རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད།

[ཟླ་ཚེས། 2017-01-11 17:50:58][རྩོམ་པ་པོ། ][རྩོམ་ཁུངས། མི་དམངས་དྲ་བ།][ཀློག་གྲངས། ]

རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ནི། ལྕགས་ལ་དང་། རྟའུ། བྲག་མགོ། དགེ་ཤེས་རྩ། པ་བམ། བྲག་སྟེང་། མུ་ཕྱི། ཡིན་ཅི། བཙན་ལྷ། འོག་གཞི། ལུང་དགུ། རྒྱ་ཁ། སོ་མང་། ཅོག་ཙེ། གཟི་འགག(དེང་སང་རྫི་འགག་ཟེར) དམ་པ། ཁྲོ་སྐྱབས། ཆུ་ཆེན་བཅས་སོ།།

 ཆུ་ཆེན་རབ་བརྟན་རྒྱལ་བོ།  (齐钦然登土司)

1.ཆུ་ཆེན་རབ་བརྟན་རྒྱལ་བོ།  (齐钦然登土司)རྒྱལ་རབས་ཉེར་ལྔ་བ་ཁྲོ་བོ་འབུམ་གྱི་སྐབས་སུ་བོད་བཙན་པོའི་ཁོངས་སུ་གཏོགས་པའི་ས་གནས་ཀྱི་རྒྱལ་བོ་ཞིག་ཡིན།  དེ་ནས་ཆུ་ཆེན་དེ་གོང་མ་ཆན་ལུང་གིས་ཕམ་བཅུག་པའི་བསོད་ནམས་དབང་རྒྱལ་གྱི་བར་དུ་རྒྱལ་རབས་ཞེ་ལྔ་བྱུང་ཡོད་ཅེས་བཀོད་འདུག  ལོ་རྒྱུས་ཁ་ཤས་ཐོག་རྒྱལ་རབས་ལྔ་བཅུ་ང་དགུ་ཞེས་ཀྱང་བཀོད་འདུག  འདིའི་རྒྱལ་ས་ནི་ལྷ་སྟེང་སྟེ་དེང་སང་རྔ་བ་ཁུལ་གྱི་ཆུ་ཆེན་རྫོང(金川)དུ་ཡོད།

 བཙན་ལྷ་བདག་ཆེན་རྒྱལ་བོ།  (赞拉土司)

2.བཙན་ལྷ་བདག་ཆེན་རྒྱལ་བོ།  (赞拉土司)མདོ་སྨད་ཆོས་འབྱུང་ལས།  ཆུ་ཆེན་གྱི་ཉིན་ངོས་སུ་བསྟན་པ།  རབ་བརྟན།  བཙན་ལྷ་རྣམས་ཀྱི་རྒྱལ་ས་ཡོད།  ཕྱི་མ་འདི་གཉིས་སྟོབས་དང་དཔའ་རྩལ་ཆེ་བས་ཧོར་རྒྱལ་བོའི་དུས་མངའ་ཞབས་སུ་མ་ཆུགས་པར་གྲགས་ཞེས་གསུངས་པ་དང་།  མ་གཞི་བཙན་ལྷ་དང་རབ་བརྟན་རྒྱལ་བོ་གཉིས་ནི་རྒྱལ་བོ་གཅིག་གི་རུས་རྒྱུད་ལས་ཆད་པ་ཡིན།  རྒྱལ་ས་ནི་རྔ་བ་ཁུལ་གྱི་བཙན་ལྷ་རྫོང(小金)དུ་ཡོད།

སོ་མང་རྒྱལ་བོ།  (梭磨土司)

3.སོ་མང་རྒྱལ་བོ།  (梭磨土司)ཡིག་ཐོག་ཏུ་འཁོད་ཡོད་པ་ནི།  ད་ར་དཀོན་མཆོག་སྐྱབས་ནས་རྡོ་རྗེ་དཔལ་བཟང་གི་བར་སྤྱི་ལོ1183ལོ་ནས་བཅིངས་འགྲོལ་བཏང་བའི་བར་རྒྱལ་རབས་ཉི་ཤུ་ཙམ་བྱུང་ཡོད་ལ།  རྒྱལ་ས་ནི་རྔ་བ་ཁུལ་གྱི་འབར་ཁམས་རྫོང་གི(马尔康县梭磨乡)མངའ་ཁོངས་སུ་ཡོད། 

