ངམ་སྟག་ར་ཀླུ་གོང་གི་ལོ་རྒྱུས་ཉུང་ངུ་དང་དེའི་བང་སོར་དཔྱད་པ།

[ཟླ་ཚེས། 2021-01-15 23:45:16][རྩོམ་པ་པོ། གཙང་ཚ་བསམ་གཏན་འགྱུར་མེད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

           
ནང་དོན་གནད་བསྡུས ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་དཔལ་ལྡིང་གྲོང་ཚོ་འམ་ཚལ་པ་ཀྲིའི་ལུང་པའི་མི་ཆུང་སྒང་གྲོང་ཚོར་ཡོད་ པའི་ས་གྲུ་བཞི་འདི་ངམ་སྟག་ར་ཀླུ་གོང་གི་བང་སོ་ཡིན་པའི་སྐོར་ལ་རྒྱུ་མཚན་རོབ་ཙམ་ཞུ་བ་ལ། མི་སྣའི་ལོ་རྒྱུས་དང་། ཡུལ་ལུང་གང་དུ་ཡོད་པར་དཔྱད་པ། བང་སོ་བཞེངས་པའི་དགོས་པ། འཐོར་ཞིག་ཏུ་སོང་ཚུལ། མ་འོངས་ཀྱི་རེ་བ་བཅས་ལྔ་ཡི་སྒོ་ནས་འགོད་པ་ལགས་སོ།
བརྡ་ཆད་གཙོ་བོ སྟག་ར་ཀླུ་གོང་། བང་སོ། རྡོ་རིང་། ས་གྲུ་བཞི།
   དང་པོ། དེ་ཡང་ཡོངས་གྲགས་སུ་ཁོང་གི་མཚན་ལ་ངམ་སྟག་ར་ཀླུ་གོང་ཞེས་འབོད་ཀྱང་། འདིའི་མཚན་ལ་ཡི་གེ་འབྲི་སྲོལ་ མང་དུ་བྱུང་འདུག་སྟེ། ངན་ལམ་སྟག་ར་གླུ་གོང་དང་། བློན་ཏ་ར་ཀླུ་གོང་། ངམ་སྟག་སྒྲ་ཀླུ་གོང་། བློན་སྟག་སྒྲ། ངན་ལམ་ཀླུ་ཁོང་། མ་ཁྲུང་གཡིང་སོགས་ཡོད། ཁོང་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་ཡབ་སྲས་སྐབས་སུ་འཕན་ཡུལ་ངན་ལམ་ཞེས་པའི་རུས་བརྒྱུད་དུ་ཡབ་ཀྱི་མཚན་ལ་ངན་ལམ་ཟླ་གོང་ཟེར་ཞིང་ཧ་ལམ་སྤྱི་ལོ་༧༢༠ཡར་མར་ཙམ་ལ་འཁྲུངས། རྒྱ་བོད་ཆོས་བོན་ལོ་རྒྱུས་ཡིག་རྙིང་དུ་མར་འཁོད་པའི་མི་སྣ་གྲགས་ཅན་ཞིག་ཡིན།
   གཉིས་པ། ལུང་པ་འདིའི་མིང་ལ་དེང་སྐབས་ཀྲི་ཞེས་འབོད་ཀྱང་ཡིག་རྙིང་རྣམས་སུ་ངན་ལམ་སྲི་ཞེས་བྲིས་ཡོད་ལ། ལུང་པ་འདི་བསམ་ཡས་ནས་སྐྱིད་ཤོད་ལྷ་སར་འགྲོ་སའི་ལམ་ཁག་འགའ་ཡོད་པའི་ནང་གི་གཅིག་རེད། ལུང་པ་འདི་ནི་བོད་བཙན་པོའི་  སྐབས་ཀྱི་ངན་ལམ་སྟོང་སྡེའི་ཁུལ་ཡིན། དར་རྒྱས་གསལ་སྒྲོན་ལས་ལྷོ་བལ་གྱི་ཨ་ཙ་ར་མི་གསུམ་གྱི་བྲག་དམར་བསམ་ཡས ་གསེར་མང་པོ་ཡོད་པ་ཐོས། བསམ་ཡས་སུ་ཡོང་ན་ནུབ་མོ་བསྐོར་བ་བྱས་པས། དཀོར་གཉེར་ན་རེ། ཁྱོད་ལྷོ་བལ་གྱི་མི་དད་པ་ཅན་འདུག་པས་མོས་གུས་གྱིས་གསུངས་ནས་སྒོ་བཅད་ནས་སོང་། དེར་སྒྲོ་བ་ཞིག་ལ་ཁྲོ་ཆུས་རྒྱས་བཏབ་པ་ཞིག་འདུག་ནས། བཏེག་པས་ལྕིད་ཆེ་སྟེ། འདི་ནས་གསེར་ཡོད་སྙམ་ནས་ཁྱེར་ནས་བྲོས་སོ། ནུབ་མོ་ཕྱིན་ཅིང་ཉིན་མོ་ནགས་གསེབ་ཏུ་སྡད། དེ་ནས་ངན་ལམ་གྱི་ལུང་པ་སྲི་བྱ་བར་སླེབས་ཏེ། ཁྲོ་ཆུ་ཁོལ་མའི་རྒྱ་བཅག་ནས་སྒྲོ་བ་ཁ་ཕྱེས་པས་(1)ཞེས་དང་། སྟག་སྒྲ་ཀླུ་གོང་གི་བང་སོའི་རྡོ་རིང་སྐོར་གླེང་བ། ཞེས་པའི་མཆན་ཆུང་ལས་ཀྲི་ཞེས་པའི་ཡུལ་འདི་ལ་སྲི་ཞེས་འབོད་པར་གསལ་ཏེ། རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོའི་དཀར་ཆབ་གདོག་གོ་བྱ་བའི་དབུ་མེད་བྲིས་མའི་དཔེ་རྙིང་ལྡེབ་༡༡༢ན་སྲིའི་རྡོ་རིང་ཞེས་གསལ་བ་དང་རྒྱ་བོད་ཡིག་ཚངས་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་ཞེས་བྱ་བའི་དབུ་ཅན་སྤར་མའི་ལྡེབ་༡༤༡ནང་ལའང་སྲིའི་རྡོ་རིང་ཞེས་གསལ་ཡོད་པས་ཤེས་ཐུབ་ལ་ཕྱིས་སུ་དབུས་གཙང་སོགས་ས་ཆ་མང་པོ་ཞིག་གི་ཕལ་སྐད་དུ་སྲ་ལ་ཀྲ་དང་སྲོག་ལ་ཀྲོག་ཞེས་པའི་སྒྲ་ཐོན་པས་ན་སྲི་ཞེས་པའི་སྒྲ་ཀྲི་ལ་འགྱུར་བ་ཡིན་ནོ། (2)ཞེས་བྲིས་ནས་གསལ་བཤད་གནང་འདུག 
   གསུམ་པ། དུས་རབས་བརྒྱད་པའི་བཙན་པོ་ཁྲི་ལྡེ་གཙུག་བཙན་དང་ཁྲི་སྲོང་ཡབ་སྲས་ཀྱི་སྐབས་བློན་པོ་འདི་ཡིས་ཁྲི་སྲོང་ཀྱི་སྐུ་སྲོག་སྐྱོབས་མཁན་དང་ནང་བློན་ཟིང་འཁྲུག་ངོ་ལོག་དག་བཏུལ་བ་ལོ་རྒྱུས་ཐོག་ཙི་ནའི་རྒྱལ་ས་ཁྲང་ཨན་ལེན་མྱོང་ལ་ཧོར་ལ་དམག་དྲངས་སྒོམ་གྲྭ་བཅོམ་ནས་རྟེན་རྫས་སྣང་སུ་ལེན་པའི་དཔའ་རྒོད་ཐབས་རྩལ་གཉིས་ལྡན་ཞིག་རེད། བོད་བཙན་པོའི་རྒྱལ་རབས་ལས། དེ་སྐབས་བོད་སྟོང་སྡེ་གསུམ་གྱི་སྟོང་དཔོན་འབལ་སྟོང་ཙབ་དང་། ལང་མྱེས་ཟིགས་ གཉིས་ཀྱིས། བོད་ཀྱི་ཆབ་སྲིད་ལ་སྲིད་སྒྱུར་བྱ་རྒྱུའི་ལྐོག་གཡོ་གཤམ་པར། བློན་པོ་སྟག་སྒྲ་ཀླུ་ཁོང་གིས་ཤེས་ཏེ། བཙན་པོ་ཁྲི་སྲོང་ ལྡེ་བཙན་སྐུ་སྲོག་སྐྱོབ་ཐུབ་པ་བྱུང་(3)ཞེས་སོགས་བོད་ཀྱི་ལོ་རྒྱུས་མང་པོར་གསལ་བ་མ་ཟད་རྒྱལ་ས་ཁྲང་ཨན་བཅོམ་པའི་ སྐོར། ཐང་ཡིག་རྙིང་མ་ལས་ཐུ་བྷོད་ཀྱི་སྐོར་ལས་ཀོང་ཏེ་ཁྲི་ལོ་དང་པོའི་ཟླ་བཅུ་པར། བྷོད་ཀྱིས་འ་ཞ་དང་ཏང་ཞང་གི་འཇང་པ་བསྡོམས་པས་དམག་ཁྲི་ཚོ་ཉི་ཤུ་ལྷག་ཁྲིད་དེ། ལུང་ཀོང་ཏུའུ་ནས་ཤར་ཕྱོགས་སུ་རྒོལ་བར་འོངས། གོང་མ་ཧྲན་ཀྲིག་ཏུ་ཕེབས། རྒྱལ་ས་ཁྲང་ཨན་ཤོར། བྷོད་ལ་མགོ་བཏགས་པའི་དམག་དཔོན་ཀོ་ཧོས་བྱ་བས་བྷོད་དམག་ཁྲིད་དེ་ཧྲང་ཏུའུ་མཁར་དུ་སླེབས།
བྷོད་ཀྱི་དམག་དཔོན་ཆེན་པོ་སྟག་སྒྲ་ཀླུ་ཀོང་སོགས་ཀྱིས་པཱིན་ཝང་གི་སྲས་ཀོང་ཝུའུ་ཝང་ལི་ཁྲིན་ཧུང་བྱ་བ་གོང་མར་བསྐོས། (4)ཞེས་དང་། ཐང་ཡིག་གསར་མའི་ཐུ་བྷོད་ཀྱི་སྐོར་ལས་པའོ་ཡིན་ཁྲི་ལོ་དང་པོ། བོད་དམག་གིས་ལིན་ཐའོ་བཅོམ། ཆིན་ཀྲིག་དང་། ཁྲིན་ཀྲིག་ཝེ་ཀྲིག་སོགས་དབང་དུ་བསྡུས། (5)ཞེས་དང་། ཏུན་ཧོང་གི་ཡིག་ཚང་ལས་དགུན་སྨད་དུ་རྒྱ་ཇེ་ནོངས་ནས། རྒྱ་རྗེ་གསར་དུ་བཅུག་པ། དཔྱའ་དར་དང་ས་རིས་ལས་སྩོགས་པ་འབུལ་དུ་མ་རུང་ནས། ཆབ་སྲིད་ཞིག་ནས་ཞང་རྒྱལ་ཟིགས་དང་ཞང་སྟོང་རྩན་ལས་སྩོགས་པས། བུམ་ལིང་ལྕག་བཟམ་རྒལ་ཏེ། དྲ་ཅེན་དྲང་སྟེ་འབུ་ཤིང་ཀུན་དང་ཟིན་ཅུ་དང་ག་ཅུ་ལས་སྩོགས་པ། རྒྱའི་མཁར་མང་པོ་ཕབ་སྟེ་ཞང་རྒྱལ་ཟིགས་ སླར་བོད་ཡུལ་དུ་མཆིས་ཏེ། ཞང་རྒྱལ་ཟིགས་དང་། བློན་སྟག་སྒྲ་དང་། ཞང་སྟོང་རྩན་དང་། ཞང་བཙན་པ་ལས་སྩོགས་པས། ཀེང་ཤིར་དྲ་མ་དྲང་སྟེ་ཀེང་ཤི་ཕབ། རྒྱ་རྗེ་བྲོས་ནས། རྒྱ་རྗེ་གསར་དུ་བཅུག་ནས་དྲ་མ་སླར་ལོག་ཅེས་དང་། རྗེ་བློན་མོལ་ཏེ། ཞང་མཆིམས་རྒྱལ་ཟིགས་ལ་སྩོགས་པས་རྒྱ་འྀ་མཁར་ཀིང་ཤྀ་ཕབ་སྟེ། རྒྱ་རྗེ་གྭང་བུ་ཧང་ཏེ་(广武皇帝དེ་གྱིམ་ཤིང་ཀོང་ཇོའི་དབོན་李承宏)བསྐོས་སོ། ། (6)ཞེས་དང་། ཞོལ་རྡོ་རིང་གི་ལྷོ་ངོས་ཡི་གེ་ཕྲེང་༢༥པ་ནས