ཞང་ཞུང་གི་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་ཚོན་རིས་དང་སྐྱ་རིས།
[ཟླ་ཚེས། 2016-09-01 18:43:00][རྩོམ་པ་པོ། བླ་མ་ཚུལ་ཁྲིམས་ཕུན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ཞང་ཞུང་ཕུགས་པ་ཁྱུང་ལུང་དངུལ་མཁར་གུར་གྱམ་དགོན་ཐུགས་བསྟན་གཟི་འབར་མདོ་སྔགས་གྲགས་རྒྱས་གླིང་གི་དུས་གསུམ་འགྱུར་མེད་གཙུག་ལག་ཁང་གི་གཡོན་གཤམ་གྱི་ལྡེབས་རིས།
༡ ༽ ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་ཚོན་རིས།
འཛམ་གླིང་གནས་ཀྱི་རྒྱལ་པོ་ཞང་ཞུང་བླ་རི་གངས་དཀར་ཏི་སེ།
ཀ་རུ་གྲུབ་དབང་བསྟན་འཛིན་རིན་ཆེན་རྒྱལ་མཚན་གྱིས་མཛད་པའི་འཛམ་གླིང་གངས་རྒྱལ་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་ལས།འཛམ་གླིང་ཤེས་རིག་གི་འབྱུང་ཁུངས་ཞང་ཞུང་སྒོ་ཕུག་བར་གསུམ། དེ་ཡང་ཡུལ་ཆེན་བཅོ་བརྒྱད་ཀྱི་སྙིང་པོ་ཞང་ཞུང་བོན་གྱིས་ཡུལ་ཞེས་བྱ་བའི་ལོ་རྒྱུས་ཅུང་ཟད་བཤད་པ་ལ། ཞང་ཞུང་སྒོ་ཕུག་བར་གསུམ་ལའང་གསུམ་གསུམ་མོ། །དེ་གང་ཞེ་ནའང་། ཞང་ཞུང་གཡས་སྒོ་དང་གཡོན་སྒོ་དབུས་སྒོ་གསུམ་དུ་ཡོད་པ་ལ། དེ་ཡང་གཡས་ནི་ཕུག་སྟག་རི་ཁྲ་བོ་སྨན་གྱི་རི་དང་། བར་ལ་མོ་གངས་ར་ཕྱི་ཡི་རི་དང་། སྒོ་མཁའ་འགྲོ་འདུས་གླིང་ཙ་ཡི་རི་དང་གསུམ་མོ། །དེ་ལྟར་དུའང་གཡོན་སྒོ་ཕུག་ཏི་སེ་དང་མ་པང་གཡུ་མཚོ། བར་རྟ་རྒོ་དང་དང་ར་གཡུ་མཚོ། སྒོ་ཐང་ལྷ་དང་གནམ་མཚོ་ཕྱུག་མོ་དང་གསུམ་མོ། །དེ་ལྟར་དུའང་དབུས་སྒོ་ནི། ཕུག་ཁྱུང་ཆེན་སྤུངས་རི་དང་ཁྱུང་ལུང་དངུལ་མཁར། བར་ལྷ་རི་གྱང་ཏོ་དང་རྒྱལ་མཁར་འཕན་གླིང་། སྒོ་ཤེ་ལེ་རྒྱ་སྐར་དང་ཁྱུང་པོ་གཏིང་རྫོང་སོགས་གསུམ་མོ། །དེ་ལ་སྤྱི་ལྟར་ན་སྟོད་མངའ་རིས་སྐོར་གསུམ་ཞང་ཞུང་གི་ཡུལ་དང་། བར