ཁྱུང་པོ་སྟེང་ཆེན་ས་གནས་སུ་བོད་ལུགས་སྨན་རྩིས་དང་འབྲེལ་བའི་བྱུང་བ་མདོ་ཙམ་གླེང་བ།
[ཟླ་ཚེས། 2023-11-02 13:09:14][རྩོམ་པ་པོ། ར་མ་དགེ་བཤེས་ཀུན་བཟང་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
བོད་གངས་ཅན་གྱི་གསོ་རིག་ནི་བོད་མིའི་སྤྱི་ཚོགས་ཀྱི་འཚོ་བ་དང་མཁོ་གལ་ཆེ་བ་ཕན་ཚུན་གྱི་འབྲེལ་བས་གྲུབ་པ་དང་བོད་མིའི་འཚོ་བའི་མཉམ་དུ་གནས་དུས་ཁོར་ཡུག་དང་འབྲེལ་བའི་རང་གི་ཉམས་མྱོང་བརྒྱུད་རིམ་ཐོག མི་རིགས་རང་གི་ལུས་དང་སེམས་ཀྱི་བདེ་ཐང་གི་ལྡོག་ཟླ་དང་འཐབ་རྩོད་བྱས་པའི་གཡུལ་ས་ནས། ཟས་སྤྱོད་འདོར་ལེན་ཤེས་པའི་རྣམ་དཔྱོད་ཐོབ་ཅིང་། རྨང་གཞི་དེའི་སྟེང་ལུས་སེམས་བདེ་ཐང་འབྱུང་བའི་ཡུལ་སྲོལ་དང་། ཆོས་ལུགས་རིག་གནས། ཆབ་སྲིད་དཔལ་འབྱོར་སོགས་མེད་པ་ནས་ཡོད་པ་དང་ཡོད་པ་དར་རྒྱས་སོང་སྟབས། བོད་རང་ས་ནས་ཉམས་མྱོང་གི་གསོ་རིག་གཞུང་རྐང་བཟུང་བས་མི་རིགས་གཞན་པའི་གསོ་རིག་གི་ཤེས་བྱའི་ལེགས་ཆ་འགའ་རང་གི་ཡུལ་དུས་དང་འཚམས་པར་གང་འོས་བསྡུ་ལེན་གནང་བའི་ཉེར་འབྲས་ཐོབ་པ། བོད་ལུགས་གསོ་བ་རིག་པ་ཐུན་མོང་མིན་པའི་རང་མཚན་ལྷང་ངེར་གྲུབ་པ་འདི། རྨོངས་ཚོད་ཀྱི་རྟོག་བཏགས་ཙམ་མ་ཡིན་པར་འབྱུང་ལྔ་འགལ་འབྲེལ་རིག་པའི་དངོས་པོ་གཙོ་བས། གཞི་ལམ་འབྲས་གསུམ་ཕན་ཚུན་རྟེན་འབྲེལ་ལྟོས་གྲུབ་ཀྱི་རིག་པ་ཡིན་གཤིས། སྤྱི་ཚོགས་ཚན་རིག་གི་ཁྱབ་ཁོངས་ལས་མ་འདས་སྟབས། ཐོག་མར་བོད་མི་རང་གི་རྣམ་དཔྱོད་ཀྱི་གསོ་རིག་རྨང་གཞིའི་གཞུང་ཤིང་ཡ་ཐོག་ཞང་ཞུང་གི་ཤེས་རིག་དང་འབྲེལ་བ་ཟབ་པོ་ཡོད་པ་སུས་ཀྱང་བསྙོན་དུ་མེད་པ་ཡིན། དེ་དང་ཤིན་ཏུ་འབྲེལ་ཡོད་ཁྱུང་པོ་སྟེང་ཆེན་གྱི་ཕྱིའི་ས་གནས་དང་། ནང་གི་ཤེས་རིག་སྐོར་ལ་དངོས་ཤུགས་བརྒྱུད་གསུམ་གང་ཐད་ནས་རག་ལས་པས། ད་ལན་སྐབས་དོན་དང་འབྲེལ་བར་གཤམ་དུ་རིམ་པས་ཞུ་བ་ལ།
གཅིག བཅིངས་འགྲོལ་མ་བཏང་སྔོན་གྱི་བྱུང་བ།
མཐོ་སྒང་གི་བྱ་གཅན་རི་གཡུང་ཚོགས་ཀྱི་སྤུ་སྡུག་གྲ་རྩེ་དགུང་ལ་ལྡེམ་ཤིང་། རྒྱ་ཤོད་ལོ་ཏོག་གི་འབྲུ་དྲུག་ས་ལ་བྱུར་བུར་སྨིན་པ། རྩི་ཤིང་སྐྱེ་དངོས་ཕུན་སུམ་ཚོགས་པའི་འདབ་མདངས་སྟུག་པོར་དཀྲིགས་པའི་རི་ཆུ་ཀླུང་གསུམ་གྱིས་ཉམས་དགའ་བ་དང་། རང་བྱུང་ས་རྡོའི་གཏེར་དངོས་སྣ་ཚོགས་ཀྱིས་ཀུན་ནས་གཏམས་པའི་མཐོ་གཙང་གིས་ཀྱིལ་ལེར་འཁོར་བའི་སྤུ་རྒྱལ་གངས་རི་ཆེན་པོའི་ཤར་འདབས་ན། རྟ་ཤོད་ཟ་མ་རི་ཡི་སྒང་སྟོད་ཁྱུང་པོ་རི་བོ་རྩེ་དྲུག་རྣོ་བའི་དབལ་སོ་གནམ་དུ་གཟེངས། དེའི་ལྟག་རྒྱབ་ན་རྟ་ཤོད་ལུང་ཆུ་སྔོན་མོ་ནུབ་ཏུ་རྒྱུ་བའི་གཡས་ཟུར་ནས་རུང་ཐང་གནས་ཁྲ་མོའི་སྙིང་རྗེའི་སྤྱན་མིག་རབ་ཏུ་མཛེས། བྱང་ནས་སྤུ་ཐོག་མཚོ་མོའི་ཆུ་ཀླུང་གཙང་མའི་རླབས་ཕྲེང་གཉེར་བའི་ལྷོ་ཕྱོགས་སུ་ཁྱུང་པོ་དཀར་ནག་སེར་གསུམ་གྱི་གདན་ས་སྟེ། གནས་མཆོག་བྲག་དམར་རི་ཡི་མདུན་མདོར་གསེར་ཉ་འཁྱུག་འདྲའི་སྒང་སྟེང་དེར། གདན་ས་དཔལ་གྱི་སྟེང་ཆེན་ཞེས་ཁྱུང་པོ་དཀར་རུའི་གདན་ས་དང་། དེའི་ཤར་ན་ཁྱུང་ནག་ཕོ་བྲང་། ནུབ་ན་ཁྱུང་སེར་བྱ་ཟེ་ཡང་རྫོང་བཅས་དེ་གསུམ་ནི་སྔར་ཁྱུང་པོ་དཀར་ནག་སེར་གསུམ་གྱི་དཔོན་པོས་རང་གི་ཡུལ་སྡེ་དབང་བསྒྱུར་བྱ་བའི་བསྟི་གནས་ཡིན་པས། རུས་མིང་ཡུལ་ལ་ཐོགས་པའི་བླ་དྭགས་སུ་ཁྱུང་པོའི་ཡུལ་ཞེས་གྲགས་ལ། སྟེང་ཆེན་ཞེས་པ་གོང་གསལ་ཁྱུང་པོ་དཀར་རུའི་གདན་ས་ཉ་ཡི་སྒལ་པ་འདྲ་བའི་སྟེང་ན་གནས་པས་འདྲ་བ་རྒྱུ་མཚན་བྱས་ནས་བཏགས་པ་སྟེང་ཆེན་ཞེས་སུ་གྲགས་པས་ཁྱུང་པོ་སྟེང་ཆེན་ཞེས་པའི་ཐ་སྙད་འདི་ཉིད་ཡོངས་སུ་གྲགས་པའོ།། བོན་གྱི་བསྟན་འབྱུང་ཁག་ལས་ཞང་ཞུང་སྒོ་པའི་ས་གནས་སུམ་པ་གླང་གི་གྱིམ་ཤོད་ཅེས་ཀྱང་གསལ་ཡོད།
༢༽ ནང་ཤེས་རིག་གི་རྒྱབ་ལྗོངས།
ཁྱུང་པོ་སྟེང་ཆེན་ས་སྐོར་འདིའི་ཐད་ཞང་ཞུང་སྒོ་པའི་ས་སྐོར་སུམ་པ་གླང་གི་གྱིམ་ཤོད་ཅེས། བསྟན་འབྱུང་དང་ལོ་རྒྱུས་རྣམས་སུ་གསལ་བ་དེ། དུས་ནམ་ཙམ་ནས་ཡིན་པ་རགས་པས་དཔོགས་ཐུབ་པ་ནི། སྔར་དུས་ཞང་བོད་གཅིག་ཏུ་མ་གྱུར་སྐབས་སུ་ཡིན་པ། ཞང་ཞུང་སྙན་རྒྱུད་ཀྱི་བོན་མ་ནུབ་པའི་གཏན་ཚིགས་ལས “ཁྲི་སྲོང་ལྡེ་བཙན་གྱི་རིང་ལ། ཕྱི་བློན་བཅུ། ནང་བློན་བཅུ། ཕྲིན་བློན་བཅུ། སུམ་ཅུ་ཡོད་པའི་དུས་དེར་རྒྱལ་པོའི་མངའ་ཐང་ཆེ་སྟེ། སྟག་གཟིག་ནོར་གྱི་རྒྱལ་པོ་བཏུལ་ནས། ཚོང་ལམ་མཐའ་བར་དུ་ཆུ་བོ་ཆེན་པོས་ཆོད་པ་ལས། ཤིང་རིང་གི་ཟམ་པ་འཛུགས་པ་དང་། སྐུ་སྲུང་བྱེད་པ་ཁས་བླངས་སོ། ། དེ་དུས་ཞང་ཞུང་གི་རྒྱལ་པོ་ལིག་མི་རྒྱ་བཞུགས་ན། ཞང་ཞུང་ལ་དམག་སྟོང་སྡེ་དགུ་ཁྲི་དགུ་འབུམ་ཡོད་པའི་སྟེང་དུ། སུམ་པ་སྟོང་བུ་ཆུང་ཡན་ཆད་མངའ་རིས་ཡིན་ལ། བོད་ལ་སྟོང་སྡེ་བཞི་བཅུ་རྩ་གཉིས་། སྟོང་བུ་ཆུང་གཅིག་དང་རྩ་གསུམ་ལས་མེད་ན། ཞང་ཞུང་གི་རྒྱལ་པོ། བོད་ཀྱི་རྒྱལ་པོས་མངོན་སུམ་དུ་བཏུལ་དུ་མི་ཐུབ་སྟེ། བོད་ཀྱི་རྒྱལ་པོས་ཐུགས་ལ་བརྣག་པ་དང་། ངན་གྱིས་གཡོ་སྒྱུས་བཏུལ་ལོ་སྙམ་མོ”ཞེས་དང་། ཡང་དེ་ཉིད་ལས “ཞང་ཞུང་རྒྱལ་པོ་ནི་ཟླ་བ་ཕྱི་ཏ་ལ། ཞང་ཞུང་ཡུལ་ནས། སུམ་པ་གླང་གི་གྱིམ་ཤོད་དུ། སྐུ་རྐྱེན་དང་ཆས་ནས་འདུན་མ་ལ་བཞུད་ཀྱིས”ཅེས་པས་སུམ་པ་གླང་གི་གྱིམ་ཤོད་ཞང་ཞུང་དང་འབྲེལ་ཡོད་ཡིན་པར་གོ་ནུས་པས། ཞང་ཞུང་རྒྱལ་རབས་ཀྱིས་དབང་བསྒྱུར་བྱ་ཡུལ་ཡིན་པ་དང་། ཕྱིས་སུ་ཁྱུང་པོའི་རུས་རྒྱུད་དཔོན་རིགས་ཀྱིས་དབང་བསྒྱུར་བྱས་ཡོད་ལ། ས་ཁྱོན་ཆེ་ཆུང་དང་དར་གུད་ཅི་རིགས་བརྒྱུད། བོད་བཙན་པོའི་སྐབས་ནས་བཟུང་། ས་སྐྱ་དང་ཕག་གྲུ གཙང་པ་དང་དགའ་ལྡན་ཕོ་བྲང་བཅས་ཀྱི་དུས་སུའང་གཙོ་བོ་ཁྱུང་པོའི་བླ་དཔོན་བར་མ་ཆད་པའི་མཁས་གྲུབ་རིམ་བྱོན་གྱི་ཁྱབ་ཁོངས་ལས་མ་འདས་སྟབས། དེ་དང་འབྲེལ་ཡོད་ཆབ་དཔལ་རིག་གསུམ་གྱི་བྱུང་བ་བོན་གྱི་ལོ་རྒྱུས་དང་རྣམ་ཐར། ཁྱུང་རབས་ཁག་ལས་ཅུང་ཙམ་མ་གཏོགས། ཡོངས་གྲགས་ཀྱི་བསྟན་འབྱུང་ལོ་རྒྱུས་ཁག་ལས་མ་གསལ་ཕག་ལ་ཡིབ་པ་ནི། བོད་སྤྱི་ཡོངས་ཀྱི་ཆབ་སྲིད་སྔ་ཕྱི་གང་ལའང་ལངས་ཕྱོགས་ལྡོག་ཟླར་སོང་བས་ཡིན་པ་ལས་ལོ་རྒྱུས་དང་རིག་གནས་མེད་པས་མ་ཡིན་ཏེ། ཁྱུང་པོའི་ཡུལ་འདིར་བོན་གྱི་ཤེས་རིག་གམ་བོད་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་བའི་སྐྱེས་བུ་མང་དག་བྱོན་ཡོད་ལ། ཁྱད་པར་དུ་སྤྲུལ་སྐུ་བློ་ལྡན་སྙིང་པོས (༡༣༦༠-༡༤༠༦)མཚོན། དམ་པའི་སྐྱེས་བུ་མང་པོས་རིག་པའི་གནས་ལྔའི་ལམ་ནས་བསྟན་པ་འཛིན་སྐྱོང་སྤེལ་བའི་མཛད་རྗེས་རྒྱ་ཆེར་ཡོད་པས། ཁྱུང་ཡུལ་རིག་པ་འབྱུང་བའི་ཕ་ས་ཞེས་གླེང་བ་ཞང་ཞུང་གི་ཤེས་རིག་དང་འབྲེལ་བ་དོན་དང་ལྡན་པའི་ཕྱིར་དང་། ཞང་ཞུང་ཤེས་རིག་གམ་བོན་གྱི་རིག་གཞུང་བྱུང་འཕེལ་འབྱུང་བའི་ཁྱབ་ཁོངས་ཁྱུང་པོའི་ཡུལ་དང་ཤིན་ཏུ་འབྲེལ་བའི་རྟེན་དང་བརྟེན་པའི་གནས་དུས་ཁོར་ཡུག་གི་གོ་སྐབས། བོད་ཀྱི་ལུང་པ་གཞན་དང་མ་འདྲ་བའི་དམིགས་བསལ་ཟུར་ཁོལ་བྱུང་ཡོད་པས་སོ། གཞན་ཡང་ཁྱུང་པོའི་རུས་རྒྱུད་ཀྱི་མི་སྣ་བོད་བཙན་པོའི་བློན་ཆེན་གྱི་གོ་ས་ཡོད་པའི་མི་ཆེན་དང་། མཁས་ཤིང་གྲུབ་པར་བརྙེས་པའི་སྐྱེས་ཆེན། དཔེར་ན། རྗེ་ཏ་པི་ར་ཙ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། གྲུབ་ཆེན་མི་ལ་རས་པ་ལ་སོགས་དུ་མ་བྱོན་ཡོད་ལ། དེ་དག་གནས་དུས་ཁོར་ཡུག་གི་རྒྱུ་རྐྱེན་རྒྱབ་ལྗོངས་ལས་བརྟེན་ནས་བྱུང་བ་ཡིན་པས་ཁྱུང་པོའི་རུས་རྒྱུད་མི་སྣས་ཀྱང་བོད་ཀྱི་ལོ་རྒྱུས་རིག་གནས་ལ་ཤུགས་རྐྱེན་མི་ཉུང་བ་ཐེབས་ཡོད་པ་ནི་སྨོས་ཀྱང་མ་དགོས་སོ།།
