མདོ་ཁམས་སྟོད་དུ་ཆགས་པའི་ཧོར་ཁྱུང་གཉིས་ཀྱི་དར་རྒུད་དང་འཕོ་འགྱུར་གླེང་བ།

[ཟླ་ཚེས། 2024-08-21 15:59:40][རྩོམ་པ་པོ། དགེ་བཤེས་གཙུག་གཤེན་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅།། མདོ་ཁམས་སྟོད་དུ་ཆགས་པའི་ཧོར་ཁྱུང་གཉིས་ཀྱི་དར་རྒུད་དང་འཕོ་འགྱུར་གླེང་བ།
རྩོམ་པ་པོ།  དགེ་བཤེས་གཙུག་གཤེན་རྒྱལ་མཚན།
སྔོན་གླེང་།
    སྐབས་འདིའི་ཧོར་པ་དང་ཁྱུང་པོ་ཞེས་པ་ནི་མདོ་ཁམས་སྟོད་ཀྱི་ཆར་གཏོགས་བོད་བྱང་ཐང་གི་ཤར་ངོས་དང་ཆབ་མདོའི་ནུབ་ངོས་སུ་ཆགས་པའི་ཡུལ་སྡེ་ཁག་གཉིས་ཀྱི་མིང་ཡིན།  ཡུལ་ཁམས་འདི་དག་ནི་རྒྱལ་ཕྲན་སིལ་མའི་སྐབས་སུ་སུམ་པ་རྒྱལ་ཕྲན་གྱི་ཁོངས་སུ་གཏོགས་ཤིང་། དུས་རབས་བདུན་པའི་གོང་ནས་སྤུ་རྒྱལ་བཙན་པོའི་ཆབ་འབངས་སུ་གྱུར་ཡོད།  དུས་རབས་བཅུ་པའི་གཡས་གཡོན་དུ་རླངས་རུས་རྒྱུད་ཀྱི་གདུལ་ཞིང་དང་མངའ་འབངས་ལྟ་བུར་གྱུར།  དུས་རབས་བཅུ་གཉིས་པའི་ནང་འབྲི་གུང་གི་མངའ་ཐང་དར་ཞིང་རྒྱས་སྐབས་ཆོས་སྲིད་གཉིས་ཀྱིས་དབང་སྒྱུར་བྱས་ཡོད།  འདི་དག་ནི་ས་བཅད་མ་སྟོང་ཙམ་ལས་ཞིབ་ཏུ་གླེང་ན་པོ་ཏི་ལོངས་པ་ཞིག་འབྲི་རྒྱུ་ལོས་ཡོད་སྙམ།  ཁྱུང་པོའི་གདུང་རབས་མངའ་རིས་ནས་མདོ་སྨད་དང་།  དེ་ནས་མདོ་སྟོད་དུ་ཡོང་བ་ཡིན།  དེའི་སྐོར་ཕྲན་གྱི་རྩོམ་ཡིག་གཞན་དུ་གླེང་ཟིན་པས་དེས་ཆོག་པར་ཞུ།  དུས་རབས་བཅུ་གསུམ་པའི་དཀྱིལ་ནས་བཟུང་ཁྱུང་པོའི་བླ་དཔོན་གྱིས་ཡུལ་ཁམས་འདིར་དབང་སྒྱུར་བྱས་ཡོད།  དེ་རྗེས་དུས་རབས་བཅུ་དྲུག་པའི་དུས་འགོ་ཙམ་ལ་ཧོར་ཡུལ་ནས་ཐོར་པ་སྐྱ་བདུན་ཟེར་བའི་སྐྱ་མི་བདུན་དབུས་ཀྱི་ས་སྐྱར་འགྲོ་སྐབས་ལམ་ནོར་ཐེབས་པའི་ཚུལ་གྱིས་དེང་གི་སྦྲ་ཆེན་རྫོང་ཁོངས་སུ་གཏོགས་པ་སོག་གྲུ་ཁུག་ཅེས་པར་གཞིས་ཆགས་ནས་བསྡད་པ་རེད།  དེ་ནས་ཁོ་ཚོས་གཡས་གཡོན་གྱི་ཡུལ་སྡེ་རྣམས་རིམ་བཞིན་མངའ་འོག་བསྡུས་ནས་ཧོར་པ་ཞེས་པའི་ཚོ་བ་ཞིག་བཙུགས་ཡོད།  ཚོ་བ་དེ་སྟོབས་འབྱོར་མངའ་ཐང་ཇེ་ཆེར་སོང་བ་དང་།  མཐའ་མཚམས་ཀྱི་ཡུལ་གྲུ་གཞན་ལའང་འབྲེལ་ལམ་བཙུགས་ཡོད། དེ་བཞིན་ཁྱུང་པོ་དང་ཕན་ཚུན་གཉེན་སྒྲིག་པ་དང་།  གཡུལ་གཤོམ་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད།  དུས་རབས་བཅོ་བརྒྱད་པའི་ནང་ཧོར་རྒྱལ་ནི་ཡུལ་ཁམས་འདིའི་ཚོ་བ་སོ་དགུའི་སྤྱི་ཁྱབ་དཔོན་པོར་གྱུར་པ་དང་།  དེའི་མངའ་ཞབས་ཀྱི་ཚོ་བ་སོ་དགུ་ལ་ཧོར་ཚོ་སོ་དགུ་ཞེས་འབོད་སྲོལ་ཆགས་ཡོད།  སྐབས་དེའི་ཧོར་ཚོ་སོ་དགུ་ནི་ད་ལྟའི་སྲིད་འཛིན་གྱི་ས་ཁོངས་ཀྱི་དབང་དུ་བྱས་ན།  བོད་ལྗོངས་ནག་ཆུའི་སྦྲ་ཆེན་རྫོང་དང་གཉན་རོང་རྫོང་།  འབྲི་རུ་རྫོང་།  སོག་རྫོང་བཅས་ཀྱི་ཁོངས་སུ་ཡོད་ལ།  ཆབ་མདོའི་སྟེང་ཆེན་རྫོང་དང་རི་བོ་ཆེ་རྫོང་གཉིས་ཀྱི་ཁོངས་སུའང་གནས་ཡོད། གཤམ་དུ་ཧོར་པ་ཐོག་མར་ཡུལ་ཁམས་འདིར་སླེབས་པའི་གནས་ཚུལ་དང་།  ཁྱུང་པོ་དང་འཐབ་འཁྲུག་བྱུང་བའི་སྐོར།  དེ་ནས་ཧོར་ཁྱུང་མཉམ་སྦྲེལ་གྱི་ཧོར་ཚོ་སོ་དགུ་ཞེས་པ་ཆགས་པ་དང་འཇིག་པའི་གོ་རིམ།  ཚོ་བ་དེའི་དམག་དོན་གནས་ཚུལ་དང་།  དེས་བོན་བསྟན་ལ་ཐོན་པའི་ཕན་ནུས་སོགས་ཀྱི་སྐོར་ནས་གླེང་ཡོད།   
དང་པོ།  ཁྱུང་པོའི་མངའ་ཐང་ཡང་རྩེར་སོན་པ་དང་ཧོར་གསར་དུ་བྱུང་བ།
 
གཅིག  ལོ་རྒྱུས་རྒྱབ་ལྗོངས།
    སྐབས་འདིའི་གླེང་བྱ་ནི་དུས་རབས་བཅུ་དྲུག་པའི་གཡས་གཡོན་གྱི་གནས་ཚུལ་ཡིན་པས།  དུས་སྐབས་དེ་དང་འབྲེལ་བའི་གནས་ཚུལ་མདོར་བསྡུས་ཤིག་རྒྱུས་ལོན་དགོས་ངེས་ཆགས་ཡོད་དེ།  བོད་ཁུལ་གྱི་ས་གནས་ཤིག་གི་ལོ་རྒྱུས་གླེང་དུས་ཐད་ཀར་དེ་རང་གླེང་བ་མ་ཡིན་པར།  ས་གནས་དེ་སྐབས་དེའི་བོད་ཀྱི་ལོ་རྒྱུས་ཀྱི་ཁྱབ་ཁོངས་སུ་འཇོག་པ་དང་།  ཡག་ཤོས་བྱུང་ན་བོད་ཀྱི་ལོ་རྒྱུས་དེ་ཉིད་ཀྱང་དུས་སྐབས་དེའི་འཛམ་གླིང་ལོ་རྒྱུས་ཀྱི་ཁོངས་སུ་བཞག་ནས་གླེང་དགོས་པ་ལོས་ཡིན།  རྒྱུ་མཚན་ནི་ས་ཁུལ་དེའང་སྐབས་དེའི་སྤྱི་ཚོགས་ཀྱི་འཕེལ་རིམ་དང་འཕོ་འགྱུར་ཁྲོད་དུ་གནས་པ་ལས།  དེ་དང་ཡོངས་སུ་རྒྱ་ཆད་པ་མི་སྲིད་པའི་ཕྱིར་རོ།།  དེས་ན་གཤམ་དུ་དུས་སྐབས་དེའི་རྒྱ་ནག་གི་ལོ་རྒྱུས་དང་། བོད་ཀྱི་ལོ་རྒྱུས་ཀྱང་ཕྲན་ཙམ་གླེང་བར་བྱའོ།།  དུས་སྐབས་དེ་ནི་རྒྱ་ནག་གི་ཡོན་རྒྱལ་རབས་མཇུག་བསྒྲིལ་ཞིང་མིང་རྒྱལ་རབས་ཀྱི་དཀྱིལ་སྨད་དུ་ཁེལ་ཡོད།  དུས་རབས་བཅུ་བཞི་པའི་དཀྱིལ་ནས་རྒྱ་ནག་གི་ས་ཁུལ་མང་པོར་ཡོན་ལ་ངོ་ལོག་པའི་ཟིང་འཁྲུག་ལངས་པ་དང་།  ལྷག་ཏུ་ཀོའུ་ཙི་ཞུས་སྣེ་ཁྲིད་པའི་མགོ་དཀྲིས་དམར་པོའི་འོས་ལངས་དམག་གིས་ཡོན་གོང་མར་ངོ་རྒོལ་བྱེད་པའི་དམག་འཁྲུག་ཡུན་རིང་བསླངས།  རབ་བྱུང་དྲུག་པའི་ཆུ་འབྲུག(༡༣༥༢)ལོར་ཀྲུའུ་ཡོན་ཀྲང(༡༣༢༨—༡༣༩༨)དམག་དཔུང་དེར་ཞུགས་པ་དང་།  དམག་འཐབ་ཁྲོད་ནས་ཁོས་བྱས་རྗེས་བཞག་པས་རིམ་བཞིན་གོ་གནས་ཆེན་པོ་ཐོབ།  ཀོའུ་ཙི་ཞུ་འདས་རྗེས་ཀྲུའུ་ཡོན་ཀྲང་གིས་དཔོན་གྱི་གོ་ཐོབ་བཟུང་ནས་མུ་མཐུད་ཡོན་ལ་དམག་འཐབ་བྱས་པས།  རབ་བྱུང་དྲུག་པའི་ས་སྤྲེལ(༡༣༦༨)ལོར་ཀྲུའུ་ཡོན་ཀྲང་གིས་ནན་ཅིང་དུ་རྒྱལ་པོ་བྱས་པ་དང་།  མིང་རྒྱལ་རབས་དངོས་སུ་བཙུགས་པ་རེད།  དེ་ནས་བཟུང་སྟེ་སོག་པོས་རྒྱ་ནག་ལ་དབང་སྒྱུར་བའི་དུས་རབས་མཇུག་རྫོགས།  མིང་རྒྱལ་རབས་ཀྱི་དུས་མཇུག་ཙམ་ལ་སླེབས་དུས་ཆབ་སྲིད་ལམ་ལུགས་འཐོར་ཞིག་སོང་བས་ཕྱོགས་མཚམས་ཀྱི་དོ་དམ་དང་དབང་སྒྱུར་ལ་འཐུས་ཤོར་སོང་ཡོད།      
    ཕལ་ཆེར་ཡོན་རྒྱལ་རབས་ཉམས་པ་ནས་བོད་ཁུལ་ནས་ས་སྐྱའི་སྲིད་དབང་ཉམས་འགོ་ཚུགས་ཡོད།  དེ་ཡང་ས་སྐྱའི་བླ་བྲང་ཁག་བཞིར་གྱེས་པ་དང་།  གདུང་རྒྱུད་ནང་ཁུལ་དུ་འགལ་བ་མང་དུ་བྱུང་བ།  ཁྲིམས་ལུགས་དྲང་པོ་མ་བྱུང་བ་སོགས་ཀྱིས་ས་སྐྱའི་མངའ་ཐང་ཉམས་རྒུད་བྱུང་ཡོད།  རབ་བྱུང་དྲུག་པའི་མེ་ཁྱི(༡༣༤༦)ལོར་ཏཱ་སི་བྱང་ཆུབ་རྒྱལ་མཚན(༡༣༠༢-༡༣༧༡)གྱི་བཀོད་འདོམས་འོག་གཞོན་ནུ་བཟང་པོ་སོགས་དམག་དཔོན་བྱས་ཏེ་དངོས་སུ་ས་སྐྱར་དམག་དྲངས་ཏེ་འཕྱོངས་རྒྱས་སོགས་ལྷོ་རྒྱུད་ཀྱི་རྫོང་གཞིས་རྣམས་བླངས་ཤིང་།  རིམ་བཞིན་ཚལ་པ་དང་འབྲི་གུང་པ།  ནམ་གྲགས་པ།  གཡའ་བཟང་པ་སོགས་ཕམ་པར་བཏང་།  དེ་བས་རབ་བྱུང་དྲུག་པའི་ཤིང་རྟ(༡༣༥༤)ལོར་གཙང་གི་ས་ཆ་ཕལ་ཆེར་ཆབ་འོག་བསྡུས་ཤིང་། ས་སྐྱའི་སྲིད་དབང་མཇུག་རྫོགས་པ་དང་ཕག་གྲུའི་སྲིད་དབང་འགོ་ཚུགས་པ་ཡིན།  དུས་སྐབས་འདི་ནི་ཕག་གྲུའི་རྒྱལ་རབས་ཀྱི་དཀྱིལ་སྨད་དུ་ཁེལ་ཡོད།    
གཉིས།  བཀའ་རྒྱུད་པ་དང་ཧོར་ཁྱུང་གི་འབྲེལ་བ།
    ཆོས་ལུགས་དང་ཆབ་སྲིད་གཉིས་ཀྱི་འབྲེལ་བ་ནི་བརྗོད་དཀའ་བ་ཞིག་སྟེ། ཕྱོགས་གཅིག་ལ་ལྷུང་ཆེ་ན་ཕྱོགས་གཅིག་ནས་འཐུས་ཤོར་འགྲོ་བ་ཞིག་རེད།  བོད་ཀྱི་ལོ་རྒྱུས་ལ་ཕྱིར་ལྟ་བྱས་ན།  དུས་རབས་བརྒྱད་པའི་ནང་ཐུབ་བསྟན་ཆོས་ལུགས་བོད་ཀྱི་རྒྱལ་ཆོས་སུ་གཏན་འབེབས་བྱས་པ་དང་།  བཙན་པོའི་ཆབ་སྲིད་ཀྱི་སྲུང་སྐྱོབ་འོག་མུ་མཐུད་གནས་ཐབས་བྱུང་ཡོད།  དེ་རྗེས་དུས་རབས་བཅུ་པའི་གཡས་གཡོན་ནང་མངའ་རིས་སུ་ལྷ་བླ་མ་ཡེ་ཤེས་འོད་སོགས་ཀྱི་སྲུང་སྐྱོབ་དང་ཆེ་མཐོང་འོག་ཐུབ་བསྟན་ཆོས་ལུགས་སླར་ཡང་དར་ཞིང་རྒྱས་ཡོད།  མདོར་ན།  ཆོས་ལུགས་ནི་ཆབ་སྲིད་ཀྱི་དབང་ཤུགས་གང་ཞིག་ལ་བསྟེན་ན་ད་གཟོད་མུ་མཐུད་གནས་པ་དང་གོང་འཕེལ་གཏོང་ཐུབ་ཀྱི་ཡོད་ལ།  ཆབ་སྲིད་པས་ཀྱང་ཆོས་ལུགས་གང་ཞིག་གི་སྟོབས་ཤུགས་སྤྱད་དེ་ཡུལ་ཁམས་ཤིག་ལ་དབང་སྒྱུར་ཐབས་བྱེད་ཀྱིན་ཡོད། གནས་ལུགས་དེ་ནི་ཆོས་ལུགས་པ་དང་ཆབ་སྲིད་པ་དག་གིས་གསལ་པོར་རྟོགས་པས་མ་ཚད། ཐབས་ཤེས་ཡོད་དགུ་དང་རང་ནུས་རྩལ་སྤྲུགས་ཀྱིས་ཐབས་ལམ་དེ་དག་བཀོལ་སྤྱོད་བྱས་ཡོད།  དུས་སྐབས་འདི་ནི་ས་སྐྱའི་རྒྱལ་རབས་མཇུག་རྫོགས་ནས་ཕག་གྲུས་སྲིད་དབང་བཟུང་བའི་དུས་སྐབས་དེར་ཁེལ་ཡོད།  ཕག་གྲུ་ནི་གྲུབ་མཐའ་བཀའ་རྒྱུད་པར་དད་མོས་བྱེད་མཁན་ཞིག་རེད།  དེའི་དབང་གིས་སྐབས་དེར་བོད་ཁམས་སུ་བཀའ་རྒྱུད་ཀྱི་ཆོས་ལུགས་ཀྱང་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཀྱི་ཚུལ་དུ་དར་ཞིང་རྒྱས་འགོ་ཚུགས་ཡོད།  ཁྱུང་པོ་ནི་མ་གཞི་བོན་གྱི་གྲུབ་མཐར་དད་གུས་བྱེད་མཁན་ཞིག་ཡིན་ནའང་།  དུས་སྐབས་འདིར་ཁྱུང་ཡུལ་མཐིལ་དུ་བཀའ་རྒྱུད་ཀྱི་གྲུབ་མཐའ་དར་ཞིང་དགོན་སྡེ་དང་དད་འབངས་བཅས་པ་ཆགས་ཡོད།  དེ་ལས་དཔེ་མཚོན་ཙམ་དྲངས་ན།  ཁྱུང་ཡུལ་དེང་གི་སྟེང་ཆེན་ས་སྒང་ཤང་གི་མངའ་ཁོངས་སུ་གནས་པའི་ཞག་གཅོད་དགོན་ནི་དུས་དེར་ཕྱག་བཏབ་འདུག  སངས་རྒྱས་ལགས་ཀྱིས་བརྩམས་པའི《ལ་ཐོག་ཞག་གཅོད་དགོན་ངེས་དོན་ཆོས་འཁོར་གླིང་ལོ་རྒྱུས་མདོར་བསྡུས》གཞིར་བྱས་ཏེ་གླེང་ན།  སུམ་པ་ཚང་ཞེས་པའི་བོན་གྱི་ཁྱིམ་རྒྱུད་དུ་ཞག་གཅོད་བཀྲ་ཤིས་དཔལ་བཟང(༡༤༩༢-?)མཆོག་སྐུ་འཁྲུངས།  ཁོང་ཁྱུང་ཡུལ་ནས་དབུས་སུ་ཆས་པ་དང་།  བླ་མ་དབུས་སྨྱོན་ཀུན་དགའ་བཟང་པོ་མཇལ་ཏེ་གདམ་ངག་ཞུས།   བླ་མའི་བཀའ་ལྟར་ཁམས་སུ་ལོག་ཡོང་ནས་ཕ་ཡུལ་ཕྱོགས་སུ“སྦྱིན་བདག་གཙོ་བོ་ཁྱུང་པོ་འབུམ་རྗེ་གྲགས་པ་དང་།  འདན་མ་ཚེ་དབང་ལྷུན་གྲུབ”[1]གཉིས་བྱས་ཏེ་རབ་བྱུང་དགུ་པའི་ཤིང་རྟ(༡༥༣༤)ལོར་ཞག་གཅོད་དགོན་ཕྱག་བཏབ་གནང་ཡོད། དོ་སྣང་དགོས་པ་ཞིག་ནི་ཁྱུང་པོ་འབུམ་རྗེ་གྲགས་པས་རྒྱབ་སྐྱོར་དང་སྦྱིན་བདག་བྱས་ནས་དགོན་པ་བཞེངས་གནང་བ་དེ་རེད།  ཕྱོགས་འདི་ནས་བལྟས་ན་ཁྱུང་པོ་འབུམ་རྗེ་གྲགས་པ་དང་ཕག་གྲུའི་བར་ལ་ཏན་ཏན་འབྲེལ་བ་ཡོད་པ་དང་།  ཕག་གྲུས་ཁྱུང་པོ་ལ་ཆོ་ལོ་གང་ཞིག་བསྩལ་ཡོད་ཀྱང་སྲིད།  འོན་ཀྱང་དེའི་སྐོར་ཡིག་ཆ་མ་མཐོང་བས་ཐག་བཅད་དེ་སྨྲ་མི་ཐུབ།  གང་ལྟར་ཀྱང་ཁྱུང་པོ་འབུམ་རྗེ་གྲགས་པ་ནི་ཆབ་སྲིད་ལ་མཁས་ཤིང་ཆོས་ལུགས་ཐད་གུ་ཡངས་ལྡན་པ་ཞིག་ཡིན་པ་རྟོགས་ཐུབ།  གཅིག་བྱས་ན་ཆབ་སྲིད་ཀྱི་དགོས་མཁོ་འབའ་ཞིག་ཡིན་ཀྱང་སྲིད།  སྐབས་དེར་ཁྱུང་ཡུལ་དབུས་སུ་བཀའ་རྒྱུད་པའི་གྲུབ་མཐའ་བྱུང་བ་དང་།  ཁྱུང་པོའི་བྱང་རྒྱུད་དུ་བཀའ་རྒྱུད་ཀྱི་བསྟན་པ་དར་བ་ནི་དཀར་ཤོད་ཆོས་འཁོར་དགོན་དང་།  རོང་པོ་རབ་བརྟན་དགོན་སོགས་སྐབས་དེར་བཀའ་རྒྱུད་དགོན་པ་ཡིན་པས་ཤེས་ཐུབ།  འོན་ཀྱང་འདི་དག་ནི་སྐབས་དེར་གསར་དུ་བཏབ་པ་མིན་པར་ཀརྨ་པ་སྐུ་ཕྲེང་དང་པོ་དང་གཉིས་པས་བཏབ་ཅེས་ལོ་རྒྱུས་ཡིག་ཆ་ནང་འཁོད་འདུག  ཧོར་པ་ཐོག་མར་ཡོང་དུས་ཁོ་ཅག་ལ་དམིགས་བསལ་གྱི་ཆོས་ལུགས་མེད་ནའང་ཡུལ་འདིའི་གོམས་སྲོལ་གྱི་ཤུགས་རྐྱེན་དང་།  ལྷག་ཏུ་མ་རྒྱུད་ཀྱི་དད་མོས་ལ་བརྟེན་ནས་ཁོ་ཚོས་ཀྱང་བོན་པོ་ལ་དད་གུས་དང་ཉམས་ལེན་བྱས་ཡོད།  དོ་སྣང་དགོས་པ་ཞིག་ནི་ཧོར་གྱི་རྒྱལ་ཐོག་བཅུ་གཉིས་པ་ཁྲི་རྒྱལ་རྗེ་ཆེན་ཡན་དུ་བཀའ་རྒྱུད་དང་བོན་པོ་གཉིས་ཀར་དད་གུས་བྱས་པ་དེ་རེད། འདི་དག་ལ་སྐབས་དེའི་ཆབ་སྲིད་ཀྱི་དགོས་མཁོའམ་ཤུགས་རྐྱེན་ཞིག་ལ་འབྲེལ་བ་ལྡན་ཡོད།  གཞན་ཡང་ཀརྨ་པ་རོལ་པའི་རྡོ་རྗེ་རབ་བྱུང་དྲུག་པའི་མེ་རྟ(༡༣༦༦)ལོར་རྒྱ་ནག་ནས་ཕྱིར་བོད་དུ་བྱོན་སྐབས“མདོ་སྟོད་བརྒྱུད་དེ་དབུས་སུ་བྱོན་པའི་ལམ་དུ་འདན་དང་།  རོང་པོ་དང་།  ཁྱུང་པོ་དཀར་ནག་ཤོད།  བརྒྱད་ཤོད།  སོག་སྟོད་སྨད། ཀོང་པོ་སོགས་ཀྱི་སེར་སྐྱ་ཁྲི་ཕྲག་མང་པོ་མཇལ་ཁ་ཞུ་བར་འོངས་པ་དེ་དག་ལ་ཆོས་དང་ཟང་ཟིང་གི་སྦྱིན་པས་ཚིམས་པར་བྱས།”[2]ཞེས་གསལ་བ་སོགས་ཀྱིས་དུས་སྐབས་དེའི་གཡན་གཡོན་དུ་ཡུལ་ཕྱོགས་འདིར་བཀའ་རྒྱུད་པའི་གྲུབ་མཐའི་ཤུགས་རྐྱེན་གང་འདྲ་ཐེབས་པ་ཤེས་ཐུབ་བོ།།  