་དབུས་གཙང་རུ་བཞི་བོད་ཡུལ་དང་། སྨད་མདོ་གང་སྒང་དྲུག་རྒྱ་ནག་གི་ཡུལ་སོགས། ཞང་ཞུང་སྒོ་ཕུག་བར་གསུམ་དང་། ཁྱད་པར་ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་གཙོས་པའི་ཡུལ་ཆེན་བཅོ་བརྒྱད་ལ་མངའ་དབང་ཆེ་བའི་རྒྱལ་པོ། སྲིད་པ་གནམ་ནས་སྐོས་པའི་ཞང་ཞུང་སྲིད་པའི་རྒྱལ་པོ།
ཁྲི་ཝེར་ལ་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན་དང་། ཞུང་ཞང་ཟིལ་གནོན་རྒྱལ་པོ་རླབས་ཆེན་ཁྱུང་གི་བྱ་རུ་ཅན་དང་། ཧྲི་དོ་གྱེར་སྤུངས་རྒྱལ་པོ་ཀང་ཀ་ཤེལ་གྱིས་བྱ་རུ་ཅན་དང་གསུམ་ནི། གངས་རི་ཆེན་པོའི་མདུན་རྒྱང་རི་གཡུ་ལོ་ལྗོན་པའི་རྫོང་མཁར་དུ་ཆགས་སོ། །
དེ་ལྟར་དུའང་ཁྱུང་ལུང་རྒྱལ་བ་མཉེས་ཡུལ་དུ། སླས་ཀྲ་གུ་གེའི་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན་དང་། རྒྱུང་ཡར་མུ་ཁོད་རྒྱལ་པོ་གཞའ་ཚོན་འོད་ཀྱི་བྱ་རུ་ཅན་དང་། ཀྱི་ལེ་གུ་གེ་རྒྱལ་པོ་ཨུན་ཆེན་དུང་གི་བྱ་རུ་ཅན་དང་གསུམ་མོ། །
ཞང་ཞུང་པུ་མར་ཧྲང་གི་ཡུལ་དུ། སྤུངས་རྒྱུང་གྱེར་གྱི་རྒྱལ་པོ་བྱེ་རུ་འོད་ཀྱི་བྱ་རུ་ཅན་དང་། ཉེ་ལོ་ཝེར་ཡ་རྒྱལ་པོ་ཕྲ་མེན་འོད་ཀྱི་བྱ་རུ་ཅན་དང་གཉིས་སོ། །
ཞང་ཞུང་ཙི་ནའི་ཡུལ་དུ་སྟག་སྣ་གཟི་བརྗིད་རྒྱལ་པོ་ཟོམ་ཤང་ལྕགས་ཀྱི་བྱ་རུ་ཅན་དང་། ཛོ་དམར་ཐིས་སྤུངས་རྒྱལ་པོ་མེ་དཔུང་འོད་ཀྱི་བྱ་རུ་ཅན་དང་གཉིས་སོ། །
ཞང་ཞུང་ཏ་རོག་ཡུལ་དུ་བདུད་འདུལ་དབལ་གྱི་རྒྱལ་པོ་ཉི་ཤེལ་འོད་ཀྱི་བྱ་རུ་ཅན་དང་། ལི་ཝེར་གྱེར་གྱི་རྒྱལ་པོ་ཟླ་ཤེལ་འོད་ཀྱི་བྱ་རུ་ཅན་དང་གཉིས་སོ། །
ཞང་ཞུང་རྟ་སྒོའི་ཡུལ་དུ་ཤེལ་རྒྱུང་ཧྲི་དོ་རྒྱལ་པོ་ཛོ་དམར་འོད་ཀྱི་བྱ་རུ་ཅན་དང་། ལིག་མུར་ནམ་མཁའི་རྒྱལ་པོ་བེ་དྷུརྱ་འོད་ཀྱི་བྱ་རུ་ཅན་དང་གཉིས་སོ། །