 རྫོང་འགག་རྒྱལ་བོ།  (松岗土司)

4.རྫོང་འགག་རྒྱལ་བོ།  (松岗土司)འགའ་ཤས་ཀྱིས་རྫི་འགག་དང་།  གཟི་འགག་ཏུའང་བྲིས་འདུག  ཡིག་ཐོག་ཏུ་གསལ་བ་འཕན་བཞེར་ནས་མགོན་པོ་རྣམ་རྒྱལ་གྱི་བར་ཏེ་སྤྱི་ལོ634ནས་བཅིངས་འགྲོལ་བཏང་བའི་བར་རྒྱལ་རབས་ཉེར་བཞི་ཙམ་བྱུང་ཡོད་ལ། རྒྱལ་ས་ནི་དེང་གི་རྔ་བ་ཁུལ་འབར་ཁམས་རྫོང་གི(马尔康县松岗镇)མངའ་ཁོངས་སུ་ཡོད།

  ཅོག་ཙེ་རྒྱལ་བོ།  (卓克基土司)

5.ཅོག་ཙེ་རྒྱལ་བོ།  (卓克基土司)གྱེར་ཙེ་ཡང་ཟེར།  འབྲེལ་ཡོད་ལོ་རྒྱུས་ནང་བཀོད་པ་ལྟར་ན།  གསལ་བ་སྟག་འབུམ་ནས་ཚེ་དབང་ཕུན་ཚོགས་བར་ཏེ་སྤྱི་ལོ1286ནས་བཅིངས་འགྲོལ་བཏང་བའི་བར་རྒྱལ་རབས་བཅོ་བརྒྱད་ཙམ་བྱུང་འདུག  རྒྱལ་ས་ནི་རྔ་བ་ཁུལ་འབར་ཁམས་རྫོང་གི(马尔康县卓克基镇)མངའ་ཁོངས་སུ་ཡོད།

བསྟན་པ་རྒྱལ་བོ།  (党坝土司)

6.བསྟན་པ་རྒྱལ་བོ།  (党坝土司)དམ་པའང་ཟེར།  དེབ་ཐེར་དུ་བཀོད་པ་ལྟར་ན།  དགེ་ལེགས་ནས་བསོན་ནམས་དབང་མོའི་བར་ཏེ་སྤྱི་ལོ1658ནས་བཅིངས་འགྲོལ་བཏང་བའི་བར་རྒྱལ་རབས་བཅུ་གཉིས་ཙམ་བྱུང་ཡོད་ལ།  རྒྱལ་ས་ནི་རྔ་བ་ཁུལ་འབར་ཁམས་རྫོང་གི་(马尔康县党坝乡)མངའ་ཁོངས་སུ་ཡོད།

 ཁྲོ་སྐྱབས་རྒྱལ་བོ།  (卓斯甲土司)

7. ཁྲོ་སྐྱབས་རྒྱལ་བོ།  (卓斯甲土司)ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་ཚ་རོང་ཁོ་འཕན་ཟེར་བ་ནས་ཡུན་མི་རིང་ཙམ་ན་ཁོང་གི་གདུང་རྒྱུད་དུ་རྒྱལ་བོ་ཁྲོ་བོ་སྐྱབས་ཟེར་བ་བྱུང་ཞིང་དེས་ཕོ་བྲང་བརྩིགས་ཤིང་སྲིད་བསྐྱངས་པ་ནས་ཁྲོ་སྐྱབས་རྒྱལ་བོ་ཐོགས  ཁོ་འཕན་ནས་རྟིང་མའི་རྒྱལ་བོ་རྒྱལ་མཚན་བར་དུ་རྒྱལ་རབས་ཞེ་གཅིག་ཙམ་བྱུང་ཡོད།  རྒྱལ་ས་ནི་རྔ་བ་ཁུལ་གྱི་ཆུ་ཆེན་(金川)དུ་ཡོད།

