བདག་གིས་ཤེས་རིག་ལ་བསྒྱུར་བའི་ཁ་ཕྱོགས།

[ཟླ་ཚེས། 2019-02-20 09:26:53][རྩོམ་པ་པོ། འབུམ་རམས་པ་ཆོས་འཁོར་ཚང་ཉི་མ་འོད་ཟེར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20190220084422.jpg

ཤེས་འཇོན་བཟང་གསུམ་འཛོམས་པའི་གཞོན་སྐྱེས་དོལ་བ་པད་མ་དགོས་འབྱོར་ལགས་ཀྱིས་བདག་གི་འབུམ་རམས་པ་(PhD/Doctor)ཡི་སློབ་སྦྱོང་གི་གོ་རིམ་དང་བསླབ་པ་མཐར་སོན་གྱི་ལག་འཁྱེར་ལེན་ཕྱོགས་སོགས་དང་འབྲེལ་ནས་བདག་གིས་སློབ་སྦྱོང་ལ་ཁ་ཕྱོགས་སྒྱུར་ཚུལ་ཇི་ལྟར་ཡིན་པའི་སྐོར་ལ་འབྲི་བར་བསྐུལ་མ་མཛད་སྟབས། འདི་ནས་ཁོང་ལ་གོ་སྐབས་འདི་ཉིད་གནང་བ་ལ་འོར་ཆེ་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་འདི་ནས་རང་གིས་འབུམ་རམས་པའི་སློབ་སྦྱོང་བྱས་སྟངས་སྐོར་ལ་གླེང་བར་འདོད།

དེ་ཡང་སྤྱིར་བཏང་ངས་སློབ་སྦྱོང་བྱས་པའི་རྒྱུད་རིམ་འདྲ་པོ་དེ་ལ་རྣམ་གྲངས་གསུམ་ཡོད་པ་སྟེ། ཐོག་མར་རང་ལོ་བརྒྱད་པའི་ཐོག་རྒྱ་གར་ལ་ཕྱིན་ནས་བོད་གཞུང་ཉིན་སློབ་ཀྱི་འཛིན་གྲྭ་བརྒྱད་པའི་བར་དེང་རབས་ཤེས་ཡོན་གྱི་རྨང་གཞི་བཙུགས་པ་དང་གཅིག དེ་ནས་རང་ལོ་བཅུ་བདུན་ཐོག་བོན་གྱི་གདན་ས་སྨན་རིའི་གླིང་གི་བཤད་གྲྭར་འཛུལ་ནས་མཐུན་མོང་དང་མཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་རྣམས་ལ་མི་ལོ་བཅུ་དྲུག་རིང་ལ་བརྩོན་པ་བྱས་ནས་དགེ་བཤེས་ཀྱི་ལག་འཁྱེར་བླངས་པ་དང་གཉིས། དེ་རྗེས་རང་ལོ་སོ་བཞིར་སླེབས་སྐབས་ནུབ་ཕྱོགས་ཡུ་རོབ་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་འཛུལ་ནས་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱེད་སྟངས་ལ་མི་ལོ་བརྒྱད་རིང་སློབ་སྦྱོང་བྱས་ནས་འབུམ་རམས་པའི་ལག་འཁྱེར་བླངས་པ་དང་གསུམ་ཡིན།

微信图片_20190220084403.jpg

དེ་ཚོའི་ནང་ནས་འདིར་འབུམ་རམས་པའི་ལག་འཁྱེར་ལེན་ཚུལ་གྱི་རྒྱུད་རིམ་དང་སློབ་སྦྱོང་དེ་ལ་འཇུག་པའི་ཀུན་སློང་ངམ་དམིགས་ཡུལ་རྣམས་བཤད་ཀྱི་ཡིན། དེ་ཡང་གཙོ་བོ་རང་རིགས་དོལ་བ་གཞོན་སྐྱེས་རྣམས་ལ་ཤེས་ཡོན་སྦྱང་རྒྱུ་དང་སྦྱོང་སྟངས་སྣ་ཚོགས་ཤིག་ཡོད་ཚུལ་གྱི་དཔེ་སྟོན་འདྲ་པོ་ཞིག་རང་ངོས་ནས་ལག་བསྟར་བྱས་ནས་གཞན་ལ་བསྟན་ཐུབ་ན་གཞོན་སྐྱེས་རྣམས་ཀྱང་དེ་ཕྱོགས་སུ་འགྲོ་བའི་རེ་བ་ཚན་པོ་ཆེ་ཞིག་སེམས་ལ་ཉར་ནས་ལམ་སྟོན་གྱི་བཟོ་ཞིག་དངོས་སུ་བྱས་པའི་ཁུལ་ཡིན། མ་གཞི་སྔོན་མ་དགོན་པར་ཡོད་དུས་ནས་མཐོ་སློབ་བམ་གཙུག་ལག་སློབ་གྲྭ་ཆེན་མོ་དག་གི་སློབ་སྦྱོང་གི་འགྲོ་ལུགས་ལ་དོ་སྣང་དང་ཤེས་འདོད་ཅིག་རང་ཆས་སུ་ཡོད་པས། དེ་དུས་ནས་ནུབ་ཕྱོགས་པའི་ཞིབ་འཇུག་པ་དགེ་སློབ་འདྲ་མིན་ལ་འབྲེལ་འདྲིས་ཀྱང་ཞུས་པ་ཡིན།

༢༠༠༩ལོར་ཡུ་རོབ་གླིང་ཆེན་གྱི་ཁོངས་གཏོགས་“ཅེག་”སྤྱི་མཐུན་རྒྱལ་ཁབ་(Czech Republic)ཀྱི་སྐད་གྲགས་ཆེ་བའི་“ཆར་ལེ་སི་”གཙུག་ལག་སློབ་གྲྭ་ཆེན་མོ་(Charles University)དེར་འཛུལ་རྒྱུགས་ཕུལ་བས་རྒྱུགས་འཕྲོད་ངོས་བཞེས་གནང་སོང་། མ་གཞི་བྱས་ན་འབུམ་རམས་པའི་འཛུལ་རྒྱུགས་དབུལ་བ་ལ་གཙུག་ལག་རབ་འབྱམས་པ་(Master)ཞེས་པའི་ལག་འཁྱེར་དགོས་ཤིང་། སློབ་སྦྱོང་དེ་ཉིད་རིག་གནས་རབ་འབྱམས་པ་(Bachelor)ཟེར་བའི་ལག་འཁྱེར་བླངས་པ་ཁོ་ནས་སྦྱང་ཆོག་པ་ནི་རྒྱལ་སྤྱིའི་ཁྲིམས་སྲོལ་ཞིག་རེད། འོན་ཀྱང་བདག་ལ་ལག་འཁྱེར་དེ་དག་གང་ཡང་མེད་ནའང་ཆ་རྐྱེན་གཞན་དང་ཤེས་ཡོན་རྒྱབ་ལྗོངས་དེ་བཞིན་ཚད་མཐོའི་རྒྱབ་གཉེར་མཚམས་སྦྱོར་སོགས་ལ་བརྟེན་ནས་འཛུལ་རྒྱུགས་ཀྱི་གོ་སྐབས་ཐོད་རྒལ་ལྟ་བུ་ཞིག་ཐོབ་པ་རེད།

