ཁྱུང་པོའི་མ་ཡིག་གཡུ་མགོ་མ་ཞེས་པའི་ཡིག་ཚང་ལ་དཔྱད་པ།
[ཟླ་ཚེས། 2024-11-02 14:56:23][རྩོམ་པ་པོ། དགེ་བཤེས་གཙུག་གཤེན་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
[ནང་དོན་གནད་བསྡུས] རྩོམ་ཡིག་འདིར་བོན་གྱི་གདུང་རབས་ཡིག་ཚང་ལས་ཁྱུང་པོའི་མ་ཡིག་གཡུ་མགོ་མ་ཞེས་པའི་སྐོར་ལ་ཞིབ་འཇུག་བྱས་ཏེ། ཡིག་ཚང་དེ་ནི་དེང་སང་ཕལ་མོ་ཆེའི་འདོད་པ་ལྟར་གྱི《མ་ཡིག་གཡུ་མགོ་མ་འདི་ཁྱུང་གི་རྒྱལ་པོ་གཡུ་ཁྲིའི་རྒྱུད་ཅེས་པ་བཞུགས་སོ།》ཞེས་པར་ངོས་འཛིན་བྱས་ན་མི་འགྲིག་པར་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་བརྩམས་པའི《རྒྱལ་ཁྱུང་དཀར་པོའི་གདུང་རབས》ཞེས་པའི་ལེའུ་དང་པོར་དྲངས་པ་དེ་ལ་གོ་དགོས་པའི་སྐོར་ནས་དཔྱད་བརྗོད་བྱས་འདུག
[བརྡ་ཆད་གཙོ་བོ] ཁྱུང་རབས། མ་ཡིག་གཡུ་མགོ་མ། ཁྱུང་གི་རྒྱལ་པོ་གཡུ་ཁྲི་སྟེངས་པ།
གླེང་གཞི།
སྤྱིར་ན་བོད་རིགས་ནི་རང་གི་རིགས་རུས་ལ་ཧ་ཅང་མཐོང་ཆེན་བྱེད་པའི་མི་རིགས་ཤིག་ཡིན་ཏེ།《ལྷ་རིགས་རླངས་ཀྱི་སྐྱེ་རྒྱུད》ལས“མིས་རང་གི་སྐྱེ་རྒྱུད་མ་ཤེས་ན། ནགས་ཁུང་གི་སྤྲེའུ་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན་གཡུ་འབྲུག་ཟོལ་མ་འདྲ། ཡབ་མེས་ཀྱི་ཆེ་དགེ་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡལ་བོར་དང་འདྲ།”[1]ཞེས་གསུངས་ཡོད་ལ། བོད་ཀྱི་མེས་པོ་དག་གིས་རང་རང་གི་རུས་མཛོད་དང་གདུང་རབས་ཀྱི་ཡིག་ཚང་མང་པོ་ཞིག་བསྐྲུན་ཡོད། དེ་དག་ལས་ད་ལྟ་མཇལ་ཡུལ་དུ་བཞུགས་པ་ནི་ཡིག་ཚང་གྲགས་ཅན《དབུ་ནག་མིའུ་འདྲ་ཆགས》དང《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ》སོགས་ཡིན། བོན་གྱི་ཡིག་ཚང་ཁྲོད་དུ་གདུང་རབས་སྐོར་གྱི་དཔེ་ཆ་མང་དུ་བཞུགས་ཤིང་། ཁྱུང་རབས་ནི་དེ་དག་གྲལ་གྱི་གཅིག་ཡིན། ཁྱུང་རབས་ཞེས་པ་ནི་ཁྱུང་པོའི་རུས་རྒྱུད་ཀྱི་བྱུང་རབས་དང་གྱེས་ཚུལ། འཕེལ་འགྲིབ་སོགས་བཀོད་པའི་ཡིག་ཚང་ཞིག་ལ་ཟེར། ད་སྔོན་ཕྲན་གྱི་ལག་ཏུ་ཁྱུང་རབས་སྣ་ཁ་མི་འདྲ་བ་བཅུ་གསུམ་ཙམ་བྱུང་ལ། དེ་དག་ལས་སྤྱི་ལོ༢༠༢༣ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པའི་བོད་ཀྱི་གདུང་རབས་ལོ་རྒྱུས་དཔེ་དཀོན་ཕྱོགས་བསྒྲིགས་ཁྲོད་ཀྱི་པོད་གསུམ་པ《བོན་གྱི་གདུང་རབས་ཕྱོགས་བསྒྲིགས》ནང་དུ་ཁྱུང་རབས་ཡིག་ཆ་མི་འདྲ་བ་ཁག་དགུ་བསྡུས་འདུག དེའི་ཁྲོད་ནས་ཁྱུང་པོའི་མ་ཡིག་གཡུ་མགོ་མ་ཞེས་པ་ནི་ཅུང་གྲགས་ཆེ་བའི་ཡིག་ཚང་ཞིག་དང་ཁྱུང་རབས་ཀུན་གྱི་མ་ཕྱི་ལྟ་བུར་བཞེད་ཀྱི་ཡོད། དེང་གི་ཆར་རྒྱལ་ཕྱི་ནང་ཀུན་ནས་བོད་རིག་པའི་ཞིབ་འཇུག་ཚ་རླབས་ཤིག་འཕྱུར་ཡོད་པ་དང་། ལྷག་ཏུ་བོན་དཔེ་ཁག་ལ་ཞིབ་འཇུག་བྱེད་པའི་རླབས་རྒྱུན་གསར་པ་ཞིག་མངོན་བཞིན་ཡོད། འོན་ཀྱང་། བོན་གྱི་ཡིག་ཚང་མང་པོ་ཞིག་དུས་ཐོག་ཏུ་འགྲེམ་སྤེལ་མ་ཐུབ་རྐྱེན་དགོས་ངེས་ཀྱི་དཔྱད་བརྗོད་གནང་ཐུབ་མེད་པས། མིག་སྔར་ཞིབ་འཇུག་པ་ཁག་ལ་དཀའ་ངལ་མང་པོ་ཞིག་ཀྱང་རང་བཞིན་གྱིས་འཕྲད་བཞིན་ཡོད། དེར་བརྟེན། ད་ལན་ཕྲན་ནས་ཁྱུང་རབས་ཡིག་ཚང《མ་ཡིག་གཡུ་མགོ་མའི》སྐོར་ནས་དོགས་སློང་དང་དཔྱད་བརྗོད་ཅུང་ཙམ་ཞུས་པ་ཡིན།
དང་པོ། ཁྱུང་རབས་ཁག་ཏུ་མ་ཡིག་གཡུ་མགོ་མའི་སྐོར་གང་འདྲ་འཁོད་པ།