ཞང་ཞུང་ཁ་སྐྱོར་ཡུལ་དུ་མུ་ཝེར་ནོར་གྱི་རྒྱལ་པོ་ག་ལྗང་འོད་ཀྱི་བྱ་རུ་ཅན་དང་།
ཞང་ཞུང་ཁ་ཡུག་ཡུལ་དུ་སད་ཧྲི་གྱེར་གྱི་རྒྱལ་པོ་ཨུདཔལ་འོད་ཀྱི་བྱ་རུ་ཅན་དང་།
ཞང་ཞུང་ལ་དྭགས་ཡུལ་དུ་ཉེ་ལོ་ཝེར་ཡ་རྒྱལ་པོ་གནམ་ལྕགས་དབལ་གྱི་བྱ་རུ་ཅན་དང་།
ཞང་ཞུང་རུ་ཐོག་ཡུལ་དུ་མུ་མར་ཐོག་རྒོད་རྒྱལ་པོ་ཨེན་ཌ་འོད་ཀྱི་བྱ་རུ་ཅན་སོགས། ཞང་ཞུང་གི་རྒྱལ་པོ་བྱ་རུ་ཅན་བཅོ་བརྒྱད་འདི་རྣམས་ཀྱི་རིང་ལ། ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་ལ་སོགས་ཡུལ་ཆེན་བཅོ་བརྒྱད་ཀྱི་མགོ་ནོན་པ་དང་། གཡུང་དྲུང་བོན་གྱི་བསྟན་པ་ཕྱོགས་བཅུར་རྒྱས་ཤིང་། སྐུ་ཚེ་ཡང་མི་ལོ་གཉིས་སྟོང་དུ་བཞུགས་པ་དང་། ཕུང་པོ་ལྷག་མེད་དུ་སངས་རྒྱས་པའང་ཡོད་པའོ། །ཞེས་དང་། ཆགས་པའི་ཡུལ་མ་འགྱུར་བ་ཞང་ཞུང་སྒོ་ཕུག་བར་གསུམ་དུ་ཆགས། བརྟེན་པའི་རི་མ་འགྱུར་བ་འཛམ་གླིང་གངས་ཏི་སེ་རུ་སྲིད། གནས་པའི་མཚོ་མ་འགྱུར་བ་མ་པང་གཡུ་མཚོ་སྔོན་མོ་རུ་སྲིད། རྒྱལ་བའི་བསྟན་པ་མ་འགྱུར་བ་གཡུང་དྲུང་གི་བོན་རིན་པོ་ཆེ་ཕྱོགས་བཅུ་ཀུན་ཏུ་དར་ཞིང་རྒྱས། སྒྲུབ་པའི་གཤེན་མ་འགྱུར་བ་བོན་རིག་འཛིན་བརྒྱད་ཅུ་རུ་ཕེབས། འོག་གི་རྒྱལ་པོ་མ་འགྱུར་བ་ཞང་བོད་གནམ་བབ་ཀྱི་རྒྱལ་པོ་སུམ་ཅུ་སོ་གཅིག་གིས་མཛད་ཅིང་ཤིན་ཏུ་དར་ལ་རྒྱས་སོ། ། ཞེས་གསུངས་སོ།།
ལྡོང་མདོ་ཚང་དབུ་མཛད་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་གཙོས་དགེ་སློབ་རྣམ་པ་ཚོས་ཞང་ཞུང་ལྡོང་ལུགས་ཀྱི་རྒྱུན་སྲོལ་རི་མོ་ལྟར་བྲིས།
ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས།
༢༠༡༦/༨༣༠ཉིན་སྤེལ་བའོ། ཐ་ཚན་མུ་ཙུག་སྨར་རོ། །
༢ ༽ ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད། སྐྱ་རིས།