ང་རང་འབུམ་རམས་པ་ཐོན་སའི་“ཆར་ལེ་སི་”གཙུག་ལག་སློབ་གྲྭ་ཆེན་མོ་ནི། ཕྱི་ལོ་༡༣༤༨ལོར་བཙུགས་པས་ཡུ་རོབ་དཀྱིལ་མའི་ནང་ནས་ཐོག་མ་དང་། འཛམ་གླིང་ནང་དུའང་རྩེ་གྲས་སུ་བརྩི་བ་སྟེ། ཡོངས་གྲགས་ཀྱི་ཚན་རིག་པ་གྲགས་ཅན་“ཨ་ཡིན་ཤི་ཊ་ཡིན་”(Albert Einstein)དང་“ཊེ་སི་ལ་”(Nikola Tesla)སོགས་ཀྱང་དེར་སློབ་གཉེར་གནང་ཡོད། ང་རང་དེར་འཛུལ་རྒྱུགས་འཕྲོད་པ་དང་མཉམ་དུ་དོན་གནད་གལ་ཆེན་གཞན་ཞིག་ཀྱང་བསྒྲུབས་ཡོད་པ་ནི། གདན་ས་སྨན་རིའི་གླིང་གི་དགེ་བཤེས་ཕྱག་འཁྱེར་ཡོད་པ་གང་ཞིག་ལ་དབྱིན་ཡིག་གི་ཤེས་ཚད་བཟང་ཞིང་ཞིབ་འཇུག་སློབ་གཉེར་གྱི་དགོས་མཁོའི་ཆ་རྐྱེན་སོགས་འཛོམས་ཚེ་སློབ་གྲྭ་ཆེན་མོ་དེ་ནས་འབུམ་རམས་པའི་འཛུལ་རྒྱུགས་དབུལ་ཆོག་པའི་རྒྱལ་སྒོ་ལྟ་བུ་ཞིག་ཀྱང་ཕྱེས་ཡོད་པ་དེ་ཡིན།

微信图片_20190220084408.jpg

ཕྲན་གྱིས་འབུམ་རམས་པའི་སློབ་གཉེར་དངོས་སུ་བྱས་པའི་གོ་རིམ་ནི། འཛུལ་རྒྱུགས་འཕྲོད་རྗེས་༢༠༡༠ལོར་ནུབ་ཕྱོགས་པའི་ཚན་རིག་ཉམས་ཞིབ་ཀྱི་འགྲོ་ལུགས་ཐོག་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྐོར་ལ་རྒྱུགས་སྤྲོད་ཞུས། ༢༠༡༡ལོར་དབྱིན་ཇི་སྐད་ཡིག་གི་རྒྱུགས་ཀྱང་སྤྲད། ༢༠༡༢ལོར་རང་ངོས་ནས་དོ་སྣང་དང་དགོས་མཁོ་ཞིག་ལ་དམིགས་ནས་སྐད་ཡིག་རིག་པ་(Linguistics)ལ་དམིགས་བསལ་ལོ་གཅིག་རིང་སློབ་སྦྱོང་བྱས་ཏེ་ཡིག་རྒྱུགས་ཀྱང་ཕུལ་བ་ཡིན། དེ་མཚམས་༢༠༡༣ལོར་རྒྱལ་ཁབ་ཀྱི་རྒྱུགས་སྤྲོད་ཆེན་མོ་(State PhD Examination)ཞེས་པ་དེའང་འཕྲོད་སོང་། དེ་ནས་བཟུང་མི་ལོ་བཞི་ཡི་རིང་འབུམ་རམས་པའི་མཐར་ཕྱིན་རྩོམ་རྒྱུགས་ཀྱི་དཔྱད་དེབ་ཆེན་མོ་(PhD Thesis)དེ་དངོས་སུ་བྲིས་པས་༢༠༡༧ལོར་མཇུག་ལེགས་པར་གྲུབ།