རྒྱལ་ཁ་བཀྲ་ཤིས་གླིང་།  (杂谷土司)

8.རྒྱལ་ཁ་བཀྲ་ཤིས་གླིང་།  (杂谷土司)འདི་ལ་བྲག་སྒམ་ནང་དང་།  ཁོག་སྲུང་སྟག་མོ་རྫོང་།  རྒྱལ་ཁ་རྒྱལ་བོ་སོགས་སུ་འབོད་ལ།  འདིའི་རྒྱལ་རབས་གསལ་ཆ་ཅན་ཡིག་ཆར་མི་འདུག་ཀྱང་།  རྫོང་འགག་རྒྱལ་བོའི་རྒྱལ་རྒྱུད་དང་འདྲ་ཟེར།  མིང་རྒྱལ་རབས་ཡན་ནས་རྒྱལ་རབས་དུ་མ་ཞིག་སོང་ཡོད་པ་སོགས་ལ་གཞིགས་ན་རྒྱལ་རོང་གི་རྒྱལ་ཁག་གཞན་དང་ལས་མ་མང་ཡང་མི་ཉུང་བ་ནི་གདོན་མ་ཟའོ། །རྒྱལ་ས་ནི་རྔ་བ་ཁུལ་གྱི་ལིས་ཞན་(里县杂谷脑镇)ན་ཡོད།

འོག་གཞི་རྒྱལ་བོ།  (沃日土司)

9.འོག་གཞི་རྒྱལ་བོ།  (沃日土司)འདི་ལ་དུས་ཡུན་ཤིན་ཏུ་རིང་མོའི་ལོ་རྒྱུས་ཡོད་མོད་ཀྱང་རྒྱལ་རབས་ཀྱི་ཡིག་ཆ་ལག་ཏུ་མ་སོན་པས་གནས་སྐབས་རྒྱལ་རབས་ཀྱི་གྲངས་བགྲངས་མི་ནུས།  རྒྱལ་ས་ནི་རྔ་བ་ཁུལ་བཙན་ལྷ་རྫོང(小金)དུ་ཡོད་ལ།  ཕོ་བྲང་གི་ཤུལ་ཡང་དེང་སང་བསྐྱར་གསོ་ཡང་དག་བྱས་ཡོད།

མདོ་ལུང་རྒྱལ་བོ།  (瓦寺土司)

10.མདོ་ལུང་རྒྱལ་བོ།  (瓦寺土司)མདོ་ནང་དང་།  མདོ་ལིང་།  མདོ་གླིང་།  ལོང་རྒུ།  ལུང་དགུ།  ཝ་སི་སོགས་བྲིས་འདུག  རྒྱལ་བོའི་གདུང་རྒྱུད་ནི་ཁྱུང་པོའི་རྒྱལ་རྒྱུད་ཀྱི་ནང་ཚན་ཁྱུང་དཀར་གྱི་རིགས་ཡིན་ཟེར།  རྒྱལ་རབས་ནི་མདོ་ལིའི་ཞེས་པའི་རྒྱལ་རབས་མ་མཐོང་ཡང་ཝ་སི་རྒྱལ་བོར་རྒྱལ་རབས་ཉེར་ལྔ་ཙམ་བྱུང་ཡོད་པའི་ལོ་རྒྱུས་གསལ་བས།  དེ་གཉིས་གཅིག་མཚུངས་ཡིན་པ་འདྲ་ཞིང་།  ཝ་སིའི་རྒྱལ་རབས་དེ་གཡུང་དྲུང་བློ་གསལ་ནས་སའོ་གའོ་ཀང་བར་རྒྱལ་རབས་ཉེར་ལྔ་ཙམ་བྱུང་འདུག  རྒྱལ་ས་ནི་རྔ་བ་ཁུལ་ཝུན་ཁྲོན་རྫོང(汶川县威州镇)གི་མངས་ཁོངས་སུ་ཡོད།

དགེ་ཤིས་ཙ།  (革什杂土司)