དུང་དཀར་ཚིག་མཛོད་ཆེན་མོ་མཛོད་ལས།།
བོད་རིག་པའི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད།
ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་པའི་ཤོག་ངོས་(1784)དང(1785)ལས།
ཞང་ཞུང་། འདི་ནི་སྔར་བོན་ཆོས་དར་རྒྱས་ཆེ་བའི་ཡུལ་ཞིག་ཡིན་པར་བོན་དང་བོད་ཀྱི་ལོ་རྒྱུས་མང་ཆེ་བ་མཐུན་ཞིང་ས་གནས་གང་དུ་ཡོད་མེད་དང་། ས་རྒྱ་ཆེ་ཆུང་གི་སྐོར་ལ་བཤད་ཚུལ་མི་མཐུན་པ་སྣ་ཚོགས་འདུག བོན་གྱི་ལོ་རྒྱུས་ལས། ཞང་ཞུང་གི་རྒྱལ་པོ་ཁྲི་ཝེར་ལ་གུ་ལང་གསེར་གྱི་བྱུ་རུ་ཅན་ལ་སོགས་པ་གྲགས་ཆེ་བ་བཅོ་བརྒྱད་བྱུང་བ་དེ་དག་གིས་ཞང་ཞུང་སྒོ་ཕུག་བར་གསུམ་སྟེ་མདོ་སྨད་ཀྱི་ཕྱོགས་ལ་སྒོ་དང་། དབུས་གཙང་གི་ཕྱོགས་ལ་བར། མངའ་རིས་ལ་དྭགས་ཀྱི་ཕྱོགས་ལ་ཕུག་ཅེས་བརྗོད་པར་བཤད། ༼ཆོས་འབྱུང་མཁས་པའི་དགའ་སྟོན། ༽ལས་ཞང་ཞུང་གི་སྟོང་སྡེ་འདྲེན་པའི་སྐབས་བོད་དང་གྲུ་གུ་གཉིས་ཀྱི་མཚམས་ན་འོ་ཅོ་མང་མ་གཉིས་སོགས་ཞང་ཞུང་སྟོད་ཀྱི་སྟོང་སྡེ་ལྔ། བོད་དང་སུམ་པའི་མཚམས་ན་གུ་གེ། ཅོག་ལ་གཉིས་སོགས་ཞང་ཞུང་སྨད་ཀྱི་སྟོང་སྡེ་ལྔ་བཅས་ཞང་ཞུང་གི་སྟོང་སྡེ་བཅུ་ཡོད་པར་བཤད། ཞང་ཞུང་བོད་ཀྱི་བཙན་པོའི་རྒྱལ་རབས་ཀྱི་མངའ་ཁོངས་སུ་ཚུད་པའི་དུས་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་གོང་ཡབ་གནམ་རི་སྲོང་བཙན་གྱི་དུས་སུ་ངོ་ལོག་བྱས་པ་དང་། དེ་རྗེས་རྒྱལ་པོ་སྲོང་བཙན་སྒམ་པོས་རང་ཉིད་ཀྱི་སྲིང་མོ་སྲད་མ་ཀ་ལ་ལིག་བྱ་བ་དེ་ཞང་ཞུང་གི་རྒྱལ་པོ་ལིག་མི་རྐྱ་ལ་བག་མར་བཏང་རྗེས། ཞང་ཞུང་སླར་ཡང་མངའ་འོག་ཏུ་བཅུག་ཐོག