མུ་ལེ་དྲུང་ཤིང་གི་ཇ་ཡི་མཚམས་སྦྱོར།
[ཟླ་ཚེས། 2018-11-01 08:49:44][རྩོམ་པ་པོ། ཞང་ཞུང་ཁྱུང་ལུང་རྔུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ཇ་ནི་བོད་མི་རིགས་ཀྱི་བཏུང་བ་མཆོག་ཏུ་གྱུར་པ་ཞིག་ཡིན་ཞིང་ཇ་བོད་དུ་ཐོག་མར་བྱུང་བའི་དུས་ནི་རྒྱ་བོད་ཡིག་ཚང་ལ་ཁ་གསལ་འཁོད་པ་ལྟར་བོད་ཀྱི་ལོ་རྒྱུས་སྨྲ་བ་པོ་ཕར་ཆེ་བའི་བཞེད་དགོངས་དེ་ལྟར་དུ་ངེས་པར་འཛིན། དེའང་བཙན་པོ་འདུས་སྲོང་མང་པོ་རྗེ་(སྤྱི་ལོ་༦༧༦-༧༠༤)བསྙུན་གཞི་དྲག་པོ་ཐེབས་པར་བོད་ན། ཟས་དང་། སྤྱོད་ལམ། རིག་བཟོ་ལ་བརྟེན་པ་ཙམ་ལས་སྨན་དཔྱད་གཞུང་བཞིན་ཤེས་པ་མེད་པའི་རྐྱེན་གྱིས་དྲག་སྐྱེད་མ་བྱུང་བས། ཉིན་ཞིག་ཕོ་བྲང་གི་པུ་ཤུ་ཟུར་ན་སྔར་མཐོང་མ་མྱོང་བའི་བྱ་ཡིད་དུ་འོང་བ་ཞིག་གི་ཁ་ན་ཤིང་བུ་ལོ་འདབས་དང་ལྡན་པ་བཅས་ཞིག་ཁྱེར་ནས། སྐད་སྙན་པར་སྒྲོག་པར། རྒྱལ་པོས་གཟིགས་ནའང་བཙན་པོས་དོ་སྣང་མ་མཛད། དེ་བཞིན་སང་ནང་ཉི་ཤར་མཚམས་སུ་ཡང་དེ་ཀ་བྱེད་ཀྱི་འདུག་པར་རྒྱལ་པོའང་ཐེ་ཚོམ་སྐྱེས་ཏེ་ལྟས་ཏེ་བརྟག་པས། སྔར་མེད་ཀྱི་ཤིང་དུ་འདུག་ཅིང་། ཤིང་དེ་ཡི་སྣ་མོ་གཅིག་ཞལ་དུ་བཅུག་ནས། བྲོ་བ་མྱངས་པས། ཞལ་སྐྱེམས་པ་སོས། བཏུང་བའི་མཆོག་ཏུ་མངོན་ནས། ད་ཁྱེད་བློན་འབངས་རྣམས་ཉོན་ཅིག ང་ན་བའི་སྐབས་འདིར་། གཞན་གྱི་བཟའ་བཏུང་ནི་གང་ཡང་མི་འདོད་། བྱས་ཁྱེར་བའི་ཤིང་བུ་འདི་ནི། བཏུང་བའི་མཆོག་ལུས་ཀྱིས་གསོས། ནད་ཀྱི་སྨན་དུ་འདུག་པས། ང་ལ་གློ་བ་ཉེ་བ་རྣམས་ཀྱིས། ཤིང་འདི་ལྟ་བུ་གར་འདུག་ཀྱང་ཚོལ་བྱོན་ཅིག བྱ་དགའ་ཆེན་པོ་བྱེད་དོ་གསུངས་པ་དང་། བློན་འབངས་ཀུན་གྱིས་བོད་ཡུལ་གྱི་ས་ཆ་སྟོད་སྨད་ཐམས་ཅད་རྩལ་ཡང་མ་རྙེད། རྒྱལ་པོ་ལས་བསམ་རུ་མེད་པའི་གློ་བ་ཉེ་བཤོས་ཀྱི་བློན་པོ་ཞིག་གིས། བོད་ཀྱི་ས་མཐའ་འཁྱམས་པས། རྒྱ་ནག་གི་ནགས་གསེང་འཐུག་པོ་སྨུག་ལིང་ངེ་བ་མཐོང་སར་ཞིག་ཏུ་སླེབས་པར། ཕ་ཀི་འདྲ་བའི་གསེབ་ན། ཤིང་དེ་ངེས་པར་ཡོད་དམ་སྙམ་ཏེ་དེར་གཏད་ཕྱིན་པས། ནགས་དེའི་ཚུར་རོལ་ན། ཆུ་ཆེན་པོ་གཅིག་འདུག་པས། ཆུ་ལ་ནི་འགྲོ་མ་ནུས། ཤིང་དེ་ནི་ནགས་གསེབ་ན་ཡོད་པར་ངེས་རིག་སྟེ། རྒྱལ་པོ་ཡིད་ལ་སེམས་ཀྱིན་སྡད་ཙ་ན། དར་ཅིག་ནས་ཉ་ཆེན་པོ་ཅིག་ཁོའི་ཐད་དེ་ནས་ཆུ་དེ་ལ་ཞུགས་སོང་པ་དང་། ཆུ་ཁ་ཞེང་ཆེ་བ་མ་གཏོགས། གཏིང་ལ་མི་ནུབ་པར་འདུག་པས། སེམས་དགའ་སྟེ། དེའི་རྗེས་ལ་རྒལ་ཕྱིན་ནས། ནགས་གསེབ་ཏུ་སླེབས་པ། ནགས་མ་ནི་ཕལ་ཆེ་བ། བྱས་ཁྱེར་བའི་ཤིང་དེ་རྐྱང་དུ་འདུག་པས། ད་ནི་བདག་གི་རྗེ་བོ་ངེས་པར་སྐུ་ལྟས་པར་འགྱུར་རོ་སྙམ་པའི་དགའ་སྤྲོ་དང་བཅས་ནས། ཤིང་དེ་འདྲ་བ་རྒྱབ་གཅིག་རྔས། ཡང་བསམ་མནོ་ཕྱི་མ་ལ། རྒྱལ་པོ་སྙུང་བ་དྭངས་པ་ལ་ནི། འདི་ཕན་ངེས། ས་ཐག་རིང་བར་འདུག་པས། ད་ལན། འཁུར་བའི་གྲོགས་སམ། ཁལ་པ་གཅིག་ཡོད་ན་བསམ། འདོད་པ་སྐྱེས་པའི་དུས་དེར། ད་ཀི་མེད་པའི་ཤ་བ་ཡུ་མོ་གཅིག་མི་འཛེམ་པར་རྩ་རུ་སླེབས་བྱུང་པས། འདི་འདྲ་ལ་ཁལ་བཀོལ་རུང་པའང་སྲིད་དམ་སྙམ་ནས་གྲབས་བྱས་པས། ཇི་ལྟར་འདོད་པ་བཞིན་བྱར་བྱུང་ནས། ཤིང་དེ་ནས། ཤ་བའི་ཁལ་རྒྱབ་ཅིག་དང་།ཁོ་རང་གི་རྒྱབ་གཅིག་ཁུར་ཡོང་པས། ལམ་ཞག་ཟླ་བའི་བར་ལ་སོང་ནའང་། ཤ་བས་ཀྱང་ཁུར་ནས་བོད་རྒྱལ་པོའི་ཕོ་བྲང་མཐོང་སར་བར་དུ་བསྐྱལ་ལོ།། དེ་ནས་གྲོགས་བཀུག་སྟེ། རྒྱལ་པོའི་སྤྱན་སྔར་ཕུལ་བས། ཤིན་ཏུ་དགྱེས་དགའ་ནས། བྱ་དགའ་ཆེན་པོའང་བྱས། བསྙུང་སོས་པ་ལ་ཡང་ཕན་པོ་བྱུང་སྐད། དེ་རྟིང་། རྒྱལ་པོའི་ཞལ་ནས། འདི་ནི་བཏུང་བའི་མཆོག་ཏུ་འདུག་པས། འདི་འཐུང་བའི་སྣོད་དགོས་པའི་ཐུགས་བསམ་འཁོར་བས་རྒྱ་ནག་རྒྱལ་པོ་ལ། དཀར་ཡོལ་ཟེར་བ་ཅིག་ཡོད་འདུག་པ། སློངས་ལ་ཤོག་ཅིག་གསུངས་པ་བྱུང་ནས། གསེར་ཡིག་པ་བཏང་པས། རྒྱ་ནག་རྒྱལ་པོ་ན་རེ། རང་རེད། རྒྱ་བོད་གཉིས་འཐབ་མཐུན་ལན་མང་། བོད་ལ་ཕན་གདགས་པའི་ཕྱིར་དུ། ངེད་ཀྱིས། སྨན་རྩིས་བཟོ་གནས། རོལ་མོ་མཁན་རིམ་པར་བཏང་ནའང་། བོད་ཀྱིས་བསམ་དུ་མ་འདོད་པས། དཀར་ཡོལ་མི་བསྐུར་། བོད་རང་ལ་བཟོ་རྒྱུ་ཡོད་ན། བཟོ་མཁན་ཅིག་བཏང་དགོས་པ་ཡིན་ཡོངས་གསུངས་པ་བྱུང་ན། རྒྱའི་དཀར་ཡོལ་བཟོ་མཁན་བོད་དུ་འབྱོར། ལྷོ་ཁ་གྲ་ནང་ཁུལ་ནས་རྡོ་དཀར་གོང་གི་གཏེར་ཁ་བཏོན་ནས་དེས་རྒྱུ་ཆ་བྱས་ཏེ་དཀར་ཡོལ་བཟོས་པ་མ་ཟད། ལག་རྩལ་མི་སྣ་ཁག་གཅིག་གསོ་སྐྱོང་བྱས་ཏེ་དཀལ་ཡོལ་རབ་འབྲིང་ཐ་གསུམ་སོགས་བོད་དཀར་རིགས་མི་འདྲ་བ་བཟོས། དེའི་གྲལ་དུ་བོད་དཀར་དར་ཚེའི་རིགས་རྣམས་འདི་རྣམས་ནི། དེ་གོང་རྒྱ་ནག་ནའང་མེད་པར་བྱེད་ཅིང་། བོད་དུ། ཇ་དང་དཀར་ཡོལ་བྱུང་བའི་སྔ་མ་འདི་ཡིན་པར་འདོད་དོ། དེ་རྗེས་བཙན་པོ་ཁྲི་རལ་(སྤྱི་ལོ༨༠༢-༨༤༡)གྱི་སྐབས་སུ་ཐང་གི་བློན་པོ་ཀྲང་ལུང་བོད་དུ་འབྱོར་བར་རྒྱལ་པོས་མགྲོན་བོས་ཤིང་རྒྱལ་པོས་ཇ་སྟོན་སྣེ་ལེན་དང་ཕྱག་སྒམ་ནང་དུ་ཇ་རིགས་མི་འདྲ་བ་མང་པོ་བཏོན་ནས་རེ་རེའི་ཐོན་ཁུངས་དང་། ཁྱད་ཆོས་བཅས་ཞིབ་གསལ་གསུངས་པས་བློན་པོ་ཀྲང་ལུང་ངོ་ཚ་ཁ་སྐྱེངས་དགོས་པ་བྱུང་བའི་ཚུལ་ཐང་རྒྱལ་རབས་ཀྱི་ལོ་རྒྱུས་རྒྱ་ཡིག་ལ་འཁོད་པར་བཤད། དུས་རབས་བཅུ་གཅིག་པའི་ནང་ཇོ་བོ་ཨ་ཏི་ཤ་མངའ་རིས་སུ་ཕེབས་པའི་ཉིན་ཐོག་མའི་རྟེན་འབྲེལ་དུ་བོད་རང་ནས་བཟོས་པའི་དཀར་ཡོལ་འབྲུག་རྒྱབ་མ་གསེར་སྲང་ལྔའི་རིན་ཐང་ཅན་གྱི་ནང་དུ་གསོལ་ཇ་བསྲུབས་མ་དྲངས་པས། ཇོ་བོ་རྗེ་ཤིན་ཏུ་གཉེན་ནས། ཇ་མཆོད་མཛད་དེ་གསོལ་རྗེས་ཁྱེད་བོད་ཀྱི་རབ་ཏུ་བྱུང་བ་ཀུན་རྒྱ་གར་ལ་མེད་པའི་བཏུང་བ་ཞིམ་པོ་ཕྱི་དྲོའི་དུས་སུ་ཡང་འཐུང་ཆོག་པ་འདི་འདྲ་ཡོད་པ་ནི་བསོད་ནམས་ཆེན་པོ་རེད། ཇ་འདི་འཐུང་ན་སྐོམ་སེལ་བ་ཙམ་མ་ཟད། རིག་པ་དྭངས་བ་དང་། ལུས་སྟོབས་རྒྱས་པ། གཉིད་དང་རྨུགས་པ་སེལ་བ། དགེ་སྦྱོར་ལ་སྤྲོ་སྣང་སྐྱེ་བ་བཅས་ཀྱི་ཁྱད་ཆོས་ཆེན་པོ་འདུག་པས