༣༽ སྐབས་དོན་གསོ་རིག་གི་བྱུང་བ།
གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་ཐོག་མ། སྟོན་པ་གཤེན་རབ་མི་བོའི་སྐུ་སྲས་དཔྱད་བུ་ཁྲི་ཤེས་ཀྱིས། སྟོན་པར་ཞུས་པའི་གདམས་དོན་བསྡུས་པའི་ཐུགས་འབུམ་མཁའ་སྔོན། སྨན་འབུམ་དཀར་པོ། དཔྱད་འབུམ་ཁྲ་བོ། ནད་འབུམ་ནག་པོ་སྟེ་གསོ་རིག་འབུམ་བཞི་དང་། དཔྱད་ཐབས་འཕྲུལ་སྡེའི་ཡང་བཅུད་མན་ངག་ཉམས་ཀྱི་ཡིག་ཆུང་། དཔྱད་བུ་ཁྲི་ཤེས་ཀྱིས་མཛད་པའི་དུག་བཅོས་གཡུང་དྲུང་འཁྱིལ་བ། དཔྱད་བུའི་གསོ་དཔྱད་སྨན་མདོ་རྩ་འགྲེལ་གཉིས། ལག་ལེན་རྡོ་སྦྱོར་ཤིང་སྦྱོར་གཉིས། སྔོ་སྦྱོར་ལྡུམ་སྦྱོར་བཅས་གསུམ། ཤ་སོས། རུས་སྦྱོར། རྒྱུས་མཐུད་དར་ཡ་ཀན་གྱི་རྒྱུད་སོགས་ཡོད་པ་རྣམ་ཐར་དང་ལོ་རྒྱུས་ལས་གསལ་ཡོད་པ་མ་ཟད། གསོ་རིག་རྒྱུད་འབུམ་བྱེ་བའི་ཡང་སྙིང་འགྲོ་ཀུན་འབྱུང་འཁྲུགས་ནད་ཀྱི་ཟུག་རྔུའི་གདུང་བ་ཀུན་སེལ་སྨན་སྦྱོར་སྟོང་རྩ་ཕན་བདེ་དཔྱིད་ཀྱི་དགའ་སྟོན་རོལ་པའི་རྒྱན་ལས “གཟི་བརྗིད་ལས་བཤད་སྨན་བླ་བཻཌཱུརྱའི། སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔར་བྱུང་བའི། གསོ་དཔྱད་རྒྱུད་སྡེ་ཆེན་པོ་གཞུང་ཆེན་ལྔ་། མདོ་སྡེ་སྡེ་དགུ་ཡན་ལག་བརྒྱད་པ་དང་། ཉིང་ལག་ཉི་ཁྲི་ཆིག་སྟོང་གཏན་ལ་ཕབས། གཞན་ཡང་གདལ་འབུམ་ལ་སོགས་འབུམ་སྡེ་ལས། གསལ་བའི་སེང་གེ་ཟབ་མོས་ཞུས་པའི་མདོ། གསོ་རིག་སྨན་གྱི་མདོ་རྒྱུད་བརྒྱ་ཕྲག་ནི། ཡན་ལག་བརྒྱད་པ་བ་སུ་ཏ་རའི་མདོ། ལི་བྱིན་ཆེན་པོ་དྲང་སྲོང་ཙ་ར་ཀ། ཤ་ར་ན་དང་བསྡུས་སྦྱོར་ཆེན་པོའི་མདོ། བདུད་རྩི་ལི་ཁྲི་རྩ་དཔྱད་ཆེ་ཆུང་མདོ། ཁོང་དཔྱད་རིང་མོ་མཚན་ཉིད་ལྔ་པའི་མདོ། གྲ་མ་པ་ཏི་ཡན་ལག་བདུན་པའི་མདོ། དཔྱད་འཆོགས་ཆེ་ཆུང་ཡིད་གྱི་ཁྱེའུ་ཆུང་མདོ། གཏོ་འབུམ་ཞུས་ལེན་འོད་དཀར་ཐུགས་རྗེའི་མདོ། ཤིང་རྒྱལ་ཙན་དན་མེ་ཡི་རྒྱལ་པོའི་མདོ། རྩི་རྒྱལ་མ་དུ་རྡོ་རྒྱལ་དཀར་པོའི་མདོ། ལྕགས་རྒྱལ་ཕོ་སྨུག་སྟག་པ་ཁུ་འབྱིན་མདོ། ཨ་ལག་རྣམ་གསུམ་ག་ག་ཧོས་རིལ་མདོ། རྒྱ་ནག་མེ་བཙའ་རྡོ་སྦྱོར་རབ་འབྲིང་ཐ། མཆོད་ལུམས་ཐུམ་ཆེན་ལྷ་བ་ཚིགས་འཇུག་མདོ། གྱི་མདང་རྒྱལ་ཐང་རེག་ནག་འོད་ཆེན་མདོ། རྨ་མགོ་གཉིས་སྦྱོར་གླད་པ་འཛག་གཅོད་མདོ། གླད་པ་རུལ་གཅོད་གླད་པ་སུལ་བུར་བསྐྱེད། དོ་བ་ཁར་འགྲོ་ཟུག་རྔུ་ལོག་འབྱམསམདོ། ལྕགས་སྦྱོར་ཐེལ་ཆུང་ལྕགས་སྦྱོར་ཆེ་ཆུང་མདོ། ལྕང་ལོ་སྔོན་པོ་འཕྲུལ་གྱི་མེ་ལོང་མདོ། བྱང་ཁོག་སྙིང་ཆུ་དཀར་ཤན་དམར་ཤན་མདོ། ཅི་ཏ་བསྡུས་འཕེན་བུམ་ཁུག་རིང་མོའི་མདོ། ཉི་ཟེར་ཟླ་ཟེར་རྨ་ལོ་ལྔ་བཞི་གཉིས། གསོ་བ་ཟས་མདོ་རེག་པ་རྩ་ཡི་མདོ། གཏར་སྲེག་ཆུ་མདོ་ཕྱོགས་རིས་རྟེན་འབྲེལ་མདོ། ཚ་གྲང་འབྲེལ་མདོ་དཔྱད་མཆོག་གཏར་སྲེག་མདོ། ཞི་སྦྱང་སྨན་དཔྱད་ཆ་བྱེད་ལག་ཆའི་མདོ། ཕྱེ་མ་རིལ་བུ་ཁུ་བ་འདེ་གུའི་མདོ། དུག་ལུམས་བྱུག་པ་རིན་ཆེན་འབྱིག་སྦྱོར་མདོ། རྩི་མདོ་གསེལ་མདོ་མེ་ལོང་འཕྲུལ་མདོ་དང་། ལུང་རིག་མདོ་དང་དམར་པོ་རྩི་ཡི་མདོ། ཤེས་རབ་སྦུན་པོ་སྤྲིན་གཡོག་ཆུ་ཡི་མདོ། ཆུ་རླངས་སྦྱར་ལུམས་རང་རྩ་བདེ་སྐོར་མདོ། ཡིག་ཆེན་མེ་མདོ་ཇ་ལོག་མེ་ཡི་མདོ། མཚོན་ཆ་གཏར་མདོ་གཅོད་འབུག་གྱེས་པའི་འདོ། གཏར་ཁའི་འབུག་བཤག་མཚོན་དོལ་ཆེ་ཆུང་མདོ། ཞི་རབ་འབྲས་མདོ་འབྱུང་བ་བསྐྱེད་འབྲིའི་མདོ། དབང་པོ་རྩི་མདོ་རླང་པ་སྤར་འདེབས་མདོ། ཁ་རྡུལ་བྱང་ཁོག་སྐྱུགས་སྨན་དཔྱད་ཀྱི་མདོ། ཚིག་འཁོར་ཡན་ལག་གནམ་སྐྱོགས་མགོ་བའི་མདོ། གསོ་བྱེད་དུག་སེལ་ཐུགས་འབུམ་ཁ་སྔོན་མདོ། སོ་མ་ར་ཛ་ཆེ་ཆུང་གསུང་ཏིག་སྒྲོན། མེ་ཆུ་གོ་ལྡོག་རིན་ཆེན་སྤུངས་པའི་མདོ། ས་སྒྱོགས་རྐང་བ་སྒྱོགས་ཚང་པུས་མོའི་མདོ། རྒྱ་ཕུབ་བྲང་མདོ་གུར་ཆེན་རྩིབ་མའི་མདོ། རྨོག་ཕུབ་མགོ་མདོ་རི་ཁྲོད་རྒྱལ་བའི་མདོ། བདུད་རྩི་སྙིང་པོ་རྫོང་ཕྲང་འཕྲུལ་ལྡེ་དང་། བདུད་རྩི་བམ་པོ་བདུན་དང་ཤ་སྦྱོར་རྒྱུད། བདུད་རྩི་མཆོག་ལུང་བདུད་རྩི་བུམ་པའི་རྒྱུད། སྣང་གསལ་ཤེལ་བུམ་ལ་སོགས་མདོ་དང་རྒྱུད། བརྒྱ་དང་རྩ་བརྒྱད་ཉི་ཁྲི་ཆིག་སྟོང་སོགས། དཔྱད་བུ་ཁྲི་ཤེས་རྒྱལ་སྲས་སེམས་དཔའ་དང་། དྲང་སྲོང་ཆེན་པོ་བརྒྱད་ལ་གཏད་གཉེར་མཛད། བཏང་བཞག་ཐབས་ལ་མཁས་པར་གྱིས་ཤིག་གསུངས། ཞེས་པའི་སྨན་གྱི་མདོ་སྡེ་རྒྱུད་འབུམ་སོགས། གྲངས་མེད་གྲངས་སུ་བགྲང་བའི་ནུས་སྟོབས་དབེན། བསམ་གྱིས་མི་ཁྱབ་འགྲོ་བའི་སྤྱི་དཔལ་ཤར”ཞེས་གསུངས་པའི་གོང་གསལ་གསོ་རིག་གི་སྨན་གཞུང་དེ་རྣམས་ལས། གསོ་རིག་འབུམ་བཞི་དང་། དཔྱད་ཐབས་འཕྲུལ་སྡེའི་ཡང་བཅུད་མན་ངག་ཉམས་ཀྱི་ཡིག་ཆུང་གཉིས། ད་ལྟ་ཡོངས་ཁྱབ་མཇལ་ཡུལ་དུ་བཞུགས་ཡོད། ང་ཚོའི་ལག་ཏུ་སོན་པའི་དཔེ་རྙིང་མ་ཡིག ཁམས་ཉག་རོང་དབལ་ཁྱུང་དགོན་དུ་བོན་གྱི་བཀའ་འགྱུར་གྲས་འབུམ་བཞི་ཆ་ཚང་ལག་བྲིས་ཡིག་ནག། ཨ་མདོ་སྒུར་རྐྱང་དགོན་དུ་སྨན་འབུམ་དང་། དཔྱད་འབུམ། ནད་འབུམ་དང་གསུམ་དཔེ་རྙིང་ལག་བྲིས་ཡིག་ནག་འབྲུ་ཞིབ་ཅན། ཧོར་སྦྲ་ཆེན་རག་ཤིའི་ཁྱིམ་ཚང་དུ་སྨན་འབུམ་དང་། དཔྱད་འབུམ་གཉིས་ལག་བྲིས་ཡིག་ནག་དཔེ་རྙིང་ཅིག་དང་། ཁྱུང་པོ་སྟེང་ཆེན་དུ་སྨན་འབུམ་དཀར་པོ་དང་། དཔྱད་འབུམ་ཁྲ་བོ་། ནད་འབུམ་ནག་པོ་དང་གསུམ་ལག་བྲིས་ཡིག་ནག་དཔེ་རྙིང་། ད་དུང་ནད་འབུམ་ནག་པོའི་ལག་བྲིས་ཡིག་ནག་དཔེ་རྙིང་བཅས་འབུམ་བཞིའི་དཔེ་རྙིང་ཁག་དང་། དཔྱད་ཐབས་འཕྲུལ་སྡེའི་ཡང་བཅུད་མན་ངག་ཉམས་ཀྱི་ཡིག་ཆུང་གི་དཔེ་རྙིང་ལག་བྲིས་ཡིག་ནག་བཅས། རིག་གསར་གྱི་གོད་ཆག་མ་སོང་བའི་ད་ཡོད་དཔེ་གཞུང་རང་དུ་དཔྱད་བུ་ཁྲི་ཤེས་ཀྱིས་བསྡུས་པ་གསལ་བ་ལྟར། དཔེ་དང་ལུང་གི་རྒྱུད་པ་མ་ནུབ་ད་ལྟ་བཞུགས་ཡོད་ཀྱང་གཞན་པའི་གོང་གསལ་དཔེ་ཆ་ཕལ་མོ་ཆེ། དུས་དབང་གིས་མིང་གི་ལྷག་མ་ཙམ་ལས་མ་གཏོགས་ནུབ་པའམ་ཡང་ན་གང་ཡིན་ཆ་འཚལ་བས་ད་ལན་བཙལ་འཚོལ་དང་དཔྱད་རྒྱུའི་གནས་སུ་གྱུར་པའོ།། ད་དུང་ངེས་པར་ཤེས་དགོས་པ་ནི། གོང་གསལ་གསོ་རིག་གི་གནའ་དཔེ་དེ་རྣམས། བོན་ལུགས་ལྟར་ན་སྟོན་པ་གཤེན་རབ་མི་བོས་བསྟན་པའི་རྒྱུ་ཡི་ཐེག་སྒོར་གཏོགས་པས། རྒྱུ་ཐེག་ཕྱྭ་གཤེན་པའི་འཇུག་སྒོའི་བོན་སྡེ། སྨན་རྩིས་གཉེར་གཏད་བྱ་ཡུལ་ཕྱྭ་གཤེན་ལེགས་རྒྱལ་ཐང་པོ་དང་། ཀོང་ཚ་འཕྲུལ་བུ། དཔྱད་བུ་ཁྲི་ཤེས་ལ་སོགས་དྲང་སྲོང་མཆེད་བརྒྱད་ནས་རིམ་པར་བརྒྱུད་ནས་ཞང་བོད་ཀྱི་རྒྱལ་ཁམས་སུ། སྔ་ཕྱིའི་རྒྱལ་སྲིད་འཕོ་འགྱུར་གྱི་འགྲོས་ལ་བསྟུན་པའི་མིང་བརྡའི་འགྱུར་བ་ཙམ་མ་གཏོགས། སྔར་གྱི་རིག་གཞུང་གི་ངོ་བོ་ནམ་ཡང་འགྱུར་ལྡོག་མ་སོང་བར། གཞན་པའི་ལེགས་ཆས་ཁ་སྣོན་གྱིས་གསར་གཏོད་མཛད་པའི་སྐྱེས་བུ་ཞང་ཞུང་ལ་བྱོན་ཡོད་པས་མ་ཚད། བོད་རྒྱལ་བཙན་པོ་ཁྲི་སྲོང་དང་དུས་མཉམ་དུའང། བླ་ཆེན་དྲན་པ་ནམ་མཁའ། མཁས་པ་ལི་ཤུ་སྟག་རིང་། ལོ་ཆེན་བཻ་རོ་ཙ་ན། མཁའ་འགྲོ་ཅོ་ཟ་བོན་མོ་ལ་སོགས་བོད་རྒྱལ་བཙད་པོ་དང་འབྲེལ་བའི་གནད་ཡོད་བོན་གྱི་མི་སྣ་མང་པོ་ཡོད་པ་ལོ་རྒྱུས་ཁག་ལས་གསལ་བས། རིས་མེད་ཀྱི་བསྟན་འཛིན་སྐྱེས་ཆེན་དམ་པ། འཇམ་མགོན་བློ་གྲོས་མཐའ་ཡས(༡༨༡༣-༡༨༩༩)ཀྱི་ཞལ་སྔ་ལས། མཁས་མང་བགྲོས་པའི་སོ་མ་རཱ་ཛ་བྱུང་། ཞེས་གསུངས་པའི་དགོས་པ་དགོངས་གཞི་རྒྱ་ཆེར་ལོས་ཡོད། བཙན་པོ་ལྷ་སྲས་དར་མའི་རྗེས་སུ་བྱོན་པའི་རྗེ་བཙུན་ཁྲོ་ཚང་འབྲུག་ལྷ།(༩༥༦-༡༠༧༧) གཏེར་སྟོན་གཤེན་ཆེན་ཀླུ་དགའ།(༩༩༤-༡༠༥༣) ཁོང་ལ་ལོ་རྒྱུས་འགར་ལྷ་རྗེ་གཤེན་སྒུར་ཡང་འབོད། གཏེར་སྟོན་ཁུ་ཚ་ཟླ་འོད།(༡༠༢༤-?) ཁོང་ལ་གཏེར་སྟོན་ཀུ་ས་སྨན་པའང་འབོད། རྨེའུ་སྟོན་མཁས་པ་དཔལ་ཆེན།(༡༠༥༢-༡༡༠༦) གཤེན་སྟོན་ལྷ་རྗེ་རིན་ཆེན། གཤེན་སྟོན་ལྷ་རྗེ་སྨན་རྒོད།(༡༠༣༥-?) གཤེན་སྟོན་དམ་པ་རྒྱལ་ཚབ།(༡༠༥༠-༡༡༣༨) གཤེན་སྟོན་ལྷ་རྗེ་ཇོ་བཀྲ།(༡༠༦༩-༡༡༤༩)གྲུབ་ཐོབ་གཤེན་སྲས་ལྷ་རྗེ། ཞུ་ལྷ་རྗེ་ཇོ་མཁར། ཞུ་ལྷ་རྗེ་ཇོ་ཐོག ཞུ་ལྷ་རྗེ་སྐྱིད་པོ། གཤེན་སྒོམ་ཞིག་པོའམ་བོན་ཞིག་ཁྱུང་ནག(༡༡༠༣-༡༡༨༣)གཏེར་སྟོན་གུ་རུ་རྣོན་རྩེ།(༡༡༣༦-?) ཁོང་ལ་ཨ་ཡ་བོན་པོ་ལྷ་འབུམ་ཡང་འབོད། དཔོན་གསས་ཁྱུང་རྒོད་རྩལ(༡༡༧༥-?)ཁོང་ལ་རིག་འཛིན་རྒོད་ལྡེམ་པའང་འབོད། གཤེན་སྟོན་ཀུན་མཁྱེན་ཡེ་ཤེས་བློ་གྲོས།(༡༡༩༢-?)ཁོད་པོ་བློ་གྲོས་ཐོགས་མེད།(༡༢༨༠-?)སྤྲུལ་སྐུ་བློ་ལྡན་སྙིང་པོ།(༡༣༦༠-༡༤༠༦)ཤེལ་ཞིག་གཡུང་དྲུང་རྒྱལ་པོ།(༡༥༩༥-?) གཤེན་མཁས་ཚུལ་ཁྲིམས་རྒྱལ་མཚན(༡༧༨༣-?)སྐམ་ཚང་གཡུང་དྲུང་ཉི་མའི་དབང་པོའམ་དྲུང་མུ་ཙ་ཝེར།(༡༧༨༡-?) མཁན་ཆེན་ཉི་མ་བསྟན་འཛིན།(༡༨༡༣-༡༨༧༠)གཏེར་སྟོན་བདེ་ཆེན་གླིང་པ།(༡༨༣༣-?)མཁས་གྲུབ་ལུང་རྟོགས་རྒྱ་མཚོ། (༡༨༧༩-?) སྤ་སྟོན་གཡུང་དྲུང་འབྲུག་གྲགས།(༡༨༩༢-༡༩༥༡)ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེའམ་གཡུང་དྲུང་རྒྱལ་མཚན།(༡༨༩༧-༡༩༥༥)ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན།(༡༨༩༣-༡༩༦༠)སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག (༡༩༢༦)སོགས་གོང་གསལ་སྐྱེས་བུ་རིམ་བྱོན་འདི་རྣམས། བོན་གྱི་བསྟན་པ་འཛིན་པའི་མཁས་གྲུབ་གཉིས་ལྡན་གྱི་གནད་ཡོད་མི་སྣ་ཡིན་པས་མ་ཟད། བོད་ཀྱི་སྨན་རྩིས་རིག་གནས་ལ་ཤིན་ཏུ་མཁས་པས། རྒྱུན་འཛིན་དང་གསར་གཏོད་མཛད་པའི་ལོ་རྒྱུས་དང་གྲུབ་འབྲས་རྗེས་བཞག་མཇལ་དུ་ཡོད་པས་ད་ལན་སྐབས་བབ་ཀྱི་རིག་གཞུང་གི་རྒྱབ་ལྗོངས་སུ་གྱུར་ཡོད། སྐབས་དོན་ཁྱུང་པོ་སྟེང་ཆེན་ཁུལ་གྱི་གསོ་རིག་གི་བྱུང་ཁུངས་དང་འབྲེལ་ཡོད་ཙམ་དུ་ག་ལ་ཟད་ཀྱིས། གངས་ལྗོངས་བོད་ལུགས་གསོ་རིག་གི་བསྟན་པའི་འགོ་ཁུངས་དང་འབྲེལ་བའི་ཁ་སྐོང་དུ། ཕྱོགས་ཙམ་སྟོན་པས་རྒྱ་ཆེར་འགྲེས་སུ་རིགས་པར་བྱ་བའི་གནས་ཡིན་ནོ།།
༤༽ ཁྱུང་པོ་སྟེང་ཆེན་ཁུལ་གྱི་གསོ་རིག་བྱུང་བ་དངོས།
ཞང་བོད་གཅིག་གྱུར་སོང་མིན་ལ་མ་ལྟོས་པའི་དུས་རིམ་རིང་པོའི་ནང་། ཞང་ཞུང་ཤེས་རིག་དང་འབྲེལ་འདྲིས་ཆེ་བའི་ཁྱུང་པོའི་ཡུལ་མིའི་རིག་གནས། དམིགས་གསལ་བོན་གྱི་ཆོས་ལུགས་དང་རྗེས་སུ་འགྲོ་ལྡོག་གྱུར་པར་བརྟེན། བོན་གྱི་ཆོས་ལུགས་ཀྱི་རྒྱུ་ཐེག་ཕྱྭ་གཤེན་པའི་འཇུག་སྒོ། མོ་རྩིས་གཏོ་དཔྱད་བཞི་ཞེས་གྲགས་པ་སྟེ། བོད་མིའི་ཡུལ་དུས་ཁོར་ཡུག་དང་ཉེ་བར་འཚམས་པར་སྟོན་པ་གཤེན་རབ་ཀྱིས་གཏན་ལ་ཕབས་ཤིང་། ནད་སེལ་རྐྱེན་ཟློག་གི་བོན་ཆོག་གང་ཞིག་བྱས་ཀྱང་སྔོན་འགྲོའི་ཆ་རྐྱེན་མེད་དུ་མི་རུང་བའི་འབྲེལ་ཡོད་ཡིན་པས། སྨན་རྩིས་གཉིས་པོ་གཏོ་ཆོག་དང་མཉམ་དུ་འཛིན་སྐྱོང་བྱས་པ་མ་གཏོགས་སྔར་དུས་ཕལ་ཆེར་སྨན་དང་རྩིས་ཀྱི་ཟུར་ཚན་ལོགས་སུ་མེད་པས། བོན་ཆོག་ཕྱྭ་གཤེན་གྱི་རིག་གཞུང་ཡོད་ལ། སྨན་རྩིས་ཀྱི་རིག་གནས་མེད་པ་ཡོང་ཐབས་མེད་པས་ཁྱུང་པོའི་ཡུལ་མིའི་རིག་གཞུང་ཡོད་པ་དང་མཉམ་དུ་སྨན་རྩིས་རིག་པ་འཛིན་མཁན་ཡོད་པ་རིགས་པས་གྲུབ་པ་ཡིན། གོང་གསལ་རིག་པའི་གནས་ཀུན་མཁྱེན་པའི་སྐྱེས་མཆོག་རིམ་བྱོན་དེ་རྣམས། རྒྱབ་ལྗོངས་དང་འབྲེལ་བའི་ཁྱུང་ཡུལ་དུ་གསོ་རིག་འཛིན་པའི་སྐྱེས་ཆེན་གཙོ་བོ་ཁག་ཤས་ཚོད་ཙམ་གྱིས་མཚན་ནས་རིམ་པས་ཞུ་བ་ལ།
༡ དུས་རབས་བཅུ་པའི་སྨད་ཙམ་དུ་ཁྱུང་པོའི་གདུང་འཁྲུངས་མཁས་པ་ཁྱུང་དབུས་པས། རང་ཡུལ་མདོ་ཁམས་ཀྱི་རིག་གཞུང་མཁྱེན་ཚད་རྒྱས་པ་མ་ཟད། གཙང་ཁུལ་དུ་བྱོན་པའི་ཞུ་སྒྲོལ་བ་གཤེན་རྒྱལ་ཉིད་བརྙེས་པ་གསུམ་གྱིས་བླ་མར་བསྟེན་ཏེ། གསུང་རབ་ཁམས་ཆེན་ནག་ཕྲན་མའི་བུ་དཔེ་མདོ་ཁམས་སུ་འབྲི་བཞེངས་མཛད་པ་སོགས་དང་མདོ་སྔགས་ཀྱི་དབང་ལུང་། དབང་ལྡན་ཞུ་ལ་ཁུངས་སུ་བྱས། ཉིད་ཀྱི་དབོན་པོ་ཁྱུང་དབུས་རིན་པོ་ཆེ་ཤེས་རབ་རྒྱལ་མཚན་(ཁྱུང་པོ་སྟེང་ཆེན་དགོན་གྱི་བླ་རབས་ཐོག་མ) གྱིས་ཀྱང་ཁོང་གི་བཀའ་བཞིན། དེ་རྗེས་མཁས་པ་ཁྱུང་དབུས་པའི་སྐྱིལ་ས་དང་། ཁྱུང་མོ་རྫིང་མོ་ཆེ་རུ་གྲགས་པའི་རྩར (སྔ་མོར་སྟེང་ཆེན་ཁར་སྲིད་རྒྱལ་བླ་མཚོ་ཞེས་པ་རྫིང་མཚོ་ཞིག་ཡོད་པར་གྲགས) ཞུ་སྒྲོལ་བ་གདན་དྲངས། བླ་སློབ་འབྲེལ་བའི་ཞུ་འབུལ་རྒྱ་ཆེར་མཛད། ཞུ་ཁྱུང་ཉི་ཟླ་ཟུང་འབྲེལ་ཞེས་པའི་འབྲེལ་བ་བྱུང་ནས། ཁམས་ཀྱི་བོན་པོས་དབུས་གཙང་སྐོར་བའི་སྲོལ་བཟང་བཙུགས། མཁས་བཙུན་རྟོགས་གསུམ་ལྡན་པའི་འཆད་ཉན་གྱི་མཛད་པ་རྒྱ་བསྐྱེད། མདོ་སྔགས་རིག་གནས་མཁྱེན་རྒྱ་ཡངས་པའི་ཁོར་ཡུག་བསྐྲུན་ཞིང་། དེའི་ཁྱབ་ཁོངས་ན་གསོ་བ་རིག་པ་ལ་སོགས་གནས་ལྔ་རིག་པའི་བསྟན་པ་ལ། མཁས་པ་ཁྱུང་དབུས་པ་ཉིད་ཀྱིས་མཛད་པ་རྒྱ་ཆེར་སྐྱོང་བར་གསལ་ཏེ། སྤྲུལ་སྐུ་བློ་ལྡན་སྙིང་པོས་མཛད་པའི་དབྲ་དཀར་ཁྱུང་གི་གདུང་འཛིན་རྣམས་ལ་བསྟོད་པ་ལས” རིག་པའི་གནས་ལྔ་མཁྱེན་པའི་ཁྱུང་དབུས་པ”ཞེས་དང་། ཁྱུང་པོའི་བླ་ཆུང་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་རྒྱལ་ཁྱུང་དཀར་པོའི་གདུང་རབས་ལས་ཀྱང་ཚུལ་མཚུངས་པར་གསལ་བས་སོ།།