《ཁྱུང་རབས་གོང་སྔོན་མ》ལས“སྲིད་པའི་གཏམ་རྒྱུད་བོད་མིའུ་རུས་དྲུག་རྣམས་ཞིབ། གདུང་རབས་དང་མིའི་ཆད་སོ་རྣམས། མ་ཡིག་གཡུ་མགོ་དང་གོང་སྔོན་མ་གཉིས་ཞིབ། བླ་རབས་ནི་བསྙན་བརྒྱུད་དང་། བསྒྲགས་པ་རིན་ཆེན་གླིང་གྲགས་དང་། རྒྱལ་རབས་ཆེ་འབྲིང་གཉིས་དང་། རིག་འཛིན་སྒྲུབ་སྐོར་དར་ནུབ་ཀྱི་ལོ་རྒྱུས་དང་། བྱམས་མའི་ལོ་རྒྱུས་དང་། བྱང་གཏེར་གྱི་དབྱེ་བ་དང་། གཏན་ཚིགས་ཀྱི་དབྱེ་བ་དེ་རྣམས་ཞིབ།”[2]ཅེས་དང་།《ཁྱུང་རབས་རྣམ་དག་ཤེལ་ཕྲེང》ལས“འདི་དོན་ཆུང་བཤད་པ་རྒྱ་མཚོའི་ནང་གི་ཆུ་ཐིགས་ཙམ་དུ་ཉུང་བསྡུས་ཟུར་ཙམ་བྲིས་པ་འདི་ནི། ཁྱུང་དཀར་ལྷ་མཆོག་རྒྱས་ཞེས་པ་དེ་ཡིས། ཁྱུང་པོའི་མ་ཡིག་གསེར་སྒམ་དང་། གཡུ་མགོ་མ་དང་། ཁྱུང་རབས་རྒྱས་འབྲིང་བསྡུས་གསུམ་དུ་འདུག་པ་དང་། ཞལ་བྱོན་སོགས་ནས་བསྡུས་ཏེ་བྲིས་པའོ།།”[3]ཞེས་གསལ་ལ།《མ་ཡིག་གཡུ་མགོ་མ་འདི་ཁྱུང་གི་རྒྱལ་པོ་གཡུ་ཁྲིའི་རྒྱུད་ཅེས་པ་བཞུགས་སོ།》ཞེས་པ་ལས“དེ་ནས་མ་ཡིག་གཡུ་མགོ་མ་ཞེས་བྱ་བ་འདི། ང་ཁྱུང་རྗེ་རྒྱལ་པོའི་གཏན་ཚིགས་ཡིན། དུས་འགྱུར་བྱུང་ན་མཁོ་བ་ཡིན། རང་མ་གཏོགས་གཞན་ལ་སྟོན་རྒྱུ་མེད།”[4]ཅེས་སོགས་གསལ་ཡོད།《སྲིད་པའི་ས་བགོས་ཆེན་མོ་བཞུགས》ཞེས་པ་ལས“སྲིད་པའི་གཏམ་རྒྱུད་བོད་མིའུ་རུས་དྲུག་རྣམས་ཞིབ། གདུང་རབས་དང་མིའི་ཆད་སོ་རྣམས། མ་ཡིག་གཡུ་མགོ་དང་གོང་སྔོན་མ་གཉིས་ཞིབ།”[5]ཅེས་སོགས་གསལ་ཡོད། འདི་དག་ལ་བརྟགས་ན། གཡུ་མགོ་མ་ནི་གཙོ་བོ་ཁྱུང་པོའི་བྱུང་རབས་དང་མི་རྒྱུད་གྱེས་ཚུལ་སོགས་བཀོད་པའི་ཡིག་ཆ་ཞིག་ཡིན་པ་ཤེས་ཐུབ་པ་མ་ཟད། ཕྱིས་ཀྱི་ཁྱུང་རབས་མང་པོ་ཞིག་གིས་མ་ཕྱི་བྱས་ཡོད་པ་རྟོགས་ཐུབ། འདིར་དམིགས་བསལ་དོ་སྣང་དགོས་པ་ཞིག་ནི་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་བརྩམས་པའི་ཁྱུང་རབས་ཁག་ཏུ་མ་ཡིག་གཡུ་མགོ་མ་ཞེས་པའི་ཐ་སྙད་ཐོན་མེད་པ་དེ་རེད། འོ་ན། མ་ཡིག་གཡུ་མགོ་མ་དེ་དག་གི་རྗེས་སུ་བྱུང་བ་ཡིན་ནམ་ཞེ་ན། འདིའི་སྐོར་གཤམ་ནས་མུ་མཐུད་འཆད་བར་བྱའོ།།
གཉིས་པ། དེང་སང་ཡོངས་གྲགས་ཀྱི་མ་ཡིག་གཡུ་མགོ་མའི་སྐོར་གླེང་བ།
གཅིག ནང་དོན་གྱི་སྒྲོམ་གཞིར་དཔྱད་པ།
ང་ཚོས་ད་ལྟ་མཇལ་ཐུབ་པའི་ཁྱུང་རབས་དག་གི་ཁྲོད་དུ《མ་ཡིག་གཡུ་མགོ་མ་འདི་ཁྱུང་གི་རྒྱལ་པོ་གཡུ་ཁྲིའི་རྒྱུད་ཅེས་པ་བཞུགས་སོ།》[6]ཞེས་པ་ཞིག་བཞུགས་ཡོད། འདི་ནི་ཕལ་མོ་ཆེས་མ་ཡིག་གཡུ་མགོ་མ་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་ལ། མཚམས་འདི་ནས་ང་ཚོས་ཁྱུང་རབས་འདིའི་ནང་དོན་ཐད་ནས་དཔྱད་ཞིབ་མདོར་བསྡུས་ཤིག་བྱ། འདི་ལ་དབུ་མེད་ལག་བྲིས་མ་དང་དཔར་གཞི་ཁ་ཤས་ཡོད་པ་ལས་ཕྲན་གྱིས་ད་ལན《བོན་གྱི་གདུང་རབས་ཕྱོགས་བསྒྲིགས》ནང་དུ་བཞུགས་པ་དེ་ལ་གཞིར་བྱས་ཡོད། ཁྱུང་རབས་འདིར་ཁྱོན་ལེའུ་བཅུ་ལས་གྲུབ་ཅིང་ཤོག་ངོས་༡༨་ཡོད། ལེའུ་དང་པོར་སྲིད་པ་གྲོལ་ཚུལ་དང་ཁྱུང་པོའི་བྱུང་རབས་གཏམ་རྒྱུད་སོགས་ཤོག་ངོས་གཅིག་དང་ཕྱེད་ཙམ་ལོན་པ་ཞིག་བྲིས་ཡོད། “བར་དུ། ཁྱུང་རབས་རྒྱས་པར་ལྟོས།”[7]ཞེས་ཁ་འཕངས་ཏེ་ཁྱུང་པོའི་གདུང་རབས་སྐོར་ཧ་ཅང་བསྡུས་པ་ཞིག་ལས་བཀོད་མེད། ལེའུ་གཉིས་པའི་ནང་དུ“དེ་ནས་མ་ཡིག་གཡུ་མགོ་མ་ཞེས་བྱ་བ་འདི། ང་ཁྱུང་རྗེ་རྒྱལ་པོའི་གཏན་ཚིགས་ཡིན། དུས་འགྱུར་བྱུང་ན་མཁོ་བ་ཡིན། རང་མ་གཏོགས་གཞན་ལ་སྟོན་རྒྱུ་མེད།”ཅེས་སོགས་ཁྱུང་རབས་འདིའི་གལ་ཆེན་རང་བཞིན་སྐོར་ཚིག་རྐང་ཉེར་གསུམ་ཅན་ཞིག་བཀོད་ཡོད། དེའི་ཐོག“ཡང་ཁྱུང་པོའི་གདུང་རབས་གཡུ་འཕྲུ་མ་ལས། ཁྱུང་སྒོམ་མི་ལངས་འབྲི་ཆུ་རྒྱུད་བཞིན་རག་ཐག་སྐོར་དུ་ཕེབས་ལ་བཞུགས། ཡབ་ཀྱིས་གསུངས་པ་ལ་བརྟེན་ནས་བཞུགས། ཟེར་བ་སོགས་མང་པོ་བསྐལ་པ་ཆགས་འཇིག་སོགས་ད་ལྟ་མ་ཡིག་གོང་སྔོན་མ་ཞིབ། མི་ཡི་ཁྱད་ཚུལ་དང་དཔོན་གཡོག་གི་འཐོབ་ཐང་འདིར་ཞིབ།”[8]ཅེས་ཁྱུང་རབས་གཡུ་འཕྲུ་མ་དང་གོང་སྔོན་མ་གཉིས་ལས་ལུང་འདྲེན་བྱས་ཏེ་དེ་དག་གི་ནང་དོན་བཀོད་ཡོད། ལེའུ་གསུམ་པ་དང་བཞི་པ་གཉིས་ཀྱི་ནང་དུ་འབྲི་གུང་རིན་པོ་ཆེ་དང་ཁྱུང་པོ་གཉིས་ཕན་ཚུན་ཁ་ཤགས་བཏབ་པའི་སྐོར་ཞིག་བཀོད་ཡོད། འདིའི་ནང་དོན་ནི་དུས་རབས་བཅུ་གསུམ་པའི་དཀྱིལ་སྟོད་དུ་ཁྱུང་པོ་རྒྱ་ཚ་སྤུན་དྲུག་མདོ་སྨད་འབྲི་རྒྱུད་རག་ཏག་ནས་ཡར་ཡོང་སྟེ། ལྷོ་སྟོད་དེང་གི་ཁྱུང་ཡུལ་ཕྱོགས་སུ་འབྲི་གུང་ཚང་ལ་ས་གཡར་ཞུས་ནས་སྒར་བཏབ་ནས་བསྡད་པའི་སྐོར་ཡིན། འདི་དག་སྐོར་རྒྱས་པ་ཕྲན་གྱི་རྩོམ་ཡིག་གཞན[9]དུ་གསལ་ཡོད། ལེའུ་འདི་གཉིས་ནང་གི་ཁ་ཤགས་རྣམས་ནི《དབུ་ནག་མིའུ་འདྲ་ཆགས》ལས[10]དྲངས་པ་ཞིག་རེད་འདུག