གསུམ།  ཁྱུང་པོ་འབུམ་རྗེ་གྲགས་པ་དང་ཧོར་ཐོར་པ་སྐྱ་བདུན།
    འབྲེལ་ཡོད་ཡིག་ཆ་ཁག་ལས་གསལ་བ་ལྟར་ན་ཧོར་ཐོར་པ་སྐྱ་བདུན་ཐོག་མར་བོད་ལ་ཡོང་སྐབས།  ཁྱུང་པོ་འབུམ་རྗེ་གྲགས་པས་ཡུལ་ཁམས་དེར་དབང་སྒྱུར་བའི་སྐབས་སུ་ཡིན་པ་བཤད་ཡོད།  འབུམ་རྗེ་གྲགས་པ་ནི་མདོ་ཁམས་སྟོད་ཀྱི་ཆར་གཏོགས་དེང་གི་ཁྱུང་པོ་སྟེང་ཆེན་སེར་ཚ་ཤང་གི་ཁོངས་སུ་ཡབ་ཁྱུང་པོ་གེ་འབུམ་དང་ཡུམ་སྟག་ལུང་དབང་མོ་གཉིས་ཀྱི་སྲས་སུ་བལྟམས།  ཁོང་གི་འཁྲུངས་འདས་ལོ་ཚིགས་སྐོར་འཁོད་པ་མ་མཐོང་ནའང་།  ཁྱུང་རབས་ཕལ་ཆེར་ཞལ་མཐུན་པར་ཨ་གྲགས་ཀྱི་སྲས་གེ་འབུམ་དང་།  གེ་འབུམ་གྱི་སྲས་འབུམ་རྗེ་གྲགས་པ་ཡིན་ལ།  ཨ་གྲགས་ནི་དུས་རབས་བཅུ་བཞི་པའི་མཇུག་ཏུ་བྱོན་པ་ཡིན་པས་ཁོང་ཕལ་ཆེར་དུས་རབས་བཅོ་ལྔ་པའི་དཀྱིལ་སྨད་དུ་བྱོན་པ་ཡིན་དགོས།  ཁོང་གིས་དཔུང་ཆེན་དམག་གི་ལས་བྱས་ཏེ་སླར་ཡང་ཡབ་མེས་ཀྱི་ཆབ་འབངས་སུ་གྱུར་མྱོང་བའི་ཡུལ་སྡེ་མང་པོ་ཞིག་དབང་དུ་བསྡུས་ཡོད།《ཁྱུང་རབས་གསེར་སྒམ་མ》ལས“འབུམ་རྗེ་གྲགས་པའི་དཔུང་ཆེན་དམག་གིས་ལྷོ་འབྲི་གུང་ཇོ་བདལ་ཕྱིན་ཆད།  ནུབ་ནག་ཚང་འདམ་གཞུང་མན་ཆད།  བྱང་ན་དམར་མཚོ་ཁ་ཕྱིན་ཆད།  ཤར་དངུལ་ཆུ་གསེར་ལྡན་ཡན་ཆད་ཁྱུང་པོས་དབང་བསྒྱུར་ཏེ་ས་མི་འགྱུར་རྫོང་ཆེན་བཅོ་བརྒྱད་བཞེངས།  གཡག་ལ་སེ་བོའི་མན་ཆད།  གཟི་མ་གཡོ་ག་པ་ཚུན་ཆད་ཁྱུང་པོ་འབུམ་རྗེའི་གསས་མཁར་བརྩེགས།”[3]ཞེས་འཁོད་ཡོད་པས།  ཁྱུང་པོས་དབང་བསྒྱུར་བའི་ཡུལ་ཁམས་ཀྱི་རྒྱ་ཁྱོན་གང་འདྲ་ཡིན་པ་ཕྱོགས་ཙམ་རྟོགས་ནུས་པ་མ་ཟད།  སྐབས་དེར་ཁྱུང་པོའི་མངའ་ཐང་ཡང་རྩེར་སོན་ཡོད་པ་ཤེས་ཐུབ། དེ་ལས་སྐབས་སུ་བབ་པ་ནི་ཁྱུང་པོའི་ནུབ་རྒྱུད་ཀྱི་ཡུལ་སྡེ་སྟེ།  ཕྱིས་སུ་ཧོར་པ་ཞེས་འབོད་པའི་ཡུལ་ཁམས་དེ་ཁྱུང་པོའི་མངའ་ཞབས་སུ་གཏོགས་པའི་སྐོར་ཕྲན་ཙམ་གླེང་ན། ཡུལ་ཁམས་འདིའི་ཚོ་བ་ཁ་ཤས་ཕྱིས་སུ་མདོ་སྨད་ནས་གནས་སྤོས་ཏེ་ཡོང་བ་ཡིན་མོད།  ཕལ་ཆེ་བ་ནི་ས་གནས་རང་ལ་གནའ་དུས་ནས་ཡོད་པ་ཡིན་འདུག 《ཁྱུང་རབས་དཀར་ཆབ་ཆེན་མོ》ལས“ནང་ཆེན་གྲགས་པ་གོང་མའི་བཀའ་ལུང་བཟང་པོ་ལ་བསྟེན་ནས།  མདོ་གམ་སྟོད་སྨད་ན་བོན་སྲིད་སྦྲེལ་ནས།  བཅུ་གཉིས་སྐོར་བཙུགས་པའི་སྲོལ་བཏོད།”ཞེས་དང་། “མོ་གོལ་རྒྱལ་པོ་ཕྱིན་ཆད་ཡང་ནས་ཡང་དུ་གནང་བའི་འཇའ་ས་ཐམས་ཁ་མང་དུ་ཡོད་པ་ལ།  དབུས་ཀྱི་དུང་ལ་ཀེ་རུ་ཕྱིན་ཆད་དང་།  རྒྱ་ཡི་མཆོད་རྟེན་ནག་པོ་ཡན་ཆད་ཀྱི་ས་བཅད་ཡོད་པ་དང་།  འཇའ་ས་ལ་ལའི་ནང་ནས།  ཡར་འབྲོག་ར་བ་དམར་མོ་ཕྱིན་ཆད་དང་།  ཤར་ཀེ་ཆུ་ལྕགས་སྒོ་སྔོན་མོ་ཡན་ཆད།  ཁྱུང་པོ་གྲགས་པ་རྒྱལ་མཚན་གྱིས་དབང་དུ་གུག་ལ།”ཞེས་དང་། “སྡེ་འཁྲུག་བྱུང་བའི་ཁྱུང་པོ་མི་སྡེ་ཚ་བ་སྒང་ནས་ཚུར་བུད་དེ།  བྱང་གི་ཨག་འདམས་ཚུན་ཆད་དུ་བསྡད་ནས།”[4]ཞེས་པས་ཁྱུང་པོ་ནང་ཆེན་གྲགས་པས(༡༢༤༠-༡༣༠༡)ཡུལ་ཁམས་འདིར་དབང་སྒྱུར་བྱས་པ་ཤེས་ཐུབ།  
     ནང་ཆེན་གྲགས་པ་དང་ཨ་བླ་གཉིས་གཅེན་གཅུང་ཚུལ་དུ་དུས་མཉམ་བྱུང་བ་ཡིན་ལ།  ནང་ཆེན་གྲགས་པ་ཁྲི་པ་མཛད་ཅིང་ཨ་བླས་གདུང་རྒྱུད་སྤེལ་ཡོད།《ཁྱུང་རབས་གསེར་སྒམ་མ》ལས“ཡང་ཨ་བླའི་སྲས་དབང་རྒྱལ་གྲུབ་ཀྱི་ལྕམ་ཚབ་བཟའི་སྲས་རྒྱུད་ལ་ཁྱུང་པོ་ཚབ་ཚ་ཚང་དུ་གྲགས་པས་དེའི་སྲས་ཆེ་བ་དཔལ་ལྡན་བཟང་པོ་ནི་རྒོད་ཚང་སྟོད་དུ་བཞུགས་ནས་གྲུ་ཁུག་གཡུང་དྲུང་གླིང་བདག་སྐྱོང་མཛད་དོ།།  ལྷོ་ནགས་ཤོད་དང་བྱང་རྒྱུད་ཕལ་ཆེར་གྱི་འབྲོག་ཤོག་ལ་མངའ་དབང་བསྒྱུར།”[5]ཞེས་གསལ་བས།  མདོ་ཁམས་སྟོད་དུ་ཁྱུང་པོའི་རུས་རྒྱུད་མང་པོ་གྱེས་ཏེ་རང་རང་གིས་ཡུལ་སྡེ་སྒེར་བཟུང་བྱས་ཤིང་། ཡུལ་ཁམས་འདི་ནི་ཁྱུང་པོ་ཚབ་ཚ་ཚང་གིས་བདག་བྱས་པ་ཤེས་ཐུབ།  དེ་ནས་དུས་རབས་བཅོ་ལྔ་པའི་ནང་ཁྱུང་པོ་འབུམ་རྗེ་གྲགས་པས་སླར་ཡང་ཁ་འཐོར་དགུ་འཐོར་དུ་སོང་བའི་ཁྱུང་པོའི་ཡུལ་སྡེ་རྣམས་གཅིག་གྱུར་བྱས་པ་དང་།  དེ་ལས་བརྒལ་བའི་མངའ་ཁོངས་རྒྱ་བསྐྱེད་གནང་ཡོད།  ཡུལ་གྲུ་འདིར་དབང་བསྒྱུར་བའི་སྐོར་ཡང《ཁྱུང་རབས་གཡུ་མགོ་མ》ལས“ཁྱུང་པོ་འབུམ་རྗེ་གྲགས་པ་ཡིས། རྫོང་གཞི་དང་པོ་བཞག་ས་དེ།  ཤག་གི་སྦ་ངོ་ཟམ་སོ་ན་རྫོང་གཞི་བཞག  ནག་ཤོད་ལ་འབྲི་གྲུས་མོ་དྲུག་ཅུའི་ཁྲལ་བྲེས།  ལྷ་རི་ལྷ་རྩེ་ལྷ་མཁར་བརྡུང་།  རྟ་ས་ཡར་ཐང་ན་འབུམ་རྗེའི་ཕོ་ཆེན་འདྲེས་ས་ཡིན།  མར་ཐང་རྒོད་མ་འགྲོས་ས་ཡིན།”[6]ཞེས་དང་།  གཡུང་དྲུང་རྒྱལ་བས་བརྩམས་པའི《ཧོར་གྱི་རྒྱལ་རབས》ལས“ཁྱུང་པོ་འབུམ་རྗེ་གྲགས་པའི་སྐབས་ཧ་ལམ་ཧོར་ཚོར་དབང་སྒྱུར་མྱོང་བ་འདྲ་པོ་འདུག”[7]ཞེས་བཤད་ཡོད་པ་སོགས་ཀྱིས་ཤེས་ཐུབ།  ཁྱུང་པོ་འབུམ་རྗེ་གྲགས་པས་ས་ཁོངས་འདི་དག་ལ་དབང་སྒྱུར་གནང་ཟིན་ཙམ་ཞིག་ལ།  ཧོར་ཡུལ་ནས་འཐོར་པ་སྐྱ་བདུན་ཟེར་བའི་སྐྱ་མི་བདུན་དབུས་ཀྱི་ས་སྐྱར་འགྲོ་སྐབས་ལམ་ནོར་ཐེབས་པའི་ཚུལ་གྱིས་གཡུང་དྲུང་གླིང་དང་ཉེ་བའི་ས་གནས་སོག་གྲུ་ཁུག་ཅེས་པ་དེང་གི་སྦྲ་ཆེན་རྫོང་ཨར་ཤོག་ཤང་གི་ཁོངས་སུ་བསླེབས་ཤིང་གཞིས་ཆགས།  དེ་ནས་ཁོ་ཅག་ལ་མདའ་རྩལ་སོགས་ཡག་པོ་ཡོད་པས་ཁྱུང་པོ་འབུམ་རྗེ་གྲགས་པས་བདག་ཆེན་བྱས་ནས་གོ་གནས་ཆུང་ཆུང་ཞིག་སྤྲད་ཡོད་དེ།《ཁྱུང་རབས་གཡུ་མགོ་མ》ལས“ཁྱོད་ཨ་ཆེན་ཐང་ནས་ཡོང་དུས།  ཨ་ནུ་མགོ་ཡག་ལྷ་འཕེན་གུན་ལ་རྗེས་ཟེར་བ་ལ་འབུམ་རྗེས་མདའ་ཕོངས་གསུངས་ནས་ཐོང་སོ་སྔོ་ཆ་ཞིག་བཞག་ནས།  མདའ་འཕངས་བས།  ཐོང་སོ་ཕུག་གཏིང་ས་ཟུག  དེ་ནས་བདག་ཆེན་བྱས་ནས་སྡེ་དཀྱིལ་ནག་གཉིས་གནང་།”[8]ཞེས་དང་།  ཧོར་ཁང་བསོད་ནམས་དཔལ་འབར་གྱིས་བརྩམས་པའི《སྒེར་ཧོར་ཁོང་གི་མི་རབས་བྱུང་བ》ལས“ཁྱུང་པོ་སེར་ཚ་ལ་ཁྱུང་པོ་འབུམ་རྗེ་གྲགས་པ་ཟེར་བ་ཡོད་པ་དེ་ནི་ཁྱུང་སེར་གྱི་མི་སྣ་གྲགས་ཅན་ཞིག་ཡིན་ཞིང་།  ཨོ་རོད་ཐལ་ཇིར་སོག་ན་ར་ཁུག་ཟེར་བ་དེའི་ས་མིང་སྤྲད་ནས་དཔོན་དུ་བསྐོས་པ་རེད།”[9]ཞེས་དང་།  ཁོང་གིས་གཡུང་དྲུང་རྒྱལ་བ་སོགས་ཀྱི་གསུང་རྒྱུན་ཞིག་དྲངས་ནས་ཐོར་པ་སྐྱ་བདུན་ནི་ཡོན་རྒྱལ་རབས་འཐོར་རྗེས་བོད་ལ་ཡོང་བར་བཤད་ཡོད་ལ།  ཁོང་གི་སྲས་ཧོར་ཁང་བྱམས་པ་བསྟན་དར་ལགས་ནས་ཀྱང་དེ་བཞིན་གསུངས་གནང་བ་དང་།  དེ་ལ་ཞིབ་ཆ་བྱས་ནས་ཐོར་པ་སྐྱ་བདུན་སླེབས་པའི་དུས་དེ་ཡོན་རྒྱལ་རབས་འཐོར་བའི་ལོ་སྟེ།  རབ་བྱུང་བཞི་པའི་ས་སྤྲེལ(༡༣༦༨)ལོ་ནས་འགོ་བརྩམས[10]འདུག་མོད།  གོང་གི་རྒན་རབས་དག་གིས་ཡོན་རྒྱལ་རབས་འཐོར་རྗེས་སུ་བྱུང་ཞེས་པ་ཙམ་ལས་ཞིབ་ཕྲའི་དུས་ཚོད་གསུངས་མེད།  ཐོར་པ་སྐྱ་མདུན་གྱི་ལོ་རྒྱུས་སྔ་ཤོས་ཏེ་ཧོར་ནམ་མཁའ་རྒྱལ་པོས་བརྩམས་པའི《ཧོར་གྱི་རྒྱལ་རབས་ཉི་ཟེར་དོན་འདུས་དྲ་བ》(གཤམ་དུ་རྒྱལ་རབས་ཉི་ཟེར་དྲ་བ་ཞེས་བསྡུས་ཡོད)ལས་དེ་ལྟར་གསལ་མེད་པ་མ་ཟད།  དེའི་རྗེས་སུ་བྱུང་བའི་སྤྲུལ་སྐུ་བསྟན་པ་རྒྱལ་མཚན་གྱིས་བརྩམས་པའི《བཀའ་དང་བཀའ་བརྟེན་དཀར་ཆག་ཏུ་གསལ་བའི་ཧོར་གྱི་ལོ་རྒྱུས》(གཤམ་དུ་བཀའ་བརྟེན་དཀར་ཆག་ཅེས་བསྡུས་ཡོད)སོགས་སུ་མ་གསལ་བའི་ཕྱིར།  གཞན་ཡང་འབྲེལ་ཡོད་ཡིག་ཆ་དང་གནད་དོན་ཁག་ལ་བརྟགས་ན།  ཐོར་པ་སྐྱ་མདུན་ཐོག་མར་བོད་ཡུལ་དུ་སླེབས་པའི་དུས་དེ་ཡོན་རྒྱལ་རབས་འཐོར་རྗེས་སུ་ཡིན་ནའང་རབ་བྱུང་བཞི་པའི་ས་སྤྲེལ(༡༣༦༨)ལོར་བྱས་ན་ཅུང་སྔ་དྲག་ཡོད།  དེས་ན་ཐོར་པ་སྐྱ་བདུན་བོད་ལ་བྱུང་བའི་དུས་ནི་ཕལ་ཆེར་དུས་རབས་བཅོ་ལྔ་པའི་དུས་མཇུག་ཏུ་ཡིན་སྙམ་མོ།།  
གཉིས་པ།  ཁྱུང་པོའི་བྱང་རྒྱུད་ཀྱི་ཡུལ་སྡེ་ཧོར་གྱིས་བཟུང་པ།
གཅིག  ཧོར་གྱི་མངའ་ཐང་རྒྱས་འགོ་ཚུགས་པ།
  《རྒྱལ་རབས་ཉི་ཟེར་དྲ་བ》ལས“དེ་ནས་གུ་རོང་ཨོ་ལོན་གྱིས་རང་དང་དུས་བསྟུན་གྱི་བུ་གཞོན་དྲུག་ཁྲིད་ནས་ས་སྐྱའི་ཕྱོགས་སུ་ཁ་གཏད་པ་ཙམ་མ་གཏོགས་པར་རྒྱུས་དང་ལམ་སྟབས་ཆེར་མེད་ནས་བྱོན་པའི་སྐབས་སུ།”ཞེས་དང་། “དེ་ནས་ལྷ་རྩེའི་ལྗོངས་སུ་བསྟན་པའི་གདན་ས་མཛད།  ཁ་ཟ་ཁབ་ཏུ་བཞེས་ནས་བཞུགས་ཤིང་ཐམས་ཅད་ལ་དམག་གི་དཔུང་ཆེར་ནས་ཀུན་ལས་རྒྱལ་ཞིང་མངའ་འོག་ཏུ་འདུས་པ་ལ།”ཞེས་དང་།  ཁོང་ལ“སྲས་རྒྱུད་མེད་པ་ལ་ཧོར་ཡུལ་ནས་མཆེད་ཡ་ཐོག་ན་ཐིས་མུར་ཐཱ་ཇིའི་སྲས་འབྲིང་བ་ཨུ་ཡུན་རྒྱལ་གདན་དྲངས་སོ།།  དེ་དང་མཉམ་དུ་དུད་རབས་བཞི་བཅུ་ཁྲིད་ནས་འོང་། དེས་རྒྱ་སྟོང་སྡེ་བའི་སྲས་མོ་འགུ་རུ་སྐྱིད་ཁབ་ཏུ་བཞེས་པ་ལ་སྲས་བཞི་ཡོད་པའི་ཆེ་བ་དེ་ཤ་མཚན་སོགས་གཞན་དང་མི་འདྲ་བ་ཁོག་སྟོད་ཐམས་ཅད་དམར་པོ་ཡོད་པ་ལ།  རྒྱལ་པོ་དམར་པོ་གྲགས་སོ།། ཆུང་བ་གསུམ་ལ་ཤ་མཚན་སོགས་མི་འདྲ་བ་མེད་ཀྱང་དེ་དང་བསྟུན་པར་འབྲིང་རྒྱལ་པོ་དཀར་པོ་བཏགས།  དེ་འོག་ནག་པོ་བཏགས།  ཆུང་བ་དྲུང་པ་ཧོར་ནག་ཤེས་རབ་རྒྱལ་མཚན་གསོལ།  དེའི་སྐབས་སུ་དུས་དང་ལས་ཀྱི་དབང་བསྒྱུར་ནས་བཀའ་རྒྱུད་ཀྱི་ཆོས་ལུགས་དར་བ་དེའི་ནང་ནས་ཆོས་རྗེ་ཀརྨ་པ་མི་སྐྱོད་རྡོ་རྗེ་ཞེས་དང་།  གྲགས་ཆེ་བར་བྱུང་བ་དེ་གཙང་པ་རྒྱལ་པོའི་བླའི་མཆོད་གནས་སུ་བསྐུར།”[11]ཞེས་ཐོག་མར་བྱུང་བའི་ཧོར་གྱི་འགོ་པ་དེར་སྲས་མེད་པ་ལ་སོག་ཡུལ་ནས་ཁོང་གི་སྤུན་མཆེད་ཅིག་གི་བུ་དང་མཉམ་དུ་ཧོར་གྱི་དུད་ཁྱིམ་བཞི་བཅུ་གནས་འདིར་ཁྲིད་ནས་གཞིས་ཆགས་ཤིང་། དེང་གི་འབྲི་རུ་རྫོང་ཁོངས་སུ་གཏོགས་པའི་རྒྱ་སྟོན་ཞེས་པའི་དཔོན་དེའི་བུ་མོ་ཞིག་བག་མར་བསུས་རྗེས་དེ་ལ་བུ་བཞི་བྱུང་ཡོད། ཁོ་ཅག་གིས་ཉེ་འཁོར་གྱི་ཡུལ་སྡེ་ཁ་ཤས་དབང་དུ་བསྡུས་ཡོད།  དུས་སྐབས་དེ་ནི་ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་སྐྱོད་རྡོ་རྗེའི(༡༥༠༧-༡༥༥༤)དུས་སུ་ཡིན་པ་བཤད་ཡོད་པས།  དུས་རབས་བཅུ་དྲུག་པའི་དཀྱིལ་དུ་ཁེལ་ཡོད།   
གཉིས།  བླ་དཔོན་སུ་ཞིག་གི་སྐུ་དུས་སུ་ཡིན་པ། 
    《ཁྱུང་རབས་གསེར་སྒམ་མ》ལས་ཁྱུང་པོ་ཚབ་ཚ་ཚང་གི་སྲས་དཔལ་ལྡན་བཟང་པོ།“དེའི་སྲས་བློ་གྲོས་དཔལ།  དེའི་སྲས་རྒྱུད་གཉིས་ལས་ཆེ་བ་སྟོན་དཔོན་པའི་སྲས་བསོད་ནམས་གྲགས་པ་དང་ཚུལ་ཁྲིམས་རྒྱལ་མཚན་གཉིས།  དེའི་སྲས་གསུམ་གཙོ་མཆོག་དང་གུ་རུ་རྒྱལ།  ཨ་བཙན།  དེའི་སྲས་ཁྲོ་བོ་རྒྱལ་མཚན།  དེའི་དུས་སྲིད་དབང་ཨ་ཡན་ཇག་པ་མི་བདུན་ལ་ཤོར་བའི་མངའ་འོག་ཚང་མར་ཧོར་པ་ཞེས་མིང་ཆགས། སོག་ཡུལ་ནས་དུད་ཚང་བཞི་བཅུ་ཞེ་བརྒྱད་བྱང་དུ་ཡོང་བ་ལས་འཕེལ་བའི་འབྲོག་ཚོར་སོག་སྡེ་ཞེས་འབོད་དོ།”[12]ཞེས་གསལ་ཡོད།《རྒྱལ་རབས་ཉི་ཟེར་དྲ་བ》ལས“ཧོར་ཇིང་འགིར་རྒྱལ་པོ་ཀུན་ལ་རྒྱལ་མི་རབས་རྒྱུད་དགུང་ལོ་བརྒྱ་དང་སུམ་ཅུ་སོ་ལྔ་ཐུབ་ཅིང་། སྐུ་ཚ་གསུམ་གྱིས་སྟོད་འབྲི་གུང་ཇོ་འདབས་ཕྱིན་ཆོད།  སྨད་ཚ་བ་ཁབ་སོ་ཡན་ཆད་ཀྱི་བར་དུ་རྒོད་ངང་མའི་ཉིན་ལམ་བཅོ་བརྒྱད།  གཤོག་འགྱུར་གཅིག་དང་བཅུ་དགུ།  ཡང་འགྱུར་གཅིག་དང་ཉི་ཤུ་ཡི་ས་བསྐོར།  ཇིང་འགིར་ཧོར་གྱི་མངའ་ཞབས་སུ་བཙུད་ནས་དར་ཞིང་རྒྱས་པར་གྱུར་པ་ནི་བསྟན་པ་ཕྱི་དར་གྱི་མགོ་ཡིན་པར་མངོན་པ་ལགས་སོ།།”[13]ཞེས་གསལ་བས།  ཧོར་རྒྱལ་དམར་པོའི་དུས་སུ་ཁྱུང་པོ་བྱང་རྒྱུད་ཀྱི་ཡུལ་སྡེ་མང་པོ་ཞིག་དབང་དུ་བསྡུས་ཤིང་། དེར་ཆགས་པའི་ཁྱུང་པོ་ཚབ་ཚ་ཚང་གི་དབང་ཆ་ཡོངས་རྫོགས་ཤོར་ཡོད།  དེ་ནས་བཟུང་ཡུལ་ཁམས་དེར་ཧོར་པ་ཞེས་འབོད་སྲོལ་ཆགས་ཡོད།   
གསུམ།  ཧོར་གྱིས་ཁྱུང་པོའི་བྱང་སྡེ་འཕྲོག་ཐུབ་པའི་རྒྱུ་རྐྱེན།