11.དགེ་ཤིས་ཙ།  (革什杂土司)འདི་ལ་དེང་གི་ཡིག་ཆ་ཁ་ཤས་སུ་མདའ་མདོ་དང་ཁ་ཁར་བགྲངས་ནས་བཀོད་འདུག་ཀྱང་དགེ་ཤིས་ཙ་ནི་རྒྱལ་ཁབ་ཀྱི་མིང་དང་།  མདའ་མདོ་ནི་རྒྱལ་སའི་མིང་སྟེ་དེ་གཉིས་ནི་རྒྱལ་ཁབ་གཅིག་གི་མིང་ཡིན།  སྤྱི་ལོ1269ལོ་ཡན་གྱི་ལོ་རྒྱུས་ཡིག་ཆར་མི་གསལ་ཞིང་།  བདེ་ཆེན་འབྱུང་གནས་ནས་དབང་རྒྱལ་བར་ཏེ་སྤྱི་ལོ1269ནས་བཅིངས་འགྲོལ་བཏང་བའི་བར་རྒྱལ་རབས་ཉེར་ལྔ་ཙམ་བྱུང་ཡོད་ལ།  རྒྱལ་ས་ནི་དཀར་མཛེས་ཁུལ་གྱི་རོང་བྲག་རྫོང(丹巴县革什杂乡)དུ་ཡོད།

 བྲག་སྟེང་རྒྱལ་བོ།  (巴底土司)

12.བྲག་སྟེང་རྒྱལ་བོ།  (巴底土司)ཡིག་ཆར་འགོད་ཐུབ་པ་ཀུན་དགའ་ནོར་བུ་ནས་ཉི་མ་དབང་འདུས་བར་ཏེ་ཕལ་ཆེར་དུས་རབས་བཅུ་གསུམ་པ་ཡས་མས་ནས་བཅིངས་འགྲོལ་བཏང་བའི་བར་རྒྱལ་རབས་ཉེར་གཉིས་ཙམ་བྱུང་ཡོད་ལ།  རྒྱལ་ས་དཀར་མཛེས་ཁུལ་གྱི་རོང་བྲག་རྫོང(丹巴县巴底乡)དུ་ཡོད།

(巴旺土司)

13.(巴旺土司)དཔའ་བོ་དང་།  པ་བོ།  པ་ཝམ་སོགས་བྲིས་འདུག  ཡིག་ཆར་འགོད་ཐུབ་པ་སངས་རྒྱས་འབུམ་ནས་ཀུན་བཟང་སྐྱབས་ཀྱི་བར་ཏེ་བཅིངས་འགྲོལ་བཏང་བའི་བར་དུ་རྒྱལ་རབ་ཉེར་བཞི་ཙམ་བྱུང་ཡོད་ལ།  རྒྱལ་ས་ནི་དཀར་མཛེས་ཁུལ་གྱི་རོང་བྲག་རྫོང(丹巴县巴旺乡)དུ་ཡོད།

 ལྕགས་ལ་རྒྱལ་བོ།  (康定明证土司)

14.ལྕགས་ལ་རྒྱལ་བོ།  (康定明证土司)ངག་དབང་རྒྱལ་མཚན་ནས་རྒྱལ་མཚན་མཆོག་འཕེལ་བར་ཏེ་སྤྱི་ལོ1407ནས1922བར་ལོ་རྒྱུས་དེབ་ཐེར་དུ་བཀོད་ཡོད་པ་ལྟར་ན་སྤྱི་ལོ1511ནས་1666པར་གྱི་རྒྱལ་རབས་ཀྱི་ཡིག་ཆ་ལག་སོན་མ་བྱུང་བས་རྒྱལ་རབ་བཅོ་ལྔ་བྱུང་ཡོད་ལ།  རྒྱལ་ས་ནི་དཀར་མཛེས་ཁུལ་གྱི་དར་མདོ་རྫོང(康定县)དུ་ཡོད།

འགུ་ཐང་རྒྱལ་བོ།  (鱼通土司)

15.འགུ་ཐང་རྒྱལ་བོ།  (鱼通土司)འདི་ལ་འགག་ལ་དང་། མགོ་ཐང་།  མགོ་དུམ།  ཡུ་ཐང་སོགས་འབྲི་ཚུལ་མང་དག་བྱུང་འདུག་ཀྱང་ཡིག་རྙིང་ནང་འགུ་ཐང་ཞེས་བྲིས་འདུག  དར་མདོ་རྫོང་གི་ལོ་རྒྱུས་དང་ཐན་ཆོན་རྫོང་གི་ལོ་རྒྱུས་སོགས་སུ་སྔོན་གྱི་ཡོན་རྒྱལ་རབས་དུས་ནས་འགུ་ཐང་དང་གཡག་རྔ་སོགས་བོད་རིགས་ཡིན་པ་དང་།  སྤྱི་ལོ1279ཙམ་ནས་ཡུལ་དེར་ཡུལ་ཕྱོགས་ཀྱི་འགོ་དཔོན་མང་དག་བྱུང་བའི་ལོ་རྒྱུས་འདུག  རྒྱལ་བོ་ཞེས་པའི་མིང་ཐོག་མར་ནི་མུ་ཕྱི་རྒྱལ་བོའི་སྲས་རྒྱལ་ཆེན་འགོན་ཡབ་རྒྱལ་བོ་དང་ནང་མ་མཐུན་ནས་འགུ་ཐང་དུ་གནས་སྤོས།  སྤྱི་ལོ1833ལོར་རྒྱལ་ཆེན་མགོན་གྱི་ཚ་བོ་རྒྱལ་མཚན་ཕུན་ཚོགས་ཀྱིས་དངོས་སུ་འགུ་ཐང་གི་རྒྱལ་སྲིད་བསྐྱངས་ནས་འགུ་ཐང་རྒྱལ་བོའམ་འགུ་སྟོད་རྒྱལ་བོ་ཐོགས།  ཆིང་རྒྱལ་རབས་སྐབས་སུ་ད་ལྟའི་འགུ་ཐང་དང་ཅིང་ཐང་བར་གྱི་འགུ་ཐང་ཆུ་བོའི་སྟོད་ལ་འགུ་སྟོད་དང་།  མེ་སྤུངས་མན་ཆོད་ནས་རྒྱལ་མོ་རྔུལ་ཆུའི་ངོགས་གཉིས་སུ་འགུ་སྨད་ཟེར།  ད་ལྟའི་དར་མདོའི་འགུ་ཐང་ནས་ཐན་ཆོན་བར་འགུ་ཐང་རྒྱལ་བོའི་མངའ་འོག་ཡིན་ཞེས་རྒྱའི་ཡིག་ཚང་དུ་བཀོད་འདུག  རྒྱལ་ས་ནི་དཀར་མཛེས་ཁུལ་དར་མདོ་རྫོང་གི(鱼通乡)མངའ་ཁོངས་སུ་ཡོད།

 འགག་སྟོད་རྒྱལ་བོ།  (冷边土司)

16.འགག་སྟོད་རྒྱལ་བོ།  (冷边土司)འདི་ལ་མགོ་ཐོན་དང་།  མགོ་སྟོད་དང་།  འགུ་སྟོད་སོགས་བྲིས་འདུག  མིང་དང་ཆིང་རྒྱལ་རབས་ནས་ས་གནས་རྒྱལ་བོས་དབང་བསྒྱུར་བའི་བར་ཏེ་བཅིངས་འགྲོལ་བཏང་བའི་བར་ལོ542ཙམ་གྱི་ལོ་རྒྱུས་ཡོད།  གོང་མ་ཆན་ལུང་སྐབས་སུ་ལྕགས་ཟམ་གྱི་ཟམ་པ་ད་དུང་བརྒྱབ་མེད་པས་ལིང་ཅི་གྲོང་ནི་རྒྱ་བོད་ཚོང་ལམ་གྱི་གལ་ཆེའི་ཚོང་ལམ་ཞིག་ཡིན་པས་སྐབས་དེར་དར་མདོ་ལས་ཀྱང་ཚོང་ལམ་གྲིམ།  རྒྱལ་བོ་དེའི་མངའ་འོག་ནི།  ད་ལྟའི་ལྕགས་ཟམ་རྫོང་གི་ཝ་ཇོ་དང་།  དར་པ།  ཅ་ཆིང་།  ལ་ངན།  ངག་འུ།  ངག་ནིང་།  ཙ་ལི་སོགས་ཡིན།  རྒྱལ་ས་ནི་དཀར་མཛེས་ཁུལ་གྱི་ལྕགས་ཟམ་རྫོང་གི་ལིང་ཅི་གྲོང(泸定冷集镇)དུ་ཡོད།