་༣༣པའི་བར་དེར། (སྟག་སྒྲ་ཀླུ་ཁོང)རྒྱའིཿསྲིདཿགྱྀཿཉམཿདྲོདཿརྟོགཿཅིང་། ཁརཿཙནཿཕྱོགསཿསུཿཐོགཿམཿདྲངསཿཔའིཿདམགཿདཔོནཿདུ། བཀའཿསྩལདཿགྱིསཿགྱངཿདགྲའཿཐབསཿམཁསཿལཿགྲོསཿཀྱིསཿསོངཿདེ། རྒྱའིཿཁམསཿསུཿགཏོགསཿཔའྀཿའཿཞཿདངཿཔོཿབསྡུས། རྒྱཿལསཿམནངསཿཕལཿསཿཆཿབཅདཿཔས། རྒྱཿསྤཿགོངཿསྟེ། རྒྱའྀཿཁམསཿསུཿགཏོགསཿཔཿདབྱརཿམོཿཐང་……(འདིའི་མན་རབ་གཅིག་ལ་རྡོ་རིང་གི་ཡི་གེ་མི་གསལ)”ཞེས་དང་། དེའི་འོག་ཏུ་ཕྲེང་༤༢པ་ནས་༦༤པའི་བར་དེར། “བཙནཿཕོཿཁྲྀཿསྲོངཿལྡེཿབརྩནཿཐུགསཿསྒམསཿལའཿབཀའཿགྲོསཿགྱྀཿརྒྱཿཆེཿ བས། ཆབཿསྲྀདཿགརཿམཛད་དོཿཅོགཿདུའངཿལེགསཿསྟེཿ། རྒྱའྀ་ཁམསཿསུཿགཏོགསཿཔའྀཿཡུལཿདངཿམཁརཿམངཿཔོཿབཅོམཿསྟེཿ བསྡུསཿནས། རྒྱཿརྗེཿཧེའུཿའགྀཿཝངཿཏེཿརྗེཿབློནཿསྐྲགཿསྟེ། ལོཿགཅིགཿཅིངཿརྟགཿཏུཿདཔྱཿདརཿཡུགཿལྔཿཁྲིཿཕུལཿཏེ། རྒྱཿདཔྱའཿ འཇལཿདུཿབཅུགཿགོ། དེའྀཿའོགཿདུ། རྒྱཿརྗེཿཡབཿཧེའུཿའགྀཿཝངཿཏེཿགྲོངསཿསྟེ། རྒྱཿརྗེཿསྲསཿཝངཿབེངཿཝངཿརྒྱལཿཔོརཿཞུགསཿནས། བོདཿལཿདཔྱའཿའཇལཿདུཿམཿརུངཿསྟེཿབཙནཿཕོཿཐུགསཿསྙུངཿབའྀཿཚེཿངནཿལམཿཀླུཿཁོངཿགིས། རྒྱཿཡུལཿགྱྀཿཐྀལད་། རྒྱཿརྗེའྀཿཕོཿབྲངཿཀེངཿཤིར་། བོདཿགྱྀསཿདམགཿདྲངཿབའྀཿབཀའཿགྲོསཿགྱྀཿམགོཿཆེནཿཕོཿགསོལདཿནྶཿ། ཀེངཿཤིརཿདྲངཿབའྀཿདམགཿདཔོནཿ ཆེནཿཕོར། ཞངཿམཆིམསཿརྒྱལཿརྒྱལཿཟིགསཿཤུཿཐེངཿདང་། བློནཿསྟགཿསྒྲཿཀླུཿཁོངཿགཉིས། བཀའཿསྩལདཿཏེཿ། ཀེངཿཤྀརཿདྲངསཿ ནསཿཅིའུཿཅྀརཿགྱྀཿརབཿངོགསཿསུཿརྒྱཿདངཿཐབཿམོཿཆེནཿཔོཿབྱསཿཏེ། བོདཿགྱིསཿགཡུལཿབཟློགཿནས། རྒྱཿམངཿཔོཿབཏུངསཿཔས། རྒྱཿརྗེཿཀྭངཿཔེངཿཝངཿཡང་། ཀེངཿཤྀའིཿམཁརཿནསཿབྱུངཿསྟེའ། སཤེམཿཅིའུརཿབྲོསཿནས། ཀེངཿཤྀཿཕབཿསྟེཿརྒྱཿརྗེའྀཿནངཿབློནཿ འགྱེའུཿནཿཀེངཿལསཿསྩོགསཿཏེཿདོངཿཀྭནཿདངཿ……(འདིའི་མན་ཡང་ཕྲེང་རབ་གཅིག་མི་གསལ)” ཞེས་བྱུང་། ) (7)ཞེས་དང་ཐང་གི་ལོ་རྒྱུས་གསར་རྙིང་སོགས་སུ་འཁོད་པའི་བོད་ཀྱི་སྐོར་ལས་བོད་ཀྱི་དམག་དཔོན་ཆེན་མོ་མ་ཁྲུང་གཡིང་དང་པིན་འོང་འདས་པོའི་སྲས་ཏེ་ཀོང་ཝུའུ་ཝང་གི་ཆོ་ལོ་ཅན་ལི་ཁྲེང་ཧུང་གོང་མའི་ཁྲི་བཀུར། ཁྲི་ལོ་གསར་དུ་བཏོན་ནས་བཙོན་གྲོལ་ཆེན་མོ་བཏང་། དཔོན་རིགས་བསྐོ་འཇོག་དང་འབྲེལ་སི་ཧྥེང་གི་གོ་ཐོབ་ཅན་ཚུའི་ཀུའེ་སོགས་ཙའེ་ཞང་བློན་པོར་བསྐོས། དེར་ཀོ་ཙི་དབྱི་འི་དམག་དཔུང་ལྷོ་ཕྱོགས་སུ་འཐེན་ཏེ་ཧྲང་ཀྲོའུ་སྲུངས། བོད་ཀྱི་ཁྲང་ཨན་ཉིན་བཅོ་ལྔར་བཟུང་རྗེས་དམག་འཐེན་པས་(8)ཞེས་དང་ཧོར་ལ་དམག་རྒྱབ་པའི་ཚུལ་ནི་མཁས་པའི་དགའ་སྟོན་ལས་བི་ཧར་གླིང་དུ་རྒྱལ་པོའི་རྟེན་བཅས་ཏེ། ཏ་ར་ཀླུ་གོང་ལ་སོགས་དམག་དཔུང་གིས། ཧོར་གྱི་སྒོམ་གྲྭ་བཅོམ་ནས་རྟེན་རྣམས་ཁྱེར། (9)ཞེས་དང་། པདྨ་བཀའ་ཐང་ལས་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་པ་ན༔པེ་ཧར་ཀ་ཅའི་ཕྱི་ལ་འབྲངས་ནས་འོང༔ང་ཡིས་པེ་ཀར་གླིང་དུ་རྟེན་ འཛུགས་གསུངས༔དེ་ནས་བྷ་ཏར་དམག་རྒྱབ་སྒོམ་གྲྭ་བཅོམ༔(10)ཞེས་མདོར་ན་ཐང་ཡིག་རྙིང་མ་དང་གསར་མའི་ཐུ་བྷོད་སྐོར་གྱི་ཡིག་ཚང་དང་ཏུན་ཧོང་ཡིག་ཚང་སོགས་ལས་གསལ་འདུག་པས་བྱས་རྗེས་ཆེན་པོ་དེ་དག་ལ་བརྟེན་ནས་ནང་བློན་ཆེན་པོའི་གོ་ས་ཐོབ་པ་མ་ཟད་སྐུ་འཚོ་བཞུགས་སྐབས་ཡུལ་དང་བྲན་ཁྱིམ་གཉིས་གནང་བ་དང་འདས་ཟིན་དུས་བང་སོ་དང་རྡོ་རིང་གཉིས་བཞེངས་པ་སོགས་བྱས་རྗེས་ལ་ཆེ་བསྟོད་བླ་ན་མེད་པ་བྱས་འདུག་པས་བློན་པོ་དེ་ཉིད་བོད་ཀྱི་ལོ་རྒྱུས་ཐོག་ལ་གལ་འགང་ཆེན་པོ་ཡོད་པ་མཚོན་ཐུབ།
   བཞི་པ། བང་སོ་འདིར་རྡོ་རིང་གཉིས་བཙུགས་ཡོད་པ་དེ་སྤྱི་ལོ་༡༦༩༡ལོ་དང་༡༦༩༢ལོར་བཀས་བསྐུལ་བ་ལྟར་ཚལ་སྡེ་བ་གྲགས་པས་རྡོ་རིང་ཕྱི་ནང་གཉིས་པོ་ཕོ་བྲང་པོ་ཏཱ་ལའི་མདུན་ས་མཛེས་པའི་རྒྱན་དང་ཡབ་མེས་ཀྱི་སྲིད་ཤུགས་རྗེས་སུ་དྲན་པའི་ཆེད་དུ་ཕོ་བྲང་གི་མདུན་དཀྱིལ་དུ་གདན་དྲངས་པ་ཡིན་ཏེ། མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ལས་སྐམ་གཡུང་ནས་རྡོ་གདུང་མ་ལྟ་བུ་གྲུ་བཞི་ནར་སྟབས་ཀྱི་དཀྱུས་སུ་འདོམ་དོ་ཙམ་གླེགས་བམ་གྱི་ཤོག་བུ་བརྩེགས་པ་ལྟར་ཚལ་སྡེ་བ་གྲགས་པས་སྒྲོགས་ཀྱི་ཟུར་བཞིར་གཡག་རྐྱལ་བཏགས་ཏེ་འཕྲུལ་ལྷོངས་ཀྱི་ཆུར་འདྲེན་མཛད་ཅིང་དཀྱུས་མ་རྣམས་སྐྱིད་ཆུར་ཀོ་བས་དྲངས། སྡིག་རག་གི་རྡོ་གཡམ་སྐྱིད་ཚང་དུ་སྔར་མེད་ཀྱི་འཕྲུལ་ཟམ་བཙུགས་ནས་བླངས་ཞེས་དང་ཡང་ཚེས་ཉི་ཤུ་ལ་ཀྲིའི་རྡོ་རིང་ཆུང་བ་དཀྱུས་རྒྱུག་མཐོ་བཅོ་བརྒྱད་དང་རྩ་ཞེང་མཐོ་གང་སོར་བཅུ་པ་ཚལ་སྡེ་བ་གྲགས་པས་ཆུ་འགྲམ་བར་ལོ་སྔོན་མ་དྲངས་པ་འདི་ལོ་བྲག་གདོང་དངོས་གྲུབ་འབར་གྱིས་ཤན་དང་འཁོར་ལོས་མི་ལག་ཉིས་བརྒྱ་དོན་བརྒྱད་ཀྱིས་ཉིན་གཉིས་དང་། དེའི་གདན་གྲུ་བཞི་བང་རིམ་གསུམ་པ་མཐོ་བཅུ་གཅིག་གྲུ་བཞི་པ་མི་གྲངས་གོང་གསལ་གྱིས་ཞག་ཉི་ཤུ་བྱས་པ་བཅས་འབྱོར། (11)ཞེས་དང་གུང་ཐང་དཀར་ཆག་ལས་ཀུན་གཟིགས་ལྔ་པ་ཆེན་མོའི་དགོངས་རྫོགས་སུ་རྡོ་རིང་ཁྱད་དུ་འཕགས་པ་སྲིའི་ཕུ་ནས་འདྲེན་(12)ཞེས་དང་རྩེ་ཕོ་བྲང་གི་ཚོམས་ཆེན་ནུབ་བར་ཐོག་ལྡེབས་རིས་སུ་རྡོ་རིང་སྐྱེལ་ འདྲེན་བྱས་པའི་སྐོར་བྲིས་ཡོད་པ་སོགས་བཅས་ཀྱི་གསལ། ལུང་པ་དེའི་ཡུལ་མིས་གསུང་པ་ལྟར་ན་སྔོན་མ་འདི་གར་རྡོ་གྲུ་བཞི་མང་པོ་ཡོད་ཀྱང་གྲོང་མིས་སྡོད་ཁང་གསར་པ་རྒྱག་སྐབས་བསྔོག་ནས་བེད་སྤྱོད་བྱས་པ་རེད་ཟེར་གྱི་འདུག་ལ་དེང་སྐབས་ས་གྲུ་བཞི་ཙམ་ལས་ལྷག་མེད་པས་དུས་རབས་བར་གསེང་དུ་རིམ་བཞིན་གཏོར་སྐྱོན་ཐེབས་པ་ཤེས་ཐུབ།
   ལྔ་པ། དེ་སྔོན་དུས་རབས་བརྒྱད་པ་ནས་ཉི་ཤུའི་བར་བོད་ཁུལ་དུ་ཆོས་ལུགས་འཐེན་འཁྱེར་སྲིད་དབང་འཕྲོག་རེས་ལ་དུས་ འདས་པའི་དབང་གིས་བློན་ཆེན་པོའི་བང་སོ་འདི་ནི་ད་བར་བདག་མེད་གྱུར་བས་མཐོ་དམན་ཚང་མས་ཆེ་ས་རྡོ་རིང་ནས་ཆུང་ས་རྡོ་གྲུ་བཞིའི་བར་དེ་དག་དབོར་རྒྱུ་འཁྱེར་རྒྱུ་ཅི་རྙེད་བྱས་པ་མ་ཟད་ས་གྲུ་བཞི་ཞེས་པ་ཙམ་ལས་ལོ་རྒྱུས་ཡང་བཤད་མཁན་དཀའ་ལས་ཅན་དུ་གྱུར་བ་རེད། དེང་དུས་མཁས་དབང་འགས་སྟག་ར་ཀླུ་གོང་གྱི་སྐོར་ལ་ཞིབ་འཇུག་གནང་བ་དང་རྩོམ་ཡིག་འབྲི་བ་སོགས་གནང་བཞིན་ཡོད་འདུག