   ཁྱུང་པོའི་མངའ་ཐང་ཉམས་རྒུད་སོང་བ་དང་ཧོར་གྱི་སྟོབས་འབྱོར་རྒྱས་འགོ་ཚུགས་པའི་རྒྱུ་རྐྱེན་ནི་ཕྱོགས་ཁ་ཤས་ཡོད་དེ།  གཅིག་ནས་ཁྱུང་པོ་ནི་གདུང་རྒྱུད་བདག་པོ་ཡིན་ལ།  དེ་ཡང་ཚད་བཀག་གང་ཡང་མེད་པར་གདུང་རྒྱུད་སྤེལ་མཁན་ཞིག་ཡིན།  དཔེར་ན།  ཁྱུང་ཨ་བླས་ལྕམ་ལྔ་བཞེས་པ་དང་དབང་རྒྱལ་གྲུབ་ཀྱིས་ལྕམ་གསུམ་བཞེས་པ་ལྟ་བུ་རེད།  བླ་བྲང་ཁག་མང་དུ་གྱེས་ཤིང་ས་གནས་སོ་སོར་དབང་སྒྱུར་བྱས་ཡོད།  དེས་གཅིག་གྱུར་གྱི་སྟོབས་ཤུགས་ཉམས་འགོ་ཚུགས་ཡོད།  དེ་རྗེས་ཁྱུང་པོ་འབུམ་རྗེ་གྲགས་པས་ཡུལ་སྡེ་ཕལ་ཆེར་གཅིག་གྱུར་བཟོ་ཐུབ་ཡོད་མོད།  ཁྲིམས་ལུགས་དང་ཆབ་སྲིད་ཀྱི་སྒྲིག་གཞི་འཐུས་ཚང་ཞིག་འཛུགས་མ་ཐུབ་པས།  ཁོང་གཤེགས་པ་དང་སླར་ཡང་ཁྱུང་པོའི་ཡུལ་སྡེ་ཁ་འཐོར་དགུ་འཐོར་གྱུར་ཡོད།  གཉིས་ནས་ཁྱུང་པོ་ནི་ཆོས་སྲིད་གཉིས་ཀྱི་བདག་པོ་ཡིན་ལ།  དེ་གཉིས་ལས་ཀྱང་ཆོས་ལུགས་གལ་ཆེན་དུ་ལྟ་མཁན་ཞིག་རེད།  དེའི་དབང་གིས་ཆབ་སྲིད་ཀྱི་ཐད་ནས་ལམ་ལུགས་འཐུས་ཚང་ཞིག་འཛུགས་མ་ཐུབ་པར་འཐུས་ཤོར་སོང་ཡོད། གསུམ་ནས་འགྲོ་བ་མི་ཐུན་མོང་དང་ལྷག་ཏུ་དུས་ཕྱིས་ཀྱི་བོད་མི་ལ་ཡོད་པའི་ཞན་ཆ་ཞིག་སྟེ།  སྒེར་སོ་སོའི་མིག་སྔུན་གྱི་ཁེ་ཕན་ཙམ་ལས་རྒྱ་ཆེ་བའི་ཕུགས་བསམ་ལ་མིག་རྒྱང་བསྲིངས་ཐུབ་མེད། ཕྱོགས་ཁག་ཏུ་གྱེས་པའི་ཁྱུང་པོའི་བླ་དཔོན་རྣམས་ལ་མཚོན་ནའང་གདུང་རྒྱུད་གཅིག་ལས་གྱེས་ཀྱང་སྐྱིད་སྡུག་མཉམ་མྱོང་དང་ལག་གདང་མཉམ་སྦྲེལ་བྱེད་ཐུབ་མེད་པ་རེད།  འདི་ནི་ཁྱུང་པོ་ཉམས་པའི་རྒྱུ་རྐྱེན་གཙོ་བོ་དང་ཧོར་ལ་མཚོན་ན་གོ་སྐབས་ལེགས་པོ་ཞིག་ཡིན།  
      ཧོར་ནི་མ་གཞི་ནས་དཔའ་རྩལ་ལྡན་ཅིང་འཐབ་འཁྲུག་ལ་དགའ་བའི་མི་རིགས་ཤིག་ཡིན།  ཐོར་པ་སྐྱ་བདུན་ཐོག་མར་སླེབས་དུས་གང་འཚམ་གྱི་ཐོབ་ཐང་དང་ཡུལ་སྡེ་རག་ཡོད་ནའང་དེས་བློ་ཡིད་ཚིམ་མེད།  ཁོ་ཅག་ལ་དགེ་སྡིག་གི་ལྟ་གྲུབ་དང་ཆོག་ཤེས་ཀྱི་བསམ་བློ་མ་འཁྲུངས་པས།  མུ་མཐུད་མངའ་ཐང་རྒྱ་བསྐྱེད་རྒྱུ་ནི་ཕོ་རྒོད་ཚོའི་བསམ་དོན་ཉག་ཅིག་ཏུ་གྱུར་ཡོད།  ཡིན་ནའང་སྐབས་དེར་མངའ་ཐང་དེ་ཙམ་རྒྱ་བསྐྱེད་ཐུབ་མེད།  དེ་ནི་གཅིག་ནས་ཁོ་ཅག་མི་ཉུང་བ་དང་གཉིས་ནས་ཡུལ་སྡེ་རྣམས་སྔར་ཁྱུང་པོའི་མངའ་འབངས་ཡིན་པས་དེ་དག་ཁྱུང་པོར་བློ་ལོག་གི་མེད།  དེའི་དབང་གིས་མུ་མཐུད་མངའ་ཐང་རྒྱ་བསྐྱེད་བྱེད་པར་དཀའ་ཁག་འཕྲད་ཡོད།  རྒྱུ་མཚན་དེ་ལ་བརྟེན་ནས་སླར་ཡང་ཧོར་ཡུལ་ནས་ཁྱིམ་དུད་བཞི་བཅུ་ཁྲིད་ཡོང་བ་རེད།  དེ་ནས་ཧོར་རྒྱལ་དམར་པོའི་དུས་སུ་ཧོར་གྱི་དཔུང་སྡེ་རྒྱས་པ་དང་ཉེ་འགྲམ་གྱི་ས་ཆ་དང་ཡུལ་སྡེ་དབང་དུ་སྡུད་འགོ་བརྩམས་ཡོད་ལ།  ཡུལ་དེའི་བླ་དཔོན་གྱི་གོ་གནས་གཅིག་ལྕོགས་སུ་ལྡན་པའི་ཁྱུང་པོ་ཚབ་ཚ་ཚང་གི་མངའ་ཐང་ཡོངས་རྫོགས་འཕྲོག་པ་རེད།   
གསུམ་པ།  ཧོར་ཁྱུང་གཉིས་དམག་འཁྲུག་བྱུང་བའི་སྐོར།
གཅིག  ཧོར་རྒྱལ་སྟག་ལའི་དུས་སུ་ཧོར་ཁྱུང་དམག་འཁྲུག་བྱུང་བ།
   《རྒྱལ་རབས་ཉི་ཟེར་དྲ་བ》ལས“རྒྱལ་པོ་དམར་པོའི་སྲས་རྒྱལ་པོ་ཡ་ག་ཕྱུག།  དེའི་སྲས་རྒྱལ་པོ་ཕག་མོ།  དེའི་སྲས་རྒྱལ་པོ་བསོད་ནམས་རྒྱལ་དང་།  འགུ་རུ་རྒྱལ་གཉིས་ཡོད་པ་ལ།  བསོད་ནམས་རྒྱལ་ཡབ་ཀྱི་རྒྱལ་སར་བཟུང་། གེབ་ཟ་གངས་སྐྱིད་མ་ཁབ་ཏུ་བཞེས་པ་ལ།  སྲས་བཞི་ཡོད་པའི་ཆེ་བ།  དཔོན་རྒན་སྟག་ལ། དེ་འོག་ཧོར་པད་མ།  དེ་འོག་ཧོར་རྒྱལ་ལུ།  དེ་འོག་ཧོར་དབང་ལུ་དང་བཞིའོ།།  དེའི་ནང་ནས་ཧོར་སྟག་ལ་ཡབ་ཀྱི་རྒྱལ་ས་བཟུང་། གཙང་ཟ་ཞི་ཁྲོ་དཀར་མོ་ཁབ་ཏུ་བཞེས་ནས་བཞུགས་སོ།། དེའི་དུས་སུ་ཧོར་སྟག་ལ་དང་དབང་ལུ་གཉིས་ཀྱིས་རྩ་བཟུང་སྟེ་ཧོར་དམག་ནང་ཆེན་ལ་སོང་བའི་དུས་སུ་དམག་དཔོན་མིང་ཐོབ་པའི་མི་བརྒྱད།  སུམ་འཕྲུ་ཅན་གྱི་མི་བརྒྱད། སྟག་ཐུལ་ཅན་གྱི་མི་བརྒྱད། དྲེད་སྡོམ་ཅན་གྱི་མི་བརྒྱད། བྱ་གྲི་ཅན་གྱི་མི་བརྒྱད། ཡོབ་ལྡན་ཅན་གྱི་མི་བརྒྱད།  གསེར་གཤོག་ཅན་གྱི་མི་བརྒྱད། མདུང་དར་ཅན་གྱི་མི་བརྒྱད། བརྒྱད་བརྒྱད་དྲུག་ཅུ་རེ་བཞི་སྐུའི་འཁོར།  མདུན་གྱི་དར་འཛིན་བརྒྱད་ཅུ། གཡས་ཀྱི་དམག་ལ་སྟོང་ཕྲག་གཅིག། གཡོན་གྱི་དམག་ལ་སྟོང་ཕྲག་གཅིག།  དཀྱིལ་སྒར་དམག་ལ་སྟོང་ཕྲག་གཅིག། སྟོང་ཕྲག་གསུམ་གྱི་ཞབས་ནས་འདེགས་ཤིང་ཡོད་པ་ལ།  དམག་དཔོན་བརྒྱད་ནང་ཆེན་ལ་རྒྱུག་པ་ལ་དམག་སྒར་དེ་གཡེར་ཆེན་རྒེས་ལ་བརྒྱབ[ཞེས་སོགས་ནས]ནང་ཆེན་མངའ་འོག་ཏུ་བཅུད།”[14]ཞེས་རྒྱལ་པོ་དམར་པོ་ནས་མི་རབས་འགའ་ཞིག་འདས་རྗེས་དཔོན་སྟག་ལ་ཞེས་པའི་དུས་སུ་དམག་གི་སྒྲིག་གཞི་འཐུས་ཚང་ཆགས་ཤིང་།  ནང་ཆེན་ལ་དམག་བརྒྱབ་ཏེ་མངའ་འོག་བཅུག་པ་ལས་སྐབས་དེར་ཁྱུང་པོ་དང་དམག་འཁྲུག་བྱུང་བའི་སྐོར་འཁོད་མེད།  འོན་ཀྱང《ཁྱུང་རབས་གཡུ་མགོ་མ》ལས“འབྲོག་མགོ་དང་ལྷ་དོག་དྲག་རིས་འབར་རིས་བོད་ཀྱི་འཇག་མ་ཁེར་སྐྱེས་ཡིན་པ་དེ།  སོག་གཡུང་དྲུང་གླིང་པ་གཏོར་མི་ཡིན་ཞིང་།  ད་ཁྱུང་པོ་ཨ་གྲགས་འཐོར་དུས།  འདི་ནས་བསླད་པ་ལ།  ཁྱུང་པོ་གསེར་ཚའི་ལྷ་དོག་དྲག་རིས་དང་།  ཧོར་སྟག་ལ་གཉིས་ལ་དམག་བརྒྱབ་པ་ཡིན།”[15]ཞེས་གསལ་བས་ཧོར་རྒྱལ་སྟག་ལའི་དུས་སུ་ཁྱུང་པོ་དང་དམག་འཁྲུག་ཅིག་བྱུང་མྱོང་བ་ཤེས་ཐུབ་བོ།།  
གཉིས།  ཧོར་རྒྱལ་ལྷ་རྗེ་དར་གྱིས་ཁྱུང་པོར་དམག་དྲངས་པ།
     མཁར་རྨེའུ་བསམ་གཏན་ལགས་ཀྱིས《མདའ་དང་འཕང》ལས“བྱང་སྤྱི་རྒྱལ་ཐོག་བརྒྱད་པའི་སྐབས་ཏེ་དུས་རབས་བཅུ་བདུན་པའི་ནང་དུ་ཁྱུང་པོ་སྟེང་ཆེན་ཐོག་མར་ཧོར་རྒྱལ་པོའི་དབང་དུ་བསྡུས་པས་ཧོར་ཚོ་སོ་དགུ་གཅིག་གྱུར་བྱུང་ཡོད།”[16]ཅེས་ཧོར་རྒྱལ་བཀྲ་ཤིས་དུས་སུ་ཁྱུང་པོ་མངའ་འོག་བསྡུས་པར་བཤད་མོད།《རྒྱལ་རབས་ཉི་ཟེར་དྲ་བ》དང《ཁྱུང་རབས་གཡུ་མགོ་མ》སོགས་ཀྱི་ནང་དེ་འདྲ་འཁོད་མེད།  ཡིག་ཆ་འདི་དག་ལྟར་ན།  བཀྲ་ཤིས་ཀྱི་སྲས་ཧོར་ལྷ་རྗེ་དར་གྱི་དུས་སུ་ད་གཟོད་ཁྱུང་པོའི་ཡུལ་སྡེ་འགའ་ཞིག་ཧོར་གྱི་མངའ་འོག་བསྡུས་པ་གསལ་ཡོད།  དེ་ཡང《རྒྱལ་རབས་ཉི་ཟེར་དྲ་བ》ལས“དེ་རྗེས་དཀར་ནག་སེར་གསུམ་ལ་རྒྱུག། བྱ་ཟེའི་ལྟག་སྒོ་ཧོར་གྱིས་ཕྱེས། ཁྱུང་སྒུར་རུ་སྒུར་སྟི་བཙོན་ལ་བཟུང་།  བེར་ཞིག་གིས་གླང་ཆེན་ཀོ་ལོན་བླངས།  བསགས་པའི་ཁྲབ་ནག་ཧོར་གྱིས་བླངས།  རོག་པོའི་བྱ་མོ་བྱང་ལུག་བླངས།  དེབ་ཆི་ལ་མགར་བ་ཛིག་གི་བཞག། ཁྱུང་གཉིས་བར་ལ་དམག་སྒར་བརྒྱབ།  ཁ་རྒྱ་མགོན་སྒུམ་འཐེན་ས་བྱས། རྫོང་སྡོད་སྟག་གན་གཡུ་སྡིས་བཞག།  ཕ་ལོའི་ཚེ་མགོན་ཧོར་གྱིས་བསད།  བཙན་པོའི་རི་འུས་ཧོར་གྱིས་བསད།  མགོན་དགུ་ཆོས་སྐྱབས་ཧོར་གྱིས་བསད།  རྒྱལ་པོ་འབྲུག་སྐྱབས་ཧོར་གྱིས་བསད།  ནས་ཁལ་སྟོང་དང་ཉིས་བརྒྱ་བྲེས། གནང་ཕུད་དུད་ཆེན་གསུམ་གྱིས་བྱས།  སྒང་དཀར་ནག་གཉིས་ཀྱིས་མགོ་བཏགས་ཞུས།  ཞི་སེར་བོན་གསུམ་གནང་ལ་ཁྱེར།  སྒང་དཀར་ནག་གཉིས་ཀྱིས་ཁྲལ་ནག་འཇལ།  ནས་ཁལ་བརྒྱ་དང་བརྒྱད་ཅུ་བྲེས། ཚ་འཚོང་ཁ་ལ་རྫོང་གཞིས་བཞག རྫོང་དཔོན་འ་འབུམ་གྱིས་བྱས།  སྟང་མ་སེ་ཆེན་ཧོར་གྱིས་བླངས།”[17]ཞེས་འཁོད་ཡོད།《ཁྱུང་རབས་གཡུ་མགོ་མ》ལས“ལྷ་རྗེ་དར་གྱིས་ཁྱུང་པོ་ལྷུན་གྲུབ་གྲགས་པ་ལ་དམག་བརྒྱབ། སྡེ་མགོ་བླངས།  ཧོར་མོ་ཡུགས་ས་མ་ཡང་ཁྱུང་པོ་ཁྱུང་སྐྱབས་ལ་བྱིན།  ནག་རུ་ཁྲོ་བོ་རྗེས་གཡོག་པོ་བཞག  ལྷུན་གྲུབ་གྲགས་པ་སྡོང་རྫོང་གི་བླ་མ་ཞུ་ཚང་གི་སྐར་མཐོང་ལས་འཕོངས།”ཞེས་དང་། “ཧོར་གྱིས་རིས་སར་རྨ་རང་གཉིས་མགོ་བླངས།  འབུ་རུ་བའི་དུད་བཞི་ཁྲིད།  བུ་རྡིས་རྒེ་རུ་ནས་ཁྲིད།  དེ་མིན་མགོ་མ་ལོན། ད་ལྟ་བུ་རྡིས་བླུད་ཆེད།  རྒྱ་ནས་དགོས་ཆེད་བྱས། གསོག་པ་མི་དགོས།  འབུ་རུ་བས་མི་དགོས།  ཁྲ་ག་ཟིས་མི་དགོས།  ནག་རུ་བས་མི་དགོས། རྨ་མདའ་ཁ་ནས་ལྷ་རྗེ་དར་བསྡད།”[18]ཅེས་གསལ་ལ།《ཁྱུང་རབས་གསེར་སྒམ་མ》ལས“ཧོར་ལྷ་རྗེ་དར་གྱིས་ཧོར་སྡེའི་དམག་ཁྲིད་ནས་ཁྱུང་པོ་ལྷུན་གྲུབ་གྲགས་པ་ལ་དམག་བརྒྱབ་སྡེ་བླངས།”ཞེས་དང་།  “ཧོར་གྱིས་རིམ་པས་རྨ་རོང་གཉིས་སོགས་སྡེ་མང་པོ་ཁྱུང་པོའི་མངའ་ཁོངས་ལས་བླངས་མཐར་ཧོར་ཁྱུང་འདུམ་སྒྲིག་བྱས་ཏེ་ཁྱུང་པོས་ཧོར་ལ་ནས་ཁྲལ་མཇལ་རྒྱུ་བྱས།”[19]ཞེས་གསལ་བས།  ཁྱུང་པོ་ལ་དམག་འདྲེན་མཁན་ནི་ལྷ་རྗེ་དར་ཡིན་པ་གསལ་པོར་ཤེས་ཐུབ་ལ།  ཁྱུང་པོའི་སྟོད་རྒྱུད་ཀྱི་ཡུལ་སྡེ་འགའ་ཞིག་མངའ་འོག་བསྡུས་ཤིང་མཐར་འདུམ་འགྲིག་བྱས་ཏེ་ཁྱུང་པོས་ཧོར་ལ་ནས་ཁྲལ་འཇལ་རྒྱུ་བྱས་འདུག  ཁྱུང་པོ་ལའང་སྐབས་དེར་བྱ་ཟེ་དང་སྒར་ཁང་།  དཀར་རུ་དང་ནག་རུ་སོགས་དཔོན་སྡེ་མི་འདྲ་བ་ཡོད་ཅིང་།  དཀར་ནག་གཉིས་སྨད་དུ་གཏོགས་ཤིང་དེང་གི་རི་བོ་ཆེ་རྫོང་དང་ལྷོ་རོང་རྗོང་ལ་འདབས་འབྲེལ་ཡོད།  ཁྲོམ་ཚང་དང་རྨ་རོང་།  སྲིབ་ཐ་དང་ཉིན་ཐ།  སྒང་དཀར་ནག་སོགས་སྟོད་ཕྱོགས་སུ་ཆགས་ཤིང་།  དེང་གི་སྦྲ་ཆེན་རྫོང་དང་སོག་རྫོང་ལ་འདབས་འབྲེལ་ཡོད།  བྱ་ཟེ་དང་སྒར་ཁང་སོགས་ནི་དཀྱིལ་དུ་གཏོགས་པ་རེད།  
གསུམ།   དམག་འདྲེན་དགོས་པའི་རྒྱུ་རྐྱེན་གླེང་བ།
   ལོ་རྒྱུས་ཐོག་གི་དམག་འཁྲུག་དང་གསོད་འཛིང་མང་པོ་ཞིག་བུད་མེད་དང་འབྲེལ་ཡོད།  འདི་ལྟ་བུའི་སྣང་ཚུལ་ནི་འཛམ་གླིང་ཤར་ནུབ་ཁྱད་མེད་དང་མི་རིགས་འདྲ་མིན་ལ་ཡོད་པ་འདྲ།  བོད་ལ་མཚོན་ནའང་དེ་ལས་མ་འདས།  ལྷག་ཏུ་གཉེན་སྒྲིག་གི་ལམ་ལུགས་ནི་སྔོན་མ་ཆབ་སྲིད་ཀྱི་ལག་ཆ་ལྟ་བུར་བཀོལ་བཞིན་ཡོད།  སྐུ་དྲག་དང་བླ་དཔོན་གྱི་ཁྱིམ་རྒྱུད་དུ་སྐྱེས་པའི་བུད་མེད་དག་ནི་སྐྱེས་པ་ཚོའི་དབང་ཤུགས་ཀྱི་ལག་ཆ་དང་དགོས་མཁོ་ཙམ་ལས།  ཁོ་མོ་ཅག་ལ་བརྩེ་དུང་དང་གཉེན་སྒྲིག་གི་རང་དབང་ཕལ་ཆེར་མེད།  འདི་ནི་མིའི་རིགས་ཀྱི་སྐྱོ་གར་ཞིག་ལོས་ཡིན།  མདོ་ཁམས་ཕྱོགས་ཀྱི་ལོ་རྒྱུས་ལ་བལྟས་ན་ལྷག་ཏུ་དེ་འདྲའི་སྣང་ཚུལ་མཐོང་སྟེ།  ཉག་རོང་མགོན་པོ་རྣམ་རྒྱལ་གྱིས་རང་གི་བུ་མོ་དག་ཡུལ་ཁམས་དེའི་ཆེ་བཙན་དྲག་གསུམ་ལ་བྱིན་ནས་རང་གི་སྟོབས་ཤུགས་གོང་འཕེལ་གཏོང་ཐབས་བྱས་ཡོད།  ཚོ་བ་གཉིས་གཉེན་སྒྲིག་པ་ནི་དང་ཐོག་དེ་གཉིས་མཐུན་ཐབས་དང་ཞི་བདེ་ཡོང་ཆེད་ཡིན་མོད།  སྐབས་འགར་དེ་ལས་ལྡོག་པའི་སྣང་ཚུལ་ཐོན་གྱི་ཡོད།  ཡང་གཉེན་སྒྲིག་པ་ནི་ཆབ་སྲིད་ཀྱི་ཐབས་ཇུས་གཞན་ཞིག་ཀྱང་ཡིན་སྲིད་དེ།  དཔེར་ན།  སྲོང་བཙན་གྱིས་གཅུང་མོ་སད་མ་ཀར་ཞང་ཞུང་ལ་བརྫངས་ནས་དེ་རྗེས་ཞང་ཞུང་ཆབ་འོག་བསྡུས་པ།  ཕག་གྲུའི་གོང་མ་བརྒྱད་པ།  ཀུན་དཔལ་ལེགས་པས་མེས་པོས་བཞག་པའི་བསྲུང་བྱར་མ་བརྩིས་པར་རིན་སྤུངས་ནས་བདག་མོ་ཞིག་བཞེས་ཤིང་།  ཁོ་གཉིས་མ་མཐུན་པའི་འཁྲུག་པ་བྱུང་སྟེ།  དེ་དག་ལ་ཁ་གཡར་ནས་རིན་སྤུངས་པས་ཕག་གྲུར་དམག་དྲངས་ཤིང་མཐར་སྲིད་དབང་བཅོམ་པ་ལྟ་བུ་རེད། བུ་མོ་བྱིན་པ་དེས་ཡུལ་ཁམས་དེ་གཉིས་ཀྱི་ཡུན་རིང་བདེ་ཐབས་ལ་ཕལ་ཆེར་ནུས་པ་ཐོན་གྱིན་མེད།  དཔེར་ན།  སྤུ་རྒྱལ་བཙན་པོ་དང་ཐང་རྒྱལ་རབས་ལྟ་བུ་རེད།  གཞན་ཡང་གཉེན་སྒྲིག་པ་ནི་ཆབ་སྲིད་ཀྱི་ཐབས་ཇུས་ཤིག་ཡིན་པ་ནི་རྒྱ་ནག་གི་གནའ་རབས་ལོ་རྒྱུས་ལ་བལྟས་ན་ཤེས་ཐུབ། ད་བྱེ་བྲག་གི་བཤད་བྱ་དངོས་ལ་བབ་ན།  ཧོར་གྱི་ཡིག་ཚང་ཁག་ཏུ་ལྷ་རྗེ་དར་གྱིས་ཁྱུང་པོར་དམག་དྲངས་པའི་རྒྱུ་རྐྱེན་བཀོད་མེད་མོད།  ཁྱུང་རབས་ཡིག་ཆ་ཁག་ཏུ་དེའི་སྐོར་འཁོད་འདུག  མངའ་ཐང་དར་བཞིན་པའི་ཧོར་གྱི་སྟོབས་ཤུགས་ལ་འཇིགས་པས་ཆེད་དུ་ཁྱུང་པོས་ཧོར་ལ་གཉེན་སྒྲིག་པ་ཡིན་ནམ།  ཡང་ན་ཧོར་གྱིས་ཁྱུང་པོ་ལ་དབང་སྒྱུར་བྱེད་ཆེད་བསམ་བཞིན་དུ་གཉེན་སྒྲིག་པ་གང་ཡིན་མི་ཤེས་མོད།  ཁྱུང་པོ་སྟག་ལ་གྲགས་མཆོག་གིས་ཧོར་བཟའ་ཆེ་ཆུང་གཉིས་བག་མར་བསུས་འདུག《ཁྱུང་རབས་གཡུ་མགོ་མ》ལས“ཁྲོ་རྒྱལ་གྲགས་པ་དང་།  ཚེ་མཆོག་གྲགས་པ་སྐུ་མཆེད་གཉིས་ནང་དམེ་བྱུང་ཞིང་།  རྒྱུན་ལྟེ་གཉིས་ཤན་པ་བཙལ་ནས་ཞིང་རྨོ་སར་ཁྲོ་རྒྱལ་གྲགས་པ་ལ་མདའ་བརྒྱབ་ནས།  དགོན་པར་བྲོས་ཏེ་ཞག་བདུན་ཐོག་འདས།  དེ་ནས་ཧོར་མོ་ཡུགས་ས་ལུས་པས།  ཧོར་ལྷ་རྗེ་དར་གྱིས་ཁྱུང་པོ་ལྷུན་གྲུབ་གྲགས་པ་ལ་དམག་བརྒྱབ།  སྡེ་མགོ་བླངས།”[20]ཞེས་དང་།《ཁྱུང་རབས་གསེར་སྒམ་མ》ལས“ཚེ་མཆོག་གྲགས་པ་དང་ཁྲོ་རྒྱལ་གྲགས་པ་གཉིས་སྡེ་ཤོག་དང་བྱ་སྒར་གཉིས་གཏེ་བསྡུ་རྒྱུའི་ཐད་ཕན་ཚུན་འཁོན་འགྲས་ཆེན་པོ་བྱུང་ཞིང་མཐར།  ཚེ་མཆོག་གྲགས་པས་བཤགས་པ་བཙལ་ནས།  ཁྲོ་རྒྱལ་གྲགས་པ་ཞིང་རྨོ་སར་མདའ་བརྒྱབ་ནས་བསད་དེ་ནང་དམེ་བྱས།  ཚེ་མཆོག་གྲགས་པའང་དགོན་པར་འདས།  ཁྲོ་རྒྱལ་གྲགས་པའི་རྗེ་མོ་ཧོར་བཟའ་ཡུག་ས་ལུས་པས། ཧོར་ལྷ་རྗེ་དར་གྱིས་ཧོར་སྡེའི་དམག་ཁྲིད་ནས་ཁྱུང་པོ་ལྷུན་གྲུབ་གྲགས་པ་ལ་དམག་བརྒྱབ་སྡེ་བླངས།”[21]ཞེས་ཧོར་མོ་ཡུག་ས་ལུས་པའི་རྐྱེན་གྱིས་ཧོར་དམག་ཁྱུང་པོར་དྲངས་པ་བཀོད་ཡོད།  
