པ་མཉམ་ཆགས་མཉམ་གནས་སུ་བསྐྱངས་པ་ལགས་སོ། །

དཔྱད་གཞིའི་ཡིག་ཆ།

«ཏུན་ཧོང་གཏེར་ཡིག» བོད་ཀྱི་བཙན་པོ་རིམ་བྱུང་གི་ལོ་རྒྱུས། འཕྲུལ་དེབ། ཤོག་ངོས 2ན་གསལ།
«རྦ་བཞེད» དབལ་གསལ་སྣང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2012ལོར། ཤོག་ངོས277ན་གསལ།
«བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མ»  སྤ་སྟོན་བསྟན་རྒྱལ་བཟང་པོ། གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་། དེབ་དང་པོ། ཤོག་ངོས295ན་གསལ།
«ཞང་བོད་ལོ་རྒྱུས་ཏི་སེ་འོད» ནམ་མཁའི་ནོར་བུ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༥ལོར། ཤོག་ངོས259ན་གསལ།
«ཆབ་མདོའི་ཡིག་ཚང་རིན་ཆེན་སྤུངས་པ» ཆབ་མདོ་ཤེས་རབ། འཕྲུལ་དེབ། ཤོག་ངོས209ན་གསལ།
«སངས་རྒྱས་ཀྱི་བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ»ཀུན་མཁྱེན་ཉི་མ་བསྟན་འཛིན། གཙོ་སྒྲིག་པ། དགེ་རྩེའི་ཀུན་ཁྱབ། 2018ལོར། ཤོག་ངོས18ན་གསལ།
«རྩ་རྒྱུད་ཉི་ཟེར་སྒྲོན་མ»བྲ་བོ་སྒོམ་ཉག གློག་རྡུལ་འཕྲུལ་དེབ། 2013ལོར། ཤོག་ངོས94ན་གསལ།
«ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མེ» སྐྱབས་སྟོན་རིན་ཆེན་འོད་ཟེར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2018ལོར། ཤོག་ངོས66ན་གསལ།
«གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་གླིང་གྲགས» བླ་ཆེན་དྲན་པ་ནམ་མཁའ། གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་། དེབ་དང་པོ། ཤོག་ངོས113ན་གསལ།
«གཡུང་དྲུང་བོན་གྲུབ་མཐའ་སྤྱི་བཤད» དོན་གྲུབ་ལྷ་རྒྱལ། བོད་ལྔོངས་མི་དམངས་དཔེ་སྐྲུན་ཁང་། 2013ལོར། ཤོག་ངོས26ན་གསལ།
«རྫོགས་ཆེན་ཡོངས་རྩེའི་འགྲེལ»སྐྱབས་སྟོན་རིན་ཆེན་འོད་ཟེར། གནའ་དེང་རིག་གནས་འགྲེམ་སྤེལ་ཚོགས་པ་ནས། ཤོག་ངོས68ན་གསལ།
«བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མ» སྤ་སྟོན་བསྟན་རྒྱལ་བཟང་པོ། གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་། དེབ་དང་པོ། ཤོག་ངོས294ན་གསལ།
«ལེགས་བཤད་མཛོད་དཔྱོད་ལྡན་དགའ་བའི་ཆར» ཤར་རྫ་བཀྲ་ཤིས་རྒྱལ་མཚན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2011ལོར། ཤོག་ངོས200ན་གསལ།
«རྫོགས་ཆེན་ཡོངས་རྩེའི་འགྲེལ»སྐྱབས་སྟོན་རིན་ཆེན་འོད་ཟེར། གནའ་དེང་རིག་གནས་འགྲེམ་སྤེལ་ཚོགས་པ་ནས། ཤོག་ངོས69ན་གསལ།
«མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ» མཁས་པ་ལྡེའུ། བོད་ལྔོངས་བོད་ཡིད་དཔེ་རྙིང་དཔེ་སྐྲུན་ཁང་། 2012ལོར། ཤོག་ངོས232ན་གསལ།
«ཏུན་ཧོང་གཏེར་ཡིག» བོད་ཀྱི་བཙན་པོ་རིམ་བྱུང་གི་ལོ་རྒྱུས། འཕྲུལ་དེབ། ཤོག་ངོས 1ན་གསལ།
«ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད» ཉང་ཉི་མ་འོད་ཟེར། བོད་ལྔོངས་བོད་ཡིད་དཔེ་རྙིང་དཔེ་སྐྲུན་ཁང་། 2012ལོར། ཤོག་ངོས233ན་གསལ།
«བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མ» སྤ་སྟོན་བསྟན་རྒྱལ་བཟང་པོ། གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་། དེབ་དང་པོ། ཤོག་ངོས296ན་གསལ།
«རྒྱལ་རབས་བོན་འབྱུང་གནས» ཁྱུང་པོ་བློ་གྲོས་རྒྱལ་མཚན། ཤོག་ངོས77ན་གསལ།
«ཆབ་མདོའི་ཡིག་ཚང་རིན་ཆེན་སྤུངས་པ» ཆབ་མདོ་ཤེས་རབ། འཕྲུལ་དེབ། ཤོག་ངོས232ན་གསལ།
 
«ཞང་བོད་ལོ་རྒྱུས་ཏི་སེ་འོད» ནམ་མཁའི་ནོར་བུ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015ལོར། ཤོག་ངོས235ན་གསལ།
«བསྟན་འབྱུང་ཤེལ་གྱི་རྒྱང་མཐོང»བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། ཞང་བོད་ཤེར་རིག་ཞིབ་འཇུག་དར་སྤེལ་ལྟེ་གནས། 2014ལོར། ཤོག་ངོས271ན་གསལ།
  «མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ» མཁས་པ་ལྡེའུ། བོད་ལྔོངས་བོད་ཡིད་དཔེ་རྙིང་དཔེ་སྐྲུན་ཁང་། 2012ལོར། ཤོག་ངོས235ན་གསལ།
«གཡུང་དྲུང་བོན་གྲུབ་མཐའ་སྤྱི་བཤད» དོན་གྲུབ་ལྷ་རྒྱལ། བོད་ལྔོངས་མི་དམངས་དཔེ་སྐྲུན་ཁང་། 2013ལོར། ཤོག་ངོས27ན་གསལ།
 
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།