འགག་སྨད་རྒྱལ་བོ།  (天全六番土司)

17.འགག་སྨད་རྒྱལ་བོ།  (天全六番土司)མགོ་སྨད་དང་།  འགག་སྨད།  འགུ་སྨད་ཀྱང་ཟེར།  ལྕགས་ཟམ་རྫོང་གི་རྒྱ་ཡིག་གི་ལོ་རྒྱུས་དཔྱད་ཡིག་ནང་བཀོད་པ་ལྟར་ན།  ཀྲུའུ་དང་ཆིང་རྒྱལ་རབས་ཀྱི་དུས་སུ་ཆང་ལས་ས་ཆ་སོགས་ནི་གནའ་བོའི་བོད་ཀྱི་བྱང་མི་ཡིན་པ་དང་།  ཧན་རྒྱལ་རབས་ཀྱི་དུས་སུ་ད་ལྟའི་ལྕགས་ཟམ་གྱི་ཧྲེན་ཚུན་ས་ཆ་དེ་ཆེས་དར་རྒྱས་བྱུང་ནས་མངའ་འོག་ཏུ་ད་ལྟའི་གཡག་རྔའི་ཧན་ཡོན་དང་།  རོང་ཅིན།  ཐན་ཆོན་གྱི་སི་དབྱང་།  ལུའུ་ཧྲན།  པའོ་ཞིན།  ཡོན་ཡོན།  ཧྲི་མན་དང་།  ལིའང་ཧྲན་ཁུལ་གྱི་ཡོན་པད།  མུ་ལི།  དཀར་མཛེས་ཁུལ་གྱི་བརྒྱད་ཟིལ་དང་།  ཉག་སྨད།  དར་མདོ།  རྟའུ་སོགས་རྫོང་བཅུ་བཞི་ཙམ་ཧྲེན་ཚུན་གྱི་མངའ་འོག་ཡིན་ནོ། །ཡོན་རྒྱལ་རབས་ཀྱི་དུས་སུ་ད་ལྟའི་ལྕགས་ཟམ་རྫོང་གི་ནིང་ཀྲུའུ་དང་།  ཏུའོ་ཆིན།  ལིང་ཅི།  ཧྲེན་ཚུན།  ཚ་ཏའོ།  ངག་ཀྲུའུ་སོགས་ཀྱི་ས་གནས་མང་པོ་ཞིག་ཐན་ཆོན་གྱི་འགག་སྨད་རྒྱལ་བོའི་མངའ་འོག་ཏུ་གྱུར་ཅིང་།  ལྕགས་ཟམ་གྱི་རྒྱལ་མོ་རྔུལ་ཆུའི་ཤར་རྒྱུད་ནས་ཐན་ཆོན(天全)བར་འགག་སྨད་རྒྱལ་བོའི་མངའ་འོག་ཏུ་གྱུར།  འགུ་ཐང་དང་།  རྒྱལ་མོ་རྔུལ་ཆུའི་ནུབ་རྒྱུད(长河西)།  ནིང་ཡོན(天全饶吉乡)སོགས་ནི་འགག་ལ་རྒྱལ་བོའི་མངའ་འོག་ཏུ་གྱུར།  རྒྱལ་བོ་འདིའི་རྒྱལ་ས་ནི་ད་ལྟ་ཐན་ཆོན་གྱི་རབ་རྒྱས་ཤང་དུ་ཆགས་ཡོད།           གོང་གི་རྒྱལ་བོ་དྲུག་ནི་དེང་སྐབས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་ཡོད།

 མུ་ཕྱི་རྒྱལ་བོ།  (穆坪土司)