བཞི་པ།  ཧོར་ཚོ་སོ་དགུའི་སྐོར་གླེང་བ། 
གཅིག  དུས་རབས་ནམ་ཞིག་ཏུ་བྱུང་བ།
     མཁར་རྨེའུ་བསམ་གཏན་ལགས་ནས“ཚོ་པ་སོ་དགུ་ནི་གློ་བུར་དུ་མ་ཡིན་པར་རིམ་བཞིན་ཆགས་ཤིང་གྲུབ་པ་ཞིག་ཡིན་པ་གོར་མ་ཆག”ཅེས་དང་།  “མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱས་སྤྱི་ལོ༡༧༢༡པར་མཐའ་གཟིགས་ལ་བསྐྱོད་སྐོར་གྱི་ལོ་རྒྱུས་ལྟར་ན།  སྐབས་དེར་ཁྱུང་པོ་དང“ཧོར་ཁག་བཞི་”ཞེས་ཡོད་ཚུལ་འཁོད་པ་ལས་གཞན་པ་ཡོད་ཚུལ་མི་གསལ་བས།  དུས་རབས་བཅོ་བརྒྱད་པའི་སྐབས་སུ་ས་དེར་ཚོ་པ་བཞི་ལས་རང་ལས་སོ་དགུ་མ་ཡིན་པ་མཚོན་ལ།  སྐབས་དེར་ཁྱུང་པོ་དང་ཧོར་གཉིས་མཉམ་སྦྲེལ་ཡིན་ཚུལ་ཡང་ཤིན་ཏུ་བརྗོད་དཀའ་འོ།།”[22]ཞེས་བཀོད་ཡོད།《རྒྱལ་རབས་ཉི་ཟེར་དྲ་བ》ལྟར་ན།  རྒྱལ་རབས་བཅུ་པ་ཇོ་བོ་རྒྱལ་གྱི་དུས་སུ་སྨད་ཨོ་ལོད་རྒྱལ་ཁག་གིས་བཀའ་ཤོག་དེབ་ཐེར་ཡིག་ཚང་གནང་བ་མ་ཟད།  རྒྱལ་དབང་བསྐལ་བཟང་རྒྱ་མཚོས་ཡིག་ཚང་གནང་ཞེས་འཁོད་འདུག  གཞན་ཡང་སོག་པོས་ཇོ་བོ་རྒྱལ་ལ་ཨེར་ཏིང་གནས་ཨུ་ཅིང་ཐཱ་ཇི་ཞེས་པའི་ཆོ་ལོ་བསྩལ་བ་འཁོད།《བཀའ་བརྟེན་དཀར་ཆག》ལས“དུས་དེར་གཞུང་ས་ཆེན་པོས་ཆབ་སྲིད་ཀྱི་དབུ་བརྙེས་པས།  གོང་ས་ལྔ་པའི་ཤེལ་བམ་སོགས་རྒྱ་སོག་བོད་ཀྱི་ཡིག་ཚང་གི་བདག་པོར་གྱུར་ཞིང་ལུགས་གཉིས་ཀྱི་བསྟན་སྲིད་དར་རྒྱས་བྱུང་ངོ་།”[23]ཞེས་དང་།《ཡེ་ཐ་ལུང་དཀར་དགོན་གྱི་ལོ་རྒྱུས》ལས“རྒྱལ་བ་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་ཁམས་མགར་ཐར་ནས་ཡར་ཕེབས་སྐབས་ཧོར་ཡེ་དཔོན་ཆོས་འབུམ་གྱིས་བོན་ལུགས་དགོན་པ་གསར་བཞེངས་དེར་ཤེ་བམ་བཀའ་གཏན་ཞུས་ཐོབ་བྱུང་ཡོད།”[24]ཅེས་གསལ་བ་སོགས་ལ་བརྟགས་ན།  དུས་རབས་བཅོ་བརྒྱད་པའི་དུས་འགོ་སྟེ།  ཧོར་གྱི་རྒྱལ་རབས་བཅུ་པ་ཇོ་བོ་རྒྱལ་གྱི་དུས་སུ་བོད་སོག་གཉིས་ནས་བཀའ་ཤོག་སོགས་ཐོབ་ཅིང་།  སོག་པོས་ཁོང་ལ་ཨེར་ཏིང་གནས་ཨུ་ཅིང་ཐཱ་ཇི་ཞེས་པའི་ཆོ་ལོ་ཞིག་གནང་ཡོད་འདུག  འདི་སྐབས་སུ་ཧོར་ཚོ་བོད་སོག་གཉིས་ཐུན་མོང་གིས་བདག་སྐྱོང་བྱས་ཤིང་།  སོག་པོར་རྟ་ཁྲལ་འཇལ་བའི་ལམ་ལུགས་ཆགས་ཡོད།  འདི་ནས་ཕལ་ཆེར་མི་ལོ་སུམ་ཅུ་ཡས་མས་རིང་ལ་སོག་པོར་རྟ་ཁྲལ་འཇལ་ཡོད་ལ།  དུས་སྐབས་དེར་ཕྱིས་སུ་སོག་དུས་ཞེས་འབོད་པ་ཡིན་འདུག《ཧོར་གྱི་རྒྱལ་རབས》ལས“གོང་མ་མིང་རྒྱལ་རབས་ཀྱི་དུས་སྐབས་སུ་མཚོ་སྔོན་སོག་པོ་རྒྱལ་པོའི་འོག་ཏུ་ཧོར་ཚོ་སོ་དགུ་འདི་བཞིན་དེམ་ཆི་ཉེར་ལྔ་དང་དེ་མིན་གྱི་ཟི་ལིང་སྐྱེ་རྒུའི་ཁོངས་གཏོགས་སོག་སྡེ་བཅས་བསྡོམས་ཚོ་ཁག་བདུན་ཅུ་དོན་དགུ་བྱས་ནས་མཉམ་དུ་དབང་བསྒྱུར་བྱས་ཡོད་པ་དང་།  ལོ་གསུམ་རེ་མཚམས་སུ་དུད་ཚང་བརྒྱ་རེས་རྟ་རེ་མཚོ་སྔོན་དུ་ཁྲལ་ལམ་སྐྱེས་འབུལ་ཞུ་དགོས་པ་དང་།  རྟ་མ་འབྱོར་ན་དངུལ་རྒྱ་སྲང་བརྒྱད་ཅུ་འཇལ་དགོས།”[25]ཞེས་བཀོད་ཡོད་པས།  སྐབས་དེར་སོག་སྡེ་བདུན་ཅུ་དོན་དགུའི་ཁྲོད་དུ་དོན་གྱི་ཆ་ནས་ཧོར་ཚོ་སོ་དགུ་གྲུབ་ཡོད།  ཡིན་ནའང་ཧོར་ཚོ་སོ་དགུ་ཞེས་དམིགས་བསལ་ལོགས་སུ་དགར་མེད་པས་དེའི་ཐ་སྙད་ད་དུང་ཆགས་མེད།  འགའ་ཞིག་གིས་ཧོར་ཚོ་སོ་དགུ་འདིའི་སྔ་རོལ་ཞིག་ནས་ཡོད་པར་འདོད་མོད།  དེ་མི་འགྲིག་སྟེ་གཅིག་ནས་ཧོར་ཚོ་སོ་དགུ་སྡེབ་གཅིག་ཏུ་བྱུང་བ་མ་ཡིན་པར་རིམ་བཞིན་ཆགས་པས་ཡིན་ལ།  གཉིས་ནས《ཧོར་གྱི་རྒྱལ་རབས》ལས་བཤད་པ་ལྟར།  ཧོར་ཚོ་སོ་དགུ་ནི་ཁ་ཅིག་གདུང་རབས་ཀྱི་བླ་བྲང་ཁག་མི་འདྲ་བ་གྱེས་པ་ལས་བྱུང་བ་དང་།  ཁ་ཤས་ནི་ཡུལ་གཞན་ནས་ཡོང་ནས་གྲུབ་པ། ཁག་ཅིག་ནི་སྡེ་པ་གཅིག་སྟོད་སྨད་གཉིས་སུ་གྱེས་པ་སོགས་ལས་གྲུབ་པས་རེད།  ལྷག་ཏུ་ཚོ་བ་སོ་དགུའི་ཆ་ཤས་སུ་གྱུར་པའི་དཀར་སྨད་ནི་དུས་རབས་བཅུ་བདུན་པའི་མཇུག་ཏུ་ད་གཟོད་དཀར་སྟོད་ལས་གྱེས་པས་རེད།  དུས་སྐབས་དེར་ཚོ་བ་སོ་སོར་འགོ་དཔོན་ཡོད་པ་ལས་བོད་ཁུལ་དུ་སྤྱི་ཁྱབ་ཀྱི་དཔོན་པོ་ཞིག་ཡོད་པ་མི་གསལ། འོན་ཀྱང་།  ཧོར་གྱི་ནང་སྡེ་དང་སྔར་ཁྱུང་པོའི་སྟོད་ཕྱོགས་ཀྱི་ཡུལ་སྡེ་ཁ་ཤས་ཀྱིས་ལྷ་རྗེ་དར་གྱི་དུས་སུ་ཁས་བླངས་པ་ལྟར།  ཧོར་རྒྱལ་ལ་ནང་ཁྲལ་ཡང་རྒྱུག་དགོས་པ་ཡིན་འདུག    
     དེ་ལྟར་ལོ་ཟླ་འགའ་ཞིག་འདས་རྗེས་མན་ཇུའི་མངའ་ཐང་རྒྱས་པ་དང་བོད་སོག་སོགས་མཐའ་མཚམས་ཀྱི་མི་རིགས་ལ་དོ་དམ་བྱེད་འགོ་བརྩམས་ཡོད།  ལྷ་བཟང་ཧན་གྱིས་སྲིད་བཟུང(༡༧༠༥-༡༧༡༧)སྐབས་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་དམག་དཔུང་བཅས་ཧོར་ཚོའི་ཁུལ་དུ་བཏང་ནས་དྲག་ཤུགས་ཀྱིས་སྐབས་དེའི་ཧོར་རྒྱལ་ཇོ་བོ་རྒྱལ་མགོ་བོ་སྒུར་དུ་བཅུག  དེ་རྗེས་མཚོ་སྔོན་གྱི་དབང་འཛིན་པ་ཆིང་ཝང་བློ་བཟང་བསྟན་འཛིན་སོགས་བོད་སོག་གི་དཔོན་རིགས་མང་པོས་མན་ཇུར་ངོ་རྒོལ་གྱི་འཁྲུག་ཟིང་བསླངས་སྐབས།  སྔར་སོག་པོ་དང་འབྲེལ་བ་ཟབ་པའི་བོད་ཀྱི་ཚོ་བ་དག་གིས་དམག་འཁྲུག་སློང་བར་དོགས་ཏེ། རབ་བྱུང་བཅུ་གཉིས་པའི་ལྕགས་གླང(༡༧༢༡)ལོར་མན་ཇུས་ཕོ་ལྷ་བ་དམག་དཔུང་དང་བཅས་ཧོར་ཁག་བཞི་དང་ཁྱུང་པོ་དཀར་ནག་སེར་གསུམ།  རྡོ་ཤུལ་སྟོད་སྨད།  ཡུལ་ཤུལ་སོགས་བརྟན་ལྷིང་བྱེད་པར་བཏང་ཡོད།  རབ་བྱུང་བཅུ་གཉིས་པའི་ཆུ་ཡོས(༡༧༢༣)ལོར་མན་ཇུས་མཚོ་སྔོན་གྱི་འཁྲུག་ཟིང་ཞོད་འཇགས་བཟོས་པ་དང་། རབ་བྱུང་བཅུ་གཉིས་པའི་ས་སྦྲེལ(༡༧༢༨)ལོར་མན་ཇུས་ཨམ་བན་ཞེས་པའི་དཔོན་གནས་ལྷ་སར་བཙུགས་ཤིང་།  ཧོར་ཚོ་ནི་ཨམ་བན་དེའི་དམིགས་བསལ་དབང་སྒྱུར་བྱ་ཡུལ་གྱུར་ཡོད།   
 
   《རྒྱལ་རབས་ཉི་ཟེར་དྲ་བ》ལས“རྩལ་རྫོགས་སེང་གེ་འདྲ་བའི་ཁྲི་རྒྱལ་རྗེ་ནི་ཡབ་ཀྱི་རྒྱལ་ས་བཟུང་།  ག་ཟ་གཡང་འཛོམས་ཁབ་ཏུ་བཞེས་ཤིང་རྒྱལ་སྲིད་འཛིན་དུས་སུ་ཚོ་བ་སུམ་ཅུ་སོ་དགུ།  དེབ་ཆེ་ཉི་ཤུ་རྩ་ལྔ།  ནག་ཤོད་ཚོ་དྲུག་གཙོས་པའི་རྒྱ་བོད་ཀྱི་སྡེ་ཐ་དག་གི་སྤྱི་ཁྱབ་མཛད་ནས་བཀའ་སྡེ་ཚན་སུམ་ཅུ་སོ་དགུའི་སྤྱི་ཁྱབ་ཏཱ་བེ་ཧུ་ཁྲི་རྒྱལ་རྗེ་ཅན་གསོལ།”[26]ཞེས་དང་།《བཀའ་བརྟེན་དཀར་ཆག》ལས“བདག་པོ་གོང་མ་ཆེན་པོ་གཡུང་ཅིང་ཁྲི་བཞུགས་ཀྱིས་ཧོར་ཁྲི་རྒྱེས་ལ་སྲས་ལྟ་བུའི་བདག་རྐྱེན་གྱི།  བཱེ་ཧུའི་ཆོ་ལོ་དང་མོལ་ཁོལ་སྦྱོར་ཁང་གིས་ཐམ་ཀ་སོགས་སྩལ་ནས།  རྒྱ་སྡེ་ཚོ་ཁག་སོ་དགུའི་སྤྱི་ཁྱབ་ཏཱ་བེ་ཧུ་ཁྲི་རྒྱལ་རྗེ་བཙན་ཞེས་ཆེན་པོ་ཐོ་ཡན་གསུམ་དུ་མངའ་གསོལ་བས།  རྒྱ་སྡེ་ཚོ་ཁག་སོ་དགུ་དང་ཡུལ་འབྲོག་བཅས་ལ་ཁྲལ་བསྡུ་ཁྲིམས་གཏོང་ཁ་དབང་ལུང་སྒྱུར་ཆོག་པའི་རྒྱུ་མཚན་སོགས་བྱུང་བའོ།།”[27]ཞེས་གསལ་ཡོད། 《ཧོར་གྱི་རྒྱལ་རབས》ལས“ཁྲི་རྒྱལ་རྗེས་ཡབ་ཀྱི་གདན་ས་བཟུང་བ་རྒྱལ་རབས་བཅུ་གཉིས་པ་ཡིན།  ཡུང་བྲིན་ཁྲི་ལོ་དགུ་བ་སྤྱི་ལོ་༡༧༣༡ལོར་མཚོ་སྔོན་དུ་བཅལ་སྡོད་བློན་ཆེན་ད་བོས་ཧྲི་ཆེས།  ཟི་ཁྲོན་བཅའ་སྡོད་ཀྲང་ཀྲི།  བོད་སྡོད་ན་ཤུན་ཀེར་ཧོ་ཐོ་གསུམ་གྱིས་སོག་སྡེ་ཚོ་པ་བདུན་ཅུ་དོན་དགུ་དེ་ས་མཚམས་བཟོས་ནས་དེམ་ཆི་སོགས་ཚོ་པ་བཞི་བཅུ་མཚོ་སྔོན་ཐམ་པ་མཚོ་སྔོན་དུ་སྦྱར།  ཐེམ་དུད་བརྒྱ་རེ་ཡན་གྱི་འགོ་བར་བེ་ཧུ།  བརྒྱ་མ་ཟིན་པའི་འགོ་བར་བེ་ཅང་།  བརྒྱ་ལྷག་བེ་ཧུའི་ཞབས་སུ་བེ་ཅང་བཅས་བསྐོས།”[28]ཞེས་གསལ་བས།  མན་ཇུའི་གོང་མ་གཡུང་ཏིང་ཁྲི་ལོ་དགུ་པར(༡༧༣༡)སྔར་སོག་དུས་ཀྱི་ཚོ་བ་དོན་དགུ་ཁག་གཉིས་སུ་བགོས་ཤིང་། ཚོ་བ་སོ་དགུ་དེའི་སྤྱི་ཁྱབ་དཔོན་ཧོར་ཁྲི་རྒྱལ་རྗེ་བསྐོས་ཏེ།  ཏཱ་བེ་ཧུ་ཞེས་པའི་ཆོ་ལོ་བསྩལ་བ་ཡིན་འདུག  དེ་ནས་བཟུང་ཧོར་རྒྱལ་ཚོ་བ་སོ་དགུའི་སྤྱི་ཁྱབ་དཔོན་པོར་གྱུར་པ་རེད་ལ།  ཧོར་སྤྱི་ཁྱབ་མངའ་འོག་གི་ཚོ་བ་སོ་དགུ་ལ་ཧོར་ཚོ་སོ་དགུ་ཞེས་འབོད་སྲོལ་བྱུང་བ་ཡིན་ནོ།།   
ལྔ་པ།  ཧོར་ཚོ་སོ་དགུའི་དུས་ཀྱི་དམག་དོན་གནས་ཚུལ།
གཅིག  གོར་དམག་གི་བཙན་འཛུལ་ལ་རྒོལ་བ།
      གོར་དམག་གིས་སྔ་ཕྱི་ལན་འགར་བོད་ལ་བཙན་འཛུམ་བྱས་པའི་ཁྲོད་ནས་རབ་བྱུང་བཅུ་བཞི་པའི་ཤིང་ཡོས(༡༨༥༥)ལོར་གོར་དམག་གིས་གཉའ་ནང་དང་།  སྐྱིད་གྲོང་།  རྫོང་དགའ།  རོང་ཤར།  སྤུ་ཧྲེང་སོགས་སུ་འཕྲོག་བཅོམ་བྱས།  དབུས་མདའ་དཔོན་རང་བྱོན་རྡོ་རྗེ་དོན་འགྲུབ་སོགས་དབུས་གཙང་གིས་རྒོལ་ནའང་གཡུལ་ངོ་བཟློག་མ་ཐུབ་པས།  དེ་ནས་ཁམས་སྡེ་དགེ་དང་ཆབ་མདོ། འབའ།  ལི་ཐང་། རྒྱལ་རོང་། རྒྱལ་ཐང་སོགས་ནས་དམག་བསྐུལ་བའི་ལོ་རྒྱུས་ཡོད་པ་ལྟར།《ཧོར་གྱི་རྒྱལ་རབས》ལས“སྤྱི་ལོ༡༨༥༥ལོར་གོར་དམག་གིས་བོད་ལ་བཙན་འཛུལ་སྐབས།  བོད་སྡོད་ཨམ་བན་གྱིས་བསྐུལ་བ་ལྟར་ཧོར་ཚོའི་དམག་ཆིག་སྟོང་དམག་དཔོན་ཧོར་སྤྱི་ཁྱབ་ཀྱི་སྐུ་ཚབ་སྟོང་དཔོན་རྡོར་དགའ་བཏང་བ་དང་།  ཁོ་ཚོས་གོར་དམག་ཚར་གཅོད་ཀྱི་དོན་དུ་བྱས་རྗེས་བཞག་པར་ཧོར་སྤྱི་ཁྱབ་ལ་བྱུ་རུའི་ཏོག་ཆུ་མིག་བཅུ་གསུམ།  རྨ་བྱའི་ལྡེམ་སྒྲོ་ཐིག་དྲུག་སྐོར་ཟེར་བ་དང་།  སྟོང་དཔོན་རང་ཉིད་ལ་དྭངས་ཤེལ་མུ་མེན་གྱི་ཏོག་དང་།  ཨོ་རོག་གི་ལྡེམ་སོགས་གཟིགས་གསོས་བསྩལ།”[29]ཞེས་གསལ་ཡོད།  ཁམས་ཀྱི་བོད་དམག་གཏོས་ཆེན་དག་ལྷ་སར་འབྱོར་རྗེས་གོར་དམག་སྐྲག་ནས་ཞི་བའི་གྲོས་མོལ་བྱ་རྒྱུ་ཁས་བླངས་ཞེས་བཤད་པ་ཡང་འདུག་པས།  དེ་ལྟར་ན་ཧོར་ཚོའི་དམག་དཔུང་ནི་དེའི་སྔོན་ནས་གཡུལ་སར་ཆས་ཤིང་དགྲ་དང་འཐབ་པ་ཡིན་ཤས་ཆེའོ།།  
གཉིས།   མགོ་ལོག་དང་དམག་འཁྲུག་བྱུང་བ།
     《ཧོར་གྱི་རྒྱལ་རབས》ལས“༡༨༦༩ལོར་ཐུང་གྲི་ཁྲི་བཞུགས་ལྔ་པའི་དུས་རྣམ་རྒྱལ་དབང་འདུས་ལ་ཧོ་ཀྲེ་དང་ཆོ་ལོ་སྦྱིན།  ཐུང་གྲི་ཁྲི་ལོ་དགུ་པར་བྱུ་རུའི་ཏོག་དང་རྨ་བྱའི་ལྡེམ་གནང་།  རྣམ་རྒྱལ་དབང་འདུས་ཀྱི་སྐུ་མཆེད་བཀྲ་ཤིས་དབང་རྒྱལ་གྱིས་སྤྱང་མཐིང་གོང་དུ་དཔོན་ཚང་གཞིས་ཆགས།  ཧོར་དྲུག་ཅུའི་དཔོན་རབས་རྫོགས་ཚར་སྟབས་དཔོན་འགན་བླངས།  ཁོང་ནི་དཔའ་རྩལ་ཤིན་ཏུ་ཆེ་བས་མགོ་ལོག་གི་ཚུར་རྒོལ་རྗེས་འདེད་ཀྱིས་ཚོ་དེམ་བར་འདམ་དཀྱིལ་རིའི་ཤར་སྣར་མགོ་ལོག་སྒར་ཆེན་གྱི་མི་གྲངས་ལྔ་བརྒྱ་ལྷག་གཅིག་ཀྱང་མ་ལུས་པ་རྩ་མེད་བཟོས།”[30]ཞེས་དང་།《བཀའ་བརྟེན་དཀར་ཆག》ལས“དུས་དེར་བྱང་དགྲ་མགོ་ལོག་ཅེས་པའི་འཚེ་བས་དེམ་ཆི་ཉེར་ལྔ་སོགས་བཟའ་རླག་གིས་གོང་མའི་མི་སེར་འཐོར་རྐྱེན་བགྱིས་ཤིང་ཧོར་གྱི་ཐ་གྲུར་དགྲ་དམག་སླེབས་སྐབས།  རྒྱལ་པོ་བཀྲ་ཤིས་ཀྱིས་གཙོ་མཛད་དེ་སྐུ་མཆེད་ཟུང་ནས་མངའ་འབངས་དཔུང་དང་བཅས་སྦྲན་ཏེ་ར་མདའ་བཟློག་པས།  འདམ་དཀྱིལ་རུའི་ས་གནས་སུ་དགྲ་སྒར་རྨིང་མེད་བརླག་པར་བྱས་ནས།  དེམ་ཆིའི་སྡེ་འཐོར་རྣམས་ལའང་མགོ་བཏགས་སྐྱབས་འཇུག་གནང་བས་བྱང་དུད་སྡེ་བཞི་ཞེས་བྱ་སྟེ།   རྒྱལ་པོ་དེ་ནི་དགྲ་འདུལ་གཉེན་སྐྱོང་སོགས་འཇིག་རྟེན་པའི་རྣམ་བཞག་ལ་མཁས་པར་གྱུར་ནས་རྒྱ་བོད་ཀུན་ལ་གྲགས་ཆེ་བར་བྱུང་བའོ།།”[31]ཞེས་གསལ་བས།  དུས་རབས་བཅུ་དགུ་པའི་དཀྱིལ་སྨད་དུ་མགོ་ལོག་སྒར་ཆེན་ཚོ་བ་དང་དམག་འཁྲུག་བྱུང་བ་དང་ཡུལ་སྡེ་ཁ་ཤས་ཧོར་ཚོར་མགོ་བཏགས་པའི་གནས་ཚུལ་འཁོད་ཡོད།  
