སྲིད་པ་རྒྱལ་བུ་འཐིང་གེའི་མཚམས་སྦྱོར་གསོས་ཀྱི་ཆུ་ཐིག

[ཟླ་ཚེས། 2018-07-14 10:43:44][རྩོམ་པ་པོ། ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

IMG_0970.JPG

   ཁར་སང་ཁོ་བོས(ངས་སྔོན་མ་གེ་སར་སྒྲུང་ལ་དཔྱད་རིན་ཆེན་པོ་ཞིག་ཡོད་བསམ་པ་ཞིག་མེད།  ཡིན་ནའང་ལོ་རྒྱུས་ཕན་ཚུན་བསྡུར་ཏེ་དཔྱད་པ་ཞིག་གཏོང་ཡོང་དུས་ཙམ་ན། རྒྱལ་བུ་འཐེང་གེ་དང་།  གེ་སར་སྒྲུང་དང་གཉིས་པོ་ཕན་ཚུན་ལོ་རྒྱུས་སམ་སྒྲུང་མང་པོ་འདྲེས་ཡོད་པར་འདུག ལྷག་ཏུ་གེ་སར་སྒྲུང་གཞི་འཛིན་ས་ནི་རྒྱལ་བུ་འཐེང་གེའི་ལོ་རྒྱུས་མིན་ནམ་སྙམ་པ་ཞིག་ངང་གི་འཆར་ཡོང་གི་འདུག)ཅེས་ཟིན་བྲིས་སུ་བཏབ་ཅིང་དྲ་ལམ་སྤེལ་བས་གྲོགས་མང་དག་ཞིག་གིས་དེ་ལ་དོ་ནན་དང་རྒྱལ་བུ་འཐིང་གེའི་སྐོར་དྲི་བ་གནང་བཞིན་འདུག་པས་དེ་ལ་ལན་ཐུང་ཐུང་འབུལ་བར་སྤྲོ་བ་ཡིན།  དེའང་རྒྱལ་བུ་འཐིང་གེ་ཞེས་བོད་མི་བུ་གདུང་དྲུག་གི་མྱེས་པོ་ངོ་མ་དེ་ཡིན་།

   དང་པོ།   སྤྱིར་རྒྱལ་བུ་འཐིང་གེའི་སྐོར་འཁོད་པའི་ཡིག་ཆ་མི་ཉུང་བ་ཞིག་མཆིས་མོད་འདིར་དཔེ་མཚོན་འགའ་ཞིག་ལུང་དུ་དྲངས་ནས།     དབུ་ནག་མིའུ་འདྲ་ཆགས་ལས།  ཕྱྭ་བུ་སྤྱི་གཙུག་རྒྱལ་བ་དེས།   དུང་ཟ་དངུལ་མོ་ཁབ་ཏུ་བཞེས་པ་ལས།   ཕྱྭ་རབས་སྟག་ཆ་འམ་འོལ་སྲིད།   ཕྱྭ་རབས་སྟག་ཆ་འམ་འོལ་དེས།    འཚམས་ཟ་བྱ་ཁྱུང་མ་ཁམ་ཏུ་བཞེས་པ་ལས།    ཕྱྭ་རབས་མཆེད་བཞི་སྲིད།   ཕྱྭ་བླ་གྲམ་ཤིང་མནའ་ཟོས་པས་བརྒྱུད་ཆད།    འོད་དེ་གུང་རྒྱལ་ལས་ཡུལ་སའི་ལྷ་ཚོགས་གྲོལ་བ་ཡིན།    ཕྱྭ་རྗེ་ཡབ་ལྷ་བདལ་དྲུག་དེས།    ལྷ་མོ་ཐང་དང་བསྡེབས་པ་ལས།  ཐུག་དཀར་བུ་དགུ་སྲིད།  སྲིན་མོ་དང་བསྡེབས་པ་ལས།  ཐུག་དམར་་བུ་དགུ་སྲིད།  གཉན་མོ་དང་བསྡེབས་པ་ལས།   གཉན་ཚ་ལྷང་ལྷང་སྲིད།   དམུ་མོ་དང་བསྡེབས་པ་ལས།   དམུ་ཚ་བཅུ་གཉིས་སྲིད།   ཕྱྭ་རྗེ་ཡབ་ལྷ་བདལ་དྲུག་ལ།   སྲས་བུ་སུམ་ཅུ་སོ་གཅིག་ཡོད།   ལྔ་འབྲིང་ནང་གི་ཆུང་བ་དེ།   ཏིང་ཁྲི་ཆེན་བར་ལྷ་བྱ་བ་ཡིན།   དེ་ལ་སྟབས་སྡུག་གི་ཤ་མཚན་བཅོ་བརྒྱད་ཡོད།   སྤྱི་བོ་དེའི་གཙུག་རུམ་ན།   གསེར་གྱི་མཆོད་རྟེན་མཐོ་གང་ཡོད།  ཟླ་རྒྱས་གྱེན་ལ་ཚེས་འདྲ་ཡོད།  སྤྱན་མིག་གཡས་ཀྱི་གཡོན་གིང་ན།   གསེར་གྱི་ཉི་མ་ཤར་འདྲ་ཡོད།   སྤྱན་མིག་གཡོན་གྱི་གཡས་གོང་ན།   དུང་གི་ཟླ་བ་ཚེས་པ་འདྲ།    རྫི་མ་གཉིས་ཀྱི་འདུས་མདོ་ན།   སྨེ་བ་ལུང་ཐང་ཙམ་ཅིག་ཡོད།   འཕྲག་པ་གཡས་ཀྱི་གཡོན་གོང་ན།   གསས་མཁར་ཁོམ་རུ་རིང་ཡོད།   འཕྲག པ་གཡོན་གྱི་གཡས་གོང་ན།   ཤེལ་གྱི་མཆོད་རྟེན་དགུ་བརྩེགས་ཡོད།   བྲང་གི་རྒྱལ་མདོ་གོང་མ་ན།   སྟག་མོ་ས་མདོར་འགྱིང་འདྲ་ཡོད།   དལ་རྩིབ་གཡས་ཀྱི་གཡོན་གོང་ན།   སྤུ་དཀར་པོ་དེ་ལ་འཛུན་ཅིག་ཡོད།   དལ་རྩིབ་གཡོན་གྱི་གཡས་གོང་ན།   སྤུ་ནག་པོ་དེ་ལ་འཛུན་ཅིག་ཡོད།   རྐང་པ་གཡས་ཀྱི་ངར་གོང་ན།   སྦྲུལ་ནག་ཐུར་ལ་སྐྱུས་འདྲ་ཡོད།   རྐང་པ་གཡོན་གྱི་ཕྱི་རྟིང་ན།   ལྕག་ཀྱི་སྦྲང་བུ་མིག་ཅན་ཡོད།   རྐང་པ་གཡོན་གྱི་ཞབས་རྒྱུད་ན།   སྦལ་ནག་གྱེན་ལ་མཆོང་འདྲ་ཡོད།   ས་བདག་སྡེ་ཚོགས་དེ་ལས་གྲོལ།   སོ་གཅིག་པའི་ཆུང་བ་དེ།   སྲིད་པ་སྣེ་ཕྲོམ་ལ་ཁྲ་ཡིན།   ཡབ་ཀྱི་དགུང་ནས་མི་བརྒྱུད་སྤེལ་བ་གཏོང་བ་ལ།   དགུང་རིམ་པ་བཅུ་གསུམ་གྱི་མར་འདས་ནས་འོང་།   ས་ག་དོག་དྲུག་ཏུ་ཕྱིན་ནས།   དམུ་སྐས་ཐེམ་དགུ་ཐེམ་པར།   རི་རྨོག་ཕོར་ཙམ་གྱི་འགོ་ལ་བབས།   དེར་བུད་མེད་མདངས་དང་ལྡན་པ་གཅིག    