ལེའུ་ལྔ་པ་ནང་དུ་འབྲི་གུང་ཚང་དང་མདོ་གམ་དཔོན་ཆེན་སྟོན་ཚུལ་གཉིས་དང་འབྲེལ་བའི་གཏམ་རྒྱུད་ཅིག་བཀོད་ཡོད། འདི་ནི་རབ་བྱུང་ལྔ་པའི་ལྕགས་སྟག(༡༢༩༠)ལོར་བྱུང་བའི་འབྲི་གུང་གླིང་ལོག་གི་དོན་རྐྱེན་དང་འབྲེལ་བ་ཞིག་ཡིན། འདིའི་སྐོར་གྱི་གནས་ཚུལ་ངོ་མ་དེ《ཁྱུང་པོའི་དཀར་ཆབ་ཆེན་མོ》ཞེས་པར[11]འཁོད་ཡོད། ལེའུ་དྲུག་པའི་ནང་དུ་རྒྱ་རྗེ་དང་ཁྱུང་དབུས་ཤེས་རབ་རྒྱལ་མཚན་གཉིས་གདན་ས་བརྗེ་ལེན་བྱས་པའི་གཏམ་རྒྱུད་ཅིག་བཀོད་ཡོད། འདི་ནི་ཁྱུང་ཡུལ་དུ་རྒྱ་བོད་ཧོར་གསུམ་གྱི་དབང་སྒྱུར་བྱས་མྱོང་བ་ལས་རྒྱ་དུས་དང་འབྲེལ་བ་ལྡན། དེ་ཡང་རབ་བྱུང་བཅུ་གསུམ་པའི་ལྕགས་ལུག(༡༧༥༡)ལོ་ནས་བཟུང་མན་ཆིང་སྲིད་གཞུང་གིས་དཔོན་རིགས་མངགས་གཏོང་བྱས་ཏེ་ཁྱུང་ཡུལ་ཁུལ་དུ་དོ་དམ་བྱས་ཤིང་། ལམ་ལུགས་དེ་རབ་བྱུང་བཅོ་ལྔ་པའི་མེ་འབྲུག(༡༩༡༦)ལོའི་བར་དུ་གནས་ཡོད། ཁྱུང་རབས་ཁག་ཏུ་རྒྱ་ཁྱུང་གཉིས་གདན་ས་བརྗེ་ལེན་བྱས་པའི་སྐོར་མང་པོ་ཞིག་འཁོད་ཡོད། དེའི་སྐོར་ཕྲན་གྱི་དཔྱད་རྩོམ《ཁྱུང་པོ་ནང་ཆེན་གྲགས་པ་དང་འབྲེལ་བའི་གནད་དོན་སྐོར་ཞིག་ལ་དཔྱད་པ》[12]ཞེས་པར་གང་འཚམ་གླེང་ཡོད་ལ།《ཁྱུང་པོ་སྟེང་ཆེན》ལས“མན་ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཀྲའོ་འར་ཧྥང་ཚོ་པ་སུམ་ཅུ་སོ་དགུའི་ས་ཁུལ་དུ་སླེབས་ཤིང་སྡེ་དཔོན་འཐེན་ནས་གཞུང་དཔོན་བསྐོ་བའི་ལམ་ལུགས་མ་འགྲུབ་པས་ཆིང་རྒྱལ་རབས་སྲིད་གཞུང་གིས་ཚོ་པ་སུམ་ཅུ་སོ་དགུའི་ས་ཁུལ་གྱི་དབང་བསྒྱུར་སྲུང་སྐྱོང་བྱེད་ཕྱིར་སྔར་གྱི་དཔོན་གནས་རྣམས་ཕ་ཤུལ་བུ་འཛིན་བྱེད་དུ་བཅུག་ནས་ས་ཆ་དེ་དག་སི་ཁྲོན་མཐའ་མཚམས་ཀྱི་མངའ་ཁོངས་སུ་བཅུག་པ་རེད།”[13]ཅེས་གསལ་ཡོད་པས། གདན་ས་བརྗེ་ལེན་བྱས་ཞེས་པའི་གཏམ་རྒྱུད་ཀྱི་ས་བོན་འདི་འདྲ་ཞིག་ཡིན་པ་འདྲ། ལེའུ་བདུན་པའི་ནང་དོན་ནི་ཧོར་གྱིས་ཁྱུང་ཡུལ་དུ་དབང་སྒྱུར་བྱས་པའི་སྐོར་རེད། ཧོར་དམག་གིས་ཁྱུང་ཡུལ་བཟུང་བའི་དུས་ནི་དུས་རབས་བཅུ་གསུམ་པའི་དཀྱིལ་དུ་རེད། སྐབས་དེར་གོ་དན་གྱི་དམག་དཔོན་དོར་རྟ་གཙོ་བོ་བྱས་པའི་ཧོར་དམག་གིས་ཁྱུང་ཡུལ་སྟོད་ཀྱི་ག་ངས་དགོན་སོགས་གཏོར་བཅོམ་བྱས་ཤིང་ཁྱུང་སྒར་བརླགས་པ་རེད། ལེའུ་འདིར་དེང་གི་ཁྱུང་སྟོད་ག་ངས་ཤང་ཁོངས་ཀྱི་ས་ཆ་མཁར་སྤུངས་ཁ་དང་ར་ཡོབ་སྒེས། ཚ་གྱང་ཁ་སོགས་སུ་ཧོར་དམག་བསྡད་མྱོང་བའི་སྐོར་བཀོད་ཡོད། ས་ཆ་འདི་དག་ཏུ་ཡུལ་དེའི་ངག་རྒྱུན་དུ་རྒྱ་ཡང་བསྡད་མྱོང་བ་བཤད་པས། དུས་རབས་བཅུ་གསུམ་པའི་ནང་ཧོར་དམག་གིས་སྒར་བཏབ་ཅིང་ཕྱིས་སུ་མན་ཆིང་གི་ཨམ་བན་བསྡད་པ་ཤེས་ཐུབ། ལེའུ་བརྒྱད་པར་ཁྱུང་པོ་ལྷོ་པ་ཚང་གི་གདུང་རབས་སྐོར་བཀོད་ཡོད་ལ། དེ་ཡང་གཙོ་བོ་གྲགས་པ་འབུམ་དང་ཨ་འབེས་གཉིས་ཀྱི་བར་དུ་འགལ་ཟླ་བྱུང་བའི་སྐོར་བཀོད་ཡོད། ལེའུ་དགུ་པར་གྲགས་འབུམ་ནས་ལྷུན་གྲུབ་གྲགས་པའི་བར་གྱི་གདུང་རབས་བཀོད་ཡོད། ལེའུ་བཅུ་པར་ཁྲོ་རྒྱལ་གྲགས་པ་དང་ཚེ་མཆོག་གྲགས་པ་གཉིས་ནང་དམེ་བྱུང་ཞིང་། དེས་རྐྱེན་བྱས་ཧོར་གྱིས་ཁྱུང་པོར་དམག་བརྒྱབ་པ་དང་། ཁྲ་ཚེ་རིང་སྐྱབས་ཀྱིས་ཧོར་ལ་ཤགས་བཏབ་པའི་སྐོར་སོགས་བཀོད་ཡོད། འདིའི་ནང་གྲགས་པ་བསོད་ནམས་ཀྱི་སྲས་གྲགས་དབང་ངམ་སངས་གླིང་བཞི་པ་པདྨ་གར་དབང(༡༨༠༢-༡༨༥༩)མཆོག་གི་སྐོར་གསལ་ཡོད། གཞན་ཡང་ལེའུ་འདིར“ས་དར་པོ་ལ་མོ་ཡར་བཅད་དང་། ཁྲ་ལྡོ་ཝ་ལ་སྙིང་གི་ས་བཅད་དང་། འཐོབ་ཚུལ་དེ་མ་ཡིག་རྒྱབ་སྔོན་མའི་ནང་ནང་ན་ཞིབ། གོང་སྔོན་མ་བཅས་དེང་སང་དོ་ཚ་ཐོག་འབར་ལ་བཅོལ་ནས་ཡོད།”[14]ཅེས་མ་ཡིག་རྒྱབ་སྔོན་དང་གོང་སྔོན་མ་བཅས་གསལ་ཡོད། དེ་ལྟར་ཡིག་ཚང་འདིའི་ནང་དོན་སྒྲོམ་གཞི་དང་དཔྱད་གཞིའི་ཡིག་ཆ། ཐ་སྙད་ཀྱི་འགྲོས་སོགས་ལ་གཞིགས་ན་དུས་རབས་བཅུ་དགུ་པའི་ནང་བྱུང་བ་ཤེས་ཐུབ་བོ།།