གསུམ།  ཉག་དམག་འདུལ་དུ་ཆས་པའི་སྐོར།
    དུས་རབས་བཅུ་དགུ་པའི་དཀྱིལ་དུ་མདོ་ཁམས་ཉག་རོང་ཡུལ་དུ་མགོ་ཐོག་ལ་ཉི་ཟླ་མ་གཏོགས་མེད་ཅིང་།  ང་རྒྱལ་གྱི་གཡུ་རལ་ཆེས་ཆེར་བསིགས་ནས་འཇིག་རྟེན་ཁམས་ཀྱི་ཆེ་བཙན་དྲག་གསུམ་ཐམས་ཅད་མིག་ནང་མི་འཇོག་པའི་བུ་ཞིག་བྱུང་མྱོང་བ་དེར་ཉག་སྐེད་བུ་ལོང་མའམ་ཉག་རོང་མགོན་པོ་རྣམ་རྒྱལ་ཟེར།  ཁོས་ཐོག་མར་དཔའ་བློ་ཁོག་དང་འཐབ་རྩལ་ལ་བརྟེན་ནས་ཉག་རོང་སྟོད་སྨད་ཡོངས་ལ་དབང་བསྒྱུར།  དེ་ནས་སྔར་གྱི་དགྲ་ཤ་ལེན་ཆེད་བྲག་འགོ་ལ་དཔུང་འཇུག་བྱས་ཏེ་བཙན་པོའི་སྟོབས་ཀྱིས་བཅོམ། དེ་ནས་རིམ་བཞིན་ཡར་སྡེ་དགེ་ལ་དམག་དྲངས་ཤིང་སྡེ་དགེའི་ཕྱོགས་ཀྱི་གྲུབ་མཐའ་རིས་མེད་ཀྱི་བླ་མ་སྟེ།  ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་དབང་པོ།  བོན་གྱི་གཏེར་སྟོན་བདེ་ཆེན་གླིང་པ་སོགས་ཀྱིས་དམག་བཟློག་གི་གཏོར་ཟོར་གྲངས་མང་འཕངས་ནའང་རྔོ་མ་ཐོགས་པར་ཉག་དམག་ཤོར་ཡོང་ནས་སྡེ་དགེ་བཟུང་། དེ་ནས་དར་མདོ།  ཕྱག་ཕྲེང་། འབའ་དང་ལི་ཐང་། ལྕགས་ལ་སོགས་མངའ་འོག་བསྡུས་ཤིང་།  མན་ཇུས་དམག་དཔུང་ཐེངས་གཉིས་ལ་བཏང་ནའང་གཏོར་ཕམ་བཏང་།  མན་ཇུས་གསེར་ཡིག་དང་ཐམ་ཀ་སོགས་སྤྲད་དེ་འགུག་ཐབས་བྱས་ཀྱང་དེ་དག་ཆུ་ལ་གཡུག་ནས་རྒྱ་བོད་གང་གི་བཀའ་ལ་མི་བརྩི་ཞེས་མནའ་བསྐྱལ།  དེ་ནས་ཉག་དམག་དབུས་སུ་ལྷགས་སྲིད་པའི་བརྡ་འབྱོར་བ་སོགས་ཀྱིས་རྐྱེན་བྱས“བོད་ས་གནས་སྲིད་གཞུང་ནས་ཤེས་རྟོགས་བྱུང་རྗེས་སྲིད་སྐྱོང་དང་བཀའ་ཤག བོད་ལྗོངས་ཚོགས་འདུ་བཅས་གོ་བསྡུར་གྱིས་ཉག་དགྲ་མཐར་སྐྲོད་གཏོང་རྒྱུའི་སྤྱི་ཁྱབ་ཞབས་པད་ཕུ་ལུང་པ་ཚེ་དབང་རྡོ་རྗེ་དང་དབུས་མདའ་ཁྲི་སྨོན་པ། མདོ་མཁར་བ་ཚེ་དབང་ནོར་བུ། དབུས་གཙང་དམག་དཔུང་ཆིག་སྟོང་བརྒྱད་བརྒྱ་སྐོར། ཕོགས་དཔོན་རྩེ་མགྲོན་སྐལ་དར་དང། ཤོད་དྲུང་ལས་ཚན་ཟུར་ལྕི་བ་ངོ་ལས་བཅས་འཕྲལ་ཐོན་དགོས་པའི་བཀའ་བསྒྱུར་དང་འབྲེལ།”[32]ཁམས་ཁུལ་ནས་ཡུལ་དམག་འབོར་ཆེན་བསྡུས་ཏེ་ཉག་དམག་འདུལ་དུ་ཆས་ཡོད།  སྐབས་དེར་ཧོར་ཚོའི་དམག་མི་ཡང་ཡོད་དེ།《ཧོར་གྱི་རྒྱལ་རབས》ལས“དེ་མིན་རྒྱ་བོད་བཀའ་དོན་ལྟར་སྔོ་ཡུ་དང་ཉག་སྐད་སོགས་ཇག་ཚོགས་མང་པོ་གཏོར་བར་བྱས་རྗེས་གཟིགས་བཟོས་ཐོབ།”[33]ཞེས་དང་།《ཡེ་ཐ་དཔོན་གྱི་ལོ་རྒྱུས》ལས“དེའི་བུ་ནོར་བུ་ཚེ་རྒྱལ་དཔོན་ཡིན།  སྤུན་མེད་པ་འདྲ།  དེ་ལ་སྤ་བརྡའི་རྒྱལ་པོ་ཡང་ཟེར།  དེ་དུས་ཉག་རོང་འདུལ་བའི་ལོ་རྒྱུས་ཡོད།”[34]གསལ་བས་ཤེས་ཐུབ་བོ།།   
དྲུག་པ།  དཀར་རུ་བེ་ཧུ་སྤྱང་རྟ་མགྲིན་དབང་རྒྱལ་ཧོར་སྤྱི་བྱས་པ།
གཅིག  ཧོར་རྒྱལ་ནང་འཁྲུག་བྱུང་བ།
     མི་ནི་ཐོབ་གོ་ས་དང་རྒྱུ་འབྱོར་ཁེ་ཕན་ལ་ཐུག་ན།  གཉེན་ཉེ་འབྲེལ་དང་གྲོགས་ན་ཟླ། ལས་རྒྱུ་འབྲས།  མཛའ་བརྩེ་དམ་ཚིག་ཟེར་བ་སོགས་ནི་ཤིག་དང་སྲོ་མ་ཙམ་ལ་ཡང་བརྩི་སྲོལ་མེད།  མངའ་དབང་སྟོབས་འབྱོར་ལྡན་པའི་ཁྱིམ་རྒྱུད་དུ་ལྷག་ཏུ་དེ་འདྲ་ཡིན།  དེར་བརྟེན།  རུས་རྒྱུད་དང་ཁྱིམ་རྒྱུད་གཅིག་ལས་གྱེས་པའི་སྤུན་མཆེད་ཀྱང་ཐོབ་གོ་སའི་དོན་དུ་ནང་ཕན་ཚུན་དམར་པོ་ཁྲག་གི་འཁོར་ལོ་བསྐོར་བ་ནི་གནའ་དེང་གང་དུ་ཡང་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་གྱུར་ཡོད།  ཧོར་རྒྱལ་པོའི་ཁྱིམ་རྒྱུད་ལའང་གནས་ཚུལ་དེ་འདྲ་ལྷག་མྱོང་སྟེ།《ཧོར་གྱི་རྒྱལ་རབས》ལས“ཀོང་ཤུ་ཁྲི་བཞུགས་སོ་གཅིག་པ་༡༩༠༥ལོར་ནང་ཁུལ་གྱི་འགོ་བ་འགའ་ཞིག་དང་འགལ་བ་བྱུང་ཞིང་།  དེའི་ཁོང་གི་དཔོན་རྒྱུད་ཀྱི་བགོས་དུད་ཆུ་ཁ་དཔོན་ཚང་རྣམ་རྒྱལ་ལྷ་རལ་ནས་ཧོར་སྤྱིའི་དཔོན་གནས་རང་ཉིད་ཀྱིས་འཕྲོག་ཐུབ་པའི་ཆེད་དུ་ཚེ་དབང་ལྷ་རྒྱལ་ཡབ་སྲས་ཡུམ་བཅས་གཟིམ་ཆུང་དུ་ལྐོག་བཀྲོངས་བྱས་པའི་དོན་རྐྱེན་དེ་དག་བོད་སྡོད་བློན་ཆེན་ཨམ་བན་རླིས་ད་ལོ་ཡེར་ཟེར་བས་སྐུ་ཚབ་བཏང་ནས་ཞིབ་འཇུག་གིས་ལག་དམར་བ་ཐེ་ལས་གྲྭ་པ་དང་།  གཙང་བསམ་སྐེ་བཅད་ནས་སྲོག་ཐོག་གི་ཉེས་ཆད་གཏོང་སྐབས་དེར་མང་ཚོགས་ཀྱིས་ཁྲིམས་མ་དྲང་བའི་གླེང་ཕྱོགས་ཡོད་པ་རེད།  ཉེས་དོན་ཕུགས་གཏུགས་བྱེད་མཁན་ཕྱིར་འདོན་མ་བཅུག་པ[ག་རྒྱ་རྒྱུ་དཀར་དང་ལྟ་དགེ་གཟི་དཀར་སོགས་ལ]རེད་ཟེར་གྱི་ཡོད།”[35]ཅེས་གསལ་ཡོད།  སྐབས་དེའི་གནས་ཚུལ་ཞིབ་ཕྲ་མི་ཤེས་ནའང་ཐོག་མར་ཧོར་རྒྱལ་ཚེ་དབང་ལྷ་རྒྱལ་དང་ནང་ཁུལ་གྱི་དཔོན་ཁ་ཤས་ལ་འགལ་བ་བྱུང་ཞིང་།  དེ་ནས་ཁོང་གི་སྤུན་མཆེད་དུ་གཏོགས་པ་ཞིག་གིས་སྤྱི་ཁྱབ་ཀྱི་གོ་གནས་ལ་བསམ་པ་སོགས་ཀྱིས་གཡོ་ཐབས་ཀྱིས་ཧོར་རྒྱལ་བཀྲོངས་ཤིང་།  རུལ་སུང་སོགས་ཀྱིས་གནས་ཚུལ་དེར་ཐག་གཅོད་ཚུལ་མཐུན་མ་བྱུང་བ་བཅས་རྟོགས་ཐུབ།  མདོར་ན།  ཧོར་རྒྱལ་ཚེ་དབང་ལྷ་རྒྱལ་བཀྲོངས་པས་ཧོར་སྤྱི་ཁྱབ་ཀྱི་གོ་གནས་དེ་ལོ་ཕྱེད་ཙམ་གྱི་རིང་ལ།  ཁྱུང་པོ་དཀར་རུ་དཔོན་སྤྱང་རྟ་མགྲིན་དབང་རྒྱལ་གྱིས་བཟུང་ཡོད་འདུག   
གཉིས།  བེ་ཧུ་སྤྱང་རྟ་མགྲིན་དབང་རྒྱལ་གྱི་ངོ་སྤྲོད་མདོར་བསྡུས།
     དུས་རབས་བཅོ་བརྒྱད་པའི་མཇུག་ཏུ་ཆབ་མདོའི་ཤར་ངོས་སུ་གཏོགས་པའི་བྲག་གཡབ་སྤྱང་ལུང་མདའ་ནས་ཡོང་བའི་ཕ་བློ་བཟང་དང་།  བུ་རྒན་པ་ཨ་རྦང་།  ཆུང་བ་མཐུ་སྟོབས་ཟེར་བའི་ཕ་བུ་གསུམ་ཡོང་ནས་ཁྱུང་པོ་དཀར་སྟོད་དཔོན་ཚང་ལ་མགོ་བཏགས་ཞུས་ནས་བསྡད།  དེ་ནས་རིམ་བཞིན་དཀར་སྟོད་དཔོན་གྱི་བློན་པོའི་གོ་གནས་ཐོབ་ཅིང་།  དཀར་སྟོད་དཔོན་གྱི་གདུང་རྒྱུད་ཆད་རྗེས་སྤྱང་ཚང་བློ་བཟང་ཕུན་ཚོགས་ཀྱིས་དཀར་སྟོད་དཔོན་གྱི་གོ་གནས་བཟུང་བ་ཡིན་འདུག  དེ་འོག་དཔོན་རབས་ཁོང་གི་སྲས་བེ་ཧུ་པད་མ་རྡོ་རྗེ།  དེ་འོག་དཔོན་རབས་ཁོང་གི་སྲས་གནམ་སྲས་དབང་འདུས། དེ་འོག་དཔོན་རབས་ཁོང་གི་སྲས་དངོས་གྲུབ་ཕུན་ཚོགས།  དེ་འོག་ཁོང་གི་སྲས་རྟ་མགྲིན་དབང་རྒྱལ་ལམ་རྟ་མགྲིན་དབང་འདུས་ལགས་ཡིན་འདུག  རྟ་མགྲིན་དབང་རྒྱལ་གྱིས་སྤྱི་ལོ༡༩༠༠ཙམ་ལ“གཡུ་ཤོད་ལྡིང་དཔོན་གཡུང་དྲུང་བསྟན་འཛིན་གཙོས་དཔོན་དམག་ལྔ་བཅུ་ཙམ་དར་རྩེ་མདོར་མངག་གཏོང་བྱས་ཏེ།  སི་ཁྲོན་དམག་དཔུང་སྟེང་ཆེན་ལ་བཅའ་སྡོད་གཏོང་དགོས་པའི་རེ་ཞུ་བྱས་པ་ཁྲོན་དམག་ནས།  རྒྱ་དཔོན་གཉེན་འཕྲང་གཙོས་དམག་མི་བརྒྱ་ཤོག་མངག་གཏོང་བྱས་ཏེ་སྟེང་ཆེན་བཅའ་སྡོད་བྱས།”[36]ཞེས་གསལ་བས།  ཁོ་པ་ནི་མཐོ་རིམ་ལ་འབྲེལ་བ་བཙུགས་ནས་རང་གི་གོ་ཐོབ་ཇེ་མཐོར་གཏོང་མཁན་ཞིག་ཡིན་ལ།  རྒྱུ་མཚན་དེ་དག་དབང་གིས་སྤྱི་ལོ༡༩༠༥ཧོར་རྒྱལ་གོད་ཆག་བྱུང་དུས་ཧོར་སྤྱིའི་གོ་གནས་ཀྱང་བཟུང་ཐུབ་ཡོད་དེ།《ཧོར་གྱི་རྒྱལ་རབས》ལས“ཚེ་དབང་ལྷ་རྒྱལ་འདས་རྗེས་༡༩༠༥ལོར་ལོ་ཕྱེད་རིང་དཀར་རུ་བེ་ཧུ་སྤྱང་རྟ་མགྲིན་དབང་རྒྱལ་ཧོར་གྱི་དཔོན་ཚབ་བྱས།  ལོ་དེའི་མཇུག་ཏུ་ཡེ་ཐ་བཱེ་ཧུ་ཧོར་རྒྱལ་པོའི་མི་རྒྱུད་ཡིན་པའི་ནོར་བུ་དབང་རྒྱལ་དེ་ཧོར་རྒྱལ་པོའི་གདན་སར་འཁོད།”[37]ཅེས་གསལ་ཡོད་པས་ཤེས་ཐུབ།  འོན་ཀྱང་།  འོག་གི་དཔོན་སྡེས་ཁས་ལེན་མ་བྱས་པས་ཡིན་ནམ།  ལོ་ཕྱེད་ཅིག་གི་རྗེས་ནས་སྤྱང་རྟ་མགྲིན་དབང་རྒྱལ་གྱིས་ཧོར་སྤྱི་ཁྱབ་ཀྱི་གོ་གནས་ཤོར་འདུག   
བདུན་པ།  ཧོར་ཚོ་སོ་དགུ་འཐོར་བའི་དུས་རབས།
གཅིག  ལོ་རྒྱུས་རྒྱབ་ལྗོངས།
   དུས་རབས་བཅུ་དགུ་པའི་ནང་ཡོ་རོབ་སྟོབས་ལྡན་རྒྱལ་ཁབ་དག་གིས་སྤྱང་ལྟོགས་ཀྱིས་ར་ལུག་འཚོལ་བ་ལྟར། ནུས་ཤུགས་ཡོད་རྒུས་མི་སེར་སྤེལ་ཡུལ་གསར་པ་བཙལ་ནས་དཔུང་འཇུག་བྱས་ཡོད།  དེ་དག་ཁྲོད་ནས་སྟོབས་འབྱོར་ཆེ་ཞིང་མིང་དུ་གྲགས་པ་ནི་དབྱིན་ཅི་རྒྱལ་ཁབ་རེད།  དབྱིན་ཅིས་ཡ་གླིང་གི་ལྷོ་ཕྱོགས་སུ་དཔུང་འཇུག་བྱས་ཏེ།  རྒྱ་གར་དང་བལ་ཡུལ།  འབྲུག་སོགས་བླངས་ཤིང་།  ས་བྱི(༡༨༨༨)ལོར་བོད་ཀྱི་མཐའ་མཚམས་ས་ལུང་ཐུར་ཞེས་པར་དབྱིན་དམག་འབོར་ཆེན་ཞིག་ཐོན་ཏེ།  གནས་དེའི་ས་སྲུང་བོད་དམག་རྣམས་གཏོར་ཕམ་བཏང་། དེ་རྗེས་ཆུ་ཡོས(༡༩༠༣)ལོའི་ཟླ་བ་བཅུ་གཉིས་ནང་དབྱིན་ཅིའི་དམག་སྟོང་ཕྲག་ལྔ་ལྷག་རྫ་ལེབ་ལ་བརྒལ་ནས་གྲོ་མོ་རིན་ཆེན་སྒང་དང་སྣ་གདོང་ཁུལ་དུ་འབྱོར།  ཤིང་འབྲུག(༡༩༠༤)ལོར་དབྱིན་དམག་རིམ་བཞིན་རྒྱལ་རྩེ་དང་སྣ་དཀར་རྩེར་འབྱོར་ཞིང་།  གམ་པ་ལ་བརྒལ་ཏེ་ལྕགས་ཟམ་གྲུ་ཁར་སླེབས། ལོ་དེའི་ཟླ་བ་དྲུག་པར་ལྷ་སར་འབྱོར་ནས་ཟླ་བ་བདུན་པར་ཕོ་བྲང་པོ་ཏ་ལར་བོད་དབྱིན་ཞི་བའི་ཆིངས་ཡིག་བཞག་སྟེ།  དབྱིན་དམག་ཕྱིར་ལོག་པའི་འགོ་བརྩམས་ཏེ་རིམ་གྱིས་ཚང་མ་ཕྱིར་ལོག་ཡོད་འདུག  ཡོ་རོབ་དམག་དཔུང་ཡ་གླིང་གི་ཕྱོགས་མཚམས་ཀུན་ཏུ་བསླེབས་པ་དེས།  ཕྱོགས་གཅིག་ནས་ས་གནས་དེ་དག་གི་དཔོན་སྡེ་དང་ལྷག་ཏུ་ཤེས་ཡོན་པའི་སྡེ་ལ་གོམས་སྲོལ་རྙིང་པ་ཁ་ཤས་དོར་ཏེ། དེང་རབས་དཔལ་ཡོན་གྱི་ལམ་ལུགས་འཛུགས་དགོས་པའི་བསམ་བློ་འཁྲུངས་བཅུག་ཡོད།  བསམ་བློའི་རླབས་རྒྱུན་དེ་ལོ་བཞི་ཙམ་རྒྱ་སོག་ཡུལ་དུ་བཞུགས་པའི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ཐུགས་ལའང་འཁྲུངས་ཤིང་།  བོད་ཁུལ་དུ་མི་རིགས་རིང་ལུགས་ཀྱི་བསམ་བློ་ཆགས་འགོ་བརྩམས།  སྐབས་དེར་རྒྱ་ནག་ཡུལ་དུ་བསམ་བློའི་རླབས་རྒྱུན་གསར་པ་དེ་འཕྱུར་ཏེ།  དཔོན་རིགས་འགས་མན་ཇུའི་གོང་མ་ཀྭང་ཞུས(༡༨༧༡-༡༩༠༨)ལ་ནུབ་ཕྱོགས་ཀྱི་ལམ་ལུགས་དེ་གཟུག་དགོས་པར་བཤད་ཀྱང་ལམ་ལྷོངས་བྱུང་མེད་པར་གྲགས།  ལྕགས་ཕག(༡༩༡༡)ལོར་སུན་ཀྲུང་ཧྲན་གྱིས་སྣེ་ཁྲིད་པའི་གསར་བརྗེ་ལངས་པ་དང་།  མན་ཇུའི་རྒྱལ་རབས་དངོས་སུ་མགོ་རྟིང་བསློགས་པ་རེད། སྐབས་དེར་བོད་ཁུལ་ལ་ཡོད་པའི་ཨམ་བན་སོགས་མན་ཇུའི་དམག་མི་རྣམས་མས་བོར་བའི་ད་ཕྲུག་བཞིན་རྒྱབ་རྟེན་མེད་པ་ལྟ་བུར་གྱུར་ཡོད།  
གཉིས།  ལུའུ་ཅུན་དམག་དཔུང་ཕྱིར་འཐེན་དང་ཧོར་ཚོའི་ནང་འཁྲུག