ཐགས་འཐག་ཅིང་སྣང་བའི་ཐགས་འགོར་བསྡད་པ་ལ།   བུད་མེད་དེའི་ཞལ་ན་རེ།   འདིར་མི་མེད་ཡུལ་ན་མི་གཅིག་གདའ།   ད་ནང་གང་གི་ཡུལ་ནས་འོང་།   དོ་ནུབ་སུའི་ཅན་དུ་འགྲོ།   དེ་ལ་སྲིད་པ་སྣེ་ཁྲོམ་ལ་ཁྲའི་ཞལ་ནས།   ཕྱྭ་རྗེ་ཡབ་ལྷ་བདལ་དྲུག་ལ།   སྲས་བུ་སུམ་ཅུ་སོ་གཅིག་ཡོད་པ་ལས།   ང་ཆུང་བ་སྣེ་ཕྲོམ་ལ་ཁྲ་ཡིན།   ཡབ་ཀྱི་དགུང་ནས་མི་བརྒྱུད་སྤེལ་བ་ལ་བཏོང་བ་ཡིན་བྱས་ཙ།    སྲིན་པོས་མཐོང་ནས་རྐུ་བར་བྱུང་།   བུ་མེད་དེས་ཐགས་དེའི་སྣེས་ཟན་ལ།   སྤྲེལ་གཅིག་བྱས་ནས་ཁོ་སྐུང་ནས་བཞག   སྲིན་པོས་ཁྱོད་ཀྱི་ཐགས་འགོའི་མི་དེ་ག་ཐལ་ཟེར་བ་ལ།    བུད་མེད་དེས་ངས་སྤྲེལ་འདི་བས་མ་མཐོང་ཟེར།   སྲིན་པོས་སྤྲེལ་དེ་ཁྱེར་ནས་ཐུར་ལ་ཐལ།   སྲིན་ཁྱི་རྒྱལ་པོ་འགྲོར་མ་ཉན།    བུད་མེད་དེས་ཐགས་བཟང་དྲང་ནས།   སྲིན་ཁྱི་ཁ་ལ་རྒྱབ་ནས་སོ་བཅག   མིག་ལ་རྒྱབ་ནས་མིག་བཅར།   འཁང་ཞིང་ཐུར་དུ་ཐལ།   མི་གླུད་སྤྲེལ་དུ་བཏང་བ་དེ་ནས་སྲིད།   བུད་མེད་དེའི་ཞལ་ན་རེ།   ང་མོ་དྲིན་ཕོ་ལ་ཆེ་བ་ཡིན།   ཁྱོད་ཕོ་དྲིན་མོ་ལ་ད་ཆེ་དགོས།   ཡུ་བུ་གཉིས་སྤྲུལ་པ་སྡེབ་དགོས་ཟེར།   སྤྲུལ་བ་བསྡེབས་པ་ལ།    འཐིང་པོ་འཐིང་མིག་འཐིང་གེ་གསུམ་དུ་སྲིད།   འཐིང་པོ་ཆུ་གྲིས་ཤི།   འཐིང་མིག་མེ་གྲིས་ཤི།    ཕྱྭ་ལྕམ་ལ་འདུད་མདའ་ཕོག   སྲིད་པ་རྒྱལ་བུ་འཐིང་གེ་དེས།   ཕྱྭ་ལྕམ་དཀར་མོ་ཁབ་ཏུ་བཞེས་པ་ལ།   བོད་འཛོམ་ལ་ཕྲོལ་སྲིད།   དམུ་ཟ་ཁྲི་མ་དང་བསྡེབས་པ་ལས།   རྒྱ་ཁྲི་ལ་བཞེས་སྲིད།   ཁྲི་མོ་དང་བསྡེབས་པ་ལས།   ཁྲི་ཕྲུག་ཧོར་སྲིད།   དབྱིག་སྣ་མ་དང་བསྡེབས་པ་ལས།   བོད་དང་འཇང་དང་མོན་དང་གསུམ་སྲིད།   གཉན་མོ་དང་བསྡེབས་པ་ལས།   སྤྲེལ་དང་གྲུམ་པ་དྲེད་མོང་དང་བཞི་སྲིད།   དེ་མི་མིན་མི་འདྲ་སྤུན་བཞི་ཡིན།    དུས་དང་བསྐལ་པ་དེ་ཙམ་ན།   སྲིད་པ་རྒྱལ་བུ་འཐིང་གེ་དེ།   རྨ་ཁ་བཞུར་ཡག་བཞུར་ཀྱི་གོང་ཁར་བསྡད་ཙམ་ན།   བོད་ཀྱིས་ཕ་རྒན་ཇ་གསོལ་ཟེར།   རྒྱས་ཡང་ཕ་རྒན་ཇ་གསོལ་ཟེར།   ཧོར་གྱིས་ཕ་རྒན་ཇ་གསོལ་ཟེར།   ཁོང་བུ་གསུམ་ལས་གཅིག་གདམ་པ་ལ།   ཁོང་གསུམ་བར་དམེ་འོག་དོགས་ནས།   ཕ་ཀི་ན་ཁྱེད་གསུམ་གང་མགྱོགས་ཅན་དུ་འགྲོ་ཟེར།   དེ་ནས་བོད་ཀྱིས་མགྱོགས་ཇ་གསོལ་བྱས་ཙ།   ཕ་ནི་ལྷམ་སྒྲོག་གིས་བཅིངས་ནས་ཤི་ཟིན་འདུག    དེ་ནས་བོད་ཀྱིས་ཞལ་ན་རེ།   གསོན་ཚེ་ཞབས་ཏོག་ངས་བྱས་པས།   ཕ་ཤི་བའི་སྤུར་དེ་ང་ལ་དབང་ཟེར་།   ཁོང་གཉིས་གྱིས་ངེད་དབང་ཟེར་ནས།   དམེ་འོང་ལ་ཁད་ལ་ཐུག་ཙ་ན།    སྟོང་པ་གསུམ་གྱི་ཕ་རོལ་ནས།   སྟོང་གསུམ་གཤེན་ལྷ་འོད་དཀར་བཀུགས།   སྲིད་པ་གསུམ་གྱི་ཕ་རོལ་ན།   སྲིད་གསུམ་གཤེན་རབ་མི་བོ་བཀུགས།   དབལ་རི་ཟུར་གསུམ་ཕོ་བྲང་ནས།   ལྷ་བོན་སྟག་ལ་ཡར་བཞུགས་བཀུགས།   ཕ་མཚུན་སྨྲང་གིས་བགོས།   ངང་མོ་རྒོད་ཀྱི་གཤོག་པས་བརྡབ་ནས་བགོས།   ཁོག་སྟོད་མགོ་འབྱར་དེ་ཕྱོགས་གཅིག་བྱས།    རྐེད་པ་སྟེང་ན་མཐེ་བོང་བཞག་པ་དེ་ཕྱོགས་གཅིག་བྱས།   ཁོག་སྨད་སྟེང་ན་སྙིང་བཞག་པ་དེ་ཕྱོགས་གཅིག་བྱས།   བདམ་སྤུར་དེ་སྤུ་རྒྱལ་བོད་ལ་ཡོད།   བོད་ཀྱིས་ཁོག་སྟོད་མགོ་འབྱར་བདམས།   ལུས་ཀྱི་གཙོ་བོ་མགོ་ཡིན་བསམ།   རང་གྲུབ་མཆོད་རྟེན་རྩ་བ་ན།   གཤེན་རབ་མི་བོ་སྤྱན་དྲངས་ནས།   ཤིང་སྦ་སྙུག་གཉིས་ཀྱི་མེ་ལ་བསྲེགས།   ལི་རྒུན་གཉིས་ཀྱི་འདེ་གུ་བཀྱེས།   མདོ་བ་རྟ་ལ་བྱ་རུ་གཙུག།   རྟ་ལུག་གཉིས་ཀྱི་གཏད་ཡར་བྱས།   བོད་ཀྱི་ཕ་རོ་སྦྱིན་སྲིག་བླུག་པ་དང་།   