༢ རག་ཤི་ཁ་མཛོ་མཆོག་དུས་རབས་བཅུ་གཉིས་སྨད་ལ་རི་གཞུང་བོར་སྟོད་(སྟེང་ཆེན་རྫོང་འབོ་ཐ་ཤང་རི་ཐ་ཚུན་ཁོངས)སྐུ་འཁྲུངས། ཞིང་འབྲོག་གཞི་རྒྱ་ཆེ་བའི་ཕྱུག་བདག་ཡིན་པས་མ་ཟད། ཁྱུང་པོ་འབུམ་རྗེ་གྲགས་པ་དང་འབྲེལ་ཡོད་གལ་ཆེན་མི་སྣ་ཡིན་པར་ངེས་ཏེ། ཁྱུང་རབས་ལས “ཁྱུང་པོ་འབུམ་རྗེ་གྲགས་པའི་དུས། ལྡད་ཀྱི་ལྕང་ར་གོང་མ་ནས། རྒང་ཨ་ཉ་ཕོ་མོ་གཉིས་མ་དུམ་ནས། འབུམ་རྗེ་དང་རག་ཤི་ཁ་མཛོད་གཉིས་ཀྱི་བགོས”ཞེས་སོ།། བྱང་རྟ་རྣ་དགོན་པའི་བདག་ཐོབ་ཡོད་པའང་ཡིན་ལ། ལུགས་གཉིས་གང་ཐད་མཁས་པའི་གྲགས་པ་ཆེ། གསོ་རིག་གི་ཕྱག་ལེན་དང་། དགོངས་རྟོགས་བརྙེས་པའི་གྲུབ་རྟགས་ཡོད་ཚུལ་སོགས་ངག་རྒྱུན་ཡོད་ལ། འགྲོ་མགོན་སངས་རྒྱས་ཡེལ་པ(༡༡༣༤-༡༡༩༤)མཆོད་ཡོན་འབྲེལ་བ་ཟབ་ཅིང་། བན་བོན་རིས་མེད་དད་འདུན་ཆེ་བ་མ་ཟད་བོན་ལུགས་མོ་གཏོ་སྨན་དཔྱད་གཞི་བཅས་པའི་ཕྱག་ལེན་ཐོག དྭགས་པོའི་ལྷ་རྗེའི་གསོ་རིག་གི་མན་ངག་ལྷུར་བཞེས་ཀྱི་གོ་སྐབས་ཡང་བྱུང་ཡོད་པ་ནི་གོང་གསལ་མཆོད་ཡོན་འབྲེལ་བའི་ཤུགས་ལས་དཔོགས་ཐུབ་ལ་ངག་རྒྱུན་ཡང་ཉམས་མེད། བོར་སྟོད་འབྲོག་སའི་ནང་བླ་མ་ཡེལ་པ་བ་དང་ཡོན་བདག་རག་ཤི་ཁ་མཛོ་གཉིས་ཀྱི་ཞབས་རྗེས་བྲག་རིས་རྗེས་བཞག་རེད་ཟེར་བ་ད་ལྟའང་དད་སྲོལ་དང་ཤོད་སྲོལ་ལྷག་ཡོད་ཅིང་། «ལྷོ་རོང་ཆོས་འབྱུང་» བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ནས་པར་བ་ཤོག་གྲང་༧༩༣-༧༩༤ བར་ལས། “དེ་ནས་ཡོན་བདག་འབྲུག་འབུམ་རག་ཤི་ཁ་འཛོང་གིས་གདན་དྲངས་ནས་མདོ་མང་དང་གནས་གཞི་སོགས་བརྒྱ་འབུལ་མང་དུ་བྱས། དགོན་པ་ཕུལ་བ་ཡང་བཞེས་ནས་དགུང་ལོ་ང་ལྔ་ས་ཕོ་སྤྲེའི་ལོ་ལ་རྟ་རྣ་དགོན་དེ་བཏབ། ”ཅེས་དང་། ཡང་དེ་ཉིད་ལས “སྐུ་གདུང་རིན་པོ་ཆེ་གདན་ས་གསུམ་དུ་གདན་གར་འདྲེན་ཞལ་མ་འཆམ་པ་ལ། ཡོན་བདག་རག་ཤི་སྟོབས་ཆེ་བའི་ཤུགས་ཀྱིས་སེར་ལ་བཞིན་བྱས་ཏེ་རྟ་རྣར་གདན་དྲངས།”ཞེས་གསལ་བ་བཅས་གོང་གསལ་དཔྱད་གཞི་ཁག་ལས་གཞིགས་པས་དཔོགས་ཐུབ་པ་ནི་དུས་རབས་ག་དུས་ཙམ་འཁྲུངས་པ་དང་། ཁོང་གི་མཛད་པ་གསོ་རིག་དང་ལུགས་གཉིས་གང་ལ་མཁས་མཛངས་ལྡན་པས་སྤྱོད་པའི་ཁྱབ་ཁོངས་བཅས་གོང་གསལ་ལྟར་རོ།། བོར་སྟོད་ས་གནས་དེ་རང་དུ་རག་ཤིའི་ཁྱིམ་རྒྱུད་དར་གུད་ཅི་རིགས་བརྒྱུད་ད་ལྟའི་བར་མ་ཉམས་པས་གསོ་རིག་གི་ཁྱིམ་རྒྱུད་སྨན་པའང་མི་རབས་རིམ་བྱུང་པ་ཡོད་པར་གྲགས་ལ། ལོ་ཚིགས་སོགས་གསལ་པོར་མ་ཤེས་ཀྱང་ཡོད་པ་རྣམས་ནི། རག་ཤི་ཀླུ་མགོན་དང་། རག་ཤི་སྐལ་པ། རག་ཤི་ཧེལ་མུ་ཚུལ་ཁྲིམས་སོགས་མི་རབས་མང་པོའི་རིང་ལ་གསོ་རིག་ཕྱག་ལེན་གནང་བ་མ་ཟད། ཉམས་མྱོང་གི་ཟིན་ཏིག་བྲིས་པ་དང་སྨན་དཔེ་གཞན་པ་དུ་མར་ཡོད་པ་གྲགས་ཀྱང་རིག་གསར་གྱི་གོད་ཆག་ནང་དུ་ཐིམ། གསོ་རིག་འབུམ་བཞིའི་སྨན་དགེ་རག་ཤི་ཚུལ་ཁྲིམས་སངས་རྒྱས (༡༩༤༢-༢༠༡༠2)རག་ཤིའི་ཁྱིམ་དུ་བོར་སྟོད་སྐུ་འཁྲུངས། (སྟེང་ཆེན་རྫོང་འབོ་ཐ་ཤང་རི་ཐ་ཚུན་ཁོངས) གསོ་རིག་གི་མཛད་པའི་སྐོར་སོགས་རྣམ་ཐར་གསལ་པོར་བཀོད་པ་ཡོད།།
༣ ཁྱུང་པོའི་བླ་ཆུང་བློ་གྲོས་རྒྱལ་མཚན་མཆོག་ཀྱང་། གསོ་རིག་ལ་སོགས་མདོ་སྔགས་རིག་གནས་ཀུན་ལ་མཁྱེན་རྒྱ་ཆེ་བའི་ཁྱུང་པོའི་གདུང་ལས་བྱོན་པ་དང་། ཕྱི་དར་བོན་བསྟན་འཛིན་པའི་སྐྱེས་བུ་སྔ་ཤོས་ཡིན་པས། ཁྱུང་པོ་སྟེང་ཆེན་གྱི་རིག་གནས་དང་ཁྱད་པར་གསོ་རིག་གི་འབྲེལ་ཡོད་མི་སྣའི་ཁོངས་སུ་བགྲང་འོས་པར་སེམས་ཏེ། ཁྱུང་པོའི་གདུང་རབས་གསེར་སྒོམ་མ་ལས”ཨ་བླ་སོག་པོར་སྲས་གཅིག་དང་ཁྱུང་ཡུལ་དུ་སྲས་ལྔ་ཡོད་དེ། ལྕམ་སྟག་བཟའ་ལ་སྲས་ཆེ་བ་ཁྱུང་པོའི་བླ་ཆུང་བློ་གྲོས་རྒྱལ་མཚན(༡༢༣༨-༡༢༧༤)རབ་བྱུང་བཞི་པའི་ས་ཁྱི་ལ་སྐུ་འཁྲུངས། བསླབ་གསུམ་རྣམ་པར་དག་ཅིང་ཡི་དམ་ལྷ་ཡི་ཞལ་མཇལ་བ། སྡེ་སྣོད་གཞུང་ལུགས་ཀུན་ལ་མཁས་པ། དེས་གླེང་གཞི་བསྟན་པའི་འབྱུང་ཁུངས་དང་། དབྲ་ཁྱུང་དཀར་པོའི་གདུང་རབས། གཤེན་ཀླུ་དགའི་རྣམ་ཐར་སོགས་བཀའ་བསྟན་མང་དུ་རྩམ་ནས་དགུང་ལོ་སོ་བདུན་ལ་འདས”ཞེས་པ་གསལ་བས་སོ།།
༤ སྤྲུལ་སྐུ་བློ་ལྡན་སྙིང་པོ། ཡབ་དབྲ་རིགས་ཚུལ་ཁྲིམས་སེང་གེ་དང་། ཡུམ་ལྡོང་རིགས་རིན་ཆེན་མཚོ་གཉིས་ཀྱི་སྲས་སུ། མདོ་སྟོད་ཚ་བ་སྒང་སྟོད་གཤེན་ཚ་ཉི་མ་རང་ཤར་ཞེས་པའི་ས། དེང་རི་བོ་ཆེའི་རྫོང་། མཁར་དམར་མདོ་ཤང་། ཞེ་མ་ཚུན་གྱི་ཁོངས། སྐུ་འཁྲུངས་པ(༡༣༦༠-༡༤༠༦)བསྟན་རྩིས་ཀུན་ལས་གསལ། བློ་ལྡན་ཉིད་ཀྱི་མགུར་འབུམ། བར་དུ་སྙན་དུ་བརྒྱུད་ཚུལ་གྱི་ལེའུ་ལས”ལོ་ལྔ་ལོན་ནས་ཡིག་རྩིས་བསླབས།། བདུན་བརྒྱད་དགུ་ནས་ཀློག་འདོན་ཤེས།། དབང་ཆེན་ངོ་མཚར་རྒྱས་པ་ལ།། མ་བསླབ་རང་བརྡོལ་ཤེས་པ་འབྱུང་།། ཞེས་དང་། ཡང་དེ་ཉིད་ལས། “ཤེས་རིག་མ་རྨོངས་བྲིས་ཀློག་དང་།། གང་བསླབས་ཐམས་ཅད་ཐོགས་པ་མེད།།” ཅེས་དགུང་ལོ་ལྔ་ནས་དགུང་ལོ་དགུ་བར་དུ་ཡི་གེ་འབྲི་ཀློག་སློབ་སྦྱོང་གནང་སྐབས་རིག་པ་ཁྱད་པར་དུ་གྲུང་པོ་ཡོད་ཚུལ་སྐོར་གསལ། ཁོང་སྐུ་ན་ཆུང་དུས་ཡབ་ཡུལ་གདན་ས་དཔལ་གྱི་སྟེང་ཆེན་དུ་ཕེབས་ཏེ་སློབ་སྦྱོང་བྱས་ཡོད་པར་ཡང་མགུར་འབུམ་ལས། “ཁྱད་པར་བློ་ཐག་མ་ཆོད་པར།། ལག་ཤེས་བྲིས་ལ་ནན་ཏན་བསྐྱེད།། ཆ་ལུགས་བྱིས་སྦ་དབང་ལོག་ཀྱང་།། བསམ་ཚུལ་དགེ་ལ་འདུན་བཅས་དང་།། སྤྱོད་ཚུལ་གྱེར་དང་དབྱངས་སྙན་དང་།། དབང་ཁྲིད་གདམས་ངག་རབ་གནས་དང་།། རྟེན་གསུམ་འབྲི་བཞེངས་ཀློག་འདོན་དང་།། གཡུང་དྲུང་བོན་ལ་སྤྱོད་ཚུལ་བསྟན།།”ཞེས་དང་། དེ་དག་ལས་སྤྲུལ་སྐུ་ཁོང་གིས་འགྲོ་མགོན་བླ་མ་ཁྱུང་པོའི་ཞབས་ལ་གཏུགས་ཏེ་དབང་ཁྲིད་དང་གདམས་ངག་སོགས་གསན་པ་མ་ཟད་ཁྱུང་པོའི་ལྷ་བྲིས་དང་ཡིག་བྲིས་ཁྱུང་ལུགས་ཀྱི་གྱེར་དབྱངས་སོགས་སློབ་སྦྱོང་ནན་ཏན་ཕུལ་ཕྱིན་གནང་ཡོད་ཚུལ་འཁོད་ཡོད། ཁོང་ཉིད་འཇིག་རྟེན་ཐ་མལ་རང་ཁ་བ་མ་ཡིན་པར། ངོ་མཚར་ཆེ་བའི་སྐྱེས་བུ་ཁྱད་པར་ཅན། འུད་བསྟོད་ཀྱི་རྣམ་ཐར་རྟོག་བརྙན་བསྐྲུན་པས་མིན་ལ། ཐོག་མར་ཉམས་ཆུང་འཁོས་ཞན་གྱི་ཁོང་མ་བུའི་འཚོ་གོས་བྲན་གཡོག་ལམ་དུ་སྐུ་ངལ་བརྒྱུད་ཅིང་། ཀུན་གྱི་མཐོང་ངོར་གཞན་ལས་འཕགས་པའི་རིག་རྩལ་ངོ་མཚར་བ་རིམ་པས་མངོན་ཏེ། དབེན་གནས་གསའ་ཡི་བྲག་ར་ནང(ད་ལྟ་སྟེང་ཆེན་གྲོང་རྡལ་ར་ཁྲམ་ཚུན་ཁོངས) སྟོན་པ་གཤེན་རབ་མི་བོའི་རྣམ་ཐར་རྒྱས་པ་དྲི་མེད་གཟི་བརྗིད་པོད་ཆེན་བཅུ་གཉིས་ལེའུ་དྲུག་བཅུ་ཅན། རིག་འཛིན་མཁའ་འགྲོས་སྙན་དུ་བརྒྱུད་པ་གཏན་ལ་ཕབ། འདི་ནི་ཞང་བོད་ཀྱི་རིག་གཞུང་ངོ་མའི་གསོན་ཉམས་དོད་པ། བཟོ་དང་གསོ་བ། རྩིས་རིག་ལ་སོགས་རིག་པའི་གནས་ལྔ་དང་འབྲེལ་བའི་རིག་གཞུང་གི་རྒྱབ་ལྗོངས་རྒྱ་ཆེ་བའི་གངས་ལྗོངས་བོད་ཀྱི་སྤྱི་ནོར་ཡིན་ནའང་བསོད་ནམས་ཀྱིས་ཐེག་སྟོབས་ཆུང་བས་གྲམ་རྡོའི་ཕག་ན་ཟུམ་ཡོད་པ་ནི་ཆེས་བློ་ཕམ་པའི་གནས་སུ་མཆིས་སོ་ཞེས་མགྲིན་པ་གཟེངས་ནས་སྨྲ་བར་སྤོབས་སོ།།
གཞན་མདོ་སྔགས་རྫོགས་གསུམ་གྱི་བཀའ་དང་བཀའ་བརྟེན་རིག་འཛིན་མཁའ་འགྲོས་སྙན་དུ་རྒྱུད་པ་དང་ཁོང་ཉིད་ཀྱིས་བརྩམས་གནང་བ་བཅས། ད་ལྟ་ག་ཚོད་བཞུགས་ཡོད་མིན་ལ་མ་ལྟོས་པར་སྔར་པོད་བདུན་བཅུ་ཡར་ལྷག་ཡོད་ཚུལ་གསུང་རབ་ཀྱི་དཀར་ཆག་དག་ལས་གསལ། རྗེས་སུ་སྤྱི་ལོ་༡༣༨༠ལོ་ཡན་མན་དུ་ཁྱུང་པོ་དཀར་རུའི་གདན་ས་དཔལ་གྱི་སྟེང་ཆེན་དུ། འོལ་གླིང་གི་གསས་མཁར་ཤམ་པོ་ལྷ་རྩེར་དཔེ་བླངས་ཏེ། གསས་ཁང་བཀྲ་ཤིས་འོད་འབར་བཞེངས། ཁྱུང་སེར་གྱི་གདན་སར་ཁྱུང་པོ་ཡེ་ཤེས་རྒྱལ་མཚན་གཙོས་པས་གདན་དྲངས། རྟག་གཟིགས་འོལ་མོ་གླིང་ནས་གསས་ཁང་བཀྲ་ཤིས་ལེགས་ཐང་དཔེར་བླངས་ཏེ། བཀྲ་ཤིས་མཐོང་སྨོན་བྲག་དམར་ལྷ་རྩེ་ཞེས་པའི་གསས་ཁང་བཞེངས། རྩེ་ལ་གསེར་འཕྲུ་དང་ནང་ལ་གསེར་དངུལ་ཟངས་ལྕགས་སོགས་རིན་པོ་ཆེ་ལས་གྲུབ་པའི་མཆོད་ཆས། གཞན་སྐུ་རྟེན་གསེར་གྱི་སྐུ་འདྲ་བརྒྱ་ཕྲག་དང་། གསེར་དངུལ་གྱིས་བཞེངས་པའི་གསུང་རབ་བརྒྱ་ཕྲག་དུ་མར་ཡོད་པའི་གཞལ་ཡས་ཁང་མི་ཡུལ་ལྷ་ཡི་ཕོ་བྲང་ལྟ་བུར་མཛད། དེ་བཞིན་མདོ་སྟོད་སྨད་བར་སོགས་གང་སར་བྱོན་ནས་དགོན་པ་མང་པོ་བཞེངས་ཤིང་སངས་རྒྱས་བསྟན་པ་སྤེལ་ཚུལ་སོགས། ལུང་རིགས་མང་པོ་ལས་གསལ། སྐབས་དོན་གཙོ་བོ་སྨན་རྩིས་དང་འབྲེལ་ཚུལ་ཁོང་གི་སྙན་དུ་རྒྱུད་པའི་མཛད་མདོ་དྲི་མེད་གཟི་བརྗིད་ལས་ངོ་སྤྲོད་ཅུང་ཙམ་ཞུས་ན། ཕྱྭ་གཤེན་ཐེག་པའི་མདོ་ལས “ནད་ལ་དཔྱད་ཀྱིས་ཕན་པའི་ཕྱིར། སྨན་པ་བྱང་ཆུབ་སེམས་ལྡན་གྱིས། ཚད་མེད་བཞི་ཡི་སེམས་བསྐྱེད་ནས། རྒྱལ་བའི་ཚོགས་ལ་སྐྱབས་སུ་འགྲོ། དྲིན་ལན་མཆོད་པའི་མཎྜལ་འབུལ། སངས་རྒྱས་སྨན་ལྷ་མཆེད་བརྒྱད་དང་། བཻཌཱུརྱ་འོད་རྒྱལ་པོ་མཆོད།“ ཞེས་དང་། ཡང་དེ་ཉིད་ལས། “ནད་ངོས་འཛིན་པ་རྩ་ལ་དཔྱད། ཕན་གནོད་ཐམས་ཅད་ཆུ་ལ་དཔྱད། འཆི་སོས་ཐམས་ཅད་ཁམས་ལ་དཔྱད། དེ་ལྟར་ནད་ངོས་ཟིན་པ་དང་། ཚ་གྲང་བད་མཁྲིས་འདུས་པ་ལ། བསིལ་དྲོད་སྙོམས་པའི་སྨན་སྦྱར་ནས། ཕྱེ་མ་རིལ་བུ་འདེ་གུ་དང་། ཐང་དང་བྱུག་དང་སྨན་མར་དང་། གང་ལ་གང་འགྲོ་ནད་དང་སྦྱར། ཚ་བ་ཐམས་ཅད་བསིལ་གྱིས་འདུལ། གྲང་བ་ཐམས་ཅད་དྲོད་ཀྱིས་འབྱིན། འདུ་བ་འཁྲུགས་ན་སྙོམས་ཀྱིས་འདུལ། འདུ་བ་ཉིས་ཁྲི་ཆིག་སྟོང་ལ། ཉིས་ཁྲི་ཆིག་སྟོང་སྨན་སྦྱོར་གྱིས། མ་རིག་ཉོན་མོངས་དྲུང་ནས་འབྱིན།” ཅེས་དང་། ཡང་དེ་ཉིད་ལས།“ཚ་བའི་ནད་ལ་གྲང་བའི་སྨན་སྦྱོར་བྱ།། གྲང་བའི་ནད་ལ་དྲོད་ཀྱི་སྨན་སྦྱོར་བྱ།། རླུང་ནད་ཅན་ལ་བཅུད་ཀྱི་སྦྱོར་སྡེ་བྱ།། མཁྲིས་པ་ཅན་ལ་སྙོམས་ཀྱི་སྦྱོར་སྡེ་བྱ།། བད་ཀན་ཅན་ལ་གསིང་བའི་སྦྱོར་སྡེ་བྱ།། ཁྲག་ནད་ཅན་ལ་གསོ་བའི་སྦྱོར་སྡེ་བྱ།།” ཞེས་སོགས་གསོ་རིག་དང་འབྲེལ་བའི་སྐོར་དང་། རྩིས་དང་འབྲེལ་བ་ཡང་དེ་ཉིད་ལས”རྣོ་མཐོང་རྩིས་ཀྱི་མཚན་ཉིད་ལ། གབ་ཙེ་སུམ་བརྒྱ་དྲུག་ཅུ་མཆིས”ཅེས་དང་། ཡང”རྩིས་ལ་རྣམ་པ་བཞི་ཡིན་ཏེ། གབ་ཙེ་འཕྲུལ་གྱི་མེ་ལོང་དང་། སྤར་ཁམས་སྨེ་བ་གླིང་བསྐོར་དང་། འབྱུང་བ་དུས་ཀྱི་འཁོར་ལོ་དང་། ཅུ་ཡག་རྟེན་འབྲེལ་ལས་རྩིས་དང་། རྣམ་པ་བཞི་རུ་ཤེས་པར་བྱ” ཞེས་དང་། ཡང”གཉིས་པ་གབ་ཙེ་བརྩི་བ་ལ། ཟ་འོག་བེར་གྱི་གདན་སྟེང་དུ། རྩིས་ཀྱི་ཤོག་གཞི་ཁྲ་བོ་དགོས། རྩིས་ཀྱི་ཤོ་རྡོ་དཀར་ནག་བཀྲམ། ཡེ་སྲིད་ལྷ་དབང་རྒྱལ་པོ་མཆོད། འབྱུང་བ་དུས་ཀྱི་ལྷ་མོ་བརྔན། དབང་ཆེན་བདག་པོར་མངའ་ཡང་གསོལ། དེ་ནས་ཆག་ལ་གཞལ་ཏེ་རྩིས། གབ་ཙེ་འཕྲུལ་གྱི་མེ་ལོང་བལྟ། སྤར་ཁམས་སྨེ་བ་གླིང་བསྐོར་བྱ། འབྱུང་བ་དུས་ཀྱི་འཁོར་ལོ་བརྩི། ཅི་ཡག་སྲིད་པའི་རྟེན་འབྲེལ་བརྟག བརྟག་ཅིང་རིག་པས་དཔྱད་ཅིང་དབྱེ། སྔ་ཕྱི་ད་ལྟའི་ཡིན་ཚུལ་དང་། རྒྱུ་དང་རྐྱེན་ལས་སྲིད་ཚུལ་དང་། ལས་དང་སྨོན་ལམ་མཐུན་ཚུལ་དང་། བསྐལ་སྲིད་འབྱུང་བའི་འགྱུར་ཚུལ་དང་། རྟེན་འབྲེལ་སྔོན་ལས་དབང་ཚུལ་དང་། ནམ་ཟླ་དུས་བཞིའི་འགྱུར་ཚུལ་དང་། ལྷ་བདུད་ཀླུང་རྟའི་དར་རྒུད་དང་། སྐྱོན་ཡོན་ལས་ཀྱི་འཕེན་ལེན་དང་། དགེ་སྡིག་ཚེ་ཚད་ཆག་ཚད་དང་། ལོ་ཟླ་ཞག་གྲངས་དུས་ཚོད་དང་། འཕེལ་དང་འགྲིབ་པའི་མཚན་ཉིད་རྣམས། མཁས་པར་བྱས་ལ་དལ་བར་བརྩི། གང་དུ་གནོད་པ་ངོས་ཀྱི་བཟུང་། གང་ལ་ཕན་པ་བརྡ་ཡིས་སྤྲད། གང་དང་མཐུན་པ་རྟེན་འབྲེལ་བསྒྲིག གང་དུ་བྱུང་བ་ཡི་གེར་བཏབ། སེམས་ཅན་འགྲོ་ལ་ཕན་གདགས་བྱ”ཞེས་ཕྱྭ་གཤེན་ཐེག་པའི་མདོ་ལས་སྨན་རྩིས་གཉིས་ཀྱི་ལག་ལེན་དང་གོ་རིམ་བསྟན་དོན་མདོ་ཙམ་ཟུར་འདོན་ཞུས་པ་འདི། སྤྲུལ་སྐུ་བློ་ལྡན་སྙིང་པོ་ཉིད་ལ་རིག་འཛིན་མཁའ་འགྲོས་སྙན་དུ་བརྒྱུད་པ་དང་དེའི་དགོངས་རྟོགས་མངའ་བའི་བདག་པོར་གྱུར་པ་ཁོང་ཉིད། ཁྱུང་པོ་སྟེང་ཆེན་གྱི་བོད་ཀྱི་སྨན་རྩིས་རིག་པ་འཛིན་པའི་སྐྱེས་བུ་དམ་པའི་རྣམ་ཐར་ངོ་སྤྲོད་ཞུ་འོས་ལྟར་བགྱིས་ཡོད་ལ་བགྱིས་པ་འདིས་ཀྱང་བོད་གངས་ཅན་གསོ་རིག་བསྟན་པ་འཛིན་པའི་སྐྱེས་བུ་ཆེན་པོ་ཞིག་གི་རྣམ་ཐར་སྦས་དོན་གྱུར་པ་ད་ལྟ་མངོན་གྱུར་དུ་ཕུད་པ་ལགས་སོ།།
༥ ཤེལ་ཞིག་གཡུང་དྲུང་རྒྱལ་པོའམ་མཚན་གཞན་མི་ཤིག་རྡོ་རྗེ། ཤེལ་ཞིག་གི་གདུང་ལ་ཁྱུང་ཡུལ་གསེར་ཚའི་ཡུལ་དུ་སྐུ(༡༥༩༥-?)འཁྲུངས། ཁོང་ལ་སྙན་དུ་བརྒྱུད་པའི་མདོ་སྔགས་རྫོགས་གསུམ་གྱི་བོན་སྡེ་པོད་ཆེན་བཅུ་ཕྲག་ཡར་ལྷག་གཏན་ལ་ཕབ། གསང་སྔགས་འཆང་བའི་རྟེན་བཅས་ཤིང་། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུའི་རྣམ་ཐར་རྒྱ་ཆེར་ཡོད། ཁྱད་པར་ནད་སེལ་གྱི་སྔགས་དང་གཏོ་ཆོག་དང་། གསོ་བ་སྨན་གྱི་ཕྱག་ལེན་བསྟར་བའི་མཛད་པས་ནད་བཅོས་སྨན་སྦྱིན་རྒྱ་ཆེར་གནང། ཁོང་ལ་ཡེ་ཤེས་མཚོ་རྒྱལ་སྲིད་པའི་ཡུམ་གཅིག་མས་སྙན་དུ་བརྒྱུད་པ། ནད་སྲུང་དང་སྨན་བཅོས། རྩ་ཆུ་ཐང་ཕྱེ་ལ་སོགས་མན་ངག་མང་བའི་ཆེས་རྩལ་ཆེའི་རིན་ཐང་ལྡན་པ་གསོ་དཔྱད་ཀྱི་གཞུང《དཔྱད་ཐབས་འཕྲུལ་སྡེའི་ཡང་བཅུད་མན་ངག་ཉམས་ཀྱི་ཡིག་ཆུང》 ལེའུ་བཅུ་དྲུག་ཅན་ཞིག་གཏན་ལ་ཕབ། དེ་ཉིད་རིག་གསར་གྱི་གོད་ཆག་སྐབས་སུ་དཔོན་བཟང་ལྷ་རྗེ་གི་དགའ་(༡༩༣༣-༢༠༡༨)མཆོག་གིས་གཅེས་ཉར་གནང་བའི་སྐུ་དྲིན་ལས། དཔེ་རྒྱུན་དང་ལུང་རྒྱུན་མ་ཆད་པར་ཁྱུང་པོ་སྟེང་ཆེན་དུ་ད་ལྟ་བཞུགས་ཡོད་པ་ནི་ཞང་བོད་ཀྱི་གསོ་རིག་གི་སྟོང་ཆའི་ཁ་སྐོང་ཡིན་པར་སྙམ།
༦ འཚོ་བྱེད་ཚུལ་ཁྲིམས་དབང་རྒྱལ་མཆོག(༡༧༩༨-)འཁྲུངས།(སྟེང་ཆེན་རྫོང་སྟེང་ཆེན་གྲོང་རྡལ་ཁོངས) དེ་ནས་རིམ་བཞིན་བསོད་ནམས་དབང་རྒྱལ། བསོད་ནམས་ཚེ་དབང་། རྣམ་དག་གཙུག་ཕུད་ལ་བརྒྱུད། ལྡོང་ཆུང་བསྟན་པ(༡༨༨༢-)དེས་བསོད་ནམས་དར་རྒྱས་དང་ཚེ་དབང་ཡེ་ཤེས་ཟུང་ལ་བརྒྱུད། དེ་ནས་རྒན་བསམ་གཏན་ཡེ་ཤེས་བར་སྨན་སྔགས་རྒྱུད་མ་ཆད་པར་གཅིག་ནས་གཅིག་ལ་བརྒྱུད་པའོ། ད་ལྟའང་བསམ་གཏན་ཡེ་ཤེས་ཀྱི་སྲས་པོ་སྐལ་བཟང་ཟླ་བ་མཆོག་གིས་གསོ་རིག་གི་རྒྱུན་འཛིན་བར་མ་ཆད་པའི་ཕྱག་ལེན་གནང་བཞིན་པའོ།།
༧ བདུད་འདུལ་སྤྲུལ་སྐུ་ཚུལ་ཁྲིམས་དབང་གྲགས་མཆོག་ནི། ཁྱུང་པོ་སྟེང་ཆེན་དགོན་གྱི་བླ་རབས་ཉེར་གསུམ་པ་རུ་བགྲང་། ཡབ་དོ་ཁང་གི་སྲས་དང་ཡུམ་ཞེ་འགྲུ་བཟའ་གཉིས་ཀྱི་སྲས་སུ་དོ་ཁང་ཚང་དུ་(༡༨༣༢-༡༨༩༠)སྐུ་འཁྲུངས།(སྟེང་ཆེན་གྲོང་རྡལ་སྟེང་ཆེན་ཚུན་གྱི་ཁོངས) དགུང་ལོ་དྲུག་གི་ཐོག༧སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན་ (༡༨༡༣-༡༨༧༠) མཆོག་ཁྱུང་ཡུལ་དུ་ཕེབས་སྐབས་གཙང་མ་གཙུག་ཕུད་ཀྱི་སྡོམ་ཁྲིམས་བཞེས། སྤྲུལ་པའི་སྐུ་མཆོག་ཁོང་དགུང་ལོ་ལྔ་ནས་ཁུ་བོ་སྐལ་བཟང་བློ་ལྡན་གྱི་མདུན་ནས་ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་འབྲི་ཀློག་ནས་རིག་པའི་གནས་ལྔའི་ཡ་གྱལ་བརྡ་དག་སྙན་གསུམ་སྨན་རྩིས་སོགས་ལ་སྦྱོང་པ་མཛད། ཁྱད་པར་དུ་གསོ་བ་རིག་པ་དང་། གྱེར་དབྱངས། རྩིས་དཀར་ནག་སོགས་གཙོས་པའི་བཅུ་ཕྲག་རིག་པའི་གནས་ཀུན་ལ་མཁྱེན་པ་རབ་ཏུ་རྒྱས། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་མཛད་པས་ཀུན་གྱིས་བཀུར་ཞིང་གདུལ་བྱ་རྒྱ་ཆེ་བའི་ཁོར་ཡུག་གི་ཆ་རྐྱེན་ལས། ལུང་རྟོགས་བསྟན་པ་རྗེས་བཞག་རླབས་ཆེན་གྱི་མཛད་པ་སྟེ། (བཀའ་འབུམ་རབ་རྒྱས་ཁང) ཞེས་པའི་གསུང་རབ་ཀྱི་དཔེ་མཛོད་ཁང་ཞིག་གསར་སྐྲུན་གནང་སྟེ། མདོ་སྔགས་རིག་གནས་ཆ་ཚང་བའི་དཔེ་ཚོགས་པོད་ལྔ་བརྒྱར་ཉེ་བའི་མ་དཔེ་གང་སར་ནས་འཚོལ་བསྡུ་གནང་ཞིང་། ཉིད་ཀྱིས་བཀའ་བཀོད་ལྟར་ལོ་མང་རིང་ལག་བྲིས་ཀྱིས་བཞེངས་པ་་གྲུབ་མཐར། སྡེ་ཚན་སོ་སོར་ཕྱེས་པའི་དཀར་ཆག«རྒྱལ་བའི་བཀའ་དང་བཀའ་བརྟེན་རྨད་བྱུང་དགོས་འདོད་ཡིད་བཞིན་གཏེར་གྱི་བང་མཛོད་ལ་དཀར་ཆག་བློ་ཡི་ཐ་རམས་བཀྲོལ་བྱེད་འཕྲུལ་གྱི་ལྡེ་མིག» ཞེས་པ་བརྩམས་གནང་། དཀར་ཆག་དེར་ལྡན་ལྟར་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གསུང་རབས་རྣམས། སྐབས་དེ་དུས་བོད་ལ་ཡོད་ཅོག་ཕལ་མོ་ཆེ་དང་རིག་གནས་བཅས་པ་ཆ་ཚང་བ། བོད་ཁམས་ཡོངས་ནས་བོན་གྱི་དཔེ་མཛོད་གཞི་རྒྱ་ཆེ་ཤོས་སུ་བརྩི་ཆོག་པར་སྙམ། ཕྱིས་སུ་དཔེ་མཛོད་ཕྱི་ནང་གི་རིག་དངོས་ཀུན་རིག་གསར་གྱིས་གཏོར་བརླག་གྱུར་ནའང་དཀར་ཆག་དེ་ཉིད་གོད་ཆག་དབང་དུ་སོང་མེད་པས། སྐབས་བབས་འཆད་བྱ་དཔེ་མཛོད་དེའི་ནང་སྒྲ་རིག་པ་དང་། བཟོ་རིག་པ་ལ་སོགས་རིག་གནས་དཔེ་གཞུང་ལེའུ་རྩིས་དང་བཅས་པ་གསལ་པོར་བཀོད་པའི་པོད་ཉེར་གསུམ་གྱི་དཀར་ཆག་ཡོད་ཀྱང་རེ་རེ་བཞིན་ཞུས་ན་ཡིག་ཚོགས་མང་བས་བཞག་ལ། ད་ལན་སྨན་རྩིས་གཉིས་ཀྱི་དཔེ་གཞུང་གང་ཡོད་སྐབས་དོན་དང་འབྲེལ་བར་བརྟེན། རིམ་པས་ངོ་སྤྲོད་འདི་ལྟ་སྟེ། གསོ་རིག་འབུམ་བཞི་སྟེ། འདི་ལ་ཁུ་ཚ་དང་བུ་འཚོའི་གཏེར་ལུགས་གཉིས་སུ་ཡོད་པས་འདིར་བཞུགས་བུ་འཚོའི་གཏེར་ལུགས། རྩ་བ་ཐུགས་འབུམ་མཁའ་སྔོན། དེ་ལས་གྱེས་པ་གསོ་བྱེད་སྨན་འབུམ་དཀར་པོ་ལེའུ་སོ་གཅིག དཔྱད་འབུམ་ཁྲ་བོ་ལེའུ་སོ་གཅིག ནད་འབུམ་ནག་པོ་ལེའུ་གོ་བཞི་བཅས། དཔལ་ལྡན་རྒྱུད་བཞི་ཆ་ཚང་། དེའི་འགྲེལ་པ་སྡེ་སྲིད་ཀྱི་བཻ་སྔོན་ཆ་ཚང་། ཀམ་བླ་གཡུང་ཉི་རྒྱལ་གྱི་སྨན་ནུས་ངོས་འཛིན་ཀུན་གསལ་ཉི་མའི་དབང་པོ། ཀུན་གྲོལ་གསང་བ་རྩལ་གྱི་བདུད་རྩི་རྣམ་རྒྱལ་བུམ་བཟང་ཞེས་པ་ལེའུ་ང་གཅིག མཁན་ཆེན་ཉི་མའི་གསང་སྔགས་རྫས་ཀྱི་ཉེར་མཁོ རྫས་ལྔ་རིན་ཆེན་ཕྲེང་བ། སྤོས་ཀྱི་སྡེབ་སྦྱོར་མཆོད་འབུལ་ལྷ་མོའི་ལུང་བསྟན། སྤྲུལ་སྐུ་མི་ཤིག་རྡོ་རྗེའི་སྙན་བརྒྱུད། དཔྱད་ཐབས་འཕྲུལ་ལྡེའི་ཡང་བཅུད་མན་ངག་ཉམས་ཀྱི་ཡིག་ཆུང་ལེའུ་བཅོ་ལྔ་། སྡེ་སྲིད་ཀྱི་ལྷན་ཐབས་ལེའུ་བརྒྱ་དང་སོ་གསུམ་བཅས་གསོ་རིག་སྐོར་གྱི་དཔེ་ཆ་དེ་རྣམས་དང་། རྩིས་ཀྱི་སྐོར་ལ། མཁན་ཆེན་ཉི་མའི་གྲུབ་རྩིས་ལུགས་ཀྱི་རྩིས་གཞུང་ངོ་མཚར་འབུམ་ལྡན་དང་ནག་རྩིས་བཅས་པ། གཤེན་མཁས་ཚུལ་རྒྱན་གྱི་རྩིས་གསར་རྣམ་དག་དང་དེའི་ལེ་ལག་ཆ་ཚང་། ཁོང་གིས་མཛད་པའི་ནག་རྩིས་སྐོར་ཆ་ཚང་། དབྱངས་ཅན་གྲུབ་རྡོའི་རེའུ་མིག་སྡེབ་གཉིས། མ་བུ་སྒྲ་ཡི་སྡེབ་ཚུལ་དབང་གི་གཏེར། སྡེ་སྲིད་ཀྱི་བཻ་དཀར་ཆ་ཚང་བཅས་སྨན་རྩིས་གཉིས་ཀྱི་དཔེ་གཞུང་དེ་དག་རིག་གནས་སྡེ་ཚན་དུ་བསྒྲིགས་གནང་ཡོད། སྐབས་དེ་དུས་ནས་རིག་གསར་གྱི་གོད་ཆག་མ་བྱུང་བར [བཀའ་འབུམ་རབ་རྒྱས་ཁང] དུ་བཞུགས་ཡོད། མདོ་སྔགས་རིག་གནས་དང་བཅས་པའི་དགོངས་པ་རྫོགས་པའི་སྐྱེས་བུ་ཁོང་གི་བུ་སློབ་ཁྱུང་ཡུལ་སྟོད་སྨད་ལ་སོགས་གང་སར་མང་ལ། ཁྱད་པར་སྨན་རྩིས་སློབ་མ་དྲེ་བོ་དབུ་ཆེན་གཡུང་དྲུང་རྣམ་དག་དང་། དེའི་སློབ་བུ་དྲེ་བོ་སྐལ་བཟང་ཚུལ་ཁྲིམས་དང་། དེའི་སློབ་བུ་ཁྱུང་པོ་སྟེང་ཆེན་དགོན་གྱི་བླ་མ་ཤེས་རབ་དགེ་ལེགས(༡༩༣༥-༡༩༩༦)དང་། དེའི་སློབ་བུ་སྟེང་དགོན་གྲྭ་ཚང་བླ་མ་འཆི་མེད་གཡུང་དྲུང(༡༩༦༤-)སོགས་ཁོང་གི་སྐུ་དྲིན་འོག་ནས་ད་བར་འཚོ་བྱེད་ཟམ་མ་ཆད་པར་གནས་ཡོད།།
༨ ཤེལ་སྟོན་གཡུང་དྲུང་རྒྱལ་མཚན་ནམ་ཚེ་དབང་བདེ་ཆེན་སྙིང་པོ་མཆོག་ཡབ་ཤེལ་ཞིག་གར་དབང་བདུད་འདུལ་དང་། ཡུམ་རོང་བཟའ་རྣ་རྣ་གཉིས་ཀྱི་སྲས་སུ(༡༨༩༣-?)[སྟེང་ཆེན་རྫོང་ག་ཐ་ཤང་ཁོངས]འཁྲུངས་། གྲུབ་དབང་སྨོན་ལམ་རྒྱལ་མཚན་སོགས་སྟོད་སྨད་བར་གསུམ་གྱི་མཁས་གྲུབ་སྐྱེས་མཆོག་དུ་མའི་མདུན་ནས་དབང་ལུང་ཁྲིད་གསུམ་དང་བཅུ་ཕྲག་རིག་པའི་གནས་ལ་གསན་བསམ་བླ་ན་མེད་པར་མཛད། ཁྱད་པར་དུ་དགུང་ལོ་ཆུང་དུས་ནས་ཡབ་ཀྱི་མདུན་ནས་གསོ་བ་རིག་པའི་གཞུང་ལུགས་ཀུན་ལ་བསླབ་པ་དང་། ལྷ་ལྡོང་འབྲུག་གསས་སོགས་སྨན་པ་གྲགས་ཅན་མང་པོའི་ཞལ་སྔ་ནས་གསོ་བ་རིག་པའི་སྐོར་ལག་ལེན་ཁྲིད་དང་བཅས་པ་སྦྱོང་པ་གནད་དུ་སྨིན་པ་མཛད། དམིགས་བསལ་དུག་རིགས་དང་སྐྲན་ནད་ཚབ་ཆེན། རིམས་ནད་ཁག་ལ་མཁས་པ་ཕུལ་དུ་ཕྱིན་པར་གྱུར། གཞན་ཡང་ནམ་རྒྱུན་ཚབ་ཆེན་གྱི་ནད་པ་རྣམས་ལ་ཁོང་གིས་གདོན་ལ་རིམ་གྲོ་དང་སྔགས་ཀྱི་ནུས་པས་འདུལ་བ་དང་། ནད་ལ་སྨན་དང་དཔྱད་སོགས་ཀྱི་ཕན་ནུས་ཤིན་ཏུ་ཆེ་བ་རྒན་རབས་ཀྱི་ངག་བགྲོས་ཐོས། དམ་པ་ཁོང་གིས་མཛད་པའི་བོན་དང་ཆོས་ཀྱི་ལྟ་གྲུབ་སྐོར་དང་དེ་བཞིན་ཁྲིད་རིམ་ཆོ་ག་ཕྱག་ལེན་སྨན་དཔྱད་སྐོར་ཟབ་གཏེར་དང་སྙན་རྒྱུད་སོགས། པོད་བཅུ་ཕྲག་གཉིས་ལས་བརྒལ་བ་དང་། ད་དུང་རྐོང་པོ་བོན་རི་སོགས་གནས་རི་དང་ས་གནས་ཁྱད་པར་ཅན་མང་པོ་ནས་བདེར་བར་གཤེགས་པའི་སྐུ་གསུང་ཐུགས་རྟེན་དང་བྱིན་རླབས་དམ་རྫས་མང་པོ་གཏེར་ནས་དྲངས་བ་དང་སྨན་ཡིག་སོགས་གཏེར་དང་སྙན་རྒྱུད་སོགས་ཀྱི་གསུང་འབུམ་པོད་བཅུ་ཕྲག་ལས་བརྒལ་བ་རིག་གསར་གྱི་གོད་ཆག་ཤོར། ད་ལྟ་ཡང་ཁོང་གི་གཏེར་དང་སྙན་རྒྱུད་སོགས་ཀྱི་གསུང་འབུམ་པོད་བཅུ་ཕྲག་ལས་བརྒལ་བ་བཞུགས་ཡོད་ནའང་ཁོང་གིས་མཛད་པའི་སྨན་གྱི་སྐོར་ལ་རྩ་མདོ་ཆུ་རྟགས་དང་གཏར་སྲེག་སྨན་གྱི་སྦྱོར་བ་སྨན་སྣ་ངོས་འཛིན་དང་། ཁྱད་པར་དུ་དུག་རིགས་ཀྱི་སྨན་སྦྱོར་སྐོར་པོད་གཉིས་ཙམ་ཡོད་པར་གྲགས་ཀྱང་ད་ལྟ་འཇལ་ཡུལ་དུ་མ་གྱུར། སྨན་ཁུག་དང་སྨན་གྱི་ཡོ་བྱད་རིགས་དམིགས་བསལ་ཁྱད་ཆོས་ལྡན་པ་སྔར་ཡོད་པ་ལས་སྨན་ཁུག་འགའ་ཙམ་ད་ལྟའང་ལྷག་པའི་དངོས་རྫས་དེ་རྣམས་ཀྱིས་དཔགས་ནུས་པ་ནི། འཚོ་བྱེད་ཁྱད་པར་ཅན་ཞིག་མ་ཟད། གཏེར་དང་སྙན་རྒྱུད་མངའ་བའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོའི་རྣམ་ཐར་འཆང་བ་རྟོགས་ནུས་པས་སོ།།
༩ ཁྱུང་ཡུལ་དུ་བོད་ལུགས་གསོ་རིག་མིག་འབྱེད་ཐུར་བཅོས་ལག་ལེན་མི་རབས་མང་པོར་བརྒྱུད་དེ་ད་དབར་མ་ཉམས་རྒྱུན་འཛིན་གནས་ཡོད་པ་ནི། བོད་ལུགས་གསོ་རིག་ཐུར་མའི་ལག་ལེན་སྟོང་ཆ་སྐོང་བའི་ལོ་རྒྱུས་ཡིན་པ་སྨྲོས་ཅི་དགོས། དེས་ན་འདི་དང་འབྲེལ་ཡོད་ལོ་རྒྱུས་འགའ་ཡོད་པ་སྟེ། མདོ་སྔགས་གཞུང་ལུགས་ཀྱི་མཁས་གྲུབ་གཉིས་ལྡན་སྐྱེས་ཆེན་ཞུ་ཀུན་སྐྱོང་གྲགས་པ་སྤ་ཟླ་ཞུ་ཡི་གདན་སར་སྐུ(༡༨༧༥-༡༩༣༨)འཁྲུངས། [སྟེང་ཆེན་སྤ་ཟླ་ཤང་ཁོངས] གསོ་རིག་གི་ཕྱག་ལེན་སྤྱི་ལ་མཁས་ཤིང་ཁྱད་པར་གཏར་བསྲེག་དང་། འཕྲུལ་མེ་རང་འབར་ཞེས་པའི་རྫས་ཆ་རྡོ་ལ་བྱུག་པ་རླུང་དང་འཕྲད་ན་མེ་འབར་བ་སོགས་རྫས་བཟོ་འདྲ་མིན་ལག་རྩལ་ཁྱད་འཕགས་ལྡན་ཞིང་། གཏར་བསྲེག་དང་། བར་འགྲིབ་ཐུར་མས་ཕྱེ་བའི་ཕྱག་ལེན་མཁས་པ་ཡོད་སྟབས། བྱང་སྤྱི་གྲགས་པ་རྣམ་རྒྱལ་གྱིས་ཆེ་མཐོང་གི་ལྷ་རྗེ་རུ་བཀུར་བཟོས་ལེགས་པར་ཐོབ། དེའི་རྒྱུན་འཛིན་ཉིད་ཀྱི་སྲས་པོ་ཞུ་ཁྲི་ཆེན་ཀུན་བཟང་ཚེ་དབང་གྲགས་པ(༡༩༠༨-༡༩༥༦)མཆོག་མདོ་སྔགས་ཀྱི