གཉིས། ཁྱུང་རབས་འདི་མ་ཡིག་གཡུ་མགོ་མ་ཡིན་ནམ།
སྐབས་འདིར་ཐོན་དུས་ང་ཚོར་ཁྱུང་རབས་འདི་དངོས་གནས་གྲགས་ཆེ་བའི་མ་ཡིག་གཡུ་མགོ་མ་ཞེས་པ་དེ་ཡིན་ནམ་སྙམ་པའི་དོགས་པ་ཞིག་ངང་གིས་སྐྱེ་ཡོང་། དེས་ན་ང་ཚོས་དོགས་གཞི་དེ་དང་འགྲོགས་ནས་མུ་མཐུད་དཔྱད་ཞིབ་བྱེད། ཁྱུང་རབས་འདིའི་མཇུག་བྱང་ལས“དེ་ནས་ཁྱུང་པོའི་རྒྱལ་རབས་ཡན་ཆོད་འདི། ཁྱུང་གི་རྒྱལ་པོ་གཡུ་ཁྲིའི་མཛད་པའི་རྒྱུད་ལགས་སོ།། དེ་མན་ཆད་སྔར་གྱི་གྲོལ་ཐབས་ལགས། མེ་ཡོས་ལོ་ཟླ་བ་དང་པོའི་ཡར་ཚེས་ལ། གདན་ས་གཡུ་ཁྲ་ལྷ་སྟེང་དུ། ཝ་རྣ་རིན་ཆེན་རྒྱལ་མཚན་གྱིས་མགྱོགས་པར་བྲིས་པ་འདིས་བསྟན་པ་དར་རྒྱས་སུ་གྱུར་ཅིག”[15]ཅེས་བཀོད་ཡོད་པར་བལྟས་ན། ཁྱུང་རབས་འདིའི་ལེའུ་ཆ་ཚང་ཁྱུང་གི་རྒྱལ་པོ་གཡུ་ཁྲིས་མཛད་པ་མ་ཡིན་པ་རྟོགས་ཐུབ་ཅིང་། ལེའུ་ཁ་ཤས་ནི་གཡུ་ཁྲིས་མཛད་པའི་རྒྱུད་དུ་གཏོགས་པ་དང་ཁ་ཤས་ནི་སྔར་གྱི་བྱུང་རབས་སྐོར་ཞིག་ཁོང་གིས་རྒན་རབས་ལ་བཅར་འདྲི་ཞུས་ནས་གསར་དུ་བསྣན་པ་ཤེས་ཐུབ། འོ་ན། ལེའུ་གང་དག་རྒྱུད་དུ་གཏོགས་པ་དང་གང་དག་ཁོང་གིས་བརྩམས་པ་རེད་ཟེར་ན། ཁྱུང་པོའི་རྒྱལ་རབས་ཡན་ཆོད་འདི་གཡུ་ཁྲིས་མཛད་པའི་རྒྱུད་དུ་གཏོགས་ཞེས་བཤད་པས། རྒྱལ་རབས་ཞེས་པ་འདི་ལེའུ་དང་པོར་འཇོག་པ་ལས་གཞན་ལ་འཇོག་ཐབས་མེད་དེ། དེའི་མན་གྱི་ལེའུ་མང་པོ་ཞིག་ནི་འབྲེལ་ཡོད་གནས་ཚུལ་ཁ་ཤས་ལས་རྒྱལ་རབས་སམ་གདུང་རབས་སྐོར་མིན་ལ། མཇུག་གི་ལེའུ་བརྒྱད་པ་ནས་བཅུ་པའི་བར་གདུང་རབས་སྐོར་ཡིན་མོད། འདི་དག་ལ་བཞག་ན་དེའི་མན་ཆད་སྔར་གྱི་གྲོལ་ཐབས་ཞེས་པ་ངོས་འཛིན་རྒྱུ་མེད་པའི་ཕྱིར། དེས་ན་སྐབས་འདིའི་རྒྱལ་རབས་ཡན་ཆོད་ཅེས་པ་ནི་ལེའུ་དང་པོར་འཇོག་ཅིང་དེའི་མན་ཆད་སྔར་གྱི་གྲོལ་ཐབས་ཞེས་པ་ནི་ལེའུ་གཞན་དག་ལ་འཇོག་དགོས་པ་ལོས་ཡིན་སྙམ། འོན་ཀྱང་། གསལ་བཤད་དགོས་པ་ཞིག་ནི་ཁྱུང་རབས་འདིའི་ལེའུ་དང་པོར་ཐོག་མར་མ་ཡིག་གཡུ་མགོ་མ་ཆ་ཚང་དྲངས་ཡོད་མོད། ཕྱིས་སུ་ཕབ་བཤུ་བྱེད་སྐབས་ཁྱུང་རབས་འདིའི་ལེའུ་དང་པོར་གསལ་བའི་ནང་དོན་མང་པོ་ཞིག་ཁྱུང་རབས་རྒྱས་པར་གསལ་བའི་རྒྱུ་མཚན་གྱིས་འཐུས་པར་བྱས་ནས་བསྡུས་ཡོད། དེ་མ་གཏོགས་མཇུག་བྱང་ལ་བལྟས་ན། ཝ་རྣ་རིན་ཆེན་རྒྱལ་མཚན་ལགས་ཀྱིས་ལེའུ་དང་པོར་མ་ཡིག་གཡུ་མགོ་མ་ཆ་ཚང་དྲངས་ཡོད་པ་རྟོགས་ཐུབ།མཚམས་འདི་ནས་ཅུང་གསལ་པོར་ཤེས་ཐུབ་པ་ནི་ཁྱུང་རབས་འདིའི་མཚན་ལ《མ་ཡིག་གཡུ་མགོ་མ་འདི་ཁྱུང་གི་རྒྱལ་པོ་གཡུ་ཁྲིའི་རྒྱུད་ཅེས་པ་བཞུགས་སོ།》ཞེས་སྨྲོས་པ་ནི་ཡ་གྱལ་གྱི་མིང་ཚོགས་པར་བཏགས་པ་དེ་རེད། མིང་འདི་ནི་ཝ་རྣ་རིན་ཆེན་རྒྱལ་མཚན་གྱིས་བཏགས་པ་མ་ཡིན་པར་དུས་ཕྱིས་ཀྱི་ཡིག་མཁན་གང་ཞིག་གིས་བཏགས་པ་འདྲ།
སྐབས་འདིར་ང་ཚོས་ཝ་རྣ་རིན་ཆེན་རྒྱལ་མཚན་གྱི་སྐོར་ལ་རྒྱུས་ལོན་མདོར་བསྡུས་ཤིག་བྱ། ཁོང་གི་སྐོར་ཡིག་ཆ་འདིར་འཁོད་པ་ཕུད་གཞན་དུ་ཕལ་ཆེར་གསལ་མེད་ལ། དཔྱད་བརྗོད་གནང་མཁན་ཡང་ད་སྔོན་བྱུང་མེད་པ་འདྲ། གོང་དུ་དྲངས་པ་ལྟར། ཁོང་གི་བཞུགས་གནས་ནི་གཡུ་ཁྲ་ལྷ་སྟེང་ཡིན་པ་ཤེས་ཐུབ་ཅིང་། གནས་འདི་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁྱུང་པོ་སྟེང་ཆེན་རྫོང་གསེར་ཚ་ཤང་གི་ཁོངས་གཏོགས་གསའ་གུར་གྲོང་དུ་གནས་ཡོད། གནས་དེར་བོན་དགོན་ཞིག་ཆགས་ཡོད་ལ་སྔར་སྒར་ཁང་དཔོན་གྱི་ཁོངས་སུ་གཏོགས་ཤིང་བོན་གྱི་སྤྲུལ་སྐུ་རྣམ་བཞིར་གྲགས་པ་ལས་ཤེལ་ཞིག་གཡུང་དྲུང་རྒྱལ་པོ(༡༦༥༥-༡༧༠༤)བཞུགས་མྱོང་། ཝ་རྣ་རིན་ཆེན་རྒྱལ་མཚན་ཁོང་གི་མཚན་ཟུར་དུ་ཝ་རྣ་ཞེས་ཐོན་པ་འདིས་ཁོང་གི་རུས་རྒྱུད་གསལ་བཤད་བྱས་ཡོད་སྙམ། བོད་མིས་རང་གི་མཚན་འགོར་རུས་མིང་སྦྱོར་སྲོལ་ཡོད་ལ། ལྷག་ཏུ་བརྩམས་ཆོས་ཁག་གི་མཇུག་བྱང་འབྲི་སྐབས་རྩོམ་མཁན་གྱི་རུས་མིང་གསལ་པོར་འགོད་སྲོལ་ཡོད། ཁྱུང་ཡུལ་གསེར་ཚ་རུ་ཝ་ར་དང་ཝ་རེད་ཟེར་བའི་རུས་རྒྱུད་ད་ལྟ་ཡང་མང་པོ་འདུག གོང་དུ་དྲངས་པའི་མཇུག་བྱང་ལས་ཁོང་གིས་ཁྱུང་རབས་འདི་བརྩམས་པའི་དུས་ཚོད་ནི་མེ་ཡོས་ལོར་ཡིན་པ་གསལ། རབ་བྱུང་གང་གི་མེ་ཡོས་ལོ་ཡིན་མིན་ནི་ཁྱུང་རབས་རང་གི་བསྟན་དོན་ལ་གཞིག་རྒྱུ་ལས་འོས་མེད། ཁྱུང་རབས་རང་གི་ནང་དུ་སངས་གླིང་བཞི་པ་པདྨ་གར་དབང(༡༨༠༢-༡༨༥༩)གི་སྐོར་འཁོད་ཅིང་། དེ་ཡང་ཁོང་གི་མཚན་ལ་གྲགས་དབང་ཞེས་སྨོས་པ་ཙམ་ལས་ཁོང་སངས་གླིང་གི་ཡང་སྲིད་དུ་ངོས་འཛིན་བྱས་པའི་སྐོར་དང་ཁོང་གི་སྲས་དབལ་འབར་སྟག་སླག་ཅན(༡༨༣༣-༡༩༠༨)གྱི་སྐོར་གང་ཡང་བཀོད་མེད། ཁོང་ཡབ་སྲས་གཉིས་ནི་དུས་སྐབས་དེའི་ཁྱུང་པོའི་གལ་ཆེན་མི་སྣ་གཉིས་ཡིན་པས་ཁྱུང་རབས་མང་པོར་ཆེ་བརྗོད་བྱས་ཡོད། དེས་ཁྱུང་རབས་འདི་ནི་སྤྱི་ལོ༡༨༠༢ལོའི་རྗེས་དང་མ་མཐའ་སྤྱི་ལོ༡༨༣༣ལོའི་སྔོན་དུ་བྱུང་བ་ཚོད་དཔག་བྱེད་ཐུབ། དུས་སྐབས་འདིའི་གཡས་གཡོན་གྱི་མེ་ཡོས་ལོ་ནི་རབ་བྱུང་བཅུ་བཞི་པའི་མེ་ཡོས(༡༨༠༧)ལོ་ཡིན། དེ་མིན་རབ་བྱུང་བཅུ་གསུམ་པའི་མེ་ཡོས་ལོ་ནི་སྤྱི་ལོ༡༧༤༧ལོར་ཁེལ་བས་ནང་དོན་ལ་གཞིགས་ན་སྔ་དྲག་ཡོད། རབ་བྱུང་བཅོ་ལྔ་པའི་མེ་ཡོས་ལོ་ནི་སྤྱི་ལོ༡༨༦༧ལོར་ཁེལ་བས་འཕྱི་དྲག་ཡོད། དེས་ན་ཝ་རྣ་རིན་ཆེན་རྒྱལ་མཚན་ནི་དུས་རབས་བཅོ་བརྒྱད་པའི་མཇུག་ཏུ་བྱོན་པ་རྟོགས་ཐུབ་ལ། ཁོང་གིས་ཁྱུང་རབས་འདི་བརྩམས་པའི་དུས་ནི་རབ་བྱུང་བཅུ་བཞི་པའི་མེ་ཡོས(༡༨༠༧)ལོར་ཡིན་པའི་ངེས་ཤེས་འདྲེན་ཐུབ་བོ།།
གསུམ་པ། ཡང་སྙིང་མ་ཡིག་གཡུ་མགོ་མ་ཞེས་པ་གང་ལ་ངོས་འཛིན་དགོས་སམ།
འོ་ན། ཡང་སྙིང་ཁྱུང་རབས་གཡུ་མགོ་མ་ད་ལྟ་ཡོད་དམ་མེད། ཡོད་ན་གང་དང་གང་རེད། ག་དུས་བྱུང་བ་རེད། དེའི་མཛད་པ་པོ་སུ་རེད་ཟེར་ན། གོང་དུ་དཔྱད་བརྗོད་བྱས་པའི་ཁྱུང་རབས་ཀྱི་ཁ་བྱང་ལ《མ་ཡིག་གཡུ་མགོ་མ་འདི་ཁྱུང་གི་རྒྱལ་པོ་གཡུ་ཁྲིའི་རྒྱུད་ཅེས་པ་བཞུགས་སོ།》ཞེས་པས་མ་ཡིག་གཡུ་མགོ་མ་ནི་ཁྱུང་གི་རྒྱལ་པོ་གཡུ་ཁྲིས་མཛད་པའི་རྒྱུད་ལ་གོ་དགོས་པ་གསལ་པོ་རེད། འོ་ན་དེ་གང་དུ་ཡོད་དམ་ཞེ་ན། ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་བརྩམས་པའི《རྒྱལ་ཁྱུང་དཀར་པོའི་གདུང་རབས》ལས“ཞེས་བླ་རབས་རིམ་པ་ཡན་ཆད་གོང་མ་རྣམས་ཀྱིས་མཛད་པའི་དཀར་ཆག་རྣམ་པ་མང་དུ་སྣང་བ་ཐམས་ཅད། ཁྱུང་པོ་གཡུ་ཁྲི་སྟེང་པས་ཕྱོགས་གཅིག་ཏུ་བསྡེབས་པ་ལ། མི་རབས་གྱེས་ཚུལ་གྱི་ལེའུ་སྟེ་དང་པོའོ།། ཞེས་མི་རབས་སོ་སོར་གྱེས་ཚུལ་གཡུ་ཁྲིས་མཛད་པའོ།།”[16]ཞེས་ལེའུ་དང་པོ་དེར་ཐོག་མར་ཁྱུང་པོའི་གདུང་རབས་བྱུང་ཚུལ་ནས་བར་གྱི་གྱེས་ཚུལ་དང་དར་རྒུད་སོགས་བཀོད་འདུག་ལ། ལེའུ་དེར་ཁྱོན་ཤོག་ངོས་༡༨ཟིན་ཡོད་པས། གོང་དུ་དཔྱད་བརྗོད་བྱ་ཡུལ་གྱི་ཁྱུང་རབས་ཆ་ཚང་དང་མང་ཉུང་ཕལ་ཆེར་འདྲ་ཡོད། དེས་ན་གཡུ་ཁྲི་སྟེང་པས་མཛད་པའི་རྒྱུད་དམ་ཕྱིས་སུ་མ་ཡིག་གཡུ་མགོ་མར་གྲགས་པ་ནི་ཁྱུང་རབས་འདིའི་ལེའུ་དང་པོར་དྲངས་པ་དེ་ལ་ངོས་འཛིན་དགོས། འདི་ནི་ཁྱུང་རབས་ཕལ་ཆེར་གྱི་མ་གཞི་ལྟ་བུ་ཞིག་ཡིན་པས་མ་ཡིག་གཡུ་མགོ་མ་ཞེས་བཏགས་པ་ནི་དོན་ལ་གནས་པ་ཞིག་རེད། གཞན་ཡང་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་བརྩམས་པའི་ཁྱུང་རབས་གཞན་དུ་ཡང་དེ་བཞིན་དྲངས་ཡོད་ལ། ལྷག་ཏུ་དེང་སང་གསར་རྙེད་བྱུང་བའི་ཁྱུང་རབས་དཔེ་རྙིང《ཁྱུང་པོའི་དཀར་ཆབ་ཆེན་མོ》ནང་རྒྱས་པར་བཀོད་ཡོད། འདི་ནི་ང་ཚོས《ལྡེའུ་ཆོས་འབྱུང》ལས《ཡོ་ག་ལྷ་གྱེས་ཅན》རྙེད་པ་དང་འདྲའོ།།