ལོ་དེའི་ཟླ་བ་༦པའི་ཚེས་༢༦ཉིན་དཔྱད་དེབ་ཆེན་མོ་དེ་ཉིད་ཀྱི་མཐའ་འཇུག་རྒྱུགས་སྤྲོད་དམ་བཅའ་ཆེན་མོ་(PhD Thesis defense)རུ་བསྡད་ཅིང་། རྒྱུགས་ཆེན་དེ་ཉིད་ལེན་པ་པོ་ལའང་དབྱིན་ཡུལ་གྱི་ཨོག་སི་ཧྥོར་ཌི་(Oxford University)ཡི་སློབ་དཔོན་ཆེན་མོ་ཆར་ལེ་སི་རམ་བྷལ་(Charles Ramble)སོགས་བོད་རིག་པའི་མཁས་དབང་དང་། བདག་གི་སློབ་སྟོན་པ་དགེ་རྒན་ཆེན་མོ་ཌ་ནི་ཡལ་བྷེ་རོན་སི་ཀི།(Daniel Berounsky) དེ་བཞིན་སློབ་གྲྭ་ཆེན་མོ་འདིའི་ཤར་ཕྱོགས་སྐད་ཡིག་རིག་པའི་ཆེད་ལས་མཁས་དབང་རྣམ་པ་དང་རྒྱུགས་ལེན་དོ་དམ་ལྷན་ཚོགས་བཅས་ཀྱིས་མཛད་པས་ཚང་མས་སྤྱི་མོས་ཀྱིས་རྒྱུགས་འཕྲོད་ངོས་བཞེས་གནང་སྟབས་འབུམ་རམས་པའི་མིང་གནས་དངོས་སུ་བསྩལ་སོང་ལ། ཕྱི་ཟླ་༡༠པའི་ཚེས་༢༣ཉིན་མཛད་སྒོ་ཆེན་མོ་དང་འབྲེལ་ནས་འབུམ་རམས་པའི་ལག་འཁྱེར་ཡང་དངོས་སུ་བསྩལ་བྱུང་། སློབ་ཐོན་ལག་འཁྱེར་ཐོབ་མཚམས་ཕྲན་རང་སློབ་གྲྭ་ཆེན་མོ་དེར་སློབ་དཔོན་ཆེན་མོ་གཞོན་པ་(Assistant Professor)ཞེས་པའི་གོ་སའི་མིང་ཐོག་ནས་ལས་གནས་ཀྱང་སྤར་སོང་།

བདག་གིས་བྲིས་པའི་འབུམ་རམས་པའི་མཐར་ཕྱིན་རྩོམ་རྒྱུགས་ཀྱི་དཔྱད་དེབ་ཆེན་མོ་དེའི་ཁ་བྱང་ལ་《《དོལ་པོའི་ཡ་ངལ་གྱི་གདུང་རབས་》》(THE GENEALOGY OF YA-NGAL FAMILY OF DOLPO; Critical Edition of the Text, Translation into English, Analyses of Abbreviations and Introduction to the Dolpo Dialect)ཞེས་ཟེར་ཞིང་། དཔྱད་དེབ་དེ་ལ་ཤོག་ཚད་(A4)རྟགས་ཅན་གྱི་ཤོག་གྲངས་༢༣༨ཡོད།

དཔྱད་དེབ་དེ་ཉིད་ཀྱི་ནང་དོན་གྱི་ཆ་ནས་གླེང་ན། ལེའུ་ཆེན་གསུམ་གྱི་སྟེང་ལ་ཟུར་རྒྱན་ཁ་སྣོན་བཅས་ཀྱིས་བགོས་ཡོད། ལེའུ་ཆེན་ཐོག་མ་དེ་ལ་ནང་ཚན་བཞི་ཡོད་སྟེ། ཡ་ངལ་གདུང་རྒྱུད་ཀྱི་ད་ལྟའི་ཁྱིམ་གཞིས་དོལ་པོའི་ཡུལ་གྲུའི་ངོ་སྤྲོད་དང་གཅིག ཡ་ངལ་གདུང་རྒྱུད་རང་གི་ངོ་སྤྲོད་དང་གཉིས། རྒྱལ་གཤེན་ཡ་ངལ་གྱི་གདུང་རབས་ངོ་སྤྲོད་དང་གསུམ། གདུང་རབས་བྲིས་མའི་དཔེ་ཆ་མི་འདྲ་བ་བཞི་ལ་དཔྱད་བསྡུར་བྱས་པ་དང་བཞིའོ། །ལེའུ་ཆེན་བར་མ་ནི་ཡ་ངལ་གདུང་རབས་དབྱིན་ཡིག་ཏུ་བསྒྱུར་ནས་དཔྱད་མཆན་རྒྱས་པར་བཏབ་པ་ཞིག་གོ། །ལེའུ་ཆེན་མཐའ་མ་དེ་ལ་ནང་ཚན་གསུམ་ཡོད་སྟེ། དོལ་པོའི་སྐད་ཀྱི་ངོ་སྤྲོད་དང་གཅིག བོད་དཔེ་རྙིང་པའི་བསྐུངས་ཡིག་གི་ངོ་སྤྲོད་དང་གཉིས། ཡ་ངལ་གདུང་རབས་བྲིས་མ་རྙིང་ཤོས་དེའི་བསྐུངས་ཡིག་རྣམས་ལ་ཞིབ་དཔྱོད་བྱས་པ་དང་གསུམ་མོ། །ཟུར་རྒྱན་ཁ་སྣོན་ལ་ནང་ཚན་ལྔ་ཡོད་སྟེ། གདུང་རབས་རྙིང་ཤོས་དེའི་བསྐུངས་ཡིག་༢༡༩༠ཐམ་པ་གསལ་བྱེད་གོ་རིམ་དུ་བཀོད་པ་དང་གཅིག བསྐུངས་ཡིག་རྣམས་མ་དཔེའི་ཡིག་གཟུགས་ཇི་བཤུས་ཀྱིས་ཤོག་གྲངས་རིམ་པར་བཀོད་པ་དང་གཉིས། བྲིས་མ་བཞི་པོ་ཞིབ་བསྡུར་གྱིས་དཔྱད་འབྲས་སུ་བསྒྲིགས་པའི་གདུང་རབས་ཀྱི་མཐའ་མའི་སྒྲ་སྒྱུར་གཏན་འབེབས་དང་གསུམ། གདུང་རབས་བྲིས་མ་རྙིང་ཤོས་དེའི་མ་ཕྱི་དངོས་བཀོད་དང་བཞི། དཔྱད་ཁུངས་ཡིག་ཆའི་མཚན་ཐོ་རིམ་བཀོད་དང་བཅས་ལྔའོ། །