་དགོངས་རྟོགས་བརྙེས་ཤིང་གསོ་རིག་གི་གཞུང་དང་ཕྱག་ལེན་མཁས་པའི་རྒྱུན་སྐྱོང་གནང་ཡོད་པས་མིག་འབྱེད་ཐུར་བཅོས་ཕྱག་ལེན་གནང་མཁན་ཡོད་པའི་ལོ་རྒྱུས་གཅིག་དང་། ཁྱད་པར་ཁྱུང་ཡུལ་དུ་མིག་ནད་བར་འགྲིབ་ཐུར་བཅོས་མཁས་པ་གྲགས་ཅན་ག་གཟི་སྟག་ལ་མཆོག་ནི། དུས་རབས་བཅུ་དགུའི་ནང་ག་གཟིའི་རུས་ཐོབ་ཀྱི་ཡབ་དང་། ཡུམ་ཨ་འགེང་བཟའ་ཚེ་གཡང་གཉིས་ཀྱི་སྲས་སུ་[སྟེང་ཆེན་ཁྲི་རྡོ་གྲོང་རྡལ་ཁོངས] སྐུ་འཁྲུངས། བོད་ལུགས་གསོ་རིག་གཞུང་དོན་ལྟར། མིག་ནད་བར་འགྲིབ་ཐུར་བཅོས་ཀྱི་དམར་ཁྲིད་མཁས་པ་ནགས་ཤོད་སྨན་པ་དུང་དཀར་ཞེས་པའི་མདུན་དུ། ཡབ་ཀྱིས་སློབ་གཉེར་གོ་སྐབས་མཐུན་སྦྱོར་ཞུས་པའི་རེ་དོན་ཆུད་ཟོས་མ་སོང་བར། མིག་འབྱེད་ཐུར་བཅོས་གདེང་དང་ལྡན་པར་མཁྱེན་པས་སློབ་དཔོན་གྱི་ཐུགས་ཟིན། ཐུར་དཔྱད་གཙགས་ཆ་བཅས་པ་གནང་ནས་ལེགས་པའི་གནང་བ་ཐོབ། དེ་ནས་བཟུང་མིག་འབྱེད་ཕྱག་ལེན་བར་མ་ཆད་གནང་བས། ཕན་ནུས་དང་ལག་རྩལ་ཆེར་རྒྱས་པའི་གྲགས་པ་ཁྱུང་ཡུལ་ཙམ་མ་ཟད་ཁམས་ཁུལ་གང་སར་ཁྱབ། སྐབས་དེ་དུས་ཁམས་ཁུལ་དུ་མིག་འབྱེད་ཕྱག་ལེན་མཁས་ཤོས་ཡིན་ཚོད་སྣང་བས། ཁམས་ཁུལ་ས་ཐག་ཉེ་རིང་ག་ས་ནས་ལོང་བ་ཕྱེས་པ་གྲངས་ལས་འདས། དེའི་རྒྱུན་འཛིན་ཉིད་ཀྱི་སྲིང་མོ་ག་གཟི་སྐྱ་བེ(༡༩༢༣-༢༠༡༢)མཆོག ག་གཟི་སྟག་ལའི་གསོ་རིག་ལག་ལེན་སྤྱི་དང་མིག་འབྱེད་ཕྱག་ལེན་ཚུལ་བཞིན་མཁྱེན་པ་རྒྱས། སྨན་དཔྱད་མཛད་པ་ཕྱག་ལེན་གནང་། ཁྱད་པར་སྟེང་ཆེན་ས་གནས་ཙམ་མ་ཡིན་པར་ཕྱོགས་གང་སའི་ལོང་བ་རྣམས་མིག་འབྱེད་གནང་བ་གྲངས་ལས་འདས། དེའི་རྒྱུད་འཛིན་ད་ལྟ་བཞུགས་པ། བོད་ལུགས་མིག་འབྱེད་མཁས་དབང་སྨན་པ་ཨ་རྡོ་མཆོག ཡབ་འགར་བ་ལྷ་རྒྱལ་དང་། ཡུམ་ག་གཟི་སྐྱ་བེ་གཉིས་ཀྱི་སྲས་སུ(༡༩༤༥-)འཁྲུངས།[སྟེང་ཆེན་ཁྲི་རྡོ་གྲོང་རྡལ་ཁོངས] ཁོང་གི་ཡུམ་གྱི་མཁྱེན་པའི་ཕྱག་ལེན་ཚུལ་བཞིན་བསླབ་པ་དང་། མིག་འབྱེད་ཕྱག་ལེན་སྟེང་ཆེན་ཙམ་མ་ཟད་ཕྱོགས་གང་སར་གདན་ཞུས་ལྟར་ཕེབས་ནས་ལོང་བ་མང་པོ་མིག་འབྱེད་གནང་ཡོད་པས་མ་ཟད། ད་ལྟའང་སྐུ་འཚོ་བཞིན་གསོ་རིག་གི་མཛད་པ་འཆང་བཞིན་པ་དང་། ཉིད་ཀྱི་སྐུ་སྲས་སྨན་པ་བསྟན་འཛིན་ཟླ་བ་ཡིས་རྒྱུད་འཛིན་ཕྱག་ལེན་གནང་བཞིན་ཡོད་པ་བཅས། བོད་ལུགས་གསོ་རིག་གི་མིག་འབྱེད་ལག་ལེན་དམར་ཁྲིད་མན་ངག་ཅན། ཁྱུང་པོ་སྟེང་ཆེན་དུ་བཞུགས་པ་ཡོངས་སུ་མ་གྲགས་སྦས་དོན་གྱུར་པ་ད་ལན་མངོན་དུ་གྱུར་པ་འདི་བོད་ལུགས་གསོ་རིག་འཛིན་པ་རྣམས་ཀྱིས་གལ་ཆེན་བརྩི་འོས་ཤིག་ཅི་སྟེ་མིན་སྙམ།གཞན་ཡང་ཁྱུང་པོ་སྟེང་ཆེན་ས་གནས་སུ་བྱོན་པའི་སུམ་པའི་རུས་ཐོབ་ལས་བྱོན་པའི་སུམ་པ་གྱིམ་ཚ་རྨ་ཆུང་དང་། སུམ་པ་ཞག་གཅོད་བཀྲ་ཤིས་དཔལ་བཟང་སོགས་སུམ་པའི་རུས་འཆང་མཁས་གྲུབ་གཉིས་ལྡན་ཇི་སྙེད་བྱོན་ཡོད་ལ། ཁྱད་པར་སྨན་རྩིས་བསྟན་པ་འཆང་བའི་སུམ་པ་བསོད་ནམས་ཚེ་རིང་ལ་སོགས་སུམ་པའི་རུས་ལ་བྱོན་པའི་སྨན་རྩིས་མཁས་པ་རིམ་བྱོན་རྣམས་ཀྱི་རྒྱུན་ད་བར་མ་ཆད་བཞུགས་ཡོད། དེ་བཞིན་རྔ་ལ་གངས་ལྷ་འབུམ་ནས་བཟུང་གསོ་བ་རིག་པའི་མཁས་རྒྱུན་མ་ཆད་བྱོན་པའི་རྔ་ལ་སྨན་པ་རིམ་བྱོན་རྒྱུན་མ་ཆད་བཞུགས་པ་བཅས། ཁྱུང་པོ་སྟེང་ཆེན་གྱི་བོད་ལུགས་གསོ་རིག་གི་རིག་གཞུང་འཛིན་པ་རིམ་བྱོན་གྱི་བྱུང་བ་དེ་ཙམ་མོ།།
༡༠ ཁྱུང་པོ་སྟེང་ཆེན་དུ་བྱོན་པའི་རྩིས་རིག་མཁས་དབང་རིམ་བྱོན་འགའ་ཡི་བྱུང་བ་མདོ་ཙམ་སྟེ། ཁྱུང་ཡུལ་གང་སར་རྩིས་རིག་ཕྱག་ལེན་གནང་མཁན་ཡོད་པ་ནི་གོང་དུ་སྨོས་པ་ལྟར། སྤྱི་ཚོགས་འཚོ་བ་དང་ཁ་འབྲལ་དུ་མི་རུང་བས་ཤེས་མོད། ཁྱད་པར་དུ་ཁྱུང་པོ་དཀར་རུའི་དཔོན་རྒྱུད་རིམ་བྱོན་གདན་ས་ལ། དར་གུད་ཅི་རིགས་བརྒྱུད་ཡོད་ཀྱང་རྗེས་མའི་དཔོན་གཞིས་སུ། རྨེའུ་སྲས་ཚེ་དབང་སྟོབས་རྒྱལ་གྱིས་དཀར་དཔོན་གོ་ས་བཞེས་ནས། དཔེ་མཛོད [བཀའ་འབུམ་རབ་རྒྱས་ཁང] ཁང་དུ་བཞུགས་པའི་བོན་གྱི་བཀའ་བརྟེན་སྔར་ཡོད་པ་རྣམས་དང་། དཔེ་དེ་ལ་གཞིར་བྱས་པ་ཕྱིས་སུ་དགོན་སྡེ་ཁག་ནས་བཀའ་དང་བཀའ་བརྟེན་གཅིག་རྗེས་གཉིས་མཐུད་བཞེངས་པ་ཡོད་ནའང་དེ་དག་ཚང་མ་ལག་བྲིས་ཁོ་ན་དང་། སྐབས་དེ་དུས་མ་འདང་བའི་ཆ་ཇི་སྙེད་ཡོད་པ་རྣམས་ལེགས་བཅོས་ཀྱིས་མདུན་སྐྱོད་བྱ་བའི་རླབས་ཆེན་གྱི་མཛད་འཆར་དཀར་དཔོན་ཉིད་ཀྱིས་བཀོད་དེ། གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་ཤིང་པར་བསྒྲུབ་པའི་ཆ་རྐྱེན་ཕྱི་ནང་ལེགས་པར་བསྐྲུན་ནས་གནས་ལྔ་རིག་པའི་མཁྱེན་ལྡན་མཁས་དབང་གང་ན་སུ་བཞུགས་པ་རྣམས། སྲི་ཞུ་དང་དགྱེས་བཀུར་ཞུས་ཡོད་པ་ལས། སྨན་རྩིས་གཉིས་ཀྱི་མཛད་པའི་ཕྲིན་ལས་དཔོན་ཚང་གི་ལས་དོན་དངོས་དང་འབྲེལ་བ་ཆེ་སྟབས། སྔར་སྲོལ་ཁྱུང་ཡུལ་གྱི་ཞིང་འབྲོག་གི་གནམ་སའི་དུས་རྟགས་དང་། གསོན་གཤིན་གྱི་བྱ་བ་གང་དང་འབྲེལ་བའི་འབྱུང་རྩིས། གནམ་རིག་སྐར་རྩིས་སོགས་མཁས་པ་ཐུགས་བློ་ཁེལ་བ་ཞིག སྟེང་ཆེན་དགོན་དང་ཀ་ལེགས་དགོན་སོགས་འབྲེལ་ཡོད་གང་ས་ནས་གདན་ཞུས་ཀྱིས། དུས་རྟགས་གནམ་དཔྱད་ལོ་རེའི་ཞིང་འབྲོག་གི་འཚོ་ཐབས་ལས་ཀའི་ལམ་སྟོན་ཆེད། ལོ་ཐོ་རེ་བཏོན་པ་དང་། རྩིས་འབྲས་ཀྱི་གསལ་བཤད་རྒྱ་སྒོའི་འགྲམ་དུ་གསལ་བསྒྲགས་ཀྱི་ཤོག་བྱང་བཀལ་སྲོལ་ཡོད། ཁྱད་པར་དུ་གནས་ལྔ་རིག་པའི་མཁས་དབང་ག་གཟི་རྣམ་དག་(༡༩༠༡-༡༩༦༠)མཆོག དཔོན་ཚང་གི་ཐུགས་བློ་ཁེལ་བའི་བཀའ་བརྟེན་པར་སྒྲུབ་ཀྱི་ཞུས་ཆེན་གཙོ་གྲས་ཡིན་པས་མ་ཟད། ཁོང་ཉིད་རྩིས་རིག་ལ་མངའ་བརྙེས་པའི་མཁས་པ་ཡིན་སྟབས་དཔོན་ཚང་གི་མཐུན་སྦྱོར་ཁྱུང་པོའི་ལོ་ཐོ་ལོ་ལྟར་རྩོམ་བསྒྲིགས་གནང་བ་ལག་བྲིས་ཁོ་ན་བཏོན་ཡོད་ལ། དེའི་སློབ་མ་མཁས་དབང་རྣ་ལངས་ཡེ་ཤེས་དབང་ལྡན་(༡༩༡༧-༡༩༩༣)མཆོག་གིས་ཀྱང་མདོ་སྔགས་རིག་གནས་སྤྱི་དང་རྩིས་རིག་མངའ་བརྙེས་ཤིང་སྲོལ་རྒྱུན་ཁྱུང་པོའི་ལོ་ཐོ་སྔར་དཔོན་ཚང་གི་ལོ་ཐོ། ལོ་མང་རིང་རྩོམ་བསྒྲིགས་མཛད་པ་མ་ཟད། བོད་གསར་དབུ་བརྙེས་རྗེས་སུའང་ཁྱུང་པོའི་ལོ་ཐོ་ལོ་མང་རིང་རྩོམ་བསྒྲིགས་གནང་བ་དང་། ཉིད་ཀྱིས་རྩིས་རིག་གི་སློབ་བུ་གསོ་སྐྱོང་གནང་བའི་སྐུ་དྲིན་ཡང་བསྩལ་ཡོད། དེས་ན་སྤྱི་ལོ ༢༠༡༨ ལོར་སྟེང་ཆེན་སྨན་རྩིས་ཁང་དུ“ཁྱུང་པོ་སྟེང་ཆེན་ལོ་ཐོ་”《འབྱུང་ལྡན་༣༠༡དགའ་བྱེད་ཅེས་པ་ས་ཕོ་ཁྱི་ཡི་ལོ་ཐོ་མེས་པོའི་རྒྱུན་འཛིན་ཞེས་བྱ་བ་བཞུགས》ཅེས་པ། རྩོམ་བསྒྲིགས་ཞུས་པ་ཡོངས་ཁྱབ་བྱུང་བ་ནི། དམ་པ་གོང་མའི་སྐུ་དྲིན་རྗེས་སུ་བཞག་པའི་རྟེན་མཚོན་ཡིན་ལ་རྒྱུན་མ་ཆད་པའི་དན་རྟགས་ཀྱང་ཡིན་ནོ།།
གཉིས། བཅིངས་འགྲོལ་བཏང་རྗེས་ཀྱི་བྱུང་བ།
༡ བོད་གསར་དབུ་བརྙེས་ནས་བོད་ཀྱི་གསོ་རིག་གི་བྱ་བཞག་རླབས་ཆེན་འཕེལ་འཆོང་བྱུང་བ་ཡོད་པ་ནི་སྤྱི་ལྟར་ལ། ཁྱད་པར་བོད་ལུགས་གསོ་རིག་སྨན་རྫས་ངོས་འཛིན་ཐད་དུས་རབས་དང་མཐུན་པའི་རླབས་ཆེན་མཛད་རྗེས་ཆེ་བ{སྨན་གྱི་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང}ཐོག་མར་སྐུ་འཁྲུངས་པའི་ཕུན་ཚོགས་ལྔ་ལྡན་གྱི་ཁོར་ཡུག་ཁྱུང་པོ་སྟེང་ཆེན་ས་གནས་སུ་འབྲེལ་བ་ངེས་ཅན་དུ་ཡོད་པ་སྟེ། རྩོམ་པ་པོ་འཚོ་མཛད་མཁས་དབང་དགའ་བའི་རྡོ་རྗེ(༡༩༥༠)མཆོག་ཕ་མྱེས་རྒྱུད་པ་གསོ་རིག་གི་ཕྱག་ལེན་གནང་མཁན་གྱི་བསླབ་བྱའི་གོམས་གཤིས་བཟང་པོའི་གཞི་བཅས། གསོ་རིག་གཞུང་ལུགས་ཀྱི་རིག་པའི་མྱུ་གུ་ཐོག་མར་འབུད་ས་[སྟེང་ཆེན་རྫོང་ཞེ་སྟོད་སྤུ་ནང]དུ། སྨན་རྩིས་གཉིས་ཀྱི་གཞུང་དང་ལག་ལེན་ཤིན་ཏུ་མཁས་པའི་མཁས་དབང་ར་མ་ལྷ་རྗེ་བསོད་ནམས་ལྷ་རྒྱལ(༡༩༢༥-༡༩༩༨)ཐོག་མའི་སློབ་དཔོན་བསྟེན་པ་ནས་བཟུང་མཁྱེན་རྒྱ་རིམ་པར་རྒྱས་པའི་ཕྱག་རྗེས་བླ་ན་མེད་པ་བཞག་ཡོད་པ་དང་འཇོག་བཞིན་པ་ལས། ཁྱད་པར{བོད་གངས་ཅན་གྱི་གསོ་བ་རིག་པའི་ལུགས་ཀྱི་སྨན་གྱི་འཁྲུངས་དཔེ་ངོ་བོ་ནུས་མིང་རྒྱས་བཤད་དངོས་དཔེ་གསལ་སྟོན་དྲི་མེད་ཤེལ་གྱི་མེ་ལོང}གི་མཛད་ཕྲིན་ཇི་སྲིད་གནས་ཀྱི་བར་དུ་དེ་སྲིད་རིག་པའི་རྒྱབ་ལྗོངས་བཅས་པའི་ཁོར་ཡུག་ས་གནས་སོགས་རག་ལས་པའི་ལོ་རྒྱུས་འབྲེལ་བ་ཡོད་པའི་རྒྱུ་རྐྱེན་ཕུན་སུམ་ཚོགས་པའི་ཐོན་ཁུངས་བདེན་པ་ནི། མ་འོངས་པའི་དཔྱད་གཞིའི་རིན་ཐང་ལྡན་ཡོད་པས་སོ།།
༢ སྤྱི་ལོ་༡༩༨༧ལོར་རབ་འབྱམས་སྨན་པ་བསམ་གཏན་རྒྱ་མཚོ(༡༩༤༩-༡༩༩༤)དབྲ་ཁྱུང་སྨན་པ་སྟག་རྒྱས(༡༩༤༣-༢༠༠༡)སྨན་པ་སྟག་ལྷ་ཆོས་གྲགས(༡༩༦༢-༢༠༡༩)ཁོང་རྣམ་པ་གསུམ་ནས་སྟེང་ཆེན་དུ་བོད་སྨན་ཟབ་སྦྱོང་འཛིན་གྲྭ་འཛུགས་རྒྱུའི་ཆོག་མཆན་ཞུས་པ་དོན་སྨིན་བྱུང་སྟེ། རྫོང་ཡོངས་ནས་བསྡུས་པའི་སྨན་པ་བཞི་བཅུ་ལྷག་ལ་ལོ་ཕྱེད་རིང་《རྩ་རྒྱུད་》དང་《བཤད་རྒྱུད་》ཆ་ཚང་། 《མན་རྒྱུད་》ལས་ཉེས་གསུམ་དང་། ཚ་བ་སྤྱི། ཚ་གྲང་གལ་མདོ། མོ་ནད། བྱིས་པ། 《ཕྱི་རྒྱུད་》ལས། རྩ་ཆུ་དང་། ཐང་ཕྱེ། གཏར་བསྲེག མཇུག་དོན་ཡོངས་གཏད་སོགས་འབྲེལ་ཡོད་གནད་ཆེ་བ་རྣམས་སློབ་ཁྲིད་དང་། ད་དུང་རྒྱུད་གསུམ་གྱི་ལྗགས་ལུང་ཆ་ཚང་གནང་། མཇུག་སྒྲིལ་སྐབས་སློབ་མ་རྣམས་ཀྱི་རྒྱུགས་ཚད་ཆ་སྙོམས་ཚད་མཐོའི་གྲུབ་འབྲས་ཐོབ། ལྷག་པར་སྐབས་དེའི་ཟབ་སྦྱོང་བ་ཡོངས་ལ་《དཔལ་ལྡན་རྒྱུད་བཞི་》དེབ་རེ་རེ་དང་། 《བཻཌཱུར་སྔོན་པོ་》སྟོད་སྨད་ཆ་རེ། སྨན་མཛོད་ནས་ངོས་འཛིན་དང་ཐོག་མར་སྤྱོད་རྒྱུར་ཁྲོལ་སྨན་སྣ་གྲངས་ལྔ་བཅུ་ཡས་མས་ཆ་སྙོམས་རྒྱ་མ་སུམ་ཅུ་ལྷག་ཙམ་རེ་རིན་མེད་ཀྱིས་བགོ་འགྲེམས་གནང་། སློབ་མ་རྣམས་ལ་གཅིག་ནས་ཤེས་ཡོན་དང་། གཉིས་ནས་སྨན་རྫས་བཅས་གང་དགོས་ཆ་ཚང་རེ་གནང་ནས་ལུང་པ་སོ་སོར་བོད་ཀྱི་གསོ་རིག་ལག་ལེན་བསྟར་ཆོག་པ་མཛད་པས་སྐབས་དེ་དུས་ཁྱུང་པོ་སྟེང་ཆེན་ལ་བོད་ལུགས་གསོ་རིག་གི་བྱས་པ་མངོན་གྱུར་གྱི་མཛད་པ་གཞུང་དང་ལག་ལེན་གང་ཐད་མི་རེ་གཉིས་ཙམ་མ་ཡིན་པར་རྫོང་ཡོངས་ལ་ཁྱབ་པའི་ཕན་རླབས་ཆེན་པོར་བྱུང་ངོ་།།
༣ སྤྱི་ལོ་1999ལོར་སྟེང་ཆེན་རྫོང་མི་དམངས་སྲིད་གཞུང་དང་། ཆབ་མདོ་ས་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་གཉིས་ཀྱི་ཆོག་མཆན་འོག སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་རང་ཡུལ་མི་དམངས་ཀྱི་བདེ་ཐང་འཕྲོད་བསྟེན་ཞབས་ཞུའི་ཁོ་ནའི་ཆེད། སྲོལ་རྒྱུན་བོད་ཀྱི་གསོ་རིག་གི་གཞུང་དང་ལག་ལེན་ཡ་མ་བྲལ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུའི་གལ་གནད་ཆེ་བར་གཟིགས་ཏེ། གཞུང་དོན་འཆད་ཉན་གྱི་སློབ་ཁྲིད་དང་། ལག་ལེན་གྱི་མཐུན་རྐྱེན་སྨན་རྒྱུ་སོགས་ཡོ་ཆས་ཕུན་སུམ་འཚོགས་དགོས་པའི་འགག་རྩ་གཉིས་པོའི་ཆ་རྐྱེན་ཐག་གཅོད་དགོས་སྟབས། དེ་དོན་ཐུགས་རེ་བཅང་བས་བོད་ལུགས་གསོ་རིག་གཞུང་ཆེན་འབུམ་བཞི་དང་། རྒྱུད་བཞིའི་སློབ་དེབ། འབྲེལ་ཡོད་མཁས་པ་རྣམས་ཀྱི་དགོངས་འགྲེལ་ཁག་དང་བཅས་པའི་སློབ་ཚན་ཅན། བརྡ་དག་དང་བྲིས་ཀློག་གི་རྨང་གཞི་ཡོད་པའི་བོད་སྨན་སློབ་གྲ་ཞིག་འཛུགས་པའི་ཆ་རྐྱེན་དུ། ཉིད་ནས་ཀྲུང་སྒོར་ཁྲི་བཞི་བཅུ་ཐམ་པ་མཐུན་སྦྱོར་གནང་བའི་ཉེར་རྒྱུ་ལས། རྫོང་མི་དམངས་སྲིད་གཞུང་དང་། རྫོང་འཕྲོད་བསྟེན་ཅུས། རྫོང་མི་དམངས་སྨན་ཁང་བཅས་ཀྱིས་ཤུགས་ཆེའི་རྒྱབ་སྐྱོར་གནང་སྟེ། སྤྱི་ལོ (༡༩༩༩-༢༠༠༧) བར་རྫོང་ཡོངས་ནས་སློབ་མ་ཕྱོགས་བསྡུས་བྱས་ཤིང་། སློབ་ཡུན་ལོ་གསུམ་རེ་ཡོད་པའི་སློབ་དུས་སྔ་ཕྱི་གཉིས་ཀྱི་བོད་སྨན་སྦྱོང་བསྡར་སློབ་གྲྭ་ཞིག་ཟུར་དུ་འཛུགས་ཐུབ་པ་བྱུང་བ་དང་། སློབ་དུས་སྔ་ཕྱི་དེ་གཉིས་ཀྱི་རིང་ལ། རྒན་སྟག་ལྷ་ཆོས་གྲགས་དང་ གླིང་སྨན་གཡུང་དྲུང་བཀྲ་ཤིས་རྣམ་གཉིས་ཀྱིས་དགེ་རྒན་གཙོ་བོར་གནང་ཞིང་། དེ་ནས་སློབ་ཐོན་བྱུང་བའི་སློབ་མ་བརྒྱ་ལ་ཉེ་བ་ཡོད་པ་མ་ཟད། ཁོར་ཡུག་དེ་ནས་བསྐྱེད་བསྲིང་བྱུང་བའི་གསོ་རིག་སློབ་ཆེན་ཐོན་པའི་སློབ་མ་ཡང་མི་ཉུང་བ་ཐོན་ཡོད་ལ། རྫོང་ཡོངས་ཀྱི་གཞི་རིམ་མི་མང་གི་ནད་ཐོག་ལག་ལེན་བསྟར་བའི་འཕྲོད་བསྟེན་ཞབས་ཞུ་སྒྲུབ་པའི་མི་སྣའི་སྤུས་ཚད་དང་གྲངས་འབོར་གང་ཐད། ཆབ་མདོ་གྲོང་ཁྱེར་ཡོངས་ལས་འབུར་དུ་ཐོན་ཞིང་། ཁྱད་པར་བོད་ལུགས་གསོ་རིག་གི་གཞུང་ཆེན་དཔལ་ལྡན་རྒྱུད་བཞི་དང་དེའི་དགོངས་འགྲེལ་བྱང་ཟུར་མཁས་པ་རྣམས་ཀྱི་མཛད་པ་སོགས་ཁྲིད་ལུང་འཆད་ཉན་ཚུལ་དང་མཐུན་པར་དད་འདུན་ཤིན་ཏུ་ཆེ་བས་གཅེས་ཟབ་ཤ་གསེང་རུས་གཏིང་ལ་འབྱོར་ཐོག སྟོན་པ་གཤེན་རབ་མི་བོ་དང་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཡབ་སྲས་གཉིས་ནས་བྱུང་བའི་གསོ་རིག་འབུམ་བཞིའི་ལུང་དང་བརྒྱུད་པ་མི་ཉམས་རྒྱུན་སྐྱོང་དང་། རྒྱུད་འབུམ་གཉིས་ཀྱི་དགོངས་དོན་འགལ་བ་མེད་པའི་བོད་ལུགས་གསོ་རིག་གི་མཛད་པར་ཡིད་ཆེས་དང་ལག་ལེན་དངོས་སུ་འབྱོར་བའི་ཡུལ་དུས་ཁོར་ཡུག་གི་བབས་སོ་ཁྱུང་པོ་སྟེང་ཆེན་རང་དུ་ཡོད་པ་ལྟར། སྲོལ་རྒྱུན་དད་འདུན་ཆེ་བའི་ཁོར་ཡུག་ལས་འཚར་ལོངས་བྱུང་གཤིས། འབུམ་བཞིའི་ལུང་རྒྱུན་གསོ་བ་དང། ཉམས་ཞིབ་ཀྱིས་བལྟ་རྟོགས་བྱེད་ཅིང་རྒྱུད་འབུམ་ཟུང་གི་དགོངས་པ་གཅིག་པའི་མཛད་ཕྲིན་འགྲོ་བ་ནད་པ་གསོ་བའི་ལག་ལེན་དངོས་སུ། ཁྱུང་པོ་སྟེང་ཆེན་གྱི་བོད་ལུགས་གསོ་རིག་འཛིན་པ་ཐུན་མོང་གི་སྤྱོད་པའི་འཕེལ་རྒྱས་འགྲོ་བཞིན་པ་ནི། ཀྲུང་གོའི་བོད་ཀྱི་གསོ་རིག་འགོ་ཁུངས་རང་ས་ཞང་བོད་ནས་འཁྲུངས་པའི་རིག་གཞུང་འཛིན་སྐྱོང་བྱེད་པའི་ལེགས་སྐྱེས་འབུར་དུ་ཐོན་པ་ཞིག་ཕུལ་ཡོད། དེ་ལྟར་ཁྱུང་པོ་སྟེང་ཆེན་ས་གནས་སུ་བོད་ལུགས་སྨན་རྩིས་ཀྱི་བྱུང་བ་མདོ་ཙམ་བརྗོད་པ་འདི། ཁྱུང་རབས་འདྲ་མིན་དཔེ་རྙིང་ཁག་དང་། རྣམ་ཐར་ལོ་རྒྱུས་བསྟན་འབྱུང་། རྒན་པའི་ངག་བགྲོས་བཅས་གནས་ཚུལ་མཁོ་འདོན་ཐུབ་ཚོད་དང་གཞི་བཅོལ་ནས་ཤེས་ཚོད་ཀྱིས་བྲིས་ཡོད་ཀྱང་ད་དུང་དཔྱད་གཞི་ཞིབ་ཕྲ་མཁོ་འདོན་ཐུབ་མིན་ལས་ལྷག་པའི་སྐྱོན་ཆ་མཆིས་སྲིད་པས་མཁྱེན་ལྡན་གཟུ་བོར་གནས་པ་གང་ན་སུ་བཞུགས་པ་དག་གིས་ལེགས་སྤེལ་ཉེས་འགོག་ཅི་ནས་ཀྱང་གནང་བར་ཞུ་ཞེས་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་བོད་ལུགས་སྨན་རྩིས་ལ་ཤིན་ཏུ་དྭངས་བ་ཅན། ཁམས་ཁྱུང་ཡུལ་དུ་སྐྱེས་པའི་ར་མ་ཀུན་བཟང་རྒྱལ་མཚན་འབོད་པ་དེས་ཁྱུང་པོ་སྟེང་ཆེན་དུ་བགྱིས་པ་དགེ་བར་གྱུར་ཅིག
འབྱུང་ལྡན༣༠༡ ས་ཕག་ལོ། ཧོར་ཟླ ༡༠ ཚེས ༡༢2020-1-7 ཉིན།