ཡིན་ནའང་བང་སོ་འདི་ལ་སྲུང་སྐྱོབས་བྱེད་མཁན་ཡོད་བཟོ་མི་འདུག གུས་པས་འདི་གར་ཞིབ་འཇུག་དང་ལྟ་སྐོར་ཐེང་བདུན་ཙམ་ཕྱིན་པས་བང་སོ་འདི་ལོ་རེ་ནས་ལོ་རེར་ཉམས་གུད་དང་འདིའི་ཡར་མར་འཛུག་བསྐྲུན་གྱི་ཚ་རླབས་འཕྱུར་བཞིན་འདུག་པས་སེམས་པ་སྟོང་ལྷོང་དུ་གྱུར། དེ་བས་ན་ང་ཚོས་ཀྲུང་ཧཱ་མི་རིགས་ཀྱི་ལོ་རྒྱུས་རིག་གནས་དང་གནའ་དངོས་བདག་སྐྱེས་འཁོར་ཡུག་སྲུང་སྐྱོབས་གནའ་རྫས་ཞིབ་འཇུག་བཅས་ལ་དམིགས་སྟེ་ ཀྲིའི་ཕུ་ན་ཡོད་པའི་རྡོ་རིང་གཤོག་པ་ཅན་ཞེས་རྡོ་རིང་ཞིག་ད་ལྟ་ཡོད་པ་དེ་འདི་གར་མར་དབོར་ཏེ་ཕོ་བྲང་གི་རྡོ་རིང་ཡི་གེ་ལྟ་བུར་བཀོད་དེ་སྟག་ར་ཀླུ་གོང་གི་བང་སོ་ས་གྲུ་བཞིར་བཙུགས་ནས་གྲོང་ཁྱེར་སྲིད་གཞུང་དང་རིག་དངོས་ཅུས་ནས་སྲུང་སྐྱོབས་བདག་སྐྱོང་ཚད་ལྡན་གྱི་ཆོག་མཆན་ཞིག་གནང་བའི་རེ་བ་ཞུ་རྒྱུ་བཅས་ཡིན་ནོ། །
མཆན་དང་དཔྱད་གཞིའི་ཡིག་ཆ།
(1)བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མ། སྤ་སྟོན་བསྟན་རྒྱལ་བཟང་པོས་མཛད། ཤོག་ངོས་༣༢༧པར། མི་རིག་དཔེ་ སྐྲུན་ཁང་ནས་སྤྱི་ལོ་༢༠༡༠ལོའི་ཟླ་༩པར་དཔར།
(2)སྟག་སྒྲ་ཀླུ་གོང་གི་བང་སོའི་རྡོ་རིང་སྐོར་གླེང་བ། བསོད་ནམ་དབང་ལྡན་དང་བན་ཤུལ་དཔལ་མཁར་རྒྱལ་གྱིས་བརྩམས། ཤོག་ངོས་༤པར། སྤྱི་ལོ་༢༠༡༤ལོའི་ཟླ་༡༢ཕོ་བྲང་པོ་ཏཱ་ལའི་ལོ་ཕྱེད་དུས་དེབ།
(3)ཏུན་ཧོང་ཡིག་རྙིང་ལས་བྱུང་བ། བོད་བཙན་པོའི་རྒྱལ་རབས། འབྲི་གུང་ཆེ་ཚང་དཀོན་མཆོག་བསྟན་འཛིན་ཀུན་བཟང་ ཕྲིན་ལས་ལྷུན་གྲུབ་ཀྱི་མཛད། ཤོག་ངོས་༤༢༤པར། སྲོང་བཙན་དཔེ་མཛོད་ཁང་སྤྱི་ལོ༢༠༡༠ལོར་སྤེལ།
(4)ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས། ཤོག་ངོས་༡༨༣པར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༡༩༨༣ལོར་ཟླ་༨པར་དཔར།