སྤུག་གྱིམ་བཙན་སྨང་ཆུང་ཞང་ཞུང་གི་སྤྱི་དཔོན་དུ་བསྐོས་པར་བཤད། ༼ཆོས་འབྱུང་མཁས་པའི་དགའ་སྟོན།༽ནང་ད་དུང་རྒྱལ་པོ་སྟག་རི་གཉན་གཟིགས་ཀྱི་དུས་སུ་བན་པ་རྗེ། འ་ཞ་རྗེ། དྲང་གར་རྗེ། ཟིང་པོ་རྗེ། ཞང་ཞུང་རྗེ་རྣམས་བཏུལ་བ་དང་། ཉང་སྦས་གནོན་གསུམ་འབངས་སུ་ཚུད་པ་སོགས་གསུངས་པ་རྣམས་ཕན་ཚུན་གུང་བསྒྲིགས་སྐབས། རྩོམ་པ་པོས་གསུངས་པའི་ལོ་རྒྱུས་ཀྱི་ནང་དོན་མང་པོ་ཞིག་ཏུན་ཧོང་གི་བོད་ཡིག་ལོ་རྒྱུས་ཐོག་ནས་ར་སྤྲོད་བྱེད་ཐུབ་པ་བྱུང་བ་དེར་བརྟགས་ན། ༼ཆོས་འབྱུང་མཁན་པའི་དགའ་སྟོན།༽ མཛད་སྐབས་ཏུན་ཧོང་གི་ལོ་རྒྱུས་ཡིག་རྙིང་དང་འདྲ་བའི་དཔྱད་གཞིའི་ཡིག་ཆ་ཁུངས་ཐུབ་མང་པོ་ཞིག་སྐབས་དེར་ཕྱག་ལ་སོན་ཡོད་པ་གསལ་པོར་མཐོང་ཐུབ་ཀྱི་འདུག །
ཞང་ཞུང་རྗེ། ཞང་ཞུང་ནི་གནའ་རབས་བཙན་པོའི་དུས་སྐབས་མ་བྱུང་གོང་དུ་རྒྱལ་ཕྲན་བཅུ་གཉིས་དང་། སིལ་མ་བཞི་བཅུའི་ནང་གི་རྒྱལ་ཕྲན་ཞིག་ཡིན་པར་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་སྙིང་དང་། ༼ ཆོས་འབྱུང་མཁས་པའི་དགའ་སྟོན་ ༽ནང་བཤད་ཅིང་། ༼ བོན་གྱི་ཆོས་འབྱུང་༽དང་ལོ་རྒྱུས་འགའ་ཞིག་ལས། ཞང་ཞུང་གི་རྒྱལ་པོ་ཁྲི་ཝེར་ལ་གུ་ལང་གསེར་གྱི་བྱུ་རུ་ཅན་ལ་སོགས་པ་གྲགས་ཆེ་བ་བཅོ་བརྒྱད་བྱུང་བ་དང་། སྐབས་དེར་བོད་ཀྱི་ས་གནས་ཡོང་ལ་ཞང་ཞུང་སྒོ་ཕུག་བར་གསུམ་ཞེས་མདོ་སྨད་ཀྱི་ཕྱོགས་ལ་སྒོ་དང་། དབུས་གཙང་གི་ཕྱོགས་ལ་བར། མངའ་རིས་ལ་དྭགས་ཀྱི་ཕྱོགས་ལ་ཕུག་ཅེས་ཟེར་བ་ཡིན་པར་བཤད་པས། སྐབས་དེར་བོད་ཀྱི་རྒྱལ་པོ་ཞེས་མི་ཟེར་བར་ཞང་ཞུང་གི་རྒྱལ་པོ་ཞེས་ཟེར་བ་ནི། སྐབས་དེའི་བོད་སྤྱི་ལ་དབང་བའི་རྒྱལ་པོ་ནི་ཞང་ཞུང་གི་ཡུལ་དུ་གནས་པའི་དབང་གིས་མིང་དེ་ལྟར་ཐོགས་པ་ཡིན་ཅིང་། རྒྱལ་རབས་གང་ཡིན་ཀྱང་རང་ཉིད་ཀྱི་དབང་འོག་ཏུ་འདུས་ཟིན་པའི་ཡུལ་དེ་ལ་རྒྱལ་པོ་རང་ཉིད་གནས་པའི་ཡུལ་དེས་སྤྱི་མིང་བྱས་པ་དང་། རང་ཉིད་ཀྱི་དབང་འོག་ཏུ་འདུས་