བཞི་པ། མ་ཡིག་གཡུ་མགོ་མ་ག་དུས་བྱུང་བ་ཡིན་ནམ།
ཁྱུང་རབས་འདི་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་བརྩམས་པའི་ཁྱུང་རབས་ཁག་ཏུ་དྲངས་ཡོད་པས། དེའི་གོང་ནས་ཡོད་པ་ཤེས་ཐུབ། ཁོང་དུས་རབས་གང་ཞིག་ཏུ་བྱོན་མིན་སྐོར་ནས་བཞེད་པ་མི་མཐུན་པ་ཁ་ཤས་ཡོད་མོད། འབྲེལ་ཡོད་ཡིག་ཆ་ཁག་ལ་དཔྱད་ཞིབ་བྱས་ན། དུས་རབས་བཅུ་བཞི་པའི་དཀྱིལ་སྟོད་དུ་བྱོན་ཅིང་གླེང་གཞི་བསྟན་པའི་བྱུང་ཁུངས་བརྩམས་པའི་ལོ་ནི་རབ་བྱུང་དྲུག་པའི་ས་ལུག(༡༣༧༩)ལོ་དང་ཁྱུང་རབས་དཀར་ཆབ་ཆེན་མོ་བརྩམས་པའི་ལོ་ནི་རབ་བྱུང་དྲུག་པའི་ཤིང་བྱི(༡༣༨༤)ལོར་ཡིན་པ་ཤེས་ཐུབ།《ཁྱུང་པོའི་དཀར་ཆབ་ཆེན་མོ》ལས“བླ་མ་རི་བ་ཡན་ཆད་སྔ་རབ་གོང་མ་རྣམས་ཀྱིས་མཛད་པའི་དཀར་ཆག་འཐོར་བུ་མང་དུ་སྣང་བ་ཐམས་ཅད། ཁྱུང་ཕོ་གཡུའ་ཁྲི་སྟེངས་བས་༡དུ་བསྡེབས་པ་ལ། མི་རབས་གྱེས་ཚུལ་གྱིས་ལེའུ་སྟེ་དང་པོའོ།།”[17]ཞེས་གསལ་བས་ཁྱུང་རབས་འདི་ནི་གཡུ་ཁྲི་སྟེང་པས་བླ་མ་རི་བ་སོགས་ཀྱིས་བརྩམས་པའི་ཁྱུང་རབས་འཐོར་བུ་དག་ལ་གཞིར་བྱས་ནས་བརྩམས་པ་ཤེས་ཐུབ། དེས་ན་ང་ཚོས་ཐོག་མར་བླ་མ་རི་བའི་སྐོར་ནས་རྒྱུས་ལོན་ཅུང་ཟད་མ་བྱས་ཀ་མེད་ཆགས་ཡོད། ཁོང་གི་མཚན་ལ་རི་ཕ་དང་རི་བ་སོགས་ཅུང་མི་འདྲ་བ་ཡོད་མོད། ཕལ་ཆེར་ནང་དུ་རི་བ་ཞེས་བཀོད་ཡོད།《རྒྱལ་ཁྱུང་དཀར་པོའི་གདུང་རབས》ལས“ཡང་ཁྱུང་པོ་ཨ་བླའི་སྲས་ལྷ་གཉན་མགོན་ལ། ཧོར་ཡུལ་དུ་སྲས་གཉིས་ཡོད་པའི་རྗེས་སུ། བོད་ཡུལ་གྱི་བྱང་རྩེ་སྒང་དུ་ཕེབས་ནས། བེ་རི་ཨ་ཡིག་བུ་མོ་ལ་གཅིག་ཡོད་པ་དེ། ཕུར་བུ་མགོན་ཡིན། དེའི་སྲས་བེར་བཟའ་ལ་རི་ཕ་དད་པ་རྒྱལ་མཚན། ཁྱུང་རྒོད་ཐོག་རྡུག་ཀྱང་ཟེར།”[18]ཞེས་བཀོད་ཡོད། ཨ་བླ་ནི་རབ་བྱུང་བཞི་པའི་ཤིང་ལུག(༡༢༣༥)ལོར་འཁྲུངས་པ་ཡིན་ལ། འདི་ནས་མར་མི་རབས་རེར་ལོ་སུམ་ཅུ་རེ་བརྩིས་ན། རི་བ་དད་པ་རྒྱལ་མཚན་ལགས་ནི་དུས་རབས་བཅུ་གསུམ་པའི་མཇུག་ཏུ་བྱོན་པ་ཚོད་དཔག་ཐུབ་པས། ཁྱུང་རབས་གཡུ་མགོ་མ་ནི་དུས་རབས་བཅུ་བཞི་པའི་སྟོད་དུ་བྱུང་བ་ཤེས་ཐུབ་བོ།།
ལྔ་པ། མ་ཡིག་གཡུ་མགོ་མའི་མཛད་པ་པོ་སུ་ཡིན་ནམ།
འདིར་ང་ཚོས་ཁྱུང་རབས་གཡུ་མགོ་མའི་མཛད་པ་པོའི་སྐོར་ནས་རྟོག་ཞིབ་བྱས་ན། ཁྱུང་རབས་འདིའི་མིང་བརྡའི་བྱུང་ཚུལ་དང་འགྱུར་བ་སོགས་ཞོར་ལ་རྟོགས་ཐུབ། ཕྱིས་ཀྱི་ཁྱུང་རབས་ཁག་ཏུ་མ་ཡིག་གཡུ་མགོ་མ་ཞེས་བྱུང་བ་ལས་མཛད་པ་པོའི་སྐོར་ནས་གསལ་བཤད་གང་ཡང་བྱས་མེད།《ཁྱུང་རབས་རྒོད་ཚང་མ》ལས“བླ་རབ་གང་མའི་རྣམ་ཐར་མང་པོ་ཁྱུང་པོ་གཡུ་ཁྲིའི་བསུས[བསྡུས]པ་ལྟར། མི་རབ་གྱི་ཚུལ་གྱི་ལེའུ་སྟེ་དང་པོའོ།།”[19]ཞེས་བཤད་ཡོད། སྤྱིར་ན་ཁྱུང་རབས་འདི་ནི་ཡིག་ནོར་ཧ་ཅང་མང་བའི་དཔེ་ཆ་ཞིག་རེད་འདུག འདིའི་འགོ་མཇུག་བར་གསུམ་གྱི་ཚིག་འགྲོས་དང་བརྡ་དག་སོགས་ལ་བརྟགས་ན། ཡིག་ནོར་དེ་དག་ནི་གནའ་བོའི་བརྡ་རྙིང་དང་ཡིག་རྙིང་གི་ཁྱད་ཆོས་དེ་འདྲ་གང་ཡང་མ་ཡིན་པར་ཕབ་བཤུ་མཁན་གྱིས་འབྲི་ནོར་ཤོར་བ་ཡིན་པ་རྟོགས་ཐུབ།《གདུང་རབས་མེ་ཏོག་ཕྲེང་བ》ལས“བླ་རབས་རིམ་པ་ཡན་ཆད་གོང་མ་རྣམས་ཀྱིས་མཛད་པའི་དཀར་ཆག་རྣམ་པ་མང་དུ་སྣང་བ་ཐམས་ཅད། ཁྱུང་པོ་གཡུ་ཁྲི་སྟེང་པས་ཕྱོགས་གཅིག་ཏུ་བསྡེབས་པ་ལ། མི་རབས་གྱེས་ཚུལ་གྱི་ལེའུ་སྟེ་དང་པོའོ།། ཅེས་མི་རབས་སོ་སོར་གྱེས་ཚུལ་གཡུ་ཁྲི་པས་མཛད་པའོ།།”[20]ཞེས་བཤད་ཡོད།《རྒྱལ་ཁྱུང་དཀར་པོའི་གདུང་རབས》ལས“ཞེས་བླ་རབས་རིམ་པ་ཡན་ཆད་གོང་མ་རྣམས་ཀྱིས་མཛད་པའི་དཀར་ཆག་རྣམ་པ་མང་དུ་སྣང་བ་ཐམས་ཅད། ཁྱུང་པོ་གཡུ་ཁྲི་སྟེང་པས་ཕྱོགས་གཅིག་ཏུ་བསྡེབས་པ་ལ། མི་རབས་གྱེས་ཚུལ་གྱི་ལེའུ་སྟེ་དང་པོའོ།།”[21]ཞེས་བཤད།《ཁྱུང་པོའི་དཀར་ཆབ་ཆེན་མོ》ལས“བླ་མ་རི་བ་ཡན་ཆད་སྔ་རབ་གོང་མ་རྣམས་ཀྱིས་མཛད་པའི་དཀར་ཆག་འཐོར་བུ་མང་དུ་སྣང་བ་ཐམས་ཅད། ཁྱུང་ཕོ་གཡུའ་ཁྲི་སྟེངས་བས་༡དུ་བསྡེབས་པ་ལ། མི་རབས་གྱེས་ཚུལ་གྱིས་ལེའུ་སྟེ་དང་པོའོ།།”[22]ཞེས་བཤད་ཡོད། ཁྱུང་རབས་འདི་དག་ཐམས་ཅད་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་མཛད་པ་ཡིན་ལ། ཕྲན་གྱིས་དཔྱད་ཞིབ་བྱས་པ་ལྟར་ན། འདི་དག་ཚང་མའི་མ་ཕྱི་གཅིག་ཡིན་པ་ལ་ཕྱིས་སུ་བུ་དཔེ་རྒྱས་བསྡུས་མི་འདྲ་བ་བྱུང་བས་རིམ་བཞིན་མིང་སྣ་ཚོགས་བཏགས་ཏེ་ཁྱུང་རབས་ཁ་ཤས་བྱུང་བ་ཞིག་རེད། འདི་དག་ལས་ཕྱིས་སུ་བཟོ་བཅོས་ཆེན་པོ་མ་ཐེབས་ཤིང་ཡིག་རྙིང་གི་རིན་ཐང་ཆེན་པོ་ལྡན་པ་ནི《ཁྱུང་པོའི་དཀར་ཆབ་ཆེན་མོ》རེད། ཁྱུང་རབས་འདི་དག་གི་བསྟན་དོན་ལ་ཁྱད་པར་ཆེན་པོ་མེད་པར་གཡུ་མགོ་མ་ནི་ཁྱུང་པོ་གཡུ་ཁྲི་སྟེང་པས་སྔར་གྱི་འཐོར་དཔེ་དག་ལ་གཞི་བྱས་ནས་བརྩམས་པ་བསྟན་ཡོད། འདི་ལས་ཤེས་ཐུབ་པ་ནི་ཁྱུང་རབས་འདིའི་མཛད་བྱང་དུ་ཐོག་མར་གཡུ་ཁྲི་སྟེངས་པས་ཕྱོགས་གཅིག་ཏུ་བསྡེབས་ཞེས་གསལ་བར། རིམ་བཞིན་གཡུ་ཁྲི་པས་མཛད་པ་ཞེས་དང་། ཁྱུང་གི་རྒྱལ་པོ་གཡུ་ཁྲིས་མཛད་པའི་རྒྱུད་སོགས་བཀོད་ཅིང་། གཡུ་ཁྲི་སྟེང་པས་མཛད་པའི་རྒྱུ་མཚན་གྱིས་མ་ཡིག་གཡུ་མགོ་མ་ཞེས་འབོད་སྲོལ་བྱུང་བ་ཤེས་ཐུབ། འོ་ན། གཡུ་ཁྲི་སྟེང་པ་ཞེས་པ་སུ་ཡིན་ནམ། ཁོང་ལ་གཡུ་ཁྲི་སྟེང་པ་ཞེས་འབོད་དགོས་པའི་རྒྱུ་མཚན་གང་ཡིན་ནམ། ཞེ་ན། ཕྲན་གྱིས་ཡིག་ཚང་མང་པོ་ཞིག་ལྟ་ཀློག་བྱས་མོད། གཡུ་ཁྲི་སྟེང་པ་ཁོང་གི་མཚན་དངོས་བཀོད་པ་ཞིག་མ་མཐོང་བས་ཐག་བཅད་དེ་གཡུ་ཁྲི་སྟེང་པ་ནི་བླ་མ་འདིའོ་ཞེས་སྨྲ་མི་ཐུབ། འོན་ཀྱང་། ང་ཚོས་གོང་དུ་དྲངས་པའི་ཡིག་ཆ་ཁག་ལས་ཤེས་ཐུབ་པ་ནི་ཁོང་གི་རུས་ཁྱུང་པོ་ཡིན་པ། བླ་མ་རི་པ་དང་བློ་གྲོས་རྒྱལ་མཚན་གཉིས་ཀྱི་བར་དུ་བྱོན་པའི་བླ་མ་ཞིག་ཡིན་པ། བཞུགས་གནས་གཙོ་བོ་དེང་གི་ཁྱུང་པོ་སྟེང་ཆེན་རྫོང་གསེར་ཚ་ཤང་ཁོངས་ཀྱི་གཡུ་ཁྲ་ལྷ་སྟེང་ཡིན་པ་ཤེས་ཐུབ། གཡུ་ཁྲ་ལྷ་སྟེང་ནི་ལོ་རྒྱུས་ཐོག་ཏུ་བླ་མ་དང་གཏེར་སྟོན་མང་པོ་བཞུགས་མྱོང་བའི་ས་གནས་ཤིག་ཡིན། སྤྱིར་ན་དེང་གི་ཁྱུང་པོ་ཁོག་གི་ས་ཆ་ཁག་ལ་སྔར་གསེར་རི་དང་གཡུ་ལུང་རྟ་ཤོད་སོགས་འབོད་སྲོལ་ཡོད་དེ།《རླངས་ཀྱི་པོ་ཏི་བསེ་རུ་ཆེ་དགེ་ཡིག་ཚང་དང་། མི་རྒྱུད་གྲོལ་ཐབས》ལས“ཡུལ་འཛིན་སྔ་བ་ཡང་གསེར་པས་གསེར་རིས་བཟུང་། གཡུ་པས་གཡུ་རིས་བཟུང་། རུ་དཔོན་གྱིས་སུམ་ཅུ་པ་རླངས་ཡུལ་གྱིམ་ཤོད་བྲག་ཤེལ་ལེ་རྒྱ་གར་གྱི་ཞོལ་རྟ་ཤོད་ལུང་དམར་བཟུང”[23]ཞེས་བྱུང་། སྤྲུལ་སྐུ་བློ་ལྡན་སྙིང་པོའི(༡༣༤༠-༡༤༠༦)《ལུང་བསྟན་གསལ་བའི་མེ་ལོང》ལས“རྡ་ཕུ་དར་མཚོ་སྦས་པའི་ཡུལ་ཅིག་ཡོད། གསེར་རི་གཡུ་རི་གཉིས་ལ་སྦས་ཡུལ་ཡོད། སྤུ་རྒྱལ་མོ་ནོམ་དག་ལ་སྦས་ཡུལ་ཡོད།”[24]ཞེས་གསལ་བས་ཤེས་ཐུབ། དེས་ན་ཁོང་གི་གདན་ས་གཙོ་བོ་གཡུ་ཁྲ་ལྷ་སྟེང་ཡིན་པས་ཁོང་གི་མཚན་ལ་གཡུ་ཁྲི་སྟེང་པ་ཞེས་སྨོས་པ་རེད། བོད་ཀྱི་གྲུབ་མཐའ་ཁག་གི་བླ་མ་མང་པོ་ཞིག་གི་མཚན་ནི་རང་གི་གདན་སའི་དབང་གིས་བཏགས་ཡོད།