       རབ་བྱུང་བཅོ་ལྔ་པའི་ས་སྤྲེལ(༡༩༠༨)ལོར་སྡེ་དགེའི་སྲས་རྒན་གཞོན་གཉིས་མ་མཐུན་པར་འཁྲུག་ཟིང་ལངས།  སྲས་རྒན་པ་ཨ་སྐྱའི་རྒྱབ་ལ་ཀྲའོ་ཨར་ཕུང་ལངས་ཏེ་སྡེ་དགེར་རྒྱ་དམག་གིས་དཔུང་འཇུག་བྱས།  སྲས་གཞོན་པ་ངག་དབང་འཇམ་དཔལ་འཁོར་བཅས་སྐུ་འབུམ་དུ་བཞུགས་པའི་རྒྱལ་དབང་སར་སྲོག་སྐྱོབ་ཞུ་བར་བསྐྱོད།  ས་བྱ(༡༩༠༩)ལོར་ཟི་ཁྲོན་ནས་ལུའུ་ཅུན་རྒྱ་དམག་ཁྲི་ཕྲག་བརྒལ་བ་མདོ་སྟོད་ཕྱོགས་སུ་བསླེབས་ཤིང་།  མི་གསོད་རྒྱུ་འཕྲོག་དང་དགོན་པ་སྲེག་པ་སོགས་ཡ་ང་བག་ཚ་མེད་པའི་སྦྱོར་བ་བརྩམས།  དེ་ནས་ལྕགས་ཁྱི་ལོར་རྒྱ་ཡི་རྟ་དམག་ལྷ་སར་སླེབས།  ལྕགས་ཕག(༡༩༡༡)ལོའི་ཟླ་བ་དགུ་པར་རྒྱ་དམག་ནང་ཚགས་འཁྲུག་ཟིང་གསོད་རེས་ཡང་ཡང་བྱས་པ་དང་། པེ་ཅིང་དུ་སུན་ཀྲུང་ཧྲན་གྱིས་མན་ཇུ་བརླག་པའི་གནས་ཚུལ་ལྷ་སར་འབྱོར་བ་སོགས་ཀྱིས་བོད་ཀྱི་ས་གནས་ཁག་ནས་རྒྱ་དམག་ལ་རྒྱབ་རྟེན་མེད་པ་ཤེས་ནས་ངོ་རྒོལ་དང་དཔུང་འཇུག་བྱས།  ཆུ་བྱི(༡༩༡༢)ལོར་རྒྱ་དམག་གིས་སེ་རར་དཔུང་འཇུག་བྱས་པ་དང་རྒྱ་བོད་དམག་འཐབ་ཟླ་བ་ཁ་ཤས་རིང་བྱས།  ལོ་དེའི་ཟླ་བ་ལྔ་པ་ནང་རྒྱ་དམག་ཕམ་ནས་ལྷ་ས་ནས་ཕྱིར་འཐེན་བྱས་པ་རེད།《ཧོར་གྱི་རྒྱལ་རབས》ལས“༡༩༡༠ལོར་ཤོན་ཐོན་ཁྲི་བཞུགས་སྐབས་ནོར་བུ་དབང་རྒྱལ་འདས་ཚབ།  སྐུ་མཆེད་ཚེ་དབང་བསྟན་འཛིན་གདན་སར་འཁོད།  ༡༩༡༢ལོར་ཆུ་གླང་གཡུལ་འཁྲུག་བྱུང་ནས་བོད་སྡོད་བློན་ཆེན་གྱིས་ཧོར་ཚོར་དོ་དམ་བྱ་རྒྱུའི་དབང་ཆ་ཤོར་བ་རེད།”ཅེས་དང་། “ལུའུ་ཅུན་དམག་འཐོར་ལྔ་བཅུ་ཞིག་ཧོར་ཚོའི་ས་གནས་བརྒྱུད་ཕྱིར་བྲོས་བྱས་པར་བོད་དམག་གིས་རྗེས་འདེད་གིས་བོད་དམག་མདའ་དཔོན་ར་ག་ཤག་དང་།  མདའ་དཔོན་བྱིང་པ་བཅས་སྔ་རྟིང་གི་སླེབས་པ་དང་།  དེ་ཐོག་སོག་རྫོང་ནེ་དཀར་སོག་གསུམ་དམག་དང་།  རྒྱ་སྟོན་ལྡིང་དགུའི་དམག།  ལྷོ་རྟ་ཤོ་གསུམ་དམག།  ཁྱུང་པོ་ནག་རུ་དམག་བཅས་ཀྱི་རྒྱབ་སྣོན་དཔུང་དམག་བསྡུས་ཏེ་གཅིག་རྗེས་གཉིས་མཐུད་ཀྱིས་རྗེས་འདེད་བཏང་བས་ལུའུ་ཅུན་དམག་ལ་ནང་ཁུལ་ལྕགས་ཕག་གསར་བརྗེའི་དུས་སྐབས་ཡིན་པས་དཔུང་སྣོན་འབྱོར་མ་ཐུབ་པ་དང་།  ཚོ་ཁུལ་ནས་ཤགས་ཤོད་དང་།  སེར་ཚ།  སྒང་རུ།  ཁྱུང་པོ་དཀར་རུ་སོགས་ལམ་རྒྱུད་ནས་དམག་སྣོན་ཉུང་ཤས་མ་གཏོགས་བསྡུ་མ་ཐུབ་རྐྱེན།  འབྲི་རུ་དང་།  སེར་ཚ།  སྟེང་ཆེན་བཅས་ནས་དམག་ས་གསུམ་ནས་ཁམས་སྡེ་ཧོར་ཚོའི་ས་གནས་ཡོངས་རྫོགས་བོད་དམག་ལ་ཤོར་བ་རེད།”[38]ཞེས་གསལ་ཡོད།  སྐབས་འདིར་ཧོར་ཚོའི་ནང་ཁུལ་གྱི་སྡེ་ཁག་གཉིས་སུ་གྱེས་ནས་ཁག་ཅིག་རྒྱ་དམག་གི་ཕྱོགས་སུ་ལངས་ཤིང་།  ཁག་གཅིག་བོད་དམག་གི་ཕྱོགས་སུ་ལངས་ཏེ་འཁྲུག་རྩོད་མང་པོ་བྱས་ཡོད།  མཐའ་མཇུག་བོད་དམག་ཕྱོགས་གཏོགས་ལ་རྒྱལ་ཁ་ཐོབ་པ་དང་གཞན་པ་དེས་གྱོང་གུད་དང་ཕམ་ཁ་མྱོང་ཡོད།  
གསུམ།  ཧོར་ཚོ་སོ་དགུ་བདེ་པ་གཞུང་གི་མངའ་འོག་བཅུག་པ།
   《ཧོར་གྱི་རྒྱལ་རབས》ལས“ཤིང་རྟ༡༩༡༤ལོར་བོད་ས་གནས་སྲིད་གཞུང་གིས་དེ་སྔོན་བོད་སྡོད་ཨམ་བན་གྱི་འཛིན་སྐྱོང་ས་ཁུལ་རྣམས་སེ་ར་དགོན་པར་རྩིས་སྤྲོད་གྱིས་སེ་ར་ནས་མཁན་པོ་ངོ་འཁོར་བཅུ་སྐོར་ཞིག་ཆེད་གཏོང་གིས་རིམ་གྱིས་སྡེ་རྩིས་ལེན་སྐབས།  ག་རེ་འགག[ད་ལྟ་སྟེང་ཆེན་རྫོང་ཁོངས]ཏུ་སྒང་ག་ཐ་ཟེར་བའི་ཡུལ་སྡེ་རྣམས་ནས་ས་གནས་སྲིད་གཞུང་གི་དབང་བསྒྱུར་ཉན་མ་འདོད་པས་སྡེབ་གཅིག་ཏུ་ལངས་ཏེ་སེ་རའི་མཁན་པོ་ངོ་འཁོར་མང་ཆེ་བ་དམར་གསོད་བཏང་པ་རེད།”[39]ཞེས་གསལ་བས།  རབ་བྱུང་བཅོ་ལྔ་པའི་ཤིང་རྟ(༡༩༡༤)ལོ་ནས་བཟུང་ཧོར་ཚོ་སོ་དགུ་བདེ་པ་གཞུང་གིས་དོ་དམ་བྱེད་འགོ་ཚུགས་པ་དང་།  སེ་ར་དགོན་གྱི་མཆོད་གཞིས་སུ་སྤྲད་མོད།  ཐོག་མའི་རྩིས་ལེན་པ་སེ་ར་མཁན་པོ[40]སོགས་ཕེབས་པར་ཧོར་ཚོའི་མངའ་ཁོངས་ཀྱི་ཡུལ་སྡེ་ག་ཐ་དང་སྒང་རུ་སྡེ་ཤོག་གཉིས་ནས་ཁས་ལེན་མ་བྱས་པར་གྱེན་ལོག་བྱས་ཏེ།  སེ་ར་མཁན་པོ་འཁོར་གཡོག་དང་བཅས་པ་ལྔ་ལམ་བརྫངས་ཡོད། “དེ་རྗེས་བོད་ས་གནས་སྲིད་གཞུང་ནས་མདའ་དཔོན་བཀྲས་མཐོང་དང་།  མདའ་དཔོན་ཁྱུང་རམ་དམག་བཅས་དང་།  མེ་འབྲུག༡༩༡༦ལོར་ཧོར་ཚོ་ཁུལ་དུ་སྲིད་འཛིན་ཧོར་སྤྱི་དང་པོ་མཁན་ཆུང་གྲགས་རྣམ་བཏང་ཐོག་ཁོང་གིས་གཅིག་ནས་ཆུ་གླང་གཡུལ་འཁྲུག་སྐབས་ལུའུ་ཅུན་དམག་དང་འབྲེལ་བའི་དོན་རྐྱེན་ཞིབ་འཇུག་གིས་མི་འབོར་ཧ་ཅང་མང་པོ་ཞིག་སྲོག་ཐོག་དང་།  དབང་པོ་གཅོད་བྲེག་སོགས་ལུས་ཐོག་ཁྲིམས་གཅོད་བྱས”ཞེས་དང་། “བོད་མདའ་ཡོངས་རྫོགས་བསྡུས་ཏེ་བོད་མདའ་ངོ་གྲངས་གཅིག་ཁྲི་འབྲི་ཡི་ཚབ་བྱས་ནས་ཧོར་ཚོའི་ས་ཁུལ་དུ་ཁྲལ་ལ་བསྒྱུར་ནས་འཆར་ཅན་གྱི་མེ་ཤེ་ཞེས་ཟེར་ཞིང་།  སེ་ར་མཁན་པོ་གསོད་མཁན་སྒང་རུ་དེ་ཉིད་ཤོག་ཁ་བྱེད་མི་ཆོག་པ་སྡེ་དུད་མང་ཆེ་བ་དམར་རུ་སྦྱར་བ་དང་།  ཁ་ཤས་ཁྲོམ་ཚང་ལ་སྦྱར་བ་མ་ཟད་སྒང་རུའི་བེ་ཧུ་དང་།  བེ་ཅང་གི་གོ་གནས་དུས་གཏན་དུ་བསྐྱར་གསོ་མི་ཆོག་པ་བྱས།  དཀར་རུ་དཔོན་རང་ཤི་བརྒྱབ།  དཀར་དཔོན་གྱི་ཟ་སྒོ་ཡོངས་རྫོགས་གཞུང་བཞེས་བྱས།”[41]ཞེས་མེ་འབྲུག་ལོར[42]ཧོར་སྤྱི་དང་པོ་གྲགས་རྣམ་དང་མདའ་དཔོན་གཉིས་བསླེབས་ནས།  ཐོག་མར་གྱེན་ལོག་གི་ཚོགས་རྣམས་རྡུལ་དུ་བརླགས་ཤིང་།  དེ་ནས་སྔར་ལུའུ་ཅུའུ་དམག་དང་འབྲེལ་བ་ཟབ་པའི་དཀར་རུ་དཔོན་ཚང་རྩ་མེད་བཟོས་ཤིང་འབྲེལ་ཡོད་གཞན་དག་ལ་ཁྲིམས་གཅོད་དྲག་པོ་བྱས་པ་ཡིན་འདུག  
     གཞན་ཡང་གྲགས་རྣམ་གྱིས་མེ་འབྲུག་ཞིབ་གཞུང་ཞེས་པ་བཟོས་པ་དང་། “སྔར་ཡོད་ཧོར་ཚོའི་དཔོན་ཁག་རྣམས་ཀྱི་གོ་གནས་གསར་པ་གཏན་འབེབས་བྱས་པ་དེའི་ནང་ཧོར་སྤྱི་ཁྱབ་རྒྱལ་པོའི་ཚབ་ཏུ་ས་གནས་སྲིད་གཞུང་གི་བཀའ་དོན་ལྟར་གྲགས་རྣམ་རང་གིས་བྱས་པ་དང་།  དེ་སྔའི་ཧོར་སྤྱིའི་མི་རྒྱུད་དང་།  དཀར་རུ།  སྟག་དྲུག་སོགས་ཆེན་ཧུ་རྣམས་ཀྱང་བེ་ཧུའི་གྲས་སུ་བཞག།  བེ་ཧུ་རྣམས་ལ་དཔོན་གནས་ལྔ་པར་བསྒྱུར་བ་དེ་གྲས་དཔོན་ཁག་བཅུ་བཞི།  ཚོ་པ་རེ་རེར་བེ་ཅང་རེ་དཔོན་གནས་དྲུག་པར་བསྒྱུར་བ་དེ་གྲས་ཉེར་ལྔ།  བེ་ཧུའི་འོག་གི་ཐེ་ཅང་རྣམས་ལྡིང་དཔོན་དུ་བསྒྱུར་བ་དེ་གྲས་ཞེ་གསུམ།  དེ་འོག་བློན་པོ་དང་།  རྒན་པོ་རང་འཇགས་སུ་བཞག་ཡོད་པ་རེད།  ཚོ་པ་སོ་དགུའི་ནང་ཁུལ་ནས་ཀྱང་ལྕགས་ཐག་ལག་སྦྲེལ་གྱི་གན་རྒྱ་ཟེར་བ་ཞིག་བཞག་ཡོད་པ་རེད།  བཞི་ནས་འབྲི་རུ་དང་།  སྟེང་ཆེན་ནི་སྔར་ལམ་ཆེན་ཧུ་གཉིས་བཞུགས་ཡུལ་ཡིན་པ་མ་ཟད།  ལུའུ་ཅུན་དམག་དང་འཁྲུག་པའི་གཡུལ་ས་ཡིན་པས་གནོན་སྡེབས་སྟབས་བདེ་ཡོང་ཆེད་ས་གནས་དེ་གསུལ་ལ་རྫོང་རེ་བརྒྱབ་ཡོད་པ་རེད།”[43]ཅེས་ཧོར་ཚོ་སོ་དགུའི་དཔོན་པོ་གྲགས་རྣམ་ཁོ་རང་བྱས་པ་དང་།  དཔོན་པོ་གཞན་པ་སོར་བཞག་ཐོག་གོ་གནས་དམའ་རུ་བཏང་ཡོད།  དེ་ཡང་ཆེ་ཧུ་ཞེས་པའི་གོ་གནས་བེ་ཧུ་ལ་བསྒྱུར་བ།  གཞན་བེ་ཅང་སོགས་དཔོན་གནས་ལྔ་པ་དང་དྲུག་པ་སོགས་སུ་བསྒྱུར་ཡོད།  ཧོར་ཚོའི་ཡུལ་དུ་ལྡིང་དཔོན་ཟེར་བའི་དཔོན་གནས་ཀྱང་དུས་སྐབས་དེ་ནས་བྱུང་ཡོད།  འདི་ནས་བཟུང་སྟེ་ཧོར་རྒྱལ་པོ་ཧོར་ཚོ་སོ་དགུའི་སྤྱི་ཁྱབ་དཔོན་པོ་གནང་བའི་དུས་རབས་མཇུག་རྫོགས་པ་རེད།  འོན་ཀྱང་།  ཧོར་རྒྱལ་རང་ལ་ནང་སྡེ་ཧོར་ཚོ་ཁ་ཤས་ཀྱི་འགོ་དཔོན་ཆོག་པའི་གོ་གནས་བེ་ཧུ་ཞེས་པ་སྟེར་ཡོད་པ་དེ་རེད།  
བཞི། ཧོར་ཚོ་སོ་དགུ་རྫོང་ཁག་བཞི་རུ་བགོས་པ།
      བདེ་པ་གཞུང་གིས་བྱང་སྤྱི་རིམ་པ་མངགས་གཏོང་བྱས་ནས་ཧོར་ཚོའི་ཁུལ་དུ་དོ་དམ་བྱས་མོད།  བྱ་བ་དེ་ལམ་ལྷོངས་ཡག་པོ་ཞིག་བྱུང་ཐུབ་མེད་དེ།  བྱང་སྤྱི་གཉིས་པ་ཧོར་རྒྱལ་གྱི་བློན་པོ་ག་རྒྱ་བསྟན་དར་གྱིས་ཕམ་པར་བྱས་པ་དང་།  བྱང་སྤྱི་བདུན་པ་རག་ཤི་ཞེས་པའི་ཡུལ་དུ་ལྐོག་གསོད་བཏང་བ་སོགས་ཀྱིས་ཤེས་ཐུབ།  རྒྱུ་མཚན་དེ་དག་དབང་གིས་བྱང་སྤྱི་དགུ་པ་སྟག་བྲག་གཟིམས་དཔོན་སྐབས“བོད་ས་གནས་སྲིད་གཞུང་ནས་ཧོར་ཚོ་དག་འཛིན་སྐྱོང་བྱ་དཀའ་བའི་གནད་ལ་གཟིགས་ནས།  སྤྱི་ལོ༡༩༤༢ལོར་སྲིད་ཇུས་གསར་པ་གཉིས་བཏོན་ཡོད་པ་དེས་ཤུགས་རྐྱེན་ཆེན་པོ་བཟོས་ཡོད།  དེ་ཡང་དང་པོ་ནི་ཧོར་ཚོ་སོ་དགུའི་མཉམ་སྦྲེལ་གནས་སྟངས་དེ་ཉིད་མེད་པར་བཟོས་ནས་དེ་རྫོང་ཁག་དྲུག་ཏུ་དབྱེ་བགོས་བྱས་པ་དེ་དག་ནི་སྟེང་ཆེན་རྫོང་དང་།  ཁྲི་རྡོ་རྫོང་།  སྦྲ་ཆེན་རྫོང་།  འབྲི་རུ་རྫོང་།  གཉན་རོང་རྫོང་བཅས་ཡིན་ལ།  རྫོང་སོ་སོར་སེར་སྐྱ་དཔོན་གཉིས་རེ་བསྐོས་ཡོད།  གཉིས་པ་ནི་རྫོང་ཁག་དྲུག་པོ་རྣམས་ནག་ཆུ་ཁར་བཙུགས་པའི་བྱང་སྤྱིའི་དབང་འོག་ཏུ་བཙུད་པ་དེ་རེད།”[44]ཅེས་མཁར་རྨེའུ་བསམ་གཏན་ལགས་ཀྱི《མདའ་དང་འཕང》ནང་གསུངས་པ་ལྟར་རེད།  ཁོང་གི་དེབ་འདིར་རྫོང་ཁག་ལྔ་མ་གཏོགས་གསལ་མི་འདུག་པ་ནི་ཆད་ལྷག་ཤོར་བ་མངོན་གསལ་དོད་པོ་རེད།  དཔྱད་ཡིག་གཞན་དུ་རྫོང་ཁག་དྲུག་ནི་གོང་གི་ལྔ་པོ་དང་དེའི་ཐོག་སེར་ཚ་རྫོང་བསྣན་ཡོད་པ་རེད།   
ལྔ། བདེ་པ་གཞུང་གིས་ཧོར་ཚོའི་ཁུལ་དུ་དོ་དམ་བྱེད་དཀའ་བའི་རྒྱུ་མཚན།
      མཁར་རྨེའུ་བསམ་གཏན་ལགས་ཀྱིས་བདེ་པ་གཞུང་གིས་ཧོར་ཚོའི་ཁུལ་དུ་དོ་དམ་བྱེད་པར་དཀའ་ཁག་འཕྲད་པའི་སྐོར་ལས་དེའི་རྒྱུ་རྐྱེན་གསལ་པོ་གླེང་མེད།  ཕྲན་ནས་དཔྱད་གཞིའི་ཡིག་ཆ་དང་ཡུལ་མི་ཁག་གི་གསུངས་སྟངས་ལ་གཞིགས་ནས་དེའི་ཐད་ནས་བསམ་ཚུལ་ཁ་ཤས་ཞུ་འདོད།  གཅིག  ཧོར་ཚོ་སོ་དགུ་ནི་དུས་ཡུན་རིང་པོར་རང་གི་ཚོ་དཔོན་ལས་གཞན་པའི་ཁྲལ་འུ་ལག་དང་དོ་དམ་དེ་ཙམ་ཤུགས་མི་ཆེའི་གནས་སྟངས་འོག་འཚོ་སྡོད་བྱས་ཡོད།  དུས་རབས་བཅུ་བདུན་པའི་དཀྱིལ་སྨད་དུ་མཚོ་སྔོན་གྱི་སོག་པོས་བདག་ཏུ་བྱེད་སྐབས་ལོ་གསུམ་རེའི་མཚམས་སུ་དུད་ཚང་བརྒྱ་རེས་རྟ་རེ་མཚོ་སྔོན་དུ་ཁྲལ་ལམ་སྐྱེལ་འབུལ་ཞུ་དགོས་དང་།  རྟ་མ་འབྱོར་ན་དངུལ་སྲང་བརྒྱད་ཅུ་འཇལ་དགོས་པ་ལས།  གཞན་པའི་ཁྲལ་གཡོག་མང་པོ་རྒྱུག་མི་དགོས།  དེ་རྗེས་དུས་རབས་བཅོ་བརྒྱད་པའི་དཀྱིལ་དུ་མན་ཇུས་དབང་སྒྱུར་བྱས།  སྐབས་དེར་རྟ་ཁྲལ་དེ་དངུལ་ཁྲལ་ལ་བསྒྱུར་མོད། “ཧོར་ཚོ་ནི་ཐག་རིང་ཁུག་ཀྱོག་ཏུ་གནས་པ་ཞིག་ཡིན་སྟབས་གཉའ་གནོན་བཤུ་གཞོག་མྱོང་ཚད་དེ་ཙམ་ཆེན་པོ་མིན་གཤིས།  རྒྱ་རིགས་དབང་སྒྱུར་གྲལ་རིམ་ལ་འཁོན་འཛིན་དེ་ཙམ་བྱེད་ཀྱི་མེད།”[45]ཕྲན་གྱིས་ལོ་ཤས་སྔོན་ཁྱུང་ཡུལ་སྟོད་ཀྱི་རྒན་རབས་ཁ་ཤས་ལ་བཅར་འདྲི་ཞུས་དུས།  སྔོན་མ་རྒྱ་དུས་སུ་ཁྲལ་ཡང་བ་དང་བཤུ་གཞོག་ལམ་ལུགས་དེ་ཙམ་མེད་པའི་སྐོར་ཞིག་བཤད་ཀྱིན་འདུག་པས།  ཡུལ་དེའི་མི་རྣམས་ཀྱི་སེམས་སུ་རྒྱ་ཡི་ཁྲིམས་ནི་ལྟོས་བཅས་ཀྱིས་དྲང་བདེན་དང་།  ཁྲལ་འུ་ལག་ཉུང་བར་མཐོང་གི་ཡོད།  སོག་པོ་དང་མན་ཇུ་གཉིས་ཀས་དགོས་དབང་གིས་ཧོར་རྒྱལ་པོའི་མངའ་ཐང་ལ་བརྩི་འཇོག་དང་གོ་ཐོབ་སྤྲད་ཡོད།  འོན་ཀྱང་། བདེ་པ་གཞུང་གིས་ཧོར་སྤྱི་ཁྱབ་ཀྱི་ཐོབ་ཐང་དང་གོ་གནས་བཅོམ་པ་དང་།  འགོ་དཔོན་གཞན་དག་གི་གོ་གནས་ཆུང་དུ་བཏང་བས་བླ་དཔོན་མང་པོའི་སེམས་སུ་ཕོག་ཐུག་བཏང་ཡོད།  གསུམ།  སོག་པོ་དང་མན་ཇུ་གཉིས་ཀས་རྒྱུ་དངོས་ཀྱི་ཁྲལ་ལས་གཞན་པར་ཐད་ཇུས་བྱས་མེད།  འོན་ཀྱང་།  བདེ་པ་གཞུང་ནི་མ་གཞི་ནས་དགེ་ལུགས་པའི་གྲུབ་མཐས་བཙུགས་པ་ཡིན་པས།  ཡུལ་ཁམས་གང་ཞིག་མངའ་འོག་བསྡུས་ན་དེར་ཐབས་ལམ་སྣ་ཚོགས་ཀྱིས་དགེ་ལྡན་གྲུབ་མཐའ་སྤེལ་རྒྱུ་ནི་དམིགས་ཡུལ་གཙོ་བོ་ཡིན།  ཧོར་ཚོ་སོ་དགུ་མངའ་འོག་བཅུག་པ་དང་སེ་ར་དགོན་གྱི་མཆོད་གཞིས་བྱས་པ་རེད།  དེས་བོན་གྱི་གྲུབ་མཐར་བླ་ལྷག་ཏུ་དད་གུས་བྱེད་པའི་ཡུལ་ཁམས་དེའི་མི་དམངས་ཀྱི་སེམས་ཀྱི་ན་ཟུག་ལྟ་བུར་གྱུར་ཡོད།  གཞན་ཡང་དུས་རབས་བཅུ་བདུན་པའི་ནང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཁྱུང་ཡུལ་གྱི་དགོན་པ་བཞི་དགེ་ལུགས་སུ་བསྒྱུར་བ་དང་།  རབ་བྱུང་བཅོ་ལྔ་པའི་ལྕགས་འབྲུག(༡༨༨༠)ལོར་སོག་ཙན་དན་དགོན་གྱིས་ཀླུ་ཏིང་ཕུར་གསུམ་ལ་གྱོད་འཛུགས་ཀྱི་གཞུང་གཏུགས་བྱས་པར་བརྟེན། ལྕགས་འབྲུག་ཁྲ་མའི་དོན་ཆོད་ལྟར་ཀླུ་ཕུག་དགོན་སོགས་ནས་ལོ་བཅུ་གསུམ་རེའི་མཚམས་སུ་ཞྭ་སྒྱུར་གྲྭ་པ་བཅུ་གསུམ་གྱི་ཁྲལ་འབུལ་དགོས་པ་སོགས་དང་འབྲེལ་བ་ཡོད།  འདི་འདྲ་ཡིན་མིན་གོང་དུ་གླེང་བའི་རྒྱ་བོད་དམག་འཁྲུག་གི་གནས་ཚུལ་ལ་བལྟས་ན་དཔོག་ཐུབ།  བཞི།  སྐབས་དེར་བདེ་པ་གཞུང་གི་ཁྲལ་དང་འུ་ལག་ཤུགས་ཆེ་བ་དང་། དཔོན་ངན་གྱི་དབང་ཆ་སྒེར་སྤྱོད་དང་རུལ་སུངས་བྱ་སྤྱོད་སོགས་ལ་འབྲེལ་བ་ཏན་ཏན་ཡོད་སྙམ།  འདི་དག་ནི་ཧོར་ཚོས་ཡང་ནས་བསྐྱར་དུ་བདེ་པ་གཞུང་གི་བཀའ་སྲུང་མི་བརྩི་བའི་གནད་ལ་ཐུག་ཡོད་སྙམ་མོ།།  
བརྒྱད་པ།  ཧོར་ཚོས་བོན་བསྟན་ལ་ཐོན་པའི་ཕན་ནུས།
གཅིག ཧོར་ཁྱུང་གི་ཐུན་མོང་ཁྱད་ཆོས།