མེད་པའི་ཡུལ་དེ་ལ་ཡུལ་སོ་སོའི་མིང་འབོད་པ་དེ་འདྲའི་དཔེ་མང་པོ་ཡོད་པས། བཙན་པོའི་རྒྱལ་རབས་ཀྱིས་བོད་དབུས་གཙང་སོགས་དབང་དུ་མ་འདུས་གོང་དུ་བོད་སྤྱིའི་མིང་ལ་ཞང་ཞུང་གི་ཡུལ་ཞེས་འབོད་པ་དང་། བཙན་པོའི་རྒྱལ་རབས་ཀྱིས་ཞང་ཞུང་དབང་དུ་བསྡུས་རྗེས་ཞང་ཞུང་རྒྱལ་པོ་རང་ཉིད་གནས་སའི་ཡུལ་ཙམ་ལ་ཞང་ཞུང་གི་ཡུལ་ཞེས་འབོད་པ་ཡིན། རྒྱལ་པོ་སྲོང་བཙན་སྒམ་པོས་སྲིད་དབང་བཟུང་མ་ཐག་པའི་དུས་སྐབས་སུ་ཞང་ཞུང་དང་སུམ་པ་སོགས་ཀྱིས་ངོ་ལོག་བྱས་པའི་གནས་ཚུལ་ཏུན་ཧོང་གི་ཡིག་རྙིང་ལས་གསལ་བས ༼ ཆོས་འབྱུང་མཁས་པའི་དགའ་སྟོན་ ༽ནང་འཁོད་པའི་ལོ་རྒྱུས་རྣམས་ཁུངས་བཙན་ཡིན་པར་ར་འཕྲོད་བྱུང་ཡོད།། ཞེས་གསུངས་སོ།།
----------------------------------------------
༼དཔྱད་མཆན།༽ འདིར་བཀོད་པའི་ཞང་ཞུང་སྒོ་ཕུག་བར་གསུམ་དབྱེ་སྟངས་སྐོར་དུམ་བུ་འདི་ནི་བོན་གྱི་ཡིག་རྙིང་འགའ་ཞིག་ལ་འདི་ལྟར་ཡོད་ཅིང་། སྤྱིར་བཏང་བྱས་ན་བོད་རིག་པའི་མཁས་དབང་དུང་དཀར་བློ་བཟང་མཆོག་གིས། གཡུང་དྲུང་བོན་གྱི་སྐོར་ལ་ལྟ་བའི་འཛིན་སྟངས་དེ་གསུང་རྩོམ་སྔ་ཕྱི་དག་ལ་ལོ་རྒྱུས་དང་འབྲེལ་བའི་སྐོར་ཕན་ཚུན་སྡུར་ནས་ཏོག་ཙམ་མི་འདྲ་བ་འདུག་པས། དེ་ནི་ཁོང་གིས་ཕྱིས་སུ་བོན་གྱི་དཔེ་རྙིང་ཁག་ལ་གཟིགས་ཞིབ་མང་པོ་གནང་མྱོང་ཡོད་པ་ནི་འདིའི་ར་འཕྲོད་བྱུང་ཡོད་ཅིང་། མ་ཟད་དེ་ལྟར་བོན་དཔེ་ལ་གཟིགས་ཞིབ་གནང་བ་དང་འབྲེལ་བོད་ཀྱི་ལོ་རྒྱུས་རེ་འགའ་ལ་རིགས་པས་དབེན་པའི་ཀླད་རྙིང་འཁྲེགས་གཟུང་གི་ལྟ་བ་འགའ་ཞིག་དོར་ཏེ། སྙིགས་དོར་བཅུད་ལེན་གྱི་སྒོ་ནས་བོད་ཀྱི་ཤེས་རིག་ཀྱི་འཚོལ་ཞིབ་ཀྱི་ཐད་ལ་ཡང་དག་པའི་ཁ་ཕྱོགས་སུ་འགྲོ་ཐུབ་ཅིང་། ལག་ལེན་དངོས་ཀྱི་ཐོག་ཏུ་གནང་ཕོད་པ་འདི་ནི་མིང་དོན་མཚུངས་པའི