གང་ལྟར་འབུམ་རམས་པའི་སློབ་སྦྱོང་བྱས་པ་དེའང་དོལ་བ་གཞོན་སྐྱེས་རྣམས་ལ་མིག་དཔེ་ལམ་སྟོན་ཡོང་སླད་ཀྱིས་གཙོས་པའི་སོ་སོའི་དོ་སྣང་སོགས་རྒྱུ་མཚན་གཞན་ཡང་མང་དག་ཅིག་ཡོད་ཅིང་། འབུམ་རམས་པ་མཐར་ཕྱིན་གྱི་རྩོམ་རྒྱུགས་དཔྱད་དེབ་ཆེན་མོའི་བརྗོད་བྱ་དེ་ལ་དོལ་པོའི་ཡ་ངལ་གྱི་གདུང་རབས་བདམས་དོན་ཡང་གཙོ་བོ་དོལ་པོ་དང་བོན་ཆོས་ལ་ཞབས་འདེགས་ཤིག་བསྒྲུབས་ནུས་པའི་རེ་བ་བཅངས་པས་ཡིན། དེས་ན་དོན་དངོས་སུ་ནུབ་ཕྱོགས་པའི་ཚན་རིག་གི་ཐབས་ལམ་ཐོག་ནས་དོལ་པོའི་ལོ་རྒྱུས་དང་། སྐད་རིགས། བོན་ཆོས་བཅས་ལ་ཞིབ་འཇུག་སློབ་གཉེར་བྱས་ནས་དཔྱད་རྩོམ་གཏན་འབེབས་བྱས་ཡོད། ལྷག་པར་དོལ་པོའི་སྐད་ལ་ཞིབ་འཇུག་ཚད་ལྡན་ཡོང་སླད་ངས་ལོ་ངོ་གཅིག་གི་རིང་ལ་དམིགས་བསལ་སྐད་ཡིག་རིག་པར་སློབ་གཉེར་བྱས་པའང་དོན་ལྡན་ཞིག་བྱུང་སོང་སྙམ།