རྟ་ལུག་གཉིས་ཀྱི་གཏད་ཡར་དེ་ནས་སྲིད།   ཧོར་གྱིས་རྐེད་པ་མཐེ་བཞག་ཐོབ་པ་དེ།   ཟླ་བའི་ལུང་པ་ཟླ་བཀྲ་དེར།   ཕ་རོ་བྱེ་མའི་ནང་དུ་སྦས་ནས་མཐེ་བོང་བཟུང་།   ཧོར་གྱི་ཕ་རོ་དོང་ལ་བསྐྱུར་པ་དེ་སྲིད།    མདའ་ཉག་ཕྲན་སྐྱེན་པ་དེ་ནས་སྲིད།   རྒྱས་ཁོག་སྨད་སྙིང་འབྱར་ཐོབ་པ་དེ།   ཁམས་ཀྱི་ར་རྒྱ་གྲུ་སོ་དེར།   ཕ་རོ་ཆུ་ལ་འཕངས་ནས་སྙིང་དེ་བཟུང་།    རྒྱས་ཕ་རོ་ཆུ་ལ་འཕེན་པ་དེ་ནས་སྲིད།   རྒྱ་ནོར་སྙིང་ཆེ་བ་དེ་ནས་སྲིད།   མི་འཕེལ་ཆེ་བ་དེ་ནས་སྲིད།   རྒྱ་མི་རབས་གསུམ་ལ་འཕེལ་བའི་ཚེ།   བོད་མི་རབས་གསུམ་ལ་རྨོངས་པ་ལ།   སྔོན་གྱི་བོན་པོ་གསུམ་བཀུགས་ནས།   ལྷ་ལུག་གྲོ་མོའི་སོག་བལ་གྱི་ཇུ་ཏིག་སྔོན་པོ་ལ།   མོ་དམོད་ནས་མོ་གཞི་དཀར་པོའི་སྟེང་དུ་ཕབས།  རྒྱ་མི་རབས་གསུམ་ལ་འཕེལ་བའི་ཚེ།      བོད་མི་རབས་གསུམ་ལ་རྨོངས་པ་ཅི་ཡིན།   གཡོན་གྱི་བཅོ་ལྔའི་དོང་རྩེ་ལ་མོ་བཏབས།   ཅི་ལྟར་བྱས་ན་རྨོང་པ་གྲོལ་བྱས་པས།   བོན་པོ་གསུམ་གྱི་ཞལ་ན་རེ།    ཁྱོད་ཀྱི་ཕ་མཚུན་རྒྱ་ལ་ཤོར་བ་འདྲ།   ཕ་མཚུན་ལེན་པའི་བློ་ཡོད།   རྨོང་པ་དེ་ནས་གྲོལ་ལོ་ཟེར།  བོད་འཛོམ་ལ་ཁྲོམ་དེས།   ངས་ནོར་ཆེན་པོ་ཁྱེར་ནས་ཨེ་སླུ།   རྐུ་འཕྲོག་བྱེད་ནས་ཨེ་ཐོབ་ཟེར་ནས་ཆས་སོ།   ནོར་ལ་མ་ཁྱེར་དགུ་ཁྱེར་གཅིག་ཁྱེར།   གསེར་གྱི་ཤཀྱ་ཐུབ་པ།   དངུལ་གྱི་སྟོན་པ་གཤེན་རབ།   གཡུའི་སྣང་བ་འོད་ལྡན།   ཚོམ་ཚོམ་གྱི་སླག་པ་དགུ་སྦྲེལ།   མུ་ཏིག་གི་ཞགས་པ་འདོམ་དགུ   ལྡང་དབྱར་མོ་ཐེ་ཕྲོམ་གྱི་སླག་པ།    གཉན་པོ་ཁྱུང་གི་མཆུ་སྡེར།   གནམ་ས་བཤིག་པའི་བུ་ལུ།   གས་མེད་སོལ་བའི་རྟ་མགོ   གཞན་ཡང་ཕ་ཟོག་མང་པོ་ཟེར།   དེ་རྣམས་རྒྱའི་ཡུལ་དུ་ཁྱེར་ནས་སོང་།   རྒྱ་དབང་པོ་ཆེ་ལ་ཆེ་ལྟོས་བྱས།   ཡུ་བུ་རྒྱ་བོད་ཧོར་གསུམ་ཕ་རྒན་གཅིག་པ་ལ།   ཕ་རོ་མགོས་པས་ཁྱོད་ལ་ཕ་མཚུན་ཡོད་པ་ང་ལ་སྟོན།   ང་སྐྱོ་བས་སྐྱོ་བསང་བྱེད།   བསང་མཆོད་གཅིག་ཀྱང་བྱེད།   ཕས་བཞག་པའི་ནོར་ཟང་ཟིང་མང་པོ་ཡོད་པ་ཡང་སྦྱིན་བྱས་པས།   རྒྱ་དབང་པོ་ཆེ།   ཡུ་བུ་རྒྱ་བོད་ཧོར་གསུམ་ཕ་མཚུན་བགོས་པ་ལ།   ཕས་བཞག་པ་སྤུན་གཅིག་ནོར་དགོས་ང་དང་ཁྱེད།   ལུང་པ་ཆུས་བགོས་ཉིན་དང་སྲིབ།   ངས་ཁྱོད་ལ་ཕ་མཚུན་མི་སྟོན་ཟེར།   ཡང་རྒྱ་དབང་པོ་ཆུང་བའི་ཅན་དུ་སོང་ནས་ཕ་མཚུན་སྟོན་བྱས་ཙ།   རྒྱ་བོད་ཧོར་གསུམ་ཕ་རོ་བགོས་པ་ལ།   ངས་ནི་ཁྱོད་ལ་མི་སྟོན་ཟེར།   བོད་ཀྱི་ང་ལ་ཕས་བཞག་པའི་ནོར།   གསེར་གྱི་ཤཀྱ་ཐུབ་པ་ལ་སོགས་ཡོད་བྱས་པས།   ཁོ་རྒོད་ནས་ཧེ་ཧེ་ཟེར།   བྱ་རྒོད་པོ་རྫོང་བྲག་གི་རྩེ་མོ་དེར།    སུར་ཤུག་གི་ར་བ་དར་གྱི་ཡོལ་བའི་ནང་དུ།   པག་ཤུ་གྲོ་དམར་གྱི་ནང་དུ་བཏུམ་ནས་ཡོད།    དེ་ལ་ཕྱག་མཚལ་ལོ།   བསྐོར་བ་གསུམ་གྱིས།   བསང་མཆོད་གྱིས་ཟེར་བར།   དགའ་ནས་ཧེ་ཧེ་བྱས།   ཁོ་གཅེར་བུ་ལ་འགྲོ་བཅུག་པས།   ཁོས་དེ་ལྟར་བྱས་པར་ཤེས་ནས།   ལུག་སྙིང་རྙིང་པ་གཅིག་མཆན་ཁུག་ཏུ་བཅུག་ནས་སོང།   ལུག་སྙིང་མལ་དུ་བཞག་ནས་ཕ་མཚུན་བླང་ནས་འོང་།   དེའི་ནུབ་མོ་རྒྱ་དབང་པོ་ཆུང་བའི་ནག་མོ།   ཅོག་རོ་ཟ་ལུང་ཆུང་དེས།   མདང་རྨི་ལམ་རེ་ངན་ཁྱོད་ཀྱི་རོགས་པ་དེ་ལ་ཕ་མཚུན་ཤོར་བ་ཨེ་ཡིན་ཟེར།   ཁོས་ལྟ་བར་སོང་ཙ་ན།   དེའི་ནུབ་མོ་རྨི་ལམ་དེ་བས་ཀྱང་ངན།   རི་ཆེན་པོ་རྨང་ནས་འགྱེལ་བ་རྨིས།    མཚོ་ཆེན་པོ་གཏིང་ནས་སྐམ་པ་རྨིས།   ཤིང་ཆེན་པོ་རྐེད་ནས་ཆག་པ་རྨིས།   མོས་དེད་ལ་སོང་ཟེར།   