(5))ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས། ཤོག་ངོས་༥༦པར། མཚོ་སྔོན་མི་རིག་དཔེ་སྐྲུན་ཁང་ནས་སྤྱི་ལོ་༡༩༨༣ལོའི་ཟླ་༨པར་དཔར།
(6)ཏུན་ཧོང་ཡིག་ཚང་།
(7)རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས། (དེབ་བཞི་པ)། ཐང་གི་ལོ་རྒྱུས་གསར་རྙིང་སོགས་སུ་འཁོད་ པའི་བོད་ཀྱི་སྐོར། འཇམ་དབྱངས་དར་རྒྱས་ཀྱི་བསྒྱུར་མཆན་བཏབ། ཤོག་ངོས༥༨ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་སྤྱི་ ལོ་༢༠༡༥ལོའི་ཟླ་༥པར་དཔར།
(8)ཞོལ་རྡོ་རིང་། ཕོ་བྲང་པོ་ཏཱ་ལའི་མདུན་དུ་ཡོད།
(9)མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བས་མཛད། (སྟོད་ཆ)ཤོག་ངོས་༡༦༧བོད་ལྗོངས་མི་དམངས་དཔེ་ སྐྲུན་ཁང་ནས་ ༢༠༡༤ལོ་དཔར།
(10)པདྨ་བཀའ་ཐང་། ཨོ་རྒྱན་གླིང་པའི་གཏེར་མ། ཤོག་ངོས་༣༡༦ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༠༦ལོར་ དཔར།
(11)མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་རྟེན་གཙུག་ལག་དང་བཅས་པའི་དཀར་ཆག་ཐར་གླིང་རྒྱ་མཚོར་བགྲོད་པའི་གྲུ་གཟིངས་བྱིན་རླབས་ཡིད་ཀྱི་བང་མཛོད། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད། ཤོག་ངོས་༢༣༩དང་༢༤༥པར། མཚོ་སྔོན་མི་ རིགས་དཔེ་སྐྲུན་ཁང་ནས་དཔར།
(12)གུང་ཐང་དཔལ་གྱི་གཙུག་ལག་ཁང་བྱུང་རབས་དང་བཅས་པའི་དཀར་ཆག་འགྲོ་མགོན་ཞལ་ལུང་། འཇོག་རི་ངག་ དབང་བསྟན་འཛིན་གྱི་མཛད། ཤོག་ངོས༤༠ཤིང་དཔར་མ།
མཛངས་ཡོན་ཤེས་ལྡན་གྱི་བོན་བློན་ཆེན་པོ་ངམ་སྟག་ར་ཀླུ་གོང་གི་དངོས་ཡོད་ལོ་རྒྱུས་རགས་ཙམ་བཀོད་པ། མཛད་པ་པོ། རབས་འབྱམས་པ་ཤེས་རབ་རྒྱ་མཚོ། དྲྭ་ལམ།
བློན་ཆེན་པོ་ངན་ལམ་སྟག་སྒྲ་ཀླུ་ཁོང་གི་རྒྱུས་ཅུང་ཟད་ཞིབ་པ། མཛད་པ་པོ། གོ་འཇོ་བསོད་སྟོབས། དྲྭ་ལམ།
  སྤྱི་ལོ་༢༠༡༨ལོ་ཟླ་༧ཚེས་༣ཉིན་བསམ་གཏན་འགྱུར་མེད་ནས་བྲིས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།