微信图片_20190220084328.jpg

འབུམ་རམས་པའི་སློབ་སྦྱོང་བྱེད་པའི་སྐབས་ཐོག་དེར་འཛམ་གླིང་འདིར་སྙན་གྲགས་ཆེ་བའི་གཙུག་ལག་སློབ་གྲྭ་ཆེན་མོ་དུ་མ་ལ་བཅར་ནས་དཔྱད་རྩོམ་སྒྲོགས་སྦྱང་ཡང་ཞུས་མྱོང་། ལྷག་པར་དུ་དབྱིན་ཡུལ་གྱི་ཨོག་སི་ཧྥོར་ཌི་(Oxford University)ནས་མགྲོན་འབོད་གནང་བ་ལྟར་ཟླ་བ་གཅིག་གི་རིང་ལ་སློབ་ཕྲུག་ཚོར་བོད་ཡིག་སློབ་ཁྲིད་དང་བོན་གྱི་བསྟན་འབྱུང་འཆད་ཁྲིད་སོགས་དེ་བཞིན་དོལ་པོའི་སྐོར་ལ་དཔྱད་རྩོམ་སྒྲོགས་སྦྱང་ཡང་ཞུས། དེ་མཚུངས་ཉི་ཧོང་གི་(Kobe City University of Foreign Studies)དང་། ཁེ་ན་ཌ་ཡི་(The University of British Columbia)དང་། ཧྥ་རན་སིའི་(Centre de recherché sur les civilisations de I’Asie orientale)དང་། སོག་པོའི་(National University of Mongolia)དང་། འཇར་མེ་ནིའི་(Leipzig University)དང་། ནོར་ཝེའི་(University of Bergen)བཅས་སུ་གཏམ་བཤད་དང་དཔྱད་རྩོམ་སྒྲོགས་སྦྱང་སོགས་ཀྱང་ཞུས་པ་ཡིན།

མ་གཞི་༢༠༠༩ལོར་ང་རང་ཆར་ལེ་སི་གཙུག་ལག་སློབ་གྲྭ་ཆེན་མོ་འདིར་འཛུལ་ཞུགས་བྱས་པ་དང་ཆབས་ཅིག་ཏུ་སློབ་གྲྭ་ཆེན་མོ་འདིར་“བོད་རིག་པའི་སྡེ་ཚན་”(Tibetan Studies Department)གསར་དུ་བཙུགས་ཤིང་། རང་ཉིད་སློབ་གཉེར་བྱེད་པའི་རིང་ལ་འདིར་དགེ་རྒན་(Lecturer)གྱི་མིང་གནས་ཀྱང་ཁུར་ནས་ལོ་ངོ་བརྒྱད་ཀྱི་ཡུན་ལ་ཞིབ་འཇུག་སློབ་གཉེར་གྱི་རིམ་པ་གསུམ་སྟེ་རིག་གནས་རབ་འབྱམས་པ་(Bachelor)དང་། གཙུག་ལག་རབ་འབྱམས་པ།(Master) དེ་བཞིན་འབུམ་རམས་པ་(PhD/Doctor)བཅས་ཀྱི་སློབ་མའང་གང་འཚམས་བསྐྱངས་ཏེ་དེ་དག་ལ་བོད་ཀྱི་སྐད་ཡིག་དང་། ཆོས་རིག་རྒྱུན་ཤེས། དོལ་པོའི་སྐད་དང་ལོ་རྒྱུས་བཅས་སློབ་ཁྲིད་བྱས་སྟབས། ཁག་གཅིག་ད་སྐབས་བོན་དང་དོལ་པོའི་སྐོར་གྱི་ཞིབ་འཇུག་པ་ཚད་ལྡན་ཡང་ཆགས་ཟིན་ཡོད།

ཁོ་བོ་རང་ཉིད་ཀྱིས་ངོས་ནས་ཀྱང་སྔ་རྗེས་སུ་དབྱིན་ཡིག་ཐོག་དོལ་པོ་དང་བོན་གྱི་སྐོར་ལ་ཚན་རིག་དང་མཐུན་པའི་དཔྱད་རྩོམ་མི་འདྲ་བ་ལྔ་ཙམ་བྲིས་ཏེ་རྒྱལ་སྤྱིའི་ཚད་མཐོའི་ཞིབ་འཇུག་གི་དཔྱད་དེབ་མི་འདྲ་བའི་སྟེང་འགྲེམས་སྤེལ་ཡང་ཞུས་ཡོད་པ་བཅས་སོ། །