་ངེས་པ་དོན་གྱི་མཁས་དབང་ལོས་ཡིན་སྙམ་མོ། དེ་ནི་ཁོང་གིས་བོན་གྱི་ལོ་རྒྱུས་ལྟ་མྱོང་འདུག་པས་མཁས་དབང་རེད་ཅེས་ཞུས་པ་མ་ཡིན། ལོ་རྒྱུས་དཔེ་ཆ་མང་པོ་ལ་གཟིགས་ཞིབ་འབད་བརྩོན་བྱས་ཏེ་རྒྱུ་མཚན་ངེས་ཅན་ཞིག་ལ་བརྟེན་ནས་ལོ་རྒྱུས་ཕྱོགས་སྡོམ་གནང་ཐུབ་པས་དེའི་ཕྱིར་ན་དོན་གྱི་མཁས་དབང་ཞེས་འབོད་པས་སོ། དེ་བས་ན་མ་འོངས་པར་བོད་རིག་པའི་ཞིབ་འཇུག་གི་ལམ་ཕྱོགས་འདི་ལྟ་བུ་ཞིག་དགོས་ངེས་ཡིན། ང་ཚོས་དཔྱད་རྩོམ་སྔ་ཕྱི་ཀུན་གླུ་བརྒྱ་ངག་གཅིག་ལྟ་བུ་ལྟ་བུ་གཅིག་པ་གཅིག་རྐྱང་ཞིག་ཆགས་སོང་ནས་ཕན་ཐོག་ཡོད་པ་འགའ་མེད་ལ་ང་ཚོའི་བསམ་བློ་དང་ཤེས་བྱ་རིག་གནས་སོགས་ལ་ཡར་རྒྱས་དེ་ཙམ་འགྲོ་གི་མེད་པའི་རྟགས་རེད་སྙམ། གནའ་བོའི་བོད་ཀྱི་ལོ་རྒྱུས་སྐོར་དཔེ་ཆ་ཁ་གསལ་པོར་བཤད་པ་དག་ལ་ཁུངས་དག་པོ་མེད་པ་ལྟ་བུ་དང་། ཁུངས་དག་པོ་ཡོད་པ་དག་ལ་ཁ་གསལ་པོ་བཤད་ཐུབ་མེད་པ་ལྟ་བུ་སོགས་འགལ་རྐྱེན་མང་པོ་ཞིག་གིས། བོད་ཀྱི་ལོ་རྒྱུས་ཀྱི་སྐོར་ལ་ད་ལྟ་བཞེད་སྟངས་མི་འདྲ་བ་སྣ་ཚོགས་སུ་བྱུང་ཟིན་པ་དང་འབྱུང་བཞིན་པ་རྒྱུ་མཚན་དེ་ལ་ཐུག་ཡོད་པ་རེད། དེའི་ཕྱིར། དེང་སྐབས་སུ་ཚན་རིག་པས་བོད་ཀྱི་གནའ་རྫས་འགའ་ཞིག་ཞིབ་དཔྱད་ཀྱིས་འབྲས་བུས་གནའ་བོའི་ལོ་རྒྱུས་ཁ་གསལ་ལ་མ་གསལ་འགའ་ཞིག་དང་ཐོད་ཐུག་ཡོད་ཅིང་ལོ་རྒྱུས་དེའང་ཁུངས་དག་ཡིན་པའི་ར་སྤྲོད་བྱེད་ཀྱིན་པ་རེད། ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས།༢༠༡༦/༩/༡ཉིན།།
ལྡོང་མདོ་ཚང་དབུ་མཛད་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་ཀྱིས་བྲིས།
ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་ཞང་ཞུང་རྒྱལ་པོ་འབྲི་མཁན་ཚོ་ལ་ཕན་ཐོག་ཡོང་བར་སྙམ་སྟེ་༢༠༡༦/༩/༡ཉིན་སྤེལ་བའོ། །