་རྒྱ་གར་ལ་འདི་འདྲ་ཡོད་ན་ངས་གསེར་སྤྲད་ནས་ཉོ་ཆོག་པ་ཞིག་འདུག། ཅེས་ཇ་ཡི་ཕན་ནུས་དང་རིན་ཐང་་དང་བཅས་པ་གསུངས་པའི་ལོ་རྒྱུས་ཀྱང་འདུག་གོ། གང་ལྟར་བོད་ཀྱི་ཆོས་འབྱུང་ཁག་གི་ནང་དུ་ཇ་ཡི་ཁུངས་ནི་རྒྱ་ནག་ཡིན་པ་དང་བོད་དུ་བཙན་པོ་འདུས་སྲོང་མང་པོ་རྗེ་ཡི་སྐབས་སུ་དར་བའི་ངོས་འཛིན་བྱེད་པ་ནི་ཡོང་གྲགས་སུ་ཆགས་ཡོད། ཡིན་ནའང་ད་དུང་དཔྱད་རིན་ལྡན་པའི་ལོ་རྒྱུས་མང་པོ་ལུས་སྡད་ཡོད་པ་ནི་ཅི་སྨྲོས་དགོས་ཏེ། བློ་གཟུ་བོ་རུ་གནས་པའི་མཁས་དབང་དག་གིས་བོན་གྱི་རིག་གཞུང་དོར་ན་བོད་ཀྱི་རིག་གཞུང་ཤོད་མི་ཐུབ་ཅེས་གསུངས་པས་སོ། དེས་ན་ཇ་གཅིག་བུ་ལ་ཆ་མཚོན་ན་བོན་གྱི་ལོ་རྒྱུས་ནང་དུ་རྩ་ནས་མེད་པ་མ་ཡིན་ཏེ།
དེའང་མདོ་དྲི་མེད་གཟི་བརྗིད་ལས། ༡ ཇ་ཡི་རྒྱུ་བསྟན་པ་སྟེ། ཇ་ནི་སྐྱེད་ཤིང་རྒྱུ་ལས་བྱུང་། སྤྱིར་ནི་སྐྱེད་ཤིང་བཅད་པ་དང་། རྩི་ཏོག་བྲེགས་དང་ལོ་མ་བསྐམས། དབུགས་མེད་སྲོག་བཅད་རྒྱུ་ལ་གཏོགས། དེ་ཡང་རྩི་ཤིང་ལོ་ཏོག་ལ། ལྗང་པ་དྲུངས་སུ་སྐམས་ན་ཉེས། དེ་བཞིན་ལོ་རྒྱས་མེ་ཏོག་དང་། འབྲས་བུ་སྨིན་པ་རིམ་བཞིན་ཆུང་། ཤེ་མོང་རྫོགས་ནས་སྐྱེད་མེད་ལས། ལོ་འདབ་མེ་ཏོག་འབྲས་བུ་བྲུལ། དེ་ལ་ཉེས་འགལ་མེད་པར་ཤེས། སྐྱེད་ཤིང་ལོ་འབྲས་བརྒྱ་བྲེགས་པས། ཡལ་ག་གཅིག་བཅད་ཉེས་པ་ཆེ། དེ་ཕྱིར་སྡོང་པོ་རྩ་བཅད་ན། དེ་ཡང་དབུགས་མེད་སྲོག་ལས་གཏོགས། ས་བདག་ཀླུ་གཉན་གཏོད་འཁོར་གྱི། བརྟེན་པའི་གནས་དང་བསྐྱེད་པའི་སྲོག གསེར་གྱི་རུས་སྦལ་ལུས་ལའ་བྱུང་། དེ་ལ་སྐྱེ་འགྲོ་སེམས་ཅན་འཁྲས། ཤིང་གི་ལྷ་མོས་བདག་ཏུ་བྱེད། དེ་ཕྱིར་ནགས་ཚལ་མེ་གཏོང་དང་། སྐྱེད་ཤིད་རྩ་བཅད་སྤང་བར་བྱ། སྒོས་སུ་ཡོངས་མར་ཇ་ཞེས་པ། ཡོངས་ནི་ཡོངས་འདུའི་ཤིང་ལས་བྱུང་། མར་ནི་བཙོ་མ་གསེར་ལས་དམར། ཇ་ནི་སྐོམས་པ་བངས་པས་ཇ། དེ་ཕྱིར་ཡོངས་མར་ཇ་ཞེས་བྱ། ཞེས་དང་།
༢ ཆང་གི་འབྱུང་ཁུངས་དང་ཉེས་པ་བསྟན་པ། དེ་ལས། དེ་ཡང་ཐོག་མར་བྱུང་ཚུལ་ནི། རི་རབ་བང་རིམ་གསུམ་པ་ན། རྟག་མྱོས་ཀུ་མ་ར་ཙ་གནས། འབྲུ་བཅུད་རྩི་ཏོག་ཤིང་ཏོག་ལ། ཨ་མྲི་ཏ་ཡི་ཕབས་བཏབ་ནས། བསྙལ་དང་མྱོས་དང་ལངས་དང་གསུམ། ཡུ་ཏི་ཆང་ལ་ལོངས་སྤྱོད་བྱེད། དེ་ལ་བག་མེད་འགལ་འཐུངས་པས། སྐོམས་པ་ངོམས་དང་བཟི་བ་དང་། མྱོས་དང་རྨུགས་དང་འཐིབས་པར་བྱུང་། དེ་ཚེ་བང་རིམ་གསུམ་པའི་མི། མཚེ་མ་གནོད་སྦྱིན་ལྷ་ཡིས་ཀྱང་། བཏུང་བའི་ཡུ་ཏིས་རྐྱེན་བསླངས་ནས། ལྷ་དང་ལྷ་མིན་འཁྲུག་པ་བྱུང་། ལྷ་སྲས་ཁྱེའུ་ལྕམ་དྲལ་རྣམས། གཅིག་ལས་སྐྱེ་བ་མ་སྲིད་ཀྱང་། གཉིས་གཉིས་འགྲོགས་ཏེ་མཚེ་རུ་སྐྱེས། དེས་ན་གནོད་སྦྱིན་མཚེ་མ་ཞེས། ལྕམ་དྲལ་གཅིག་ལ་གཅིག་འཚོ་ཞིང་། གཅིག་སྲོག་གཅིག་གིས་བཅད་ནས་སུ། ལྷ་ལ་དམེ་དང་ཁྲེལ་ཤོར་བས། གཙང་མའི་ལྷ་རིགས་ཐུགས་འཁྲུགས་ནས། ལྷ་ཁམས་སྨེ་ཞིང་མནོལ་བ་ལས། ཞེས་དང་།