ཁོས་དེད་ནས་སོང་།   རྒྱ་བོད་གཉིས་ཀྱི་མཚམས་ན་སླེབས།    ངས་ཁྱོད་ལ་ཕ་མཚུན་ལ་སྐྱོ་བསང་བྱེད་བཅུག་པ་དང་།   ཁྱོད་ཀྱི་ཁྱེར་བ་འདྲ།   མལ་དུ་ཞོག་ལ་སོང་ཟེར།  ཡུ་བུ་རྒྱ་བོད་ཀྱི་ཆུ་ཕ་རི་ན་འགྲོ་དང་འདུན་མ་བྱེད་ཟེར་ནས་ཕ་རི་ལ་སོང་ཙ།   ཟམ་པ་ཆུ་ལ་འཕང་ནས་ལན་བཏབས་པ།   རྒྱ་བོད་ཧོར་གསུམ་ཕ་རྒན་ཤི་ས་དེ།   རྨ་ཁ་བཞུར་ཡག་བཞུར་གྱི་གོང་ཁ་ཡིན།    རང་རེ་སྤུན་གསུམ་ཕ་རོ་བགོས་ས་དེ།    ཉིན་གྱི་གད་དམར་སྟེང་ཐིག་ཡིན།     ང་བོད་ཀྱི་ཕ་རོ་མེ་ལ་སྲེག་ས་དེ།   རང་གྲུབ་མཆོད་རྟེན་རྩ་བ་ཡིན།    ཧོར་གྱིས་ཕ་རོ་དོང་དུ་འཇུག་ས་དེ།    ཟླ་བའི་ལུང་པ་ཟླ་བཀྲ་ཡིན།    ཁྱོད་ཀྱི་ཕ་རོ་ཆུ་ལ་འཕེན་ས་དེ།   ཁམས་ཀྱི་ར་རྒྱ་གྲུ་སོ་ཡིན།    ངས་ཁྱོད་ལས་ཕ་འཚུན་ཐོབ་ས་དེ།   བྱ་རྒོད་པོ་རྫོང་བྲག་གི་རྩེ་མོ་ཡིན།    རྒྱ་ཁྱོད་ཀྱང་ང་ལ་མ་ནུས་ན།   བོད་ངས་ཀྱང་ཁྱོད་ལ་མ་ཕོད་ན།    བྱས་པས་རྒྱ་ངུ་ཞིང་ཐུར་དུ་ཐལ།   བོར་རྒོད་ཞིང་ཡད་ལ་འོང་ནས།   གོང་གི་ལྷ་བོན་གསུམ་བཀུགས་ནས།   ཉི་མ་དགུ་ལ་མར་སེལ་བྱས།    ཉི་མ་བཅུ་གསུམ་ལ་ཡར་སེལ་བྱས།   གསས་མཁར་བཅུ་གསུམ་གྱི་ཁ་རྒྱན་བསྟོད།   བོད་ཀྱི་རྨོང་པ་དེ་ནས་གྲོལ།   བོད་འཛོམ་ལ་ཕྲོམ་ལ་སྲས་ཁྲི་ཐོག་ཆེན་པོ་ཡོད།   ཁྲི་ཐོག་ཆེན་པོ་དེ།   གཉན་ལྕམ་དཀར་མོ་ཁབ་ཏུ་བཞེས་པ་ལ།   སྲས་གསུམ་ཡོད་པ་དེ།   ཆེ་བ་ལྡོང་།   འབྲིང་བ་དབྲ།   ཆུང་བ་འགྲུ།   དེ་ནས་དམུ་ཟ་ཁབ་ཏུ་བཞེས་པ་ལ།   དམུ་ཚ་སྒ་སྲིད།   སྲིན་མོ་གོ་ཟུ་ཅན་ཁབ་ཏུ་བཞེས་པ་ལ།   སྲས་གཉིས་ཡོད་པ་དེ།   ཆེ་བ་དབའ།   ཆུང་བ་ལྡ།  བོད་མ་གསུམ་བུ་དྲུག་བྱ་བ་ཡིན།    ཕ་རྒན་ཨ་མྱེས་ཁྲི་ཐོག་ཆེན་པོ་ཡིན།   དེ་ལྷ་རི་བཞུར་པོའི་མཐིལ་ན།    དུང་གི་མཛོ་མོ་སྨན་གཉིས་སྐྱོང་།   ནད་ནུབ་ཟོ་བ་གཉིས་བརྒྱད་བཞོས།   ཨ་མྱེས་མཛོ་མོ་སྐྱོང་བ་ལ།   བདུད་ཀྱི་ཇག་པ་རྐྱ་བདུན་རྒྱུགས།   མཛོ་མོ་སྨན་གཉིས་དེད་ནས་སོང་།   ཨ་ཕྱེས་བདུད་ལ་ར་མདའ་བྱས།   བར་གྱི་གླིང་ཕུག་གོང་མར་སླེབས།   དུས་དང་བསྐལ་པ་དེ་ཙམ་ན།   གཉན་གྱི་བུ་མོ་དཀར་མོ་དེས།   ཨ་མྱེས་བདུད་ཀྱིས་གསོད་དོགས་ནས།   དུང་གི་སྦལ་པ་གཅིག་ཏུ་རྫུས།   ཨ་མྱེས་གཡས་སོང་གཡས་ནས་བཀག   ཨ་མྱེས་གཡོན་སོང་གཡོན་ནས་བཀག    ཨ་མྱེས་བཀག་ནས་འགྲོ་མ་བཅུག   ཨ་མྱེས་དེ་ལ་ཐུགས་ཁྲོས་ནས།   རྐེད་ནས་གྲི་ཐུང་ཅར་ཀྱིས་བཏོན།   དུང་གི་སྦལ་པའི་རྐེད་ལ་རྒྱབ།   སྦལ་པ་ཙི་ཀུ་ལན་གསུམ་བཏབས།   གཉན་རྒན་དེའི་སྙན་གྱི་ཐོས།   ཨ་མྱེས་གཉན་རྒན་དྷེ་བ་དེས།   ཁོས་ངའི་བུ་མོ་བསད་དགོངས་ནས།  གཉན་གྱི་གཟེར་མདའ་ནག་པོ་འཕངས།   ཨ་མྱེས་ཁྲི་ཐོག་ཆེན་པོ་བསད།   གདུང་དྲུག་བོད་ཀྱི་ཨ་བོ་གཉན་གྱིས་བསད།   ལེ་ལན་ནག་པོ་བདུད་ལ་བླང་།   གདུང་དྲུག་བོདཀྱི་ཞལ་ན་རེ།   ངེད་ཀྱི་བདུད་ལ་ཕ་ཤ་ལེན་བས་ཟེར།  གཉན་ལ་ཕ་སྟོང་འདེད་བས་ཟེར།   དུས་དང་བསྐལ་པ་དེ་ཙམ་ན།   ཕྱྭ་བུ་སྤྱི་གཙུག་རྒྱལ་བ་དེས།   མི་དང་གཉན་གྱི་བར་གཟུ་བྱས།   ད་ཁྱོད་གཉན་གྱི་གདུང་དྲུང་ཕ་སྟོང་འཇོལ་ཅིག་བྱས།   གཉན་གྱི་གདུང་དྲུག་ཕ་སྟོང་འཇལ་བ་ལ།    ལྡོང་ལ་ལྡོང་ལྷ་རྨ་ཕྲོམ་བྱིན།   དེ་གཡུ་འབྲུག་ཟངས་ཀྱི་ཟེ་བ་ཅན།   མཐོ་མི་མངོན་ནམ་མཁའི་དབྱིངས་ན་འདུག།   ལྡོང་དར་ཕྱུག་ཅན་ཀྱི་དགྲ་བླ་བྱེད་པར་ཆད།   དབྲ་ལ་དབྲ་མོ་དབྲ་བཀྲ་བྱིན།   བྱ་ཁྱུང་ལྕགས་ཀྱི་མཆུ་སྡེར་ཅན།   ནམ་མཁའ་འགྲིམ་ཞིང་གངས་རི་ཉུལ།   དབྲ་བཙུན་དར་ཅན་གྱི་དགྲ་བླ་བྱེད་པར་ཆད།   འགྲུ་ལ་འབྲི་མོ་ཁྲོམ་ཁྲོམ་བྱིན།   ལྷ་གཡག་དབལ་གྱི་རྭ་ཅོ་ཅན།   འགྲུ་ལ་ཉུལ་ཞིང་རྫ་རི་འགྲིམ།   འགྲུ་དཔའ་ངར་གྱི་དགྲ་བླ་བྱེད་པར་ཆད།   སྒ་ལ་སྐར་མ་ལེགས་པོ་བྱིན།   གསེར་སྟག་མཚལ་གྱི་རི་མོ་ཅན།   ཁམས་གསུམ་འགྲིམ་ཞིང་སྒ་ལ་ཉུལ།   སྒ་ཕྱུག་དར་ཅན་གྱི་དགྲ་བླ་བྱེད་པར་ཆད།   དབལ་ཟླ་གཉིས་ཀྱི་སྟོང་སྐལ་ལ།   ཤེར་གྱི་ར་སྐྱེས་ཁམ་པ་དང་།   དུང་གི་ཁྱི་མོ་དཀར་མོ་བྱིན།   ཕ་སྟོང་ཆུང་བའི་སྙིང་ནད་ཀྱིས།   གཉན་ལ་ཕ་སྟོང་ལེན་ཟེར་སྟེ།   བདུད་ལ་ཕ་ཤ་ནམ་ལེན་བྱས།   སྤུན་བཞི་མི་རེས་རྟ་རེ་ཉོས།   ལྡོང་གིས་རྒྱའི་གསལ་བ་ཡང་མདོ་ཉོས།   ལྡོང་བདུད་ལ་ཕ་ཤ་ལེན་དུ་སོང་།   བདུད་ཀྱི་འགོ་མཐོང་ནས་ལོག   དེ་ཨེ་ལོག་མི་ལོག་ཀུན་གྱིས་ཤེས།   དབྲས་སྒོའི་གསང་རྗེ་ཡག་པ་ཉོས།   དབྲ་བདུད་ལ་ཕ་ཤ་ལེན་དུ་སོང་།   བདུད་ཀྱི་ཁྱི་སྐད་ཐོས་ནས་ལོག   ཨེ་ལོག་མི་ལོག་ཀུན་གྱིས་ཤེས།   སྒས་འཇང་གི་དམར་ཉ་ཉལ་ཐང་ཉོས།   བདུད་ལ་ཕ་ཤ་ལེན་དུ་སོང་།   བདུད་ཀྱི་བདུད་འགོ་མཐོང་ནས་ལོག    ཨེ་ལོག་མི་ལོག་ཀུན་གྱིས་ཤེས།    འགྲུས་ཧོར་གྱི་དྲིལ་རྗེ་ཡག་པ་ཉོས།   བདུད་ལ་ཕ་ཤ་ལེན་དུ་སོང་།   གསེར་གྱི་དྷན་ཆེན་ཕྱག་ན་བསྣམས།   གཉན་་གྱི་བེར་སྒ་སྦྲུལ་མགོ་ས་ལ་ལན་གསུམ་བརྡབ།   ཤར་ཀུན་སྣང་གི་གོང་ཁར་ཕྱིན་ཙ་ན།   གཉན་དམག་མང་པོ་འུབ་ཀྱིས་འདུས།   འགྲུའི་རྒྱབ་བརྟེན་ལྷ་མིའི་མང་པོས་བྱས།   བདུད་མཁར་ཕྱེ་རྫོང་ཕབས།   བདུད་ཀྱི་མི་ནག་གསུས་ཆེན་བསད།   བདུད་རྗེ་ཁྱབ་པ་ལག་རིང་བཙོན་དུ་བཟུང་།   བདུད་ཕྲུག་མང་པོ་བྲག་ལ་བརྡབ།    བདུད་ཆང་གང་གིས་ཐོབ་པ་དེ།   མི་མི་མཆི་བའི་བདུད་རྩི་ཡིན།    ཨ་ལྕག་འགྲུའི་དཔའ་ཆང་བྱས།   བདུད་ཀྱི་དར་ནག་ཟེར་བ་དེ།    ཨ་ལྕག་འགྲུའི་དཔའ་དར་བྱས།   དཔའ་དར་ཟེར་བ་དེ་ནས་སྲིད།   བདུད་ཀྱི་ངམ་སྟག་སྐྱ་བོ་བསད་པའི་སྟག་མགོ་དེ།   ཕོ་མོ་ལྡོང་ལ་མནོང་ཕུད་བྱས།    མནོང་ཕུད་ཟེར་བ་དེ་ནས་བྱུང་།    ནག་པོ་བདུད་ཀྱི་རྟ་སྒ་དེ།     (དེ་ནས་ཚིགས་བཅད་གཉིས་ཙམ་ཆད་སོང་འདུགསེ་ཁྱུང་དབྲ་ལ་དཔའ་ཟས་བྱས།   དཔའ་བོའི་དཔའ་ཟས་དེ་ལ་ཟེར།   ངམ་སྟག་སྐྱ་བོའི་རྩིབ་གཤོག་གཡས་པ་དེ།    འགྲུ་རྗེ་ལྷ་དབང་ཐོད་དཀར་གྱི་སྟག་རལ་རྒྱན་ཅན་བྱས།   སྟག་ཤར་བའི་སྟག་རལ་དེ་ནས་སྲིད།   ངམ་སྟག་སྐྱ་བོའི་རྩིབ་གཤོག་གཡོན་པ་དེ།   འགྲུ་མོ་བཟང་ཡག་མའི་སྟག་ཕུད་བྱས།   སྨན་བུ་མོའི་སྟག་ཕུད་དེ་ནས་སྲིད།   ཡེ་སྲིད་ནང་གི་ཁྱུང་ཕྲུག་དེ།   ནུ་བོ་སྒ་ལ་གཅེས་ཟས་བྱས།  བུ་ཆུང་གི་གཅེས་ཟས་དེ་ནས་སྲིད།   དེ་བདུད་ལ་ཕ་ཤ་བླང་ལུགས་ཡིན།  ཞེས་དང་།  འདུར་རྒྱུད་ཕྱར་བ་ཐང་ཆེན་ལས།  ད་ནི་རྒྱལ་བུ་མཐིང་གེའི་ལེའུ་ལ་བབ་སྟེ།  གནས་ནི་ས་ག་དོག་སྟེང་ན།  ཡུལ་ནི་མི་ཡུལ་སྐྱི་འཐེང་དུ།  མཁར་ནི་ས་མཁར་སྐྱ་བོའི་ནང་།  ཡབ་ནི་འལ་འོལ་མཁའ་ལས་བྱུང་།  ཡུམ་ནི་ཕྱ་ཕྱོ་དོག་ལ་གསལ།  ཕྱྭ་སྲས་གནམ་བྱུང་དཀར་པོ་དང་།  སྦལ་ལྕམ་སྲིད་པའི་རྒྱལ་མོ་གཉིས།  སྤྲུལ་པ་ཐབས་སུ་བཤོས་པ་ལ།  ཞེས་དང་།   མིང་པོ་ས་བླ་མགོན་བུ་སྟེ།  ཡབ་ཀྱི་རྒྱལ་སྲིད་མངའ་མཛད་པས།  རྒྱལ་བུ་མཐིང་གྷེ་ཞེས་བྱའོ།  ཞེས་དང་།  གནས་ནི་རྨ་ཉིན་ས་དཀར་བཟུང་།  ས་ནག་ཞིང་རྨོ་འབྲུ་འདུལ་དང་།  འབྲོག་དཀར་ཕྱུག་ཟན་གསོ་སྐྱོངས་རྣམས།  རྒྱལ་བུ་སྟང་དབྱལ་རེད་ལ་བྱུང་།  རྒྱལ་སྲས་བོད་འཛངས་ལོ་འབྲང་བལྟམས།  ཁྲི་རྒྱལ་རིང་བོ་ཞེས་ཀྱང་བྱ།  