    བོན་པོ་ནི་བོད་ཀྱི་གདོད་མའི་ཆོས་ལུགས་དང་བོད་རང་སའི་ཆོས་ལུགས་ཤིག་ཡིན་ནའང་།  ལོ་རྒྱུས་ཀྱི་འཕེལ་རིམ་ནང་བོན་བསྟན་རིམ་བཞིན་ཉམ་རྒུད་སོང་ཞིང་།  བོད་ཁུལ་གྱི་ས་གནས་མང་པོ་ཞིག་ནས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་བོན་བསྟན་ནུབ་ཅིང་བོན་གྱི་དད་ལྡན་མེད་པར་གྱུར་ཡོད།  ཡིན་ནའང་།  མདོ་དབུས་ཁམས་གསུམ་གྱི་ས་ཁུལ་དག་ཏུ་བོན་བསྟན་ཐོར་བུའི་ཚུལ་དུ་གནས་ཡོད།  དེ་དག་ལས་བོན་བསྟན་དར་ཆེ་ཤོས་དང་བོན་གྱི་དད་ལྡན་མང་ཤོས་ནི།  ནག་ཆུའི་སྦྲ་ཆེན་རྫོང་དང་ཆབ་མདོའི་སྟེང་ཆེན་རྫོང་གཉིས་ཡིན་ངེས།  དེའི་གཡས་གཡོན་གྱི་ས་གནས་འབྲི་རུ་རྫོང་དང་གཉན་རོང་རྫོང་སོགས་སུ་ཡང་བོན་སྡེ་མི་ཉུང་བ་ཞིག་གནས་ཡོད། ས་གནས་འདི་དག་ལ་བོན་བསྟན་ཡུན་རིང་གནས་ཐུབ་པའི་རྒྱུ་མཚན་དང་བོན་བསྟན་ཤུགས་ཆེར་དར་བའི་རྒྱུ་རྐྱེན་ལ་བསམ་གཞིག་གནང་དགོས་ངེས་ཆགས་ཡོད།  ཕྲན་གྱིས་བརྟག་དཔྱད་བྱས་པའི་འབྲས་བུ་ལྟར་ན།  ཧོར་ཚོ་སོ་དགུའི་མངའ་ཁོངས་ཀྱི་ཡུལ་སྡེ་ཕལ་ཆེ་བ་བོན་ལ་དད་མོས་བྱེད་མཁན་རེད།  དེའི་རྒྱུ་མཚན་ནི་ཐོག་མར་ཧོར་ཚོ་སོ་དགུའི་ཡུལ་ཁམས་དབང་སྒྱུར་བྱེད་མཁན་ནི་ཁྱུང་པོ་ཆགས་ཤིང་།  དེས་བོན་བསྟན་ཤུགས་ཆེར་སྤེལ་ཡོད།  དེ་འོག་ཧོར་ཐོར་པ་སྐྱ་བདུན་འདིར་ཡོང་དུས་ཁོ་ཅག་ལ་དམིགས་བསལ་གྱི་ཆོས་ལུགས་མེད་ཀྱང་རིམ་བཞིན་བོན་པོ་དང་བཀའ་རྒྱུད་པ་གཉིས་ལ་དད་པ་བྱས་འདུག  ཧོར་གྱི་རྒྱལ་རབས་གསུམ་པ་དམར་པོའི་སྤུན་ཆུང་བ་ཧོར་ནག་ཤེས་རབ་རྒྱལ་མཚན་ཞེས་པ་བོན་སྒོར་ཞུགས་ནས་ཉམས་སུ་བླངས་པས་བོན་གྱི་རྣལ་འབྱོར་བ་ཞིག་ཆགས་ཡོད།  ཧོར་གྱི་རྒྱལ་ཐོག་བཅུ་གཉིས་པ་ཁྲི་རྒྱལ་རྗེ་ཆེན་ནས་བྲག་དཀར་ལྷ་ལུང་ཞེས་པའི་ཕུ་རུ་བོན་གྱི་ལྷ་ཁང་ཞིག་བཞེངས་ཡོད།  ཁོང་གི་སྲས་རྒྱལ་ཐོག་བཅུ་གསུམ་པ་ལྷ་མཁར་བསྟན་རྒྱལ་དུས་ནས་བཟུང་བོན་ལུགས་འབའ་ཞིག་བྱས་པ་རེད།  དུས་དེ་ནས་བཟུང་ཧོར་རྒྱལ་རབས་རིམ་བྱོན་གྱིས་གཡུང་དྲུང་བོན་ནི་རང་གི་ཕ་ཆོས་ལྟ་བུར་བརྩིས་ནས་མཐོང་ཆེན་དང་སྲུང་སྐྱོབ་བྱས་ཡོད།  རབ་བྱུང་བཅུ་བཞི་པའི་མེ་བྱ(༡༨༣༧)ལོར་སྨན་རིའི་མཁན་རབས་ཉེར་གསུམ་པ་སྨྲ་དབང་ཉི་མ་བསྟན་འཛིན་མཆོག་ཁམས་ཕྱོགས་སུ་ཆིབས་སྐྱོད་གནང་སྐབས། སྔར་གྱི་ལྷ་ཁང་དེ་ཉིད་རབ་བྱུང་འདུལ་འཛིན་གྱི་དགོན་པར་བསྒྱུར་ཞིང་མཚན་ལ་གཤེན་བསྟན་གཡུང་དྲུང་བདེ་ཆེན་གླིང་ཞེས་གསོལ་ཡོད།  རབ་བྱུང་བཅུ་གཉིས་པའི་ཤིང་ལུག(༡༧༡༥)ལོར་ཡེ་ཐ་དཔོན་ཆོས་འབུམ་གྱི་བུ་ཧོར་བླ་མུ་ཁྲི་རྒྱལ་བ་ཚུལ་ཁྲིམས་ཀྱིས་ལུང་བཟང་ཤེལ་བྲག་དགོན་ཕྱག་བཏབ།  སྔར་ལྷ་བླ་ཞེས་པ་ཧོར་རྒྱལ་པོའི་མཆོད་གནས་ཤིག་ཡོད་པ་དེའི་སྐུ་ཕྲེང་གསུམ་པ་ཧོར་རྒྱལ་པོའི་གདུང་ལས་འཁྲུངས་ཤིང་།  དེའི་ཡང་སྲིད་ཀྱང་ཧོར་གྱི་གདུང་ལས་འཁྲུངས་འདུག།  འདི་ནས་བཟུང་སྟེ་ཧོར་རྒྱལ་པོ་ནི་ཆོས་སྲིད་གཉིས་ཀྱི་བདག་པོ་ལྟ་བུར་གྱུར་ཅིང་།  འོག་སྡེ་ཚོས་ཧོར་གྱི་གདུང་རབས་ལ་ཆོས་ལུགས་ངོས་ནས་དད་གུས་དང་མཐོང་ཆེན་བྱེད་སྲོལ་ཆགས་འདུག  ཧོར་རྒྱལ་ལས་གཞན་པའི་ཚོ་བ་མང་པོ་ཞིག་གི་འགོ་པ་ཡང་བོན་གྱི་གདུང་རྒྱུད་བླ་མ་ཆགས་ཡོད་པ་དེ་རེད།  འགོ་པ་མང་པོ་ཞིག་བླ་མའི་གདུང་འཛིན་མིན་ནའང་བོན་བསྟན་ལ་མཐའ་གཅིག་ཏུ་དད་གུས་གནང་མཁན་ཡིན་པ་ཁོ་ཅག་གི་ལོ་རྒྱུས་གནང་གསལ་འདུག འདི་ནི་ཧོར་ཁྱུང་གཉིས་ཀྱི་ཐུན་མོང་ཁྱད་ཆོས་དང་།  ཧོར་ཚོ་སོ་དགུ་མཉམ་སྦྲེལ་བྱེད་ཐུབ་པའི་སྲོག་ཤིང་ལྟ་བུར་གྱུར་ཡོད།  
 
གཉིས། ཧོར་ཚོའི་ཁུལ་གྱི་བོན་དགོན་གནས་ཚུལ།
 
    《ཧོར་གྱི་རྒྱལ་རབས》ལས་གསལ་བ་ལྟར་ན།  བདེ་པ་གཞུང་གིས་མངའ་འོག་མ་བསྡུས་སྔོན་ཧོར་ཚོའི་ཡུལ་དུ་བོན་དགོན་སོ་བརྒྱད་ཡོད་པ་གསལ་འདུག་ལ།  དགོན་པ་རེར་གྲྭ་བཙུན་མང་ཤོས་སུམ་བརྒྱ་ཙམ་ཡོད་པར་འཁོད་འདུག དགོན་པ་དེ་དག་འགའ་ཞིག་ནི་སྔོན་མ་ནས་ཡོད་པ་ཡིན་ལ།  འགའ་ཞིག་ནི་ཧོར་རྒྱལ་སྤྱི་ཁྱབ་ཡིན་པའི་དུས་སྐབས་སུ་ཞིག་གསོ་གནང་བའམ་གསར་དུ་བཏབ་པ་རེད་འདུག  དེ་དག་ལས་ཁ་ཤས་ནི་ཡུལ་དེའི་དཔོན་པོའི་རྒྱབ་སྐྱོར་དང་རོགས་རམ་འོག་མདོ་སྨད་ནས་ཡོང་བའི་བླ་མ་འགའ་ཞིག་གིས་བཏབ་པ་རེད།  ད་ལྟའི་དུས་སུ་ཡང་ཧོར་ཚོའི་ཁུལ་དུ་བོན་བསྟན་ཆེས་ཆེར་རྒྱས་འདུག་ཅེས་སྨྲ་ཆོག་པར་འདུག  གཞན་ཡང་སྔར་ས་གནས་སོ་སོའི་འགོ་པ་ལ་རང་གི་ཞབས་བརྟན་སྒྲུབ་མཁན་བླ་མཆོད་ཟེར་བའི་དགོན་པ་དང་བླ་མ་ཡོད་འདུག  ཧོར་ཚོའི་ཁུལ་དུ་ཡང་དེ་འདྲའི་སྣང་ཚུལ་ཤུགས་ཆེན་ཡོད།  མིའི་རིགས་ཀྱིས་ཆེས་གདོད་མའི་དུས་སུ་མཐུ་ཆོས་ལ་བརྟེན་ནས་ཕ་རོལ་པོ་བརླག་ཐུབ་པར་ལྟ་བ་རེད།  བོད་པས་གནའ་སྔ་མོ་ནས་ཡུལ་ལྷ་གསོལ་བ་དང་དགྲ་བླ་མཆོད་པ་སོགས་ཀྱིས་གཡུལ་ལས་རྒྱལ་ཞིང་།  ཕ་རོལ་པོའི་སྟོབས་ཤུགས་ཟིལ་གྱིས་གནོན་ཐུབ་པར་འདོད་པ་རེད།  དུས་རབས་བཅུ་གཉིས་པའི་གཡས་གཡོན་ནས་བཟུང་བོད་ཀྱི་ཆབ་སྲིད་པ་དག་གིས་ཆོས་ལུགས་ཀྱི་མཐུ་ནུས་ལ་བརྟེན་ནས་དགྲ་བོ་འདུལ་ཐུབ་པ་དང་།  ཕ་རོལ་པོས་ཀྱང་ཆོས་ལུགས་ཀྱི་མཐུ་སྔགས་དང་བྱད་གཏད་སོགས་ལ་བརྟེན་ནས་རང་ཉིད་ལ་གནོད་པ་སྐྱེལ་ཡོང་བར་འདོད་པ་རེད།  འདི་ནི་བོད་ཀྱི་ཆབ་སྲིད་པ་དག་གི་སེམས་ཁམས་གནས་ཚུལ་ཞིག་རེད།  བོད་ཀྱི་དགོན་པ་ཚོས་ཀྱང་གཟུགས་མེད་ཀྱི་ལྷ་འདྲེ་གདོན་བགེགས་དང་།  གཟུགས་ཅན་གྱི་སྲོག་ཆགས་གང་ཞིག་ཡིན་རུང་བསྟན་དང་དགོན་པར་གནོད་ན་བསྒྲལ་རུང་བ་དང་བསྒྲལ་ཐུབ་པར་འདོད་པ་རེད།  རྒྱུ་མཚན་དེའི་དབང་གིས་བོད་ཁུལ་གྱི་དཔོན་པོ་དང་ཆབ་སྲིད་པ་དག་གིས་ཆེད་དུ་བླ་མ་གྲགས་ཆེན་དང་གྲུབ་ཐོབ་རྩ་ཆེན་དེ་འདྲ་བཙལ་ནས་གཞན་ལ་མཐུ་གཏད་བྱེད་འཇུག་པ་དང་།  རང་གི་ཞབས་བརྟན་སྒྲུབ་ཏུ་འཇུག་གི་ཡོད། ཧོར་ཚོའི་ཁུལ་དུ་མཚོན་ན་ཡང་དཔོན་པོ་སོ་སོར་རང་རང་གི་བླ་མཆོད་ཡོད་ལ། དེ་དག་གིས་རང་རང་གི་ཡོན་བདག་ལ་ཞབས་བརྟན་སྒྲུབ་དགོས། བླ་མཆོད་ཀྱི་འཚོ་རྟེན་དང་དགོས་མཁོ་གང་ཡོད་དཔོན་པོས་བསྐང་གི་ཡོད་པ་རེད།  དེས་ན་བླ་མ་དང་དཔོན་པོ་གཉིས་ནི་ཁ་བྲལ་ཐབས་མེད་པའམ་གཅིག་ཕན་གཅིག་རོགས་ལྟ་བུ་ཆགས་ཡོད།  བོད་ལ་དམིགས་བསལ་ཡོད་པ་ཞིག་ནི་དམག་དཔུང་མ་ཆས་པའི་སྔོན་དུ་བླ་གྲྭ་དང་སྔགས་པ་ཚོས་རིམ་གྲོ་སྒྲུབ་པ་དང་།  དམག་མིར་དགྲ་བླའི་སྲུང་སྐུད་འདོགས་པ།  དམག་ལ་ཆས་ཁར་ཕོ་ལྷ་གསོལ་ནས་ཀི་བསོ་ལྷ་རྒྱལ་གྱི་སྒྲ་སྒྲོག་པ་དེ་རེད།  འདི་ནི་ནོར་འཁྲུལ་ལམ་རྨོངས་དད་རེད་ཅེས་སྨྲ་མི་ཐུབ་སྟེ་དམག་དཔུང་གི་སེམས་ལ་དཔའ་བཀོང་སྟངས་ཤིག་རེད།  གཞན་གྱི་ཚུལ་རྒོལ་དང་འཕྲད་དུས་དགྲ་བཟློག་ཅེས་པའི་གཏོ་ཞིག་བཅའ་སྲོལ་ཡོད་ལ།  དེས་ནུས་པ་ཐོན་ཏེ་དམག་མིར་མཚོན་མ་སོང་བའི་བཤད་སྲོལ་རྒྱུན་འབྱམས་སུ་གནས་ཡོད།  གཞན་ཡང་མན་ཇུས་རྒྱལ་རོང་ལ་དཔུང་འཇུག་བྱས་དུས་ལྕང་སྐྱ་རོལ་པའི་རྡོ་རྗེའི(༡༧༡༧-༡༧༨༦)ཐུགས་རྗེ་དང་ནུས་སྟོབས་ཀྱིས་བྱས་རྗེས་བཞག་པའམ་ཕན་ནུས་ཐོན་པ་ལོ་རྒྱུས་ཡིག་ཆ་ནང་འཁོད་འདུག   རྒྱལ་རོང་གཡུང་དྲུང་ལྷ་སྟེང་དགོན་ནས་བསང་གསོལ་ཁ་དགྲ་བཟློག་སོགས་རང་རང་གི་ནུས་ཤུགས་བཏོན་པས།  དམག་ཕམ་རྗེས་མན་ཇུས་དགོན་པ་རྩ་གཏོར་གཏོང་བའི་རྒྱུ་རྐྱེན་གཙོ་བོར་ཐུག་ཡོད་ཅེས་ཞིབ་འཇུག་པ་ཁ་ཤས་ཀྱིས་གླེང་འདུག  འདི་དག་ནི་བོད་ཀྱི་བླ་མ་དང་དགོན་པའི་ནུས་སྟོབས་རེད་ཅེས་བཤད་ཆོག།  
གསུམ།  ཕྱོགས་ཁག་ནས་བོན་པོ་ཡུལ་གྱར་བ་བསླེབས་པ།
    དུས་རབས་བརྒྱད་པའི་གོང་དུ་བོད་ཁམས་ཡོངས་རྫོགས་བོན་ལ་དད་མཁན་ཡིན་ནའང་།  ཕྱིས་སུ་ག་ལེར་གྲུབ་མཐའ་གཞན་གྱིས་དབང་སྒྱུར་བྱས་ཡོད། གྲུབ་མཐའ་གཞན་གྱིས་དབང་སྒྱུར་བྱེད་སྐབས་ཐོག་མར་ས་གནས་དེའི་མང་ཚོགས་དང་བོན་གྱི་བླ་མ་ཚོས་ངོ་རྒོལ་དང་ཁ་གཏད་གཅོག་ཐབས་བྱས་ཡོད་མོད།  དུས་ཀྱི་འཕོ་འགྱུར་དང་ཁ་དབང་གིས་མ་འཇོན་པ་ཡིན་པས།  རིམ་བཞིན་ས་གནས་དེ་དག་གྲུབ་མཐའ་གཞན་ལ་འགྱུར་བཞིན་ཡོད།  དེ་ལྟ་བུའི་གནས་སྟངས་འོག་ས་གནས་དེའི་བོན་གྱི་བླ་མ་མང་པོ་ཞིག་ཡུལ་གྱར་འགྲོ་དགོས་བྱུང་ཡོད།  གཞན་ཡང་འགའ་ཞིག་ནི་གནས་ཚུལ་གཞན་གྱི་རྐྱེན་པས་ཡུལ་གྱར་འགྲོ་དགོས་བྱུང་བ་ཡིན་སྲིད། དེ་ལྟ་བུའི་གནས་སྟངས་འོག་ཧོར་ཚོའི་ཡུལ་ནི་བོན་གྱི་དད་ལྡན་མང་བའི་ཡུལ་གྲུ་དང་།  ལྷག་ཏུ་ཧོར་རྒྱལ་སོགས་ཡུལ་གྱི་སྡེ་དཔོན་ཡང་བོན་ལ་དད་གུས་བྱེད་པའི་ས་གནས་ཤིག་ཡིན།  དེས་ན་ཡུལ་ཁམས་འདི་ནི་བོན་གྱི་བླ་མ་ཡུལ་གྱར་བ་དག་གི་གཞིས་ཆགས་ས་མ་ནོར་བ་དེ་ཡིན་ངེས།  གཤམ་དུ་ཚབ་མཚོན་གྱི་བླ་མ་ཁ་ཤས་གླེང་ན།  གཅིག  དུས་རབས་བཅོ་བརྒྱད་པའི་མཇུག་ཏུ་རྒྱལ་རོང་གི་བླ་མ་བསྟན་པ་ཕུན་ཚོགས་ཞེས་པ་ཞིག་གནས་འདིར་ཕེབས་ནས་ཧོར་རྒྱལ་གྱི་མཆོད་གནས་བྱས་འདུག  ཁོང་འདིར་ཕེབས་དགོས་པའི་རྒྱུ་རྐྱེན་སོགས་མི་གསལ་ལ།  ཁོང་ནི་མཁས་དབང་ཀུན་གྲོལ་གྲགས་པ(༡༧༠༠-༡༧༦༦)ལགས་ཀྱི་སློབ་མ་ཁམས་སྡེ་དགེ་ལྷ་བླ་ཞེས་པའི་གདུང་ལས་འཁྲུངས་པའི་བླ་མ་གཡུང་དྲུང་དགེ་ལེགས་ཞུ་བ་དེའི་སྤྲུལ་སྐུ་ཡིན་པས་མཚན་ལ་ལྷ་བླ་ཞེས་ཞུ་སྲོལ་ཡོད་འདུག  ཁོང་གིས་བོན་གསར་མ་ཕྱག་ལེན་གནང་བ་རེད།  གཉིས།  དུས་རབས་བཅུ་དགུ་པའི་དཀྱིལ་དུ་གྲུབ་ཐོབ་སྤ་ཡི་གདུང་ལས་བྱོན་པའི་བླ་མ་གཡུང་དྲུང་རྒྱལ་པོ་དང་ཁོང་གི་སྲས་དགྲ་འདུལ་བསྟན་རྒྱལ་དང་བསོད་ནམས་དབང་གྲགས་བཅས་མདོ་སྨད་ནས་ཡོང་སྟེ་ཧོར་ཡེ་ཐ་ཚོ་བའི་ནང་གཞིས་ཆགས་ཡོད།  ཕྲན་གྱི་ལག་ཏུ་ཡོད་པའི་ཡིག་ཆ་ནང་ཁོང་རྣམ་པ་མདོ་སྨད་ནས་ཡོང་བ་ཙམ་ལས་མདོ་སྨད་ཀྱི་ས་གནས་གང་ཞིག་ནས་ཡོང་མིན་དང་།  ཡུལ་གྱུར་དུ་འགྲོ་དགོས་པའི་རྒྱུ་རྐྱེན་གསལ་པོར་འཁོད་མི་འདུག  དེ་དག་ལ་སྲས་དབོན་གཡུང་དྲུང་ནམ་བཟང་སོགས་བཞི་བྱུང་འདུག  གཡུང་དྲུང་ནམ་བཟང་དང་ཐོག་ཧོར་རྒྱལ་གྱི་དབུ་བླ་བྱས་པ་དང་དེ་ནས་རབ་བྱུང་བཅུ་བཞི་པའི་མེ་ལུག(༡༨༦༧)ལོར་སྤ་ཚང་དགོན་གཡུང་དྲུང་རབ་བརྟན་གླིང་ཕྱག་བཏབ་འདུག  དེ་ནས་བཟུང་སྟེ་ཡུལ་ཁམས་དེའི་བླ་མཆོད་བྱས་ནས་བཞུགས་ཡོད།  གསུམ།  དུས་རབས་བཅོ་བརྒྱད་པའི་དཀྱིལ་སྟོད་དུ་ཁྱུང་པོ་ཀུན་བཟང་གྲགས་པ་སྐུ་མཆེད་རྣམས་དབྱིས་སྟོད་དུ་གཞིས་ཆགས་ཡོད་པར་རོང་པོ་སྡེ་དགོན་དང་མ་འཆམ་པས།  སྟོད་དུ་ཕེབས་རྒྱུ་བྱས་ནས་རྨ་རོང་དཔོན་སར་འབྱོར་དུས་རྨ་རོང་དཔོན་ཨ་རྒྱས་ཡུལ་དེར་བཞུགས་དགོས་པའི་རེ་བ་ཞུས་པ་ལྟར་བཞུགས་ཞེས་འཁོད་འདུག  ཡིན་རྒྱུ་ནི་གྲུབ་མཐའ་མི་གཅིག་པའི་རོང་པོ་སྡེ་དགོན་དང་མ་འཆམ་པས་ཡུལ་གྱར་འགྲོ་དགོས་བྱུང་ཡོད།  དེ་ནས་བཟུང་གདུང་རབས་རིམ་བྱོན་རྨ་རོང་སྡེ་དགོན་གྱི་བླ་མཆོད་བྱས་ནས་བཞུགས་པ་རེད།  བཞི།  དུས་རབས་གསལ་པོར་མི་ཤེས་ནའང་མདོ་ཁམས་འབྲི་ཆུ་རྒྱུད་ནས་སྐྱ་བོ་ཞེས་པའི་བླ་མ་འགའ་ཞིག་ཡར་བྱོན་ནས་དྲུག་ཅུ་ནང་གཞིས་ཆགས་ཡོད།  སྐྱ་བོ་བླ་མ་དར་དགའ་དང་ཨ་སྐྱིད་སྔགས་འཆང་བསོད་ནམས་གཡུང་དྲུང་གཉིས་ནས་རབ་བྱུང་བཅུ་བཞི་པའི་ཤིང་བྱི(༡༨༦༤)ལོར་ཕུར་ནག་དགོན་གཡུང་དྲུང་འོ་ཚལ་གླིང་ཕྱག་བཏབ་ཡོད།  དེ་ནས་བཟུང་སྟེ་སྐྱ་བོ་གདུང་རབས་རིམ་བྱོན་ཡུལ་དེར་བཞུགས་ཡོད།  ལྔ།  དུས་རབས་བཅུ་དགུ་པའི་དཀྱིལ་དུ་སྡེ་དགེ་སྐམ་ཚང་གི་སྲས་བསྟན་འཛིན་གཙུག་ཕུད་ཅེས་པ་ཧོར་ཡུལ་དུ་ཕེབས་ནས་ཧོར་འབྲོག་ཤོག་སྟོད་མ་ཡོག་ཆེན་ནང་ཞེས་པའི་ས་གནས་སུ་གཞིས་ཆགས།  བསྟན་འཛིན་གཙུག་ཕུད་དང་ཁ་ཟ་གཉིས་ལས་རབ་བྱུང་བཅོ་ལྔ་པའི་མེ་གླང(༡༨༧༧)ལོར་སྒོ་སྟོན་ཉི་མ་རྒྱལ་མཚན་འཁྲུངས་ཤིང་།  ཁོང་གིས་ཧོར་ཀླུ་ཕུག་དགོན་གྱི་བླ་མ་མཛད་འདུག  གཞན་ཡང་ཁོང་ནི་ཧོར་གྱི་བློན་ཆེན་ག་རྒྱ་ཚང་གི་མཆོད་གནས་དང་ག་རྒྱ་ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེ(༡༨༩༧-༡༩༥༦)མཆོག་གི་རྩ་བའི་བླ་མ་ཡིན།  དྲུག དུས་རབས་བཅུ་དགུ་པའི་དཀྱིལ་དུ་མདོ་སྨད་རྫ་ཁོག་ནས་སྨོན་རྒྱལ་གདུང་འཛིན་ནམ་མཁའ་བསྟན་འཛིན་དང་ནམ་མཁའ་དབང་རྒྱལ་ཁྲི་གདུང་གཉིས་སྟོད་ཕྱོགས་གནས་མཇལ་ཕེབས་ཞོར་ཁྱུང་ཡུལ་ཁུལ་དུ་ཕེབས་པ་དང་།  དཀར་རུ་དཔོན་རྟ་མགྲིན་དབང་འདུས་ནས་ཡུལ་དེར་བཞུགས་དགོས་ཞུས་པ་དང་།  ཡུལ་དེའི་ཕྱུག་བདག་རྒྱས་དགེ་ཚང་གི་གཞིས་ལག་ཐོག་ཏུ་བཞག་ཡོད་འདུག  རབ་བྱུང་བཅོ་ལྔ་པའི་མེ་བྱི(༡༨༧༦)ལོར་གཤེན་སྒར་བླ་བྲང་ནོར་འཁྱིལ་གླིང་ཞེས་པ་ཕྱག་བཏབ་སྟེ་ཡུལ་དེར་གཏན་བཞུགས་གནང་བ་རེད།  བདུན།  དུས་རབས་བཅུ་དགུ་པའི་གཡས་གཡོན་དུ་རྒྱལ་རོང་འབར་ཁམས་ཡུལ་དུ་གྲུབ་མཐའ་གཞན་སྒྱུར་ཐེབས་པས།  ཡུལ་དེའི་གཡུ་ཞིག་བླ་མ་བསྟན་འཛིན་དབང་རྒྱལ་ཞེས་པ་ཡུལ་གྱར་འགྲོ་དགོས་བྱུང་ནས་ཁྱུང་ཡུལ་དུ་བསླེབས་ཤིང་།  ཐོག་མར་སྒར་ཁང་དཔོན་གྱི་གསོལ་ཁ་གསུང་མི་བྱས་ནས་ཚ་ཁ་ཞེས་པའི་ས་གནས་སུ་གཞིས་ཆགས།  དེ་ནས་མི་རབས་ཁ་ཤས་སོང་མཚམས་དེ་དང་ཐག་མི་རིང་བའི་གཡུ་ཁྲ་ལྷ་སྟེང་དགོན་ཡོད་སར་གནས་སྤོས་ནས་བསྡད་པ་རེད།  འདི་དག་ནི་ཧོར་ཚོའི་ཡུལ་དུ་དུས་རབས་བཅུ་དགུ་པའི་གཡས་གཡོན་དུ་ཡུལ་གྱར་ཕེབས་པའི་བོན་གྱི་བླ་མ་དག་གཞིས་ཆགས་ཚུལ་རེད།  