གང་ལྟར་ཐོག་མའི་ཁ་ཕྱོགས་དང་དམིགས་ཡུལ་འཁྱེར་སྟངས་བཞིན་འབུམ་རམས་པ་ཐོན་པ་འདི་ནི་རང་ཉིད་ཡིད་ཚིམས་པའི་བསམ་དོན་ཆེན་པོ་ཞིག་ཀྱང་གྲུབ་ཅིང་། དྲང་པོར་ཞུས་ན་དོལ་པོའི་སྤྱི་ཚོགས་དང་སྨན་རིའི་གླིང་གི་དགེ་བཤེས་ནང་ནས་འབུམ་རམས་པ་ཐོན་པའང་ཐོག་མ་ཡིན་པར་གོ་དུས་སྤོབས་སེམས་ཀྱང་སྐྱེ་བཞིན་ཡོད། དེ་མཚུངས་སུ་བོན་པོ་དང་དོལ་བ་སོགས་ཀྱིས་གཙོས་པའི་རང་དང་འབྲེལ་བའི་མི་བུ་ཕལ་མོ་ཆེ་ནས་སྒེར་དང་ཚོགས་པ་སོགས་ཅི་རིགས་སུ་རྟེན་འབྲེལ་དང་དགའ་བསུ་མཛད་འདུག་ཅིང་། ལྷག་པར་དོལ་བ་བླ་སྤྲུལ་མི་དཔོན་དང་གཞོན་སྐྱེས་སློབ་ཕྲུག་སོགས་ཀྱིས་དགའ་བསུ་རྟེན་འབྲེལ་གནང་བ་དག་ནི་དམིགས་བསལ་སེམས་ངོགས་སུ་དྲོད་ཁོལ་འདྲ་ཞིག་ཀྱང་བྱིན་བྱུང་།

དེ་བས་འབུམ་རམས་པ་ཆགས་རྗེས་སུ་རྒྱལ་སྤྱིའི་མཁས་དབང་ཁ་ཤས་ནས་མཉམ་ལས་གནང་འདུན་གྱི་འཕྲིན་ཡིག་བསྐུར་བ་དང་། ཤེས་ཡོན་སྡེ་ཚན་རེ་འགའ་ནས་ཀྱང་ལས་གནས་སྩོལ་བ་དང་། རྒྱལ་ཁབ་མི་འདྲ་བའི་གཙུག་ལག་སློབ་གྲྭ་ཆེན་མོ་རེ་གཉིས་ནས་ཀྱང་ཞིབ་འཇུག་སློབ་གཉེར་མུ་མཐུད་བྱ་བར་མགྲོན་འབོད་གནང་བ་སོགས་གོ་སྐབས་དང་བརྩི་མཐོང་གནང་མཁན་གང་འཚམས་འབྱུང་གི་འདུག་པས་དགའ་བས་སྨྱོས།

འདི་ལྟར་རང་གི་ལོ་རྒྱུས་སོ་སོས་འབྲི་དུས་ཅུང་ཟད་ངོ་ཚའི་ཚོར་སྣང་འདྲ་ཞིག་སྐྱེ་བཞིན་འདུག་མོད་ཀྱང་། ཆུང་དུས་དེང་རབས་ཀྱི་སློབ་གྲྭར་འགྲིམས་ཤིང་། དེ་མཚམས་སྲོལ་རྒྱུན་གྱི་དགོན་པ་ནས་མི་ཚེ་བསྐྱལ། དེ་རྗེས་ནུབ་ཕྱོགས་པའི་གཙུག་ལག་སློབ་གྲྭ་ཆེན་མོ་དག་ནས་ཉམས་མྱོང་དང་རྒྱུས་ལོན་ཞུས་ཏེ་བསླབ་པ་མཐར་སོན་ཡོད་སྟབས། སྤྱི་ཚོགས་དང་ཁོར་ཡུག་མི་འདྲ་བའི་ཤེས་ཡོན་སྦྱོང་སྟངས་སྣ་ཚོགས་ལ་མྱོང་བ་ཅུང་ཟད་ཐོབ་པའི་ཟོལ་གྱིས་རང་གིས་ཤེས་རིག་ལ་བསྒྱུར་བའི་ཁ་ཕྱོགས་ཀྱི་དུམ་བུ་ཞིག་བྲིས་པ་ལགས་ན། ཇི་ལྟར་བསྐུལ་བ་ལྟར་འདི་ནས་དང་ལེན་ཞུས་པའང་དོན་ལྡན་དུ་འགྱུར་བའི་རེ་བ་ཡོད།