ཞེས་དང་།  དེ་ལ་བོད་འཛངས་ལོ་འབྲང་ནི།  གཡང་ཡུལ་གསེར་གྱི་སྤང་བཟང་དེར།(མཆན། རྨ་ཁོག་གཡང་གི་ར་བ་ནས།ཞེས་འབྱུང་།)  ཀྱང་ཀ་གླང་གྷོའི་མཁར་ན་བཞུགས།  ཁབ་ནི་ཉད་ཟ་རི་སྐྱེས་ཆད།  དམུ་ལྕམ་འཕྲུལ་མོ་དེ་དང་རོལ།  ཕྱྭ་སྲས་ཁྲི་དོ་དཀར་པོ་འཁྲུངས། ཁྲི་བླ་འོད་དཀར་ཞེས་ཀྱང་བྱ།  ཡུལ་ནི་ལང་ཀ་གསེར་སྟེང་བཟུང་།  མཆུང་ལྕམ་འཕྲུལ་མོ་ཞེས་བྱ་བ།  གཉན་ཟ་ཀར་མོ་ཁབ་ཏུ་བཞེད།  སྲས་ནི་ཁྲི་དོ་རྒྱལ་སྲས་འཁྲུངས།  དེ་ལ་ཆེན་ཆུན་གསུམ་ཡོད་སྟེ།  ཆེ་བ་གཉན་ལྕམ་ཆབ་མིག་མ།  གཉན་ཚ་ལྡོང་དབྲ་འདྲུ་གསུམ་འཁྲུངས།  འབྲིང་བ་དམུ་ཟ་འཕྲུལ་མོ་ལས།  དམུ་ཚ་སྒ་ནི་རང་ཁེར་འཁྲུངས།  མས་ཀྱི་སྲིན་ཟ་ཐེའུ་ལྕམ་ལས།  སྲིན་ཚ་དཔའ་དང་སྡ་གཉིས་སོ།  མ་ཚན་གསུམ་ལ་བུ་རྒྱུད་དྲུག  བོད་བུ་གདུང་དྲུག་དེ་ལ་ཟེར། ཞེས་སོགས་བོད་མི་བུ་རུས་དྲུག་གི་གདུང་བརྒྱུད་གྲོལ་ཚུལ་སྐོར་མང་པོར་འཁོད་པ་དང་།  དར་རྒྱས་གསལ་སྒྲོན་ལས།  འོ་ན་བོད་ཀྱི་མི་རྒྱུད་གང་ལ་འཕེལ།  ཕྱ་རྗེ་ཡབ་ལྷ་བདལ་དྲུག་གི་སྲས་ཐུགས་ཀར་བུ་དགུའི་དགུ་ཚིགས་སྣེའུ་ཕྲམ་ལ་ཁྲི་ཡིན།  དེ་དང་གཉེན་ལྕམ་འཛམ་གླིང་དུ་འཚོས་པའི་སྲས།  རྒྱལ་བུ་འཐིང་གེ  དེའི་སྲས་རྒྱ་བོད་ཧོར་གསུམ་ཡིན་པས།  བོད་མི་ཕྱི་ཐག་རིང་པོའོ།  དེའི་བོད་རྗེ་དུང་དཀར།  དེའི་སྲས་བོད་འཛོང་ལ་འབྲམ་དཀར།  དེས་བོད་མི་རབས་གསུམ་དུ་རྨོངས་པས།   རྨོངས་འདུད་འགྲོས་བཅས་བོན་གྱིས་བྱས་པས།  བོད་མི་བུ་རུས་དྲུག་ཞང་པོ་སྒོ་དང་བདུན་ལས་འཕེལ་བར་ཕྱི་རྒྱུད་ཀུན་ནས་གསུངས་ཤིང་།  ནང་རྒྱུད་ལས་ཀྱང་དེ་བཞིན་གསུངས་སོ།  ཞེས་དང་རྒྱལ་རབས་བོན་གྱི་འབྱུང་གནས་དེ་ལྟར་དུ་གསུངས་འདུག   བསྟན་འབྱུང་སྣང་བ་དཀར་པོའི་དཔལ་ལས།  ཡང་གཅིག་སངས་པོ་ཆུ་ལྕམ་གཉིས།  སྲས་རྒྱུདརིམ་པའི་བར་ཚིགས་གཅིག  ཕྱྭ་རྗེ་ཡ་བླ་བདལ་དྲུག་བྱོན།  དེ་སྲས་ཐུགས་དཀར་བུ་དགུ་འཁྲུངས།  དགུ་ཚིགས་སྣེའུ་ཁྲ་མ་ཁྲ།  འཛམ་གླིང་གཉན་ལྕམ་མོ་དང་འཚོས།  སྲས་ནི་རྒྱལ་བུ་འཐིང་གེ་འཁྲུངས།  དེ་སྲས་མེས་རེ་རིང་མོ་ཡིན།  དེ་སྲས་རྒྱ་བོད་ཧོར་དང་གསུམ།  རྒྱ་ཧོར་གདུང་རབས་གཞན་དུ་ཤེས།  བོད་སྲས་བོད་རྗེ་གདུང་དཀར་ཡིན།  སྲིད་པ་ཡེ་སྨོན་རྒྱལ་པོ་ཟེར།  དེ་ལ་མི་བུ་རུས་དྲུག་དང་།  མི་ཚོ་དྲུག་གསུམ་བཅོ་བརྒྱད་དང་།  མི་ཆེན་གྲགས་པ་ཆེ་དགུ་སོགས།  མི་རིགས་ཐམས་ཅད་རིམ་གྱིས་འཕེལ།  བཀུར་བསྟི་མོས་གུས་བོན་ལ་བྱས།  མངའ་རིས་བོན་གྱི་རྒྱལ་ཁམས་སྟེ།  གཡུང་དྲུང་ཟལ་མོ་སྒང་ཡང་ཟེར།  ཞེས་གསུངས།  རུས་མཛོད་མེ་ཏོག་སྐྱིད་ཚལ་ལས།  དེ་ལ་བོན་ལུགས་ལྟར་ན་སྲིད་པའི་མོན་བུ་ལུམ་ལུམ་དང་།  ཡུམ་ཆུ་ལྩམ་རྒྱལ་མོ་འབུམ་གཉིས་ཀྱི་བརྒྱུད་པར།  ཕྱྭ་དམུ་གཙུག་གསུམ་རྒོད་དང་བཞི་ནས་རིམ་པར་བརྒྱུད་ནས་སྲིད་པའི་རྒྱལ་བུ་མཐིང་གི་བར་མཆེད་ཚུལ་ལྟར་བྱུང་ལ།  ཞེས་དང་དེར།  ཡང་གནའ་མིའི་ངག་རྒྱུན་བྲིས་པའི་དཔེ་རྙིང་ཞིག་ལས།  རྒྱལ་བུ་མཐིང་གི་སྲས་ནི་ཨ་མྱེས་ཁྲི་སྡེ་ཆེན་པོ།  དེའི་སྲས་ཁྲི་དམ་རྒྱལ་པོའི་སྲས།  དེའི་སྲས་ཆེ་བ་ཨ་སྤོ་ལྡོང་།  དེ་ནས་ཨ་ལྕགས་འབྲི།  བསེ་ཁྱུང་སྦྲ།  དམུ་ཚ་སྒ་སོགས་དང་།  སྒོ་ལྷ་རིགས་།  དམངས་དབའ་ཟླ་གཉིས་དང་།  བོད་མི་བུ་རུས་དྲུག་ཡིན་ཏེ།  དེ་རྣམས་ཀྱི་རིགས་མཆེད་པ་ཡིན།  ཞེས་དང་།  གཡུང་དྲུང་བོན་གྱི་བསྟན་འབྱུང་སྐལ་བཟང་འགྲིན་རྒྱན་ལས།  