    བོན་པོ་ནི་བསོད་ནམས་ཆེན་པོ་མེད་པའི་གྲུབ་མཐའ་ཞིག་ཡིན་པ་འདྲ་སྟེ།  ཁོ་ཅག་ལ་རྒྱབ་སྐྱོར་བྱེད་པའི་དཔོན་སྡེ་མང་པོ་ཞིག་གཏོར་བརླག་སོང་ཡོད།  དཔེར་ན།  དུས་རབས་བཅུ་བདུན་པའི་ནང་སོག་པོ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་བེ་རི་རྒྱལ་པོ་གཏོར་ཕམ་བཏང་བ།  དུས་རབས་བཅོ་བརྒྱད་པའི་ནང་མན་ཇུས་རྒྱལ་རོང་རབ་བརྟན་རྒྱལ་པོ་སོགས་ཕམ་དུ་བཅུག་པ་ལྟ་བུ་རེད།  ལྷག་ཏུ་རྒྱལ་རོང་མན་ཇུས་བརླགས་པ་དེས་བོན་གྱི་དགོན་སྡེ་དང་བླ་མ་ཁག་ལ་གྱོང་གུན་བསམ་ཡུལ་ལས་འདས་པ་སྟེར་ཡོད།  དེ་ནས་བཟུང་སྟེ་བོན་གྱི་བླ་མ་ཁག་བློ་བཅོལ་ས་དང་རྒྱབ་གཏད་ས་མེད་པ་ལྟ་བུར་གྱུར་ཡོད།  འདི་ནི་དངོས་གནས་སྐྱོ་འོས་པའི་གནས་ཚུལ་ཞིག་རེད།  དེ་ལྟ་བུའི་གནས་སྟངས་འོག་ཧོར་རྒྱལ་ནི་བོན་པོ་ཚོའི་རྒྱབ་གཏད་ས་དང་ཧོར་སྡེ་ནི་བོན་དགོན་དག་གི་ཁ་གདང་ས་ལྟ་བུར་གྱུར་ཡོད། དཔེར་ན།  རབ་བྱུང་བཅོ་ལྔ་པའི་ཆུ་སྟག(༡༩༠༢)ལོར་དགོན་སར་དགོན་སེར་དམག་གིས་རྫ་སྟེང་ཆེན་དགོན་མེ་བརྒྱབ་སྐབས་དབྲ་བ་བླ་མ་སོགས་ལྷོ་སྟོད་ཧོར་སྤྱི་ཁྱབ་སར་ཉེན་གཡོལ་ཕེབས་པ་དང་།  སྨན་རིའི་མཁས་ཆེན་ཤེས་རབ་གཡུང་དྲུང་མཆོག་རྐྱེན་ངན་གྱི་དབང་གིས་འདམ་གཞུང་ནས་དགྲ་བོས་བདས་ཡོང་དུས།  ཧོར་རྒྱལ་སར་ཉེན་གཡོལ་ཕེབས་ནས་ཟླ་བ་ཁ་ཤས་རིང་བཞུགས་པ་ལྟ་བུ་རེད།   
བཞི། བོན་གྱི་གྲྭ་ས་ཁག་ལ་ཞབས་ཞུ་སྒྲུབ་པ།
     དུས་རབས་བཅོ་ལྔ་པའི་གཡས་གཡོན་ནས་དབུས་གཙང་དུ་ཡོད་པའི་བོན་གྱི་གྲྭ་ས་ཁག་ཡུལ་ཁམས་འདིར་གདུལ་བྱར་ཕེབས་སྲོལ་ཡོད་འདུག དེ་དག་ལས་གཤེན་ཚང་དང་རྨེའུ་ཚང་སོགས་ལོ་དུས་ལྟར་མདོ་ཁམས་ཕྱོགས་སུ་གདུལ་བྱར་ཕེབས་བཞིན་ཡོད།  རྒྱལ་རོང་མ་འཇིག་པའི་སྔ་རོལ་དུ་ཡུལ་ཁམས་དེ་ནི་བོན་གྱི་བླ་མའི་གདུལ་ཞིང་གཙོ་བོ་ཞིག་ཆགས་ཡོད།  དུས་རབས་བཅུ་བཞི་པའི་ནང་རྒྱལ་བ་མཉམ་མེད་ཆེན་པོས་གདན་ས་སྨན་རི་གླིང་ཕྱག་བཏབ་དང་།  དུས་རབས་བཅུ་དགུ་པའི་ནང་སྣང་སྟོན་ཟླ་བ་རྒྱལ་མཚན་མཆོག་གིས་གྲྭ་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་ཕྱག་བཏབ་ཡོད།  དགོན་སྡེ་འདི་བོན་གྱི་གྲྭ་ས་རྩ་ཆེན་གཉིས་ཆགས་པ་དང་།  སྟོད་སྨད་བར་གསུམ་གྱི་རབ་བྱུང་སློབ་གཉེར་བ་རྣམས་འདིར་འདུས་ཡོད།  སྨན་རིའི་མཁན་རབས་རེ་རེའི་དུས་སུ་སྒྲུབ་ཆེན་འཛུགས་སྲོལ་ཡོད་པ་དང་།  གཞན་ཡང་མཁན་ཆེན་གོང་མའི་སྐུ་གདུང་བཞེངས་པ་སོགས་ཀྱི་རྒྱུ་དངོས་འབོར་ཆེན་གཏོང་དགོས་པ་རེད།  སྐབས་དེའི་བཞེངས་སྐྲུན་དང་མཛད་སྒོ།  བཤད་སྒྲུབ་འདུས་སྡེའི་མཐུན་རྐྱེན་སོགས་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ནི་ཧོར་ཚོའི་ཡུལ་སྡེ་ཁག་ཆགས་ཡོད།  དེ་ནི་གཅིག་ནས་དབུས་ཀྱི་གྲྭ་ས་དང་ཧོར་ཚོའི་བར་ཐག་རིང་པོ་མིན་པ།  གཉིས་ནས་ཧོར་ཚོ་དེ་དག་ནི་འབྲོག་པ་དང་ས་མ་འབྲོག་གི་ཡུལ་སྡེ་ཡིན་པས་ནས་དང་ཤ་མར་སོགས་ཀྱི་ཐོན་ཁུངས་ལེགས་པོ་ཡོད་པས་མ་ཚད།  ཡུལ་དེའི་དགོན་སྡེ་དང་བླ་དཔོན་སོགས་ལ་ལྟོས་བཅས་ཀྱིས་སྟོབས་འབྱོར་མངའ་ཐང་རྒྱས་པས་རེད། མཁར་རྨེའུ་བསམ་གཏན་ལགས་ཀྱིས་བརྩམས་པའི《མདའ་དང་འཕང》ལས“ཧོར་དང་ཁྱུང་པོ་གཉིས་ནི་དབུས་གཙང་ཁུལ་དུ་ཆགས་པའི་བོན་སྡེའི་ཡོན་བདག་གཙོ་བོ་ཡིན་ལ་གྲྭ་རྒྱུན་གྱི་ཡོང་ཁུངས་ཀྱང་ཡིན།”[46]ཞེས་གསལ་ཡོད་པ་རེད།  གཞན་ཡང་སྨྲ་དགོས་པ་ཞིག་ནི་དབུས་གཙང་གི་གདན་ས་ཁག་ཕུད།  མདོ་ཁམས་ཀྱི་དགོན་སྡེ་ཁག་ལའང་ཧོར་ཚོས་ཞབས་ཕྱི་གང་ཐུབ་ཡོད།  དེ་དག་ལས་གླེང་རིན་ཡོད་པ་ཞིག་ནི་ག་རྒྱ་ཚང་ནས་གཏེར་སྟོན་གསང་སྔགས་གླིང་པ་མཆོག་ལ་བོན་གྱི་བཀའ་འགྱུར་ཆ་ཚང་ཞིག་ཕུལ་ནས་ཉག་རོང་དབལ་ཁྱུང་དགོན་དུ་མར་བསྐྱལ་བ་རེད།  དེ་ནི་དུས་འགྱུར་སྐབས་སུ་མ་འཇིག་པར་བཞུགས་པའི་བོན་གྱི་བཀའ་འགྱུར་ཆ་ཚང་བ་གཅིག་པུ་དེ་ཆགས་ཡོད། འདི་དག་ནི་ཧོར་ཚོས་བོན་བསྟན་ལ་ཐོན་པའི་ཕན་ནུས་ཡིན་པ་བཅས་སོ།།  
དགུ་པ། ཟུར་བཀོད།
 ༡ ཁྱུང་རབས་དཀར་ཆབ་ཆེན་མོ།  མཚན་ཆ་ཚང་ལ་རྒྱལ་ཁྱུང་དཀར་པོའི་གདུང་རབས་རྣམ་ཐར་གྱི་དཀར་ཆབ་ཆེན་མོ་བཞུགས་སོ།།  ཞེས་པ་དེ་རེད།  ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་དུས་རབས་བཅུ་བཞི་པའི་ནང་བརྩམས་པ་རེད།  
  ༢ ཁྱུང་རབས་གཡུ་མགོ་མ།  མཚན་ཆ་ཚང་ལ་མ་ཡིག་གཡུ་མགོ་མ་འདི་ཁྱུང་གི་རྒྱལ་པོ་གཡུ་ཁྲིས་རྒྱུད་དུ་རྟོག་གོ་ཞེས་བྱ་བ་བཞུགས་སོ།། ཞེས་པ་དེ་རེད།  འདི་ནི་ཝ་རྣ་རིན་ཆེན་རྒྱལ་མཚན་གྱིས་དུས་རབས་བཅུ་དགུ་པའི་འགོ་དེར་བརྩམས་པ་རེད།  
  ༣ ཁྱུང་རབས་གསེར་སྒམ་མ།  འདིའི་མཇུག་བྱང་དུ་མཛད་པ་པོ་གསལ་པོར་འཁོད་མེད་མོད།  ཕྲན་གྱིས་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཁྱུང་སེར་གདུང་ལས་བྱོན་པའི་གཡུང་དྲུང་བསྟན་འཛིན་དབང་རྒྱལ་ལམ་མཚན་གཞན་ལ་དབལ་འབར་སྟག་སླག་ཅན(༡༨༣༣-༡༩༠༨)ཞེས་པས་བརྩམས་གནང་བ་ཡིན་པར་འདོད་ཡོད།  
 ༤ ཧོར་གྱི་རྒྱལ་རབས་ཉི་ཟེར་དྲ་བ།  མཚན་ཆ་ཚང་ལ་ཇིང་འགིར་ཧོར་གྱི་རྒྱལ་རབས་ཉི་ཟེར་དོན་འདུས་དྲ་བ་ཞེས་བྱ་བ་བཞུགས་པ་ལེགས་སོ།།  ཞེས་པ་དེ་རེད།  འདི་ནི་ཧོར་རྒྱལ་པོའི་གདུང་སྲས་ནམ་མཁའ་རྒྱལ་པོ་ཞེས་པས་བརྩམས་གནང་བ་རེད་ལ།  ད་ལྟ་མཇལ་ཐུབ་པའི་མདོ་སྟོད་ཧོར་གྱི་ལོ་རྒྱུས་ཐམས་ཅད་ལས་སྔ་ཤོས་རེད།  དེས་ན་འདི་ཉིད་ཀྱི་མཛད་པ་པོ་དང་མཛད་དུས་ངོ་སྤྲོད་མདོར་བསྡུས་ཞུས་ན་ཡག་པོ་ཡོད་པ་འདྲ།  དེབ་འདིའི་མཇུག་བྱང་ལས“གཤེན་གྱི་དྲང་སྲོང་ཚུལ་ཁྲིམས་ཕུན་ཚོགས་དྲུང་། སྒྲ་དང་སྙན་ངག(རྒྱན་གསུམ)དབྱངས་དང་སྡེབས་སྦྱོར(མངོན་བརྗོད)དང་།  མཚན་ཉིད་(འབྲིང་བསམ་དགེ་སློང་ནས་ཁ་དོག་དཀར་དམར)རྩོད་སྒྲའི་དཀྱིལ་འཁོར་ཐིག་རྩ་རྣམས།  བསླབ་ཅིང་ལུང་(ཕྱི་ནང་གསང་གསུམ)དང་མན་ངག་བཅས་འགའ་ཡང་ཞུས།”(༢༨)ཞེས་གསལ་ཡོད་པས།  ཁོང་ནི་གཤེན་མཁས་གྲུབ་ཚུལ་ཁྲིམས་ཕུན་ཚོགས(༡༧༨༣-༡༨༥༥)མཆོག་གི་སློབ་མ་ཡིན་པ་རྟོགས་ཐུབ།  དེས་ན་ཁོང་གིས་དཔེ་ཆ་འདི་བརྩམས་པའི་དུས་ནི་དུས་རབས་བཅུ་དགུ་པའི་དཀྱིལ་སྨད་དུ་ཡིན་པ་ཤེས་ཐུབ།  
   ༥ བཀའ་དང་བཀའ་བརྟེན་དཀར་ཆག་ཏུ་གསལ་བའི་ཧོར་གྱི་ལོ་རྒྱུས།  ཧོར་གྱི་གདུང་རབས་ལས་བྱོན་པའི་སྤྲུལ་སྐུ་བསྟན་པ་རྒྱལ་མཚན་མཆོག་གིས་མཛད་པའི«གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་དཀར་ཆག་བསྟན་འཛིན་བོན་སྤྱོད་རྣམས་ཀྱི་སྣལ་སློང»ཞེས་པ་རུ་གསལ་བ་དེ་རེད།  འདིའི་མཛད་པ་པོ་ཁོང་ནི་ཀླུ་ཕུག་དགོན་གྱི་ལྷ་བླ་གོང་མ་བསྟན་པ་དར་རྒྱས་མཆོག་གི་སྐུ་སྐྱེ་ཡིན་འདུག  དཔེ་ཆ་འདི་ལས་གསལ་བ་ལྟར་ན།  ཁོང་ནི་མན་ཇུའི་གོང་མ་ཀྭང་ཞུས(༡༨༧༡-༡༩༠༨)དུས་སྐབས་ཀྱི་མི་ཡིན་ཞེས་འཁོད་འདུག  གོང་གི་ཡིག་ཆ་འདི་དག་ནི་མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ཀྱིས《བོད་བྱང་ཐང་གི་ཧོར་ཚོ་སོ་དགུའི་ལོ་རྒྱུས་ཀྱི་བྱུང་འཕེལ་ལ་རགས་ཙམ་དཔྱད་པ》རྩོམ་སྐབས་ཕྱག་ཏུ་མ་སོན་པའི་དཔྱད་གཞིའི་ཡིག་ཆ་ཡིན་ལ།  དུས་རབས་ཉི་ཤུ་པའི་གོང་དུ་བརྩམས་པའི་དཔེ་ཆ་ཡིན་པས།  ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཡོད། 
དཔྱད་གཞིའི་ཡིག་ཆ།
[1] སངས་རྒྱས། ཁྱུང་པོ་སྟེང་ཆེན།  དེབ་གཉིས་པ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ཤ༣༠༧  
[2]ཐུབ་བསྟན་ཕུན་ཚོགས།  བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན། དེབ་གསུམ་པ།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  ༢༠༡༩ལོར།  ཤ༦༨  
[3] [5] [6] [8] [12] [15] [18] [19] [20] [21]བོན་གྱི་གདུང་རབས་ཕྱོགས་བསྒྲིགས།[G]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༢༣ལོར། ཤ༣༦༩ཤ༣༧༡ ཤ༣༤༣ ཤ ༣༧༡ ཤ༣༤༣ ཤ༣༤༡ ཤ༣༧༠  ཤ༣༤༡ ཤ༣༧༠
[4] རྒྱལ་ཁྱུང་དཀར་པོའི་གདུང་རབས་རྣམ་ཐར་གྱི་དཀར་ཆབ་ཆེན་མོ།  བསྐྱར་པར་མ།  ཤ༥༨  ཤ༦༥ ཤ༧༦  ཤ༣༤༢ 
[7] [11] [13] [14] [17] [23] [25] [26] [27][28] [29] [30] [31] [33] [34] [35] [37] [38] [39] [41] [43]ཧོར་ཚོའི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ་ཕྱོགས་བསྒྲིགས། ཤ༦༦ ཤ༡༤ནས་༡༦བར་གསལ།  ཤ ༡༨ ཤ༤༢ ཤ༢༢ ཤ༤༤ ཤ༦༩ ཤ༢༥ ཤ༤༦ ཤ༧༢ ཤ ༧༥ ཤ༧༦  ཤ༥༩ ཤ༧༦  ཤ༩༤  ཤ༧༧ ཤ༧༧ ཤ༨༤ ཤ༨༤ ཤ༨༥ ཤ༨༦  
[9] བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས།  དེབ་བརྒྱད་པ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ཤ ༩ 
[10] ཧོར་ཁང་བྱམས་པ་བསྟན་དར། སྒེར་ཧོར་ཁང་གསར་མི་རྒྱུད་རིམ་བྱུང་གི་ལོ་རྒྱུས་རགས་བསྡུས་དང་ཧོར་ཁང་མི་ཐོག་བཅུ་གསུམ་པ་བྱམས་པ་བསྟན་དར་རང་ཉིད་ཀྱི་མི་ཚེའི་བྱུང་བ་དང་འབྲེལ་བའི་གཏམ་ཟོལ་མེད་ཡིད་ཀྱི་དྲན་གླུ།  ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་།  ༢༠༡༨ལོར།  ཤ ༡ 
[16] [22] [44] [46]མཁར་རྨེའུ་བསམ་གཏན།  མདའ་དང་འཕང་།  སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༢༢ལོར།  ཤ ༦༤ ཤ༦༤ ཤ༧༣ ཤ ༦༢  
[24] ནག་ཆུའི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ལོར།  ཤ ༢༠༨ 
[32] དུང་དཀར་བློ་བཟང་འཕྲིན་ལས།  དུང་དཀར་ཚིག་མཛོད་ཆེན་མོ།  
[36] དམ་པ་ཁྱུང་དབུས་ཀྱི་གདན་ས་དང་འབྲེལ་བའི་བླ་དཔོན་རྣམ་པའི་བྱུང་བ་བརྗོད་པ།  ཤ༡༤༦  
[40]ཡུལ་མིའི་ངག་རྒྱུན་དུ་སེ་ར་མཁན་པོ་ཞེས་འབོད་སྲོལ་ཡོད་མོད།  སེ་ར་དགོན་གྱི་མཁན་པོ་དངོས་གནས་པ་ཡིན་པའི་ཡིག་ཆ་གསལ་པོ་མེད་ཟེར།  
[42] ག་སྒང་གཉིས་ལ་དམག་དྲངས་པའི་སྐོར་ལ་བཞེད་སྟངས་མི་འདྲ་བ་ཁ་ཤས་འདུག་ཀྱང་འདིར་ཧོར་རྒྱལ་རབས་ལ་གཞི་བྱས་ཡོད།  
[45] བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས།  དེབ་ལྔ་པ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ཤ ༨༣ 

 
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།