༣ ཇ་འཐུང་དགོས་པའི་རྒྱུ་མཚན་བསྟན་པ། དེ་ལས། དེ་ཚེ་ཡོད་ཀྱི་ཁ་འཛིན་པ། གནོད་སྦྱིན་ལག་རིང་རྩེ་རྒན་གྱིས། སྲིད་པ་གསུམ་གྱི་རྩེ་མོ་ཡི། ཡོངས་འདུའི་ཤིང་གི་ལྡིང་ཁང་དུ། ཇོ་མོ་གནམ་ཕྱི་གོང་རྒྱལ་ལ། གུས་པའི་ཚུལ་གྱིས་ཞུ་བ་ཕུལ། ཇོ་མོ་གནམ་ཕྱི་གོང་རྒྱལ་ལགས། ཁྱོད་ནི་སྐྱེ་འགྲོ་སྲིད་པའི་མ། འགྲོ་བ་ཡོངས་ལ་བཀའ་དྲིན་ཆེ། བདག་ཅག་མཚེ་མ་གནོད་སྦྱིན་ལྷ། རི་རབ་བང་རིམ་གསུམ་པ་ན། རྟག་མྱོས་ཀུ་མ་ར་ཛཱ་གནས། འབྲུ་དགུ་བཅུད་ཀྱི་འབྲས་བུ་ལ། ཨ་མྲྀ་ཏ་ཡི་ཕབས་བཏབ་ནས། ཡུ་ཏི་ཆང་ལ་ལོངས་སྤྱོད་པས། སྨྱོས་དང་མྱོས་དང་རྩུབ་པ་ཡིས། མཚེ་མའི་ལྷ་ལ་འཁྲུག་པ་བྱུང་། ལྕམ་དྲལ་ནང་དུ་དམེ་བསྣོལ་བས། ལྷ་ལ་དམེ་དང་ཁྲེལ་ཤོར་ཏེ། གཙང་མའི་ལྷ་རིགས་ཐུགས་འཁྲུགས་ནས། ལྷ་ཁམས་དམེ་ཞིང་བནོལ་བ་ཡི། གྲིབ་མ་འགྲོ་བ་མི་ལ་ཕོག ལྷ་མི་དབུ་འཕང་དམའ་ལ་ཁད། བདུད་སྲིན་འགོ་ལོ་འཕར་ལ་ཁད། འདི་ལ་ཇོ་མོས་ཐུགས་དགོངས་ལ། ལྷ་ཁམས་མནོལ་བ་སངས་པ་དང་། མི་ཁམས་དར་ལ་རྒྱས་པ་དང་། ཀུ་མ་མྱོས་པ་དྭངས་ནས་སུ། ལྷ་མིན་འཁྲུག་པ་མི་འབྱུང་ཞིང་། ཞི་བདེ་མཉམ་པའི་ཐབས་ཤིག་ཞུ། དེ་ལ་ཇོ་མོས་བཀའ་སྩལ་པ། ཉོན་ཅིག་གནོད་སྦྱིན་རྒྱལ་པོའི་ལྷ། ཁྱོད་ཀྱི་བསམ་པའི་དོན་དེ་དག བདག་གི་སྨོན་པ་བཞིན་དུ་བསྒྲུབ། ཁྱོད་ཀྱང་སྐྱེ་འགྲོ་བརྟེན་པའི་ཤིང་། ཡོངས་འདུའི་ཤིང་གི་སྡོང་པོ་ལ། བདུད་དང་སྲིན་པོའི་ཆོ་འཕྲུལ་གྱིས། གདུག་པ་སྲིན་བུ་མི་འབྱུང་བའི། རིན་ཆེན་དབྱུག་པ་ཐོགས་ནས་སུ། སྲིད་པའི་རྩེ་ནས་བྱ་ར་མཛོད། གལ་ཏེ་གདུག་པའི་སྲིན་བྱུང་ན། དབྱུག་ཐོགས་རྒྱལ་པོས་ཆད་པ་ཆོད། དེ་སྐད་གསུངས་ནས་བཀའ་ལུང་གནང་། ཞེས་དང་།
༤ ཇ་ཡི་འབྱུང་ཁུངས་བསྟན་པ། དེ་ལས། དེ་ནས་གནམ་ཕྱི་གོང་རྒྱལ་གྱིས། སྲིད་གསུམ་འདུས་པའི་ཡོངས་གོང་གི། ཡོངས་འདུའི་ཤིང་གི་རྩེ་མོ་ན། དབུ་སྐྲ་སྨིན་མ་ཕྱད་ཕྱོད་དང་། ལྗགས་ཀྱི་མཆིལ་པ་བསྲེས་པ་ལ། བདུད་རྩི་སྨན་གྱི་སྨོན་ལམ་བཏབ། དེ་ལས་བདུད་རྩི་ཤིང་གཅིག་སྐྱེས། ཤིང་ལས་ཡལ་ག་ལྔ་རུ་གྱེས། སྡོང་པོ་ཡོངས་འདུའི་ཤིང་ལ་ཟུག ཡལ་ག་ཕྱོགས་བཞི་དབུས་ལྔར་གྱེས། ཤར་དུ་དུང་ལོ་སུར་བུ་དཀར། ལྷོ་རུ་གཡུ་ལོ་ཤུག་པ་སྔོ། ནུབ་ཏི་ཟངས་ལོ་འོམ་བུ་དམར། བྱང་དུ་གསེར་ལོ་སྟག་པ་སེར། དབུས་སུ་མུ་ལེ་དྲུམ་ཤིང་ལྗང་། དེ་ལས་བསང་གི་རྩེ་དགུ་འཁྲུངས། རྩེ་ལས་བསང་ཤིང་བཅོ་བརྒྱད་སྲིད། དེར་བདུད་རྩི་བསང་གི་ལོ་བྲེགས་དང་། ཕྱེ་མར་འོལ་ཀོན་ཕུད་སྦྱར་ནས། གསེར་གྱི་རི་བདུན་རྩེ་མོ་རུ། རེངས་པར་མི་རྟ་བཅོ་བརྒྱད་དང་། སྲིད་པའི་བླ་བོན་བཅུ་གསུམ་དང་། བྱ་བོན་འཕྲིན་པ་བཅུ་གསུམ་གྱིས། གཡུ་དུད་སྔོན་པོས་མནོལ་བསང་ཞིང་། ཕྱེ་མར་འོལ་ཀོན་ཕུད་མཆོད་པས། ལྷ་ཁམས་སྨེ་ཞིང་མནོལ་བ་བསངས། འགྲོ་བ་མི་རྣམས་བདེ་སྐྱིད་ལྡན། བདུད་རྩི་བསང་ཤིང་འབྲས་བུ་རྣམས། མི་ཡུལ་གླིང་བཞིར་གཏོར་བ་ལས། བདུད་རྩི་ཅན་གྱི་ཤིང་རྣམས་སྲིད། ཀུ་མ་ར་ཙ་དྭངས་པའི་ཐབས། མུ་ལེ་དྲུམ་ཤིང་འབྲས་བུ་རྣམས། གསེར་གྱི་རི་བདུན་དང་པོ་དང་། བང་རིམ་གསུམ་པར་བསྐྱེད་པ་ལས། མུ་ལེ་དྲུམ་ཤིང་ཚལ་དུ་སྲིད། ཚལ་ལས་དྲུམ་ཤིང་བཅུད་འབྱུང་གནས། ཤིང་ལ་འདོད་ཡོན་སྣ་ཚོགས་བྱུང་། ལོ་མར་བསིལ་དང་གཡབ་ཏུ་བྱུང་། མེ་ཏོག་ངོ་མཚར་ལྟད་མོར་བྱུང་། འབྲས་བུར་གསོས་དང་ཟས་སུ་འབྱུང་། སྙིང་པོར་རིན་ཆེན་རྒྱན་ཆར་བྱུང་། ཤུན་པར་དར་དང་ཟབ་ཏུ་བྱུང་། ཁུ་བར་བཅུད་དང་བདུད་རྩིར་བྱུང་། སྡོང་པོར་འཁྲ་བའི་གནས་སུ་བྱུང་། གནམ་ཕྱི་གོང་རྒྱལ་བྱིན་རླབས་ཀྱིས། སྦྱིན་པ་མཐར་ཕྱིན་ལྡན་པ་ཡིས། དྲུམ་ཤིང་མི་ཡི་ལོངས་སྤྱོད་རྒྱུ། སྐལ་ལྡན་རྣམས་ཀྱིས་སྤྱོད་ཡུལ་ལ། སྐལ་མེད་རྣམས་ནི་ག་ན་བ། དབུལ་ཕོངས་རྣམས་ཀྱིས་བྱས་མི་མཐོང་། ཞེས་དང་།
༥ ཇ་ཡི་རིགས་སམ་དབྱེ་བ་བསྟན་པ། དེ་ལས། བང་རིམ་གསུམ་པར་ཚལ་བསྐྱེད་པས། དེ་ལས་ཡོངས་མར་ཇ་ཤིང་བྱུང་། ཁ་དོག་རྣམ་པ་དྲུག་ཏུ་ཆད། དཀར་ལྗང་དམར་སྔོན་ཐིང་ཁ་སེར། ལོ་མ་མེ་ཏོག་འབྲས་བུ་དང་། དྲི་ངད་རོ་མཆོག་དྲུག་དང་ལྡན་། རྒྱུ་ནི་ཡོངས་འདུའི་ཤིང་ལས་བྱུང་། གཏོགས་ནི་དྲུམ་ཤིང་རིགས་ལ་གཏོགས། ཞེས་དང་།
༦ ཇ་ཡི་ཕན་ཡོན་བསྟན་པ། དེ་ལས། གནམ་ཕྱི་གོང་རྒྱལ་བྱིན་རླབས་ཀྱིས། གསོ་བྱེད་ཤིང་གི་བདུད་རྩི་དེས། ཀུ་མ་ར་ཙ་མྱོས་པ་དྭངས། མཚེ་མ་གནོད་སྦྱིན་གདུག་སེམས་ཞི། དེ་ཚེ་རྣམས་ཕྱི་གོང་རྒྱལ་གྱིས། དེ་ཡི་ལོ་མ་མེ་ཏོག་འབྲས། མི་ཡུལ་གླིང་བཞིར་གཏོར་ནས་སུ། བདུད་རྩི་གསོས་ཀྱི་སྨོན་ལམ་དང་། དེ་ལས་ཇ་ཡི་རྒྱུ་རུ་སྲིད། བཏུང་བ་ཀུན་གྱི་མཆོག་ཏུ་སྟེ། ཤིང་ལས་བྱུང་བས་ཉེས་འགལ་ཆུང་། དེ་ཡང་བག་དང་ལྡན་པར་བྱ། བག་མེད་བཏུང་ན་ལང་འཚོ་རྒྱས། གཟི་མདངས་རྐང་གི་རྒྱུ་རུ་འགྲོ། བདུད་རྩི་ཤིང་གི་བཅུད་ཡིན་པས། ལུས་པོ་ཤེད་ཆེ་ཆགས་པ་སྐྱེ། སྲིད་ལེན་ཐིག་ལེ་འཁོར་བའི་རྒྱུ། དེ་ཕྱིར་རན་ཚོད་སྐོམས་བངས་ཙམ། དེ་ལས་ཉེས་པ་ཆེ་ཆུང་ནི། ལྗང་བུ་སྐྱེད་ཤིང་རྩ་བཅད་རྒྱུ། འབྱུང་བའི་རྒྱུ་ལས་བསྐྱེད་པ་སྟེ། དུས་ཀྱི་འཁོར་ལོའི་ཆོ་གས་འབྱང་། དེ་མིན་དར་དང་རྒྱས་པ་དང་། རྒུད་པར་རིམ་བཞིན་ཉེས་འགལ་ཆུང་། བཏུང་བའི་རྒྱུ་རུ་བསྟན་པའོ། ཞེས་གསུངས་ཤིང་མདོ་དྲི་མེད་གཟི་བརྗིད་ལས་ཇ་ཡི་སྒྲུང་ལྟ་བུའི་ལོ་རྒྱུས་ཀྱི་ས་བོན་བྱུང་འདུག་པ་མ་ཟད། བན་བོན་གྱི་ཆོས་འབྱུང་ཁག་དང་བོད་ཀྱི་དམངས་ཁྲོད་དུ་གསེར་སྐྱེམས་དང་གཡུ་མངོན་གྱི་མཆོད་པའི་སྲོལ་ཡོད་པ་དེ་ནི་གསེར་སྣོད་དམ་གསེར་བླུག་པའི་སྣོད་དུ་ཆང་ཕུད་ཀྱིས་བཀང་བ་ནི་གསེར་སྐྱེམས་དང་། གཡུ་བླུག་པའི་སྣོད་དུ་ཇ་ཕུད་ཀྱི་བཀང་བ་ནི་གཡུ་མངོན་ནམ་གཡུ་སྐྱེམས་བརྗོད་པ་ནི་ལུང་རིགས་གཉིས་ཀས་དཔོག་ནུས་པ་ཡིན་སྙམ། ཆང་ཕོར་བཟང་ཤོས་གསེར་ཡིན་པའི་རྒྱུ་མཚན་གཙོ་བོ་ནི་ཆང་ལ་དུག་མི་ཡོང་བའི་ཆེད་དང་། ཇ་ཕོར་རམ་ཇ་ཕུད་མཉམ་དུ་གཡུ་བླུགས་དགོས་པའི་རྒྱུ་མཚན་ནི་ཇ་སྐྱུར་པོ་ཆགས་མི་འགྲོ་བའི་ཆེད་དུ་ཡིན་ངེས། གཡུ་མངོན་ལ་གཡུ་སྐྱེམས་དང་། གཡུ་བརྔོན། གཡུ་རྔོན། གཡུ་སྔོན་བཅས་འབྲི་ལུགས་མི་འདྲ་བ་ཡོད་པ་ཡིན། དེ་ལྟར་ཆང་ཕུད་ལ་གསེར་དགོས་པ་དང་ཇ་ཕུད་ལ་གཡུ་དགོས་པ་ནི་དོན་དངོས་ཡིན་ལ་ཆང་གི་མདོག་སེར་པའི་ཡིན་པའི་ཆ་ནས་གསེར་སྐྱེམས་དང་། ཇ་ཡི་ལོ་མ་ལྗང་ཁུ་ཡིན་པའི་ཆ་ནས་གཡུ་མངོན་ཞེས་བརྗོད་པའང་ཡིན་སྲིད། བོད་ཀྱི་ཆོས་འབྱུང་ཁག་ལས། བཙན་པོ་ཐོ་རི་གཉན་གཙན་གྱི་ལོ་རྒྱུས་འཆད་ཡོང་བའི་སྐབས་སུ། དེ་ངོ་མཚར་ཆེ་བ་ཅིག་འདུག་ནས། དེའི་མིང་ནི་གཉན་པོ་གསང་བ་བྱ་བར་བཏགས་སོ། ། དེ་རིན་པོ་ཆེའི་ཁྲི་ལ་བཞུགས་ནས་གསེར་སྐྱེམས་དང་གཡུ་སྔོན་གྱིས་མཆོད་ཀྱིན་གསོལ་བ་བཏབ། ཅེས་བྱུང་ཞིང་དེའི་ངོས་འཛིན་བྱེད་སྟངས་ནི། གསེར་སྐྱེམས་ཞེས་བཏུང་བར་གསེར་བླུག་པ་དང་། གཡུ་སྔོན་ཞེས་སྒོག་པ་ཡིན་ཟེར་མཁན་དང་། ཡང་ན་བཟའ་བའི་སྟེང་དུ་གཡུ་བཟང་པོ་བཞག་པར་སྣང་ངོ༌། ཡང་ན། གནའ་སྔ་མོའི་དུས་བོད་ཡུལ་ནས་རྒྱལ་པོ་གཙོས་པའི་མི་ཆེན་དེ་ཚོའི་གྲལ་ནས་གསེར་གཡུ་ཟས་སུ་ཟ་བའི་སྲོལ་ཡོད་ལུགས་སོགས་དང་། ལུགས་དེ་དག་ད་བར་རྗེས་འཛིན་ལྟ་བུར་དཔེར་མཚོན་ཇ་ནག་ལ་འབྲི་མར་སེར་པོ་རྒྱག་པ་དང་། དབུས་ཁུལ་དུ་འབྲས་ཚལ་མདོག་སྔོ་སེ་བྱེད་པ་སོགས་བདེན་དཔང་བགྲང་སྲོལ་བྱུང་ཡོད་འདུག་པར་ཁག་མེད་དེ། གཡུ་མངོན་ནམ་གཡུ་སྐྱེམས་ཇ་ཡིན་སྙམ་པའི་བསམ་བློ་མེད་དེ་འདུས་སྲོང་མང་པོ་རྗེ་ཡི་སྐབས་སུ་གཞི་ན་ཇ་བྱུང་བའི་ལོ་རྒྱུས་ལས་དེ་གོང་ཐོ་རི་གཉན་བཙན་སྐབས་སུ་ཇ་ཕུད་ཡོད་ཅེས་བརྗོད་ནས་ལོ་རྒྱུས་ནང་འགལ་ཆགས་འགྲོ་བས་སོ། ཡིན་ནའང་གསེར་ཕྱེ་དང་གཡུའམ་གཡུ་ཕྱེ་ཟས་སུ་རོལ་མཁན་གྱི་བོད་རིགས་ཡོད་མེད་མ་ངེས་མོད། ལྷ་ལ་འབུལ་རྒྱུའི་ཆང་ཕུད་དང་ཇ་ཕུད་ལ་ཡག་ཤོས་བྱུང་ན་གསེར་རྒོད་དང་གཡུ་རྒོད་གསེར་ཕྱེ་དགོས་པ་ནི་ངེས་པ་ཡིན་ཏེ། གེ་ཁོད་རྟེན་འཛུག་གི་བསྐང་བ་ལས། ཆང་ཕུད་དུ་གསེར་བདར་ལ། ཞེས་དང་། གེ་ཁོད་གསང་བ་དྲག་ཆེན་གྱི་གཞུང་ལས། བདག་བཅག་ཤེལ་གྱེར་སྒྲུབ་པ་པོས། ཏིང་རྫོགས་ལྷ་ཚོགས་ཐུགས་དམ་བསྐང་བའི་ཕྱིར། གསེར་རྒོད་གཡུ་རྒོད་ཕུད་ཀྱིས་མཆོད། ཅེས་དང་། གེ་ཁོད་གསང་བ་དྲག་ཆེན་གྱི་བརྣལ་བསང་དང་བསྐང་བ་ལས། ཞང་ཞུང་ཤེལ་གྱེར་སྒྲུབ་པ་པོས། བདུད་འདུལ་གསང་བའི་ལྷ་ཚོགས་ལ། གསང་བའི་མཆོད་པ་འབུལ་བ་ནི། འབྲོང་རྒོད་དར་མའི་རུ་སྐྱོགས་སུ། བཀྲ་ཤིས་རྣམ་དག་ཞལ་བུ་རུ། འབྲས་དཀར་ཡུ་ཏིའི་ཁུ་བ་ལ། མུ་མར་གསེར་དང་གཡུ་ཡིས་སྤྲས། རིན་ཆེན་སྣ་སྔའི་སྙིང་པོ་དང་། སྨན་ལ་གསོས་ཀྱི་རྩི་མཆོག་ལ། བདུད་རྩི་སྨན་གྱི་ཟིལ་པས་སྦྲན། སྒྲུབ་གཤེན་དགོངས་པའི་ཏིང་འཛིན་གྱིས། གཡུ་འབྲང་བདུད་རྩི་སྨན་དུ་བསྒྲུབ། གསེར་ལ་ལྗོན་པའི་བདུད་རྩིར་བསྒྱུར། དྭང་ར་ཙམ་གྱི་གཏིང་ཟབ་འཁྱིལ། དུག་ལྔ་དུག་གསུམ་གསོ་བའི་སྨན། ཞེས་ཞལ་གསལ་བར་གསུངས་པས་སོ། འགའ་ཞིག་གིས་གཡུ་མངོན་ཞེས་གཡུ་ཡི་སྣོད་དམ་གཡུ་རྒོད་དང་ཆང་མཉམ་དུ་བླུགས་པ་དེ་ལ་གཡུ་མངོན་ཡིན་པའི་ངོས་འཛིན་བྱེད་ཅིང་དེ་ལྟར་ཡིན་སྲིད་མོད། གསེར་སྐྱེམས་དང་གཡུ་མངོན་ཕུད་ཀྱིས་མཆོད། ཅེས་འདི་ལྟར་མཉམ་དུ་གསེར་སྐྱེམས་དང་གཡུ་སྔོན་ཞེས་བྱུང་བས་དེའི་སྐབས་སུ་ཆང་ལ་རིགས་མི་འདྲ་བ་གཉིས་མཉམ་དུ་བཤམས་ཤིང་མཆོད་སྲོལ་མེད་ཅིང་། ཆང་ཕུད་དང་ཇ་ཕུད་གཉིས་ཀ་བཤམས་ཏེ་ལྷ་ལ་མཆོད་སྲོལ་དང་། དེ་བཞིན་ཇ་དང་ཆང་ནི་བོད་མི་རིགས་འཚོ་བའི་ཁྲོད་དུ་མེད་ན་མེད་ཐབས་མེད་པ་ལྟ་་བུའི་ལོངས་སུ་སྤྱོད་སྲོལ་བྱུང་ཡོད་ཅིང་བོད་མི་རིགས་ཀྱི་སྲོལ་རྒྱུན་ད་ལྟའི་བར་དུ་མ་ཉམས་པར་གནས་བཞིན་ཡོད་པ་ནི་བོད་རིགས་ཡིན་པ་ཙམ་གྱི་མཁྱེན་ཚོད་ཡིན། དེ་ལྟར་ལོ་རྒྱུས་ཡུན་རིང་ལྡན་པའི་གསེར་སྐྱེམས་དང་གཡུ་སྔོན་གྱིས་མཆོད་ཀྱིན་གསོལ་བ་བཏབ་ཅེས་པར་བོན་པོར་སྨད་པ་གཏོང་རྒྱུ་ཆེད་དུ་གཡུ་སྔོན་ཞེས་པ་དེ་སྒོག་པར་ངོས་འཛིན་བྱས་ཏེ་མཆོད་ཀྱི་ཡོད་སྲོལ་བཤད་ཅིང་། གཡུ་མངོན་ཞེས་ཇ་མིན་པར་སྒྲུབ་རྒྱུའི་ཆེད་དུ་ཡིན་པ་ལས་གཞན་དུ་ན་རྒྱུ་མཚན་བགྲང་རྒྱུ་འགའ་ཞིག་ཨ་ཡོད་ན། དེས་ན་ང་ཚོས་གསེར་སྐྱེམས་གཡུ་མངོན་ཞེས་པ་ནི་གོང་དུ་བཤད་པ་ལྟར་ཡིན་ངེས་མོད་ཡིན་ནའང་ཇ་ཡིན་པ་ཙམ་གྱིས་ད་ལྟ་ང་ཚོས་ལོངས་སུ་སྤྱོད་བཞིན་པའི་ཇ་དེའི་རིགས་ཡིན་པའི་ངེས་པ་མེད། གསེར་སྐྱེམས་དང་གཡུ་མངོན་ནམ་ཆང་ཕུད་དང་ཇ་ཕུད་ནི་ཆེས་གནའ་བོའི་དུས་སུ་བོད་དུ་ལྷ་ལ་མཆོད་པ་སོགས་བེད་སྤྱོད་བྱེད་སྲོལ་བྱུང་ཡོད་ཅིང་། ཇ་དེའི་རིགས་ནི་གོང་དུ་མདོ་དྲི་མེད་གཟི་བརྗིད་ལས་གསུངས་པ་ལྟར། རྒྱུ་ནི་ཡོངས་འདུའི་ཤིང་ལས་བྱུང་། གཏོགས་ནི་དྲུམ་ཤིང་རིགས་ལ་གཏོགས། ཞེས་དང་། དེ་ལས་ཡོངས་མར་ཇ་ཤིང་བྱུང་། ཁ་དོག་རྣམ་པ་དྲུག་ཏུ་ཆད། དཀར་ལྗང་དམར་སྔོན་ཐིང་ཁ་སེར། ལོ་མ་མེ་ཏོག་འབྲས་བུ་དང་། དྲི་ངད་རོ་མཆོག་དྲུག་དང་ལྡན་། ཞེས་གསུངས་པ་དང་། ང་ཚོ་མིའི་འཆེད་ཁུངས་ཤོད་ཡོང་བའི་སྐབས་སུ་དཔག་པའི་མི་རིགས་བཞིའི་ནང་ཚན་དྲུམ་ཤིང་བཅུད་འཐུང་གི་མི་ཞེས་བྱུང་བ་དང་། མ་པང་མཚོ་ལས་ཤིང་འཛམ་བུ་ཏྲི་ཤ་བྱ་བ་ཡོད་ཅིང་དེ་ལ་འབྲས་བུ་ཞིང་རོ་མངར་བ་དང་ལྡན་པར་ཆུའི་ནང་དུ་ལྷུང་བའི་སྐབས་སུ་འཛམ་བུ་ཞེས་པའི་སྒྲ་གྲགས་པ་དང་། འཛམ་བུའི་ཆུ་བོའི་གསེར་ཞེས་གསེར་ཡག་ཤོས་དེ་བོད་ལས་བྱུང་བའི་ལོ་རྒྱུས་ཡོད་པ་དང་། དེ་བཞིན་ལོ་རྒྱུས་ཡུན་རིང་ལྡན་པའི་མངའ་རིས་ཀྱི་གནས་བོའི་གཉའ་རབས་གླུ་གཞུང་ལས་ཤིང་འཛམ་བུ་ཏྲི་ཤ་དང་འབྲེལ་བའི་བཤད་པ་མི་དམན་པ་འདུག་པས་དེ་ཚོ་ལ་དཔྱད་པ་གཏོང་རིན་ཤིན་ཏུ་ན་ཆེ་བ་ཡིན། ད་ལྟ་བོད་ཀྱི་མཐོ་སྒང་ཕར་ཆེ་བ་དེ་བྱེ་མ་ཤས་ཆེ་བར་འདུག་པས་གནའ་བོའི་སྐབས་སུའང་འདི་ལྟ་བུ་ཞིག་ཡིན་པར་མ་སེམས་ཤིག། བོད་ཁུལ་དུ་ནགས་ཚལ་མང་བ་དང་འཛམ་བུ་ཏྲི་ཤ་དང་། མུ་ལེ་དྲུམ་ཤིང་དང་འབྲེལ་བའི་ཇའི་རིགས་ཡོད་སྲིད་ཅིང་བ་ལུའང་སུར་དཀར་ནི་ཇ་མཆོག་ཏུ་གྱུར་བ་ཞིག་ཡིན་པ་རེད། ད་དུང་བཙན་པོ་འདུས་སྲོང་མང་པོ་རྗེའི་གོང་དུ་བོད་པས་ཇ་བཏུང་སྲོལ་མེད་པ་དང་ཇ་མཐོང་མ་མྱོང་བའི་ལོ་རྒྱུས་ཁུངས་བཙན་ཞིག་ཤོད་རྒྱུ་ཡོད་དམ། ཡོད་མི་སྲིད་དེ་སྤྱི་ལོ་༢༠༠༦ལོརཞང་ཞུང་གི་གནའ་མཁར་ཁྱུང་ལུང་དངུལ་མཁར་གྱི་འགྲམ་དུ་གནས་པའི་གུར་གྱམ་དགོན་མདོ་སྔགས་གྲགས་རྒྱས་གླིང་གི་གཡས་ཟུར་ནས་ང་ཚོས་རྙེད་སོན་བྱུང་བའི་བང་སོའི་དུར་རྒྱགས་ཁྲོད་དུ་ཟངས་སྣོད་ཀྱི་ནང་དུ་ཇ་རོ་ཐོན་པར། ཀྲུང་གོའི་གནས་རྫས་ཆེད་མཁས་པས་དཔྱད་འབྲས་ལས། དེ་ནི་ཇ་ཡི་རྫས་མང་པོ་ལྡན་པ་དང་བང་སོ་དེ་ལོ་ངོ་གཅིག་སྟོང་བདུན་བརྒྱའི་གཡས་གཡོན་དང་ཇ་ལོ་དེ་ལོ་གཅིག་སྟོང་བརྒྱད་ཙམ་འགྲོ་གི་ཡོད་པས། ད་ལྟ་ཀྲུང་གོའི་ས་འོག་ནས་ཐོན་པའི་ཇ་ལོ་སྔ་ཤོས་དེ་ཡིན་པའི་ངོས་འཛིན་བྱེད་ཅིང་ཕར་ཆེར་ད་ལྟ་དངོས་སུ་སྟོན་རྒྱུ་ཡོད་པའི་ཀྲུང་གོའི་ཇ་ལོ་ལོ་རྒྱུས་ཡུན་རིང་ཤོས་དེ་ཆགས་བསྡད་ཡོད་པའི་ཚོད་དུ་སྣང་བས་སོ། དེ་ལྟར་ང་ཚོ་གུར་གྱམ་དགོན་པའི་བང་སོ་དང་ཇ་ལོའི་སྐོར་དཔྱད་གཏམ་ནི་ད་ལྟ་ས་ཁྱབ་རྡོ་ཁྱབ་རེད་འདུག་པས་འདིར་ཡིག་ཚོགས་དོགས་པས་སྐྱར་བཤད་མི་བྱ། མདོར་ན་དེ་ལྟར་ལོ་རྒྱུས་ལ་དཔྱད་སྡོམ་བྱས་ན་ཆེས་གནའ་བོའི་སྐབས་བོད་དུ་བཏུང་བ་ཇ་ནི་མུ་ལེ་དྲུམ་ཤིང་རིགས་ཀྱི་ཁུ་བ་དང་བ་ལུའི་ཁུ་བ་སོགས་བཏུང་སྲོལ་བྱུང་ཡོད་པ་དང་། དེ་ནས་མུ་ལེ་དྲུམ་ཤིང་གི་རིགས་ཇེ་ཉུང་དུ་ཕྱིན་པས། ཇི་སྐད་དུ། རྒྱ་ནག་རྒྱལ་པོ་ཇ་དར་རས་ཀྱིས་ཕྱུག ཅེས་གསལ་བ་ལྟར་དེ་ནས་ཇ་ཕར་ཆེ་བ་དེ་རྒྱ་ནག་ནས་ཡར་འདྲེན་ཏེ་ཇ་ལམ་དང་དར་ལམ་འདི་དར་སྲོལ་རིམ་བཞིན་རྒྱ་ཆེ་རུ་ཕྱིན་པ་འདྲ་ཞིག་སྣང་ངོ་། འདིར་ང་ཚོ་བོད་མི་རིགས་བཏུང་བ་གཙོ་བོ་ཇ་ཡི་ཁུངས་དཔྱད་པ་གཏོང་སྟེ་མཚམས་སྦྱོར་ཕྱོགས་ཙམ་བྱས་པའི་ཁུལ་ཡིན་ཞིང་ད་དུང་འདིའི་སྐོར་དང་བོད་མི་རིགས་རྒྱུན་ལྡན་གྱི་འཚོ་བའི་སྐོར་ཞིབ་ཕྲའི་ཞིབ་འཇུག་བྱེད་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཡིན། སོ་སོའི་མི་རིགས་ཀྱི་ལོ་རྒྱུས་དང་འཚོ་བ་སོགས་སོ་སོས་ནག་བསུབ་གཏོང་ན་རྩ་ནས་མི་འགྲིག་སྟེ། ང་ཚོ་སྨྲ་ཤེས་དོན་གོ་བའི་མི་བུ་ཞིག་དང་འཛམ་བུ་གླིང་པའི་ཁྲོད་དུ་མི་རིགས་ཞེས་ཟླས་ཕྱེས་པའི་བོད་མི་རིགས་ཞེས་པ་དེ་ཡིན་ཞིང་། བག་ཆགས་ངན་པས་མ་སླད་པར་དྲང་བདེན་གྱི་སྒོ་ནས་ཞིབ་འཇུག་བྱེད་ཅིང་སྐད་ཆ་ཤོད་རྒྱུ་ནི་ང་ཚོས་འོས་འགན་ཞིག་ཡིན་པས་སོ།། སོར་རྩེར་ཐལ་ལོ།། ཞང་ཞུང་ཁྱུང་ལུང་རྔུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་ཉིན་རྩོམ་དུ་བྲིས་ཏེ་སྤེལ་བའོ།། ༢༠༡༨-༡༠-༣༡ཉིན།།
རྩོམ་སྒྲིག་པ། ཚུལ་ཁྲིམས་ཕུན་ཚོགས་ཀྱི་ཉིན་རྩོམ།
ལུང་ཁུངས་རྣམས་ཀྱི་ཡིག་སྟར་བ། ཚུལ་ཁྲིམས་གཙུག་ཕུད།