18.མུ་ཕྱི་རྒྱལ་བོ།  (穆坪土司)མུ་ཕྱིའི།  མུ་ཕྱིས།  མི་ཕམ་སོགས་བྲིས་འདུག  རྒྱལ་བོ་དེ་ནི་སྤྱི་ལོའི་སྔོན་གྱི་ལོ་ཉིས་བརྒྱ་ཉི་ཤུའི་སྐབས་ནས་གཡག་རྔ་ས་ཆར་གནས་བཅས་ཡོད་ཅིང་།  ཆེས་དར་སྐབས་ད་ལྟའི་གཡག་རྔ་སོགས་ཀྱི་རྫོང་ཁག་དྲུག་ཙམ་གྱི་ས་ཆ་མངའ་འོག་ཏུ་ཚུད་ཡོད།  སྔོན་ཆད་འགུ་ཐང་རྒྱལ་བོ་ཡང་དེའི་མངའ་འོག་ཡིན་པར་གྲགས།  དེའི་རྒྱལ་རབས་ཡིག་ཐོག་ཏུ་བཀོད་ཡོད་པ་རྒྱལ་བོ་ནམ་མཁའ་ནོར་བུ་ནས་རྒྱལ་མཚན་རྡོ་རྗེའི་བར་ཏེ་སྤྱི་ལོ1373ནས1929ཡི་བར་རྒྱལ་རབས་ཉི་ཤུ་རྩ་བརྒྱད་ཙམ་བྱུང་ཡོད།  རྒྱལ་ས་ནི་ཐོག་མར་གཡག་རྔ་ནས་རིམ་བཞིན་ཡར་སྤོས་ནས་མཐར་པའོ་ཞུན(宝兴)དུ་ཆགས་ཡོད།          གོང་གི་རྒྱལ་བོ་གཉིས་ནི་དེང་སྐབས་གཡག་རྔ་ཀྲོན་ཆུས་ཀྱི་མངའ་ཁོངས་སུ་ཡོད།        འདིར་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་གྲངས་འདྲེན་པ་ཙམ་ལས་དོན་དུ་རྒྱལ་རོང་ཡུལ་དུ་རྒྱལ་ཁག་ཉི་ཤུ་སུམ་ཅུ་ཙམ་བྱུང་འདུག  བཙན་ལྷ་ངག་དབང་གིས་གསུང་རྒྱུར།  རྒྱལ་ཁག་བཅོ་བརྒྱད་ཅེས་པ་ནི་སྔོན་ཞང་ཞུང་གི་བཀྲ་ཤིས་པའི་གྲངས་ཀ་མཚོན་བྱེད་ཅིག་སྟེ་ངག་ཏུ་བརྗོད་བདེ་བའི་བཅོ་བརྒྱད་ཀྱི་གྲངས་བགྲང་བ་ལས།  རྒྱལ་རོང་ཡུལ་དུ་དོན་དངོས་སུ་རྒྱལ་ཁག་བཅོ་བརྒྱད་ཁོ་ན་ཡིན་དགོས་པའི་ངེས་པ་མཆིས།
དཔྱད་གཞིའི་ཡིག་ཆ། 1  གནས་བརྟན་ཚེ་རིང་དང་དཀོན་མཆོག་རྡོ་རྗེ་གཉིས་ཀྱིས་བརྩམས་པའི 《ཁམས་པའི་འཛུམ་རིས》 2010ལོའི་སྤྱིའི་དེབ་གཉིས་པ་ལས་བཤུས། 2  དོན་གྲུབ་ལྷ་རྒྱལ་སོགས་ཀྱིས་སྒྲིག་པའི 《བོན་གྱི་ཤེས་རིག་ཚིག་མཛོད》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། སྤྱི་ལོ2014ལོའི་ཟླ4བའི་པར་ཐེངས་གཉིས་པ། ཤོག་ངོས123ན་གསལ། 3  དམུ་དགེ་བསམ་བཏན་གྱིས་བརྩམས་པའི 《བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་ཞེས་བྱ་བ་བཞུགས་སོ》 མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ2010ལོའི་ཟླ1པོའི་པར་ཐེངས་དང་པོ། ཤོག་ངོས226ན་གསལ།

(རྩོམ་ཡིག་འདི་རྒྱལ་རོང་རིག་གནས་ཞེས་པའི་འཕྲིན་སྟེགས་ལས་བཤུས་པ་ཡིན། )

 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།