ཁ་ཅིག་གིས་གཡུ་ཁྲི་སྟེང་པ་ནི་ལོ་རྒྱུས་ཡིག་ཆ་ཁག་ནས་གསལ་བའི་ཡིག་མཁན་ཁྱུང་པོ་གཡུ་ཁྲི་ཡིན་ནམ་སྙམ་སྲིད་མོད། ཡིག་མཁན་ཁྱུང་པོ་གཡུ་ཁྲི་ནི་དུས་རབས་བཅུ་གཅིག་པའི་སྟོད་དུ་བྱུང་བར[25]བཤད་པས་འདི་དང་དུས་རབས་ཀྱི་ཁྱད་པར་ཤོར་ཡོད་ལ། ཁྱུང་རབས་ཁག་ཏུ་ཡིག་མཁན་འདི་འདྲ་ཞིག་བྱུང་བ་ཟུར་ཙམ་ཡང་མ་བསྟན་པའི་ཕྱིར། ལྷག་ཏུ་གཡུ་ཁྲི་སྟེང་པ་ནི་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱི་གོང་ཙམ་དུ་བྱོན་པས། ཁོང་ཡིག་མཁན་ཁྱད་པར་ཅན་ཞིག་ཡིན་ན་དེའི་སྐོར་ཁྱུང་རབས་ནང་འགོད་སྲིད་པ་རེད། ཡང་ཁ་ཅིག་གིས་ཝ་རྣ་རིན་ཆེན་རྒྱལ་མཚན་དང་འདི་གཉིས་མི་གཅིག་ཡིན་སྙམ་སྲིད། དེས་ན་འདི་ནས་ཁོང་གཉིས་མི་གཅིག་མ་ཡིན་པའི་སྒྲུབ་བྱེད་ཁ་ཤས་འགོད་པར་བྱ། ༡ གཅིག་གི་རུས་ནི་ཁྱུང་པོ་ཡིན་ལ་ཅིག་ཤོས་ཀྱི་རུས་ནི་ཝ་རྣ་ཡིན། གཡུ་ཁྲི་སྟེང་པ་ནི་རུས་ཁྱུང་པོ་ཡིན་པ་ལུང་རིགས་དུ་མས་གྲུབ་ལ། ཝ་རྣ་ཞེས་པ་ནི་རུས་ལ་གོ་བ་ལས་གདན་ས་སོགས་གོ་ས་གཞན་མེད་པའི་ཕྱིར། ༢ ཝ་རྣ་རིན་ཆེན་རྒྱལ་མཚན་མཆོག་གིས་མཛད་པའི་ཁྱུང་རབས་ཀྱི་མཇུག་བྱང་ལས་ཁྱུང་གི་རྒྱལ་པོ་གཡུ་ཁྲི་ནི་ཁོང་མ་ཡིན་པ་གསལ་པོར་བསྟན་པའི་ཕྱིར། ༣ ཁོང་གིས་མཇུག་བྱང་དུ་བཀོད་པའི་ཁྱུང་རབས་བརྩམས་པའི་ལོ་ཁམས་དེ《ཁྱུང་པོའི་དཀར་ཆབ་ཆེན་མོ》སོགས་ཁྱུང་རབས་སྔ་མ་གང་གི་ནང་དུ་མ་གསལ་བའི་ཕྱིར། ༤ཁོང་གིས་བརྩམས་པའི་ཁྱུང་རབས་ཀྱི་ནང་དོན་ཕལ་ཆེ་བ་དེ་གཡུ་ཁྲི་སྟེང་པ་བྱོན་ཟིན་པའི་རྗེས་སུ་བྱུང་བའི་ཕྱིར་རོ།།
ཞེས་བོད་རབ་རྒྱན་ཤིང་འབྲུག(༢༠༢༤-༢-༡༤)ལོའི་དཔྱིད་ར་སྟག་ཟླའི་ཡར་ཚེས་ལྔ་ཉིན་རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་སྐབས་ཕྲན་གཙུག་གཤེན་རྒྱལ་མཚན་གྱིས་གྱིམ་ཤོད་ཤེལ་བྲག་ཚལ་དུ་མཇུག་རྫོགས་པར་སྦྱར་ལགས་སོ།།
ལུང་ཁུངས་དང་མཆན།[1] [23]《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ》[M]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ལོར། ཤ༧ ཤ༣༡
[2] [3] [4] [5] [8] [14] [15] [16] [18] [19] [20] [21] 《བོན་གྱི་གདུང་རབས་ཕྱོགས་བསྒྲིགས》[G]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༢༣ལོར། ཤ༡༧༠ ཤ༢༥༨ ཤ༣༢༨ ཤ༣༤༥ ཤ༣༢༩ ཤ༣༤༤ ཤ༣༤༤ ཤ༢༩༣ ཤ༡༩༦ ཤ༣༢༡ ཤ༢༩༣
[6]འདི་ལ་པར་གཞི་ཁ་ཤས་ཡོད་ལ། ཁ་བྱང་ཡང་ཅུང་མི་འདྲ་བ་ཡོད། མ་ཡིག་བྲིས་མ་ཞིག་གི་ཁ་བྱང་ལ“ཞེས་པ་མ་ཡིག་གཡུ་མགོ་མ་འདི་ཁྱུང་གི་རྒྱལ་པོ་གཡུ་ཁྲིས་རྒྱུད་དུ་རྟོག་གོ་ཞེས་བྱ་བ་བཞུགས་སོ།།”ཞེས་སྦྱར་ཡོད།
[7]མཆན་ཡིག་འདི་དག་ཕྱིས་སུ་བཏབ་པ་ཞིག་རེད། འདེབས་མཁན་ལ་སྐབས་དེར་ཁྱུང་རབས་རྒྱས་པ་ཞིག་ཟུར་ལྟ་བྱ་རྒྱུར་ཡོད་པ་མངོན།
[9]གཙུག་གཤེན་རྒྱལ་མཚན།《བློ་ལྡན་མགུར་འབུམ་ནང་གསལ་བའི་ཁྱུང་པོ་བླ་མ་དེ་སུ་ཡིན་ནམ》ཡོངས་ཁུངས། མཚོ་སྔོན་པོ་དྲ་བ།
[10]《ཁུ་བྱུག་སྔོན་མོའི་སྒྲ་དབྱངས》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༧ལོར། ཤོག་ངོས༦༩ནས་༧༥བར་གྱི་དུམ་ཚན་ཁ་ཤས་དྲངས་ཡོད།
[11]《རྒྱལ་ཁྱུང་དཀར་པོའི་གདུང་རབས་རྣམ་ཐར་གྱི་དཀར་ཆབ་ཆེན་མོ》ཞེས་པའི་ཤོག་ངོས༤༥ནས་༦༠གསལ། དབུ་མེད་ལག་བྲིས་མ། མ་ཕྱི་བསྐྱར་པར་མ་ད་ལྟ་ཕྲན་གྱི་ལག་ཏུ་ཡོད།
[12]གཙུག་གཤེན་རྒྱལ་མཚན། 《ཁྱུང་པོ་ནང་ཆེན་གྲགས་པ་དང་འབྲེལ་བའི་གནད་དོན་སྐོར་ཞིག་ལ་དཔྱད་པ》[J]གཉའ་ཁྲི་བཙན་པོ། སྤྱིའི་དེབ་གྲངས་༢༥པའི་ནང་དུ་ཡོད།
[13] སྟེང་ཆེན་རྫོང་སྲིད་གྲོས་ཀྱིས་དཔར་བའི《ཁྱུང་པོ་སྟེང་ཆེན༡》[M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ལོར། ཤ༡༥༨གསལ།
[17] [22]《རྒྱལ་ཁྱུང་དཀར་པོའི་གདུང་རབས་རྣམ་ཐར་གྱི་དཀར་ཆབ་ཆེན་མོ》དབུ་མེད་ལག་བྲིས་མ། ཤ༡༦ ཤ༡༦
[24]འོད་ཟེར་སྦྱིན་པ།《གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས》[G]པོད(༦༥)པ། «ལུང་བསྟན་ཁ་བྱང་སྐོར» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤ༣༧༡
[25]བཀྲ་ཤིས་དོན་གྲུབ།《སྨོན་ལམ་ཕྱག་རྒྱུན་གྱི་བྱུང་བ་དང་དར་ལུགས་སྐོར་རགས་ཙམ་གླེང་བ》[J]ཀན་ལྷོ་མི་རིགས་རིག་གནས་ཞིབ་འཇུག སྤྱིའི་དེབ་གྲངས་ཉེར་གསུམ་པ། ཤ༡༡༥