མཐའ་དོན་འུ་རང་དོལ་པོའི་སྤྱི་ཚོགས་འདི་ཉིད་ལ་ཞུ་འདོད་པ་ཞིག་ལ། སྤྱི་ཚོགས་ཡར་རྒྱས་ཀྱི་རྩ་བ་བརྟན་ཤོས་ནི་སློབ་སྦྱོང་ལགས་ཀྱང་། སློབ་སྦྱོང་གི་རྣམ་གྲངས་དེ་ཡང་རེ་གཉིས་ཤིག་ལས་མེད་པར་བྱས་ན་ཤེས་ཡོན་གྱི་སྤྱི་ཚོགས་དེ་ཉིད་ཀྱང་གུ་དོག་ཏུ་འགྲོ་བར་ཉག་གཅིག་ཡིན་པས། སྤྱི་ཚོགས་ཤིག་ལ་ངེས་པར་དུ་ཤེས་ཡོན་འདྲ་མིན་སྣ་ཚོགས་མཁྱེན་པའི་དཔྱོད་ལྡན་པ་གང་དགོས་ཕུན་སུམ་ཚོགས་པར་ཡོད་དགོས། དེ་བས་མི་རིགས་གཞན་དང་དཔུང་པ་མཉམ་གཤིབས་ཀྱིས་འཚོ་དགོས་ན་ལྷག་པར་དུ་ཤེས་ཡོན་དེ་དག་ལ་བཟང་ངན་གྱི་ཚད་གཞི་མི་འཛིན་པར་ཆོས་དམག་ཚོང་གསུམ་གྱིས་གཙོས་པའི་སྤྱི་ཚོགས་འདི་ལ་གང་ཞིག་མ་ཚང་པ་དང་ཅི་ཞིག་དགོས་པ་དེ་དག་གཙོར་བཟུང་གིས་སློབ་སྦྱོང་འདྲ་མིན་སྣ་ཚོགས་བདམ་དགོས་པ་གལ་ཆེན་ལགས་སོ། །དེས་ན་ཨི་ཟི་ར་ཡིལ་(Israel)ལྟ་བུ་ཡོད་ཚད་ཀྱིས་དམག་སྦྱོང་བྱ་དགོས་པ་མེད་ལ། ཐ་ཡི་ལེན་ཌི་(Thailand)ལྟ་བུ་ཡོད་ཚད་ཀྱིས་སྡོམ་པའང་ཞུས་དགོས་པ་མེད་པས། སྤྱི་ཚོགས་ཆུང་ཡང་ཤེས་ཡོན་འདྲ་མིན་ཅི་རིགས་དང་འབྲེལ་བའི་ཆེད་ལས་པ་འདྲ་མིན་སྣ་ཚོགས་འཛོམས་ན་སྤྱི་ཚོགས་ཆུང་ཆུང་དེ་ཉིད་ལ་འོད་སྟོང་འཕྲོ་བའི་མདུན་ལམ་ཡོད་པར་འདོད་དོ། །དེས་ན་རྒྱུ་མཚན་འདི་འདྲ་ཞིག་ལ་དམིགས་ནས་རང་ངོས་ནས་ཀྱང་ཕྱིས་འབྱུང་དོལ་བ་གཞོན་སྐྱེས་རྣམས་ལ་མིག་དཔེ་ཡོང་སླད་ཤེས་ཡོན་མི་འདྲ་བ་ཞིག་ལ་དངོས་སུ་ཞུགས་པ་ཡིན་རབས་བསྐྱར་དུ་ཞུ་བ་ལགས་སོ། །དོལ་པོ་རྒྱལ་ལོ། །དོལ་པོའི་ཤེས་ཡོན་པ་རྒྱལ་ལོ།། །།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།