སྒེར་དུ་རྒྱ་བོད་ཧོར་གསུམ་མིའི་རུ་མ། །གནས་བསྐལ་ཡ་ཐོག་ཚེ་ལོ་བརྒྱད་ཁྲིའི་གོང་། །གནམ་ལྷ་ཕྱ་རྗེ་ཡ་བླ་གདལ་དྲུག་དང་། །དམུ་ལྕམ་གསེར་མཁར་མ་གཉིས་བཤོས་པའི་སྲས། །ཐུགས་དཀར་བུ་དགུའི་ཆུང་བ་དགུ་ཚིག་དེ། །ཕ་སྲས་ཐུགས་དཀར་ལ་ཁྲ་བྱ་བ་ཡིན། །དེ་ཉིད་ཡབ་ཀྱིས་གནམ་ནས་ས་ལ་བཏང་། །མགོ་ནག་སྒོ་བཞི་མི་ཡི་རུ་མར་བསྐོས། །ཡུལ་རྣམས་ཁྱིམ་ཁོངས་ཁྱིམ་རྣམས་མི་ཡི་ཁོངས། །ཕུ་གསུམ་ནོར་སྤེལ་མདའ་གསུམ་འབྲས་བུ་སྐྱེད། །ཅེས་གསུངས་གནམ་ནས་ས་ལ་འོངས་པ་སྟེ། །ཡུལ་ནི་ན་རོ་དབྱེ་བཀྲ་འཛམ་གླིང་སྒང་། །ཞང་བོད་ཡུལ་ཏེ་གོང་པོ་གསེར་འདབ་མཁར། །ཉིད་དུ་སྨྲ་དང་མི་ཡི་མགོན་དུ་གཤེགས། །གཉན་པོ་གངས་ཤག་སྦལ་རུམ་བྱ་བའི་སྲས། གཉན་ཟ་སྦལ་ལྕམ་འཕྲུལ་མོ་ཁབ་ཏུ་བཞེས། །སྲས་ནི་རྒྱལ་བུ་འཐིང་གེ་བྱ་བ་འཁྲུངས། །ཞང་པོ་གཉན་དང་བསྡེབས་ཏེ་མགོ་ནག་མིའི། །གཙོ་བོ་བས་ཤིང་ཞི་དྲག་ཐབས་དུ་མས། །མི་ཡི་སྐོས་བས་ལོ་རྒྱུས་ཞིབ་རྒྱས་ཡོང་། །ཁྱད་པར་ཤ་ཁྲག་རིར་སྤུངས་ཀླུ་ཁྲོས་ནས། །སྐྱིན་འདངས་དབབ་པས་རི་རྣམས་སལ་སུལ་སོང་། །ནད་བཏང་རྐང་པ་ཞ་འཐེང་བྱུང་བ་དང་། །ཞང་པོ་གཉན་གྱིས་ཀླུ་དང་འཁྲུགས་བསྡུམས་ཤིང་། །རྒྱལ་བུ་བཅོལ་ཚུལ་སོགས་ཡོད་རྒྱལ་བུ་དེས། །དམུ་ལྕམ་ཁྲུང་ཁྲུང་དཀར་མོ་ཁབ་ཏུ་བཞེས། །སྲས་ནི་རྒྱ་བོད་ཧོར་གསུམ་འཁྲུངས་པ་ལ། །རྒྱ་དང་བོད་གཉིས་དབང་དང་བྱ་བ་ལ། །མ་འཆམས་བོད་ཀྱིས་རྒྱ་ལ་མགོ་བསྐོར་གྱིས། །བྱས་ཚུལ་རབ་ཏུ་མང་ཡང་འདིར་མ་བྲིས། །བོད་ཀྱི་སྲས་ནི་མི་ཡེ་རིང་མོ་བ། །རྒྱ་ལས་རྒྱ་རིགས་མེ་ཉག་ཡུ་གུར་དང་། །ཧོར་ལས་ཧོར་དང་སོག་པོ་གྲུ་གུ་གྲོལ། །བོད་ཀྱི་སྲས་ནི་བོད་རྗེ་གདུང་དཀར་ཡིན། །དེ་སྲས་བོད་འཛོང་ལ་སྲོང་བྱ་བའོ། །དེ་དང་གཉན་ལྕམ་དཀར་མོ་བསྡེབས་པ་ལས། །བོད་མི་གཉན་ཚ་སྤུན་དྲུག་བྱ་བ་བྱུང་། །དེ་ལས་དེ་གྲོལ་ཞང་བོད་ཁམས་གསུམ་གྱི། །མི་རིགས་གྲོལ་ལུགས་ཞིབ་བཤད་གཞན་དུ་ཤེས།  ཞེས་དང་།  །ཁྲི་སྟོང་ཚེ་ལོའི་དུས་ཚིགས་བོད་ཀྱི་སར། ཡ་བླ་གདལ་དྲུག་ལྷ་རྒྱུད་ལས་གྲོལ་བའི། །རྒྱལ་བུ་འཐིང་གེ་ལ་སོགས་ཡོད་གསུངས་ན། །བརྒྱ་དུས་བོད་མི་མེད་སྨྲ་ལུང་དང་འགལ། །ཞེས་དང།  གཉིས་པ་ལྡེའུ་ཞེས་གཏན་ཚིག་སྒྲུང་ཞེས་པ། །སྔར་ནས་ལོ་རྒྱུས་བརྒྱུད་བཤད་ཉིད་ཡིན་ཏེ། །དེ་དཔེ་དེང་ཡོད་ཆབ་ནག་སྲིད་རྒྱུད་དང་། །གཙུག་ལག་འབུམ་རིགས་ཁྱད་པར་བོད་ཀྱི་རབས། །རྒྱལ་བུ་མཐིང་གེ་སོགས་ཀྱི་ལོ་རྒྱུས་དང་། །ཞང་རྒན་ཨུ་ནུས་བས་པའི་བསྟན་བཅོས་སོ། །སྔར་ཡིག་བཤུས་པ་རིམ་ཡོད་མ་ཐོས་པའི། །འཆལ་གཏམ་སྨྲས་འདི་བོད་མིས་བོད་ཀྱི་ཚུལ། །མ་ཤེས་བཞིན་དུ་རང་འདོད་བཤད་པ་ལ། །བློ་ལྡན་གཞན་གྱིས་ཞིབ་དཔྱད་བརྟགས་པ་ན། །རྫུན་མཚང་རིམ་རྡོལ་གཞན་དག་གད་མོ་བྲོ།  ཞེས་གསུངས་པ་བཅས་ཡིན།

   གཉིས་པ།   དེ་ལྟར་གོང་གི་ལུང་དུ་དྲངས་པ་ཀུན་ཕན་ཚུན་དགོངས་དོན་མི་འདྲ་བ་ཏོག་ཙམ་འདུག་མོད་དེ་དོན་དུ་བོད་མི་བུ་རུས་དྲུག་གི་ཡབ་མྱེས་སུ་ཡིན་པ་གཅིག་མཚུངས་སུ་སྣང་ཞིང་།   གེ་སར་གྱི་སྒྲུང་སྐོར་ནི་ཀུན་གྱི་མཁྱེན་གསལ་ལྟར་རེད་པས་འདིའི་བཤད་ཚུལ་ཕན་ཚུན་སྡུར་ནས་གེ་སར་སྒྲུང་གི་རྨང་གཞི་འདི་ལས་བྱུང་བར་སྙམ་པ་ཡིན།   དེའང་རྒྱུ་མཚན་ནི།   རྒྱལ་བུ་འཐིང་གེའི་ཕ་ཡུལ་ནི་མི་ཡུལ་སྐྱི་མཐིལ་ཞེས་ད་ལྟ་ས་གནས་དངོས་གངས་དཀར་ཏི་སེའི་རྒྱུད་ཅིག་ངོས་འཛིན་བྱེད་པ་ཡིན་མོད་ས་གནས་དངོས་གཏན་ཁེལ་བ་ཞིག་ཁོ་བོས་ངེས་གཏན་མ་རྙེད།   ཁོང་གི་སྡོད་གནས་ནི་དེང་གི་རྨ་ཁོག་ཏུ་ཡིན་པ་བཤད་ཅིང་བོད་མི་བུ་གདུང་དྲུག་ས་གནས་དེ་ནས་རིམ་བཞིན་བོད་ཁམས་སུ་ཁྱབ་པའི་ཚུལ་དང་།     རྒྱལ་བུ་མཐིང་གེ་ལོ་རྒྱས་ནི་གོང་དུ་བསྟན་འབྱུང་སྐལ་བཟང་འགྲིན་རྒྱན་ལས།   སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་པའི་ནང་ཚན་སྒྲུང་གི་དཔེ་མཚོན་དུ་བཞག་པ་དང་།     མི་བུ་གདུང་དྲུག་མི་རྒྱུད་རྣམས་ཕྱོགས་ཀྱི་དཔོན་ཕྲན་སོ་སོར་གྱེས་པའི་ཚུལ་མང་པོར་འཁོད་མོད་འདིར་ཡིག་ཚོགས་འཇིག་སྟེ་བྲིས་མེད།  ནམ་རྒྱུན་གེ་སར་སྒྲུང་ལས་མི་བུ་རུས་དྲུག་གི་སྐོར་ཧ་ཀྱང་མང་པོ་བྱུང་བ་དང་།     རྒྱལ་བུ་འཐིང་གེ་དང་བོད་མི་བུ་རུས་དྲུག་གི་ལོ་རྒྱུས་གང་ལ་ཡང་སྒྲ་བླ་ཝེར་མའི་སྐོར་ཧ་ཀྱང་མང་པོ་བྱུང་ཡོད་པ་བཞིན།  གེ་སར་གྱི་སྒྲུང་ལས་སྒྲ་བླ་ཝེར་མའི་སྐོར་དེ་ལྟར་མང་པོ་བྱུང་བ་དང་།       རྒྱལ་བུ་འཐིང་གེའི་བརྒྱུད་པས་རྒྱལ་ཁམས་མང་པོ་དབང་བསྒྱུར་བའི་ལོ་རྒྱུས་ཡོད་པ་བཞིན་གེ་སར་གྱི་སྒྲུང་ལ་དེ་ལྟར་དུ་ཡོད་པ་སོགས་ལ་གཞིག་ནས་གེ་སར་སྒྲུང་གཞི་འཛིན་ས་ནི་རྒྱལ་བུ་འཐིང་གེའི་ལོ་རྒྱུས་མིན་ནམ་སྙམ་པ་ཞིག་ངང་གི་འཆར་ཡོང་གི་འདུག  ཅེས་སྙམ་པ་ཡིན།    ཡིན་ནའང་དུས་ཚིག་ཐོག་ལ་རྒྱལ་བུ་འཐིང་གེ་ནི་ཚེ་ལོ་བརྒྱད་ཁྲིའི་གོང་བོད་ཀྱི་ཐོག་མའི་མི་བརྒྱུད་གྲོལ་སྐབས་སུ་ཡིན་པའམ། ཡང་ན་སྤུ་རྒྱལ་གཉའ་ཁྲིའི་དུས་མཚུངས་སུ་བྱུང་བའི་སྐོར་བཤད་ཡོད་པ་ཡིན།  གེ་སར་སྒྲུང་ལོ་རྒྱུས་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་གི་གཡས་གཡོན་ཙམ་ནས་བྱུང་བའི་ངོས་འཛིན་པ་ཆོས་ལུགས་དང་ལོ་རྒྱུས་ཀྱི་མི་སྣ་མང་ཆེ་བ་འདྲ་མཚུངས་སུ་ཡོང་ཐབས་མེད་པ་ཡིན།།   དེ་བཞིན་རྒྱ་ནག་གི་ལོ་རྒྱུས་ཁག་ལས་ནུབ་ཆང་གི་ལོ་རྒྱུས་དང་འདི་ཆ་འདྲ་བོ་མི་འདུག་གམ།   དེའང་ཆཱང་ནི་སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་བདུན་ཙམ་ནས་སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་གཅིག་ཙམ་བར། ཞེས་པའི་འདོད་ཚུལ་ཡོད་པར་བཤད་པ་དང་།   ནུབ་ཆཱང་ནི་རྨ་ཆུ་དང་ཙོང་ཆུའི་རྒྱུད་ནུབ་ཆཱང་གི་ཚོ་བ་ཆགས་པའི་སྐོར་འཁོད་པ་སོགས་ལ་གཞིག་ནས།   ང་ཚོས་གོང་དུ་རྒྱལ་བུ་འཐིང་གེའི་སྲས་རྒྱ་བོད་ཧོར་གསུམ་དང་དེས་རྒྱ་བོད་ཧོར་གསུམ་དབང་བསྒྱུར་བའི་ལོ་རྒྱུས་འདུག་བས།   དེས་ན་རྒྱལ་བུ་འཐིང་གེ་སྲས་རྒྱ་བོད་ཧོར་གསུམ་གྱི་མི་བརྒྱུད་ལ་ཆཱང་རིགས་ཞེས་གོ་བ་ལེན་དགོས་སམ།  ཡང་ན་རྒྱལ་བུ་འཐིང་གེའི་སྲས་རྒྱ་བོད་ཧོར་གསུམ་གྱིས་ཆཱ་རིགས་ལ་དབང་བསྒྱུར་བ་ཡིན་ནམ་དེ་ནི་དཔྱད་རིན་ལྡན་པ་ཞིག་འདུག་སྙམ་པ་ཡིན།  དེའང་རྒྱལ་བུ་མི་བརྒྱུད་ཐོག་མ་ནི་ཕྱྭ་དམུ་གཙུག་གསུམ་ལ་ཐུག་ཅིང་ཕྱྭ་དམུ་གཙུག་གསུམ་ཞེས་པ་ནི་གངས་ཅན་གསིལ་མོའི་ལྗོངས་ཀྱི་ཐོག་མའི་རྒྱལ་བརྒྱུད་ཡིན་པ་ནི་བོན་གྱི་ལོ་རྒྱུས་རྣམས་སུ་ཡོངས་གྲགས་ཡིན།   མ་ཟད་ཕྱྭ་དམུ་གཙུག་གི་རྒྱལ་བརྒྱུད་ཡ་གླིང་ནས་ཡོ་རོབ་ཏུ་ཁྱབ་པའི་ཚུལ་མང་དག་ཅིག་ཡོད་པས་ཁོ་བོས་མང་བཀུར་བའི་རིགས་དང་ཨརྱཱ་ཎའི་མི་རིགས་གཉིས་ཁུངས་གཅིག་པ་མིན་ནམ་ཞེས་རྩོམ་ཐུང་ཞིག་དེ་སྔོན་དུ་བྲིས་ཏེ་སྤེལ་ཚར་བ་ཡིན།    མདོར་ན་མང་བཀུར་བའམ་སྨོན་པའི་མི་བོ་ཟུམ་ཟུམ་ནི་ཕྱྭ་དམུ་གཙུག་གསུམ་གྱི་ཡབ་ཡིན་པར་གསུངས་སོ།  །ད་དེ་ཙམ་ལས་མཚམས་འཇོག་པར་བྱའོ།

ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས་དང།   སློབ་མ་ཚུལ་ཁྲིམས་གཙུག་ཕུད་ཀྱིས།   ༢༠༡༧--༡༡  ཉིན་་ལུང་ཁུངས་རྣམས་མགྱོགས་པར་བཤུས་ཤིང་བྲིས་ཏེ་སྤེལ་པའོ། 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།