མཛོད་ནས་བསྟན་པའི་སྲིད་པའི་བྱུང་རབས་སྐོར་ལ་དཔྱད་བསྡུར་རགས་ཙམ་བྱས་པ།
[ཟླ་ཚེས། 2016-07-03 22:32:21][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
རྩོམ་པ་པོ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ།
འདིར་གླེང་བྱ«སྲིད་པའི་མཛོད་ཕུགས་ཀྱི་གཞུང»གི་གནས་དང་པོ་སྲིད་པ་གསུམ་ལས་བྱེད་བྱས་སྐབས་ཀྱི་ཡོད་མེད་སྲིད་པ་གཉིས་ཀྱི་བྱུང་རབས་སྐོར་ལ«མཛོད་ལྷ་འགྲེལ»དང«མཛོད་སྒྲ་འགྲེལ»གཉིས་སུ་ གཞི་རྩའི་ཆ་ནས་བསྟན་ཚུལ་ཁྱད་པར་ཇི་ཡོད་སྐོར་ལ་གཤིབ་བསྡུར་གྱིས་ཐད་ཀར་གཟིགས་པ་བདེ་ཕྱིར་ལྷན་དུ་བཀོད་རྒྱུ་དང་། དེ་འབྲེལ་གྱི་ཡིག་ཆ«རྗེ་རིན་པོ་ཆེའི་མཛོད་འགྲེལ»དང་། «འདུར་རྒྱུད་ཕྱར་བ་ཐང་ཆེན»ཞེས་པ་གཉིས་སུ་ཇི་ལྟར་གསལ་བ་ཡང་སྐབས་སུ་བཀོད་རྒྱུ་ཡིན། དེ་ཡང་ཡིག་ཆ་དེ་དག་གི་འཕྲོས་གཞི«སྲིད་པའི་མཛོད་ཕུགས་ཀྱི་གཞུང»ཉིད་ཡིན་སྟབས་ཐོག་མར་རྩ་གཞུང་གི་ཚིག་ཇི་བཞིན་དྲངས་ཐོག དེ་འོག་དེའི་འགྲེལ་བ་ཞལ་གསལ་ཤོས་རྗེ་ཡི་ཅན་ཡིན་འདུག་ཕྱིར་དེ་དང་། དེ་འོག་འགྲེལ་དེའི་ཁུངས་གཙོ་བོ«མཛོད་ལྷ་འགྲེལ»ཡིན་འདུག་སྟབས་དེ་བཀོད། དེ་ནས«མཛོད་སྒྲ་འགྲེལ»དུ་གསལ་བ་རྣམས་བཀོད། དེ་མཚམས་སྒྲ་འགྲེལ་དང་ཚིག་དོན་མཐུན་ཆེ་བ«འདུར་རྒྱུད་ཕྱར་བ་ཐང་ཆེན»ནས་བསྟན་པ་དག་ཡིན་འདུག་ཕྱིར་དེ་བཀོད་རྒྱུ་ཡིན། དེ་ཡང་གོ་རིམ་ངེས་སྟབས་བདེ་ཕྱིར། ཡོད་ཁམས་དང་མེད་ཁམས་ཀྱི་རབས་གཉིས་ལ་རྩ་བའི་ས་བཅད་གཉིས་སུ་ཕྱེས་ཤིང་། ནང་གསེས་སུ་རབས་སོ་སོའི་སྡེ་ཚན་གྱི་འགོར༼གཅིག༽དང་༼གཉིས༽སོགས་ཀྱིས་སྡེ་ཚན་མཚོན་པར་བྱས་ཡོད། དཔེ་ཆའི་ལུང་ཁུངས་སྐོར་ལ་མཛོད་གཞུང་ནས་དྲངས་པ་ལ་ནོར་སོ་མེད་སྟབས་དམིགས་བསལ་གྱི་མཚན་བཀོད་མེད། དེ་མིན«རྗེ་རིན་པོ་ཆེའི་མཛོད་འགྲེལ»ལ ༼ རྗེའི་འགྲེལ ༽ཞེས་པ་དང་། «མཛོད་ལྷ་འགྲེལ»ལ༼ལྷ་འགྲེལ༽ དེ་བཞིན«མཛོད་སྒྲ་འགྲེལ»ལ༼སྒྲ་འགྲེལ༽ «འདུར་རྒྱུད་ཕྱར་བ་ཐང་ཆེན»ལ༼ཕྱར་བ་ཐང་ཆེན༽ཞེས་པས་མཚོན་པར་བྱས་ཡོད་པས་དེ་ལུགས་མཁྱེན་པར་འཚལ།
ས་བཅད་དང་པོ། ཡོད་ཁམས་སྲིད་པའི་རྒྱལ་པོའི་རབས།
༼གཅིག༽ སངས་པོ་ཆུ་ལྕམ་གཉིས་སྲིད་པས། །མིང་དགུ་སྲིང་དགུ་བཅོ་བརྒྱད་འཁྲུངས། །
༼ རྗེའི་འགྲེལ ༽ མིང་པོ་དགུ། ༡ གཅེན་པོ་སྲིད་རྗེ་འབྲང་དཀར། ༢ གཅུང་པོ་སྐོས་རྗེ་དྲང་དཀར། ༣ དེ་འོག་ཕྱ་རྗེ་རིང་དཀར། ༤ དེ་འོག་ལྷ་རབ་གཉན་རུམ་རྗེ། ༥ དེ་འོག་ཐུམ་ཐུམ་བརྣལ་མེད་རྗེ། ༦ དེ་འོག་སྐྱིན་འདངས་ངར་གྱི་རྗེ། ༧ དེ་འོག་ཡེ་མཁྱེན་འཕྲུལ་གྱི་རྒྱལ། ༨ དེ་འོག་ས་བླ་དོག་རུམ་རྗེ། ༩ ཐ་ཆུང་ལྗོན་ཕྱུག་འཁོར་བ་རྗེ། སྲིང་མོ་དགུ། ༡ གཅེན་མོ་གནམ་ཕྱི་གུང་རྒྱལ། ༢ དེ་འོག་གནམ་སྨན་དཀར་མོ། ༣ དེ་འོག་ཡ་ཤ་ཕྱུག་མོ། ༤ སྨྲ་དེ་མི་མཁན་མ་མོ། ༥ དེ་འོག་མཆིད་ནི་ཟ་མཁན་མ་མོ། ༦ དེ་འོག་ཤེད་ཟ་ན་མ། ༧ དེ་འོག་དབལ་སོ་རྣོན་མོ། ༨ དེ་འོག་ཕྱྭ་ཚེའི་རྒྱལ་མོ་ཆེན་མོ། ༩ དེ་འོག་སྲིད་པའི་ལྷ་མོ་དཀར་མོ།
༼ལྷ་འགྲེལ༽ འདིའི་མིང་སྲིང་བཅོ་བརྒྱད་ནི་མཛོད་གཞུང་ལྟར་ལས་སོ་སོར་བཀོད་མི་འདུག
༼སྒྲ་འགྲེལ༽ ༡ སྲིད་རྗེ་འབྲང་དཀར། ༢ སྐོས་རྗེ་དྲང་དཀར། ༣ ཕྱྭ་རྗེ་རིང་དཀར། ༤ དེ་འོག་ལྷ་རབས་གཉན་རུམ་རྗེ། ༥ དེ་འོག་ཐུམ་ཐུམ་རྣལ་མེད་རྗེ། ༦ དེ་འོག་སྐིན[སྐྱིན]དང་ངར་གྱི་རྗེ། ༧ དེ་འོག་ཡེ་མཁྱེན་འཕྲུལ་གྱི་རྒྱལ། ༨ ས་བླ་འགོན་འབུམ་རྗེ། ༩ ཐ་ཆུང་ལྗོན་ཕྱུག་འཁོར་བ་རྗེ། ༡ གནམ་ཕྱི་གུང་རྒྱལ། ༢ གནམ་སྨན་དཀར་མོ། ༣ སྨྲ་སྟེ་མི་མཁན་མ་མོ། ༤ [འཚོས]ཟ་མཁན་སྟག་མོ། ༥ ཤེད་ཟ་ན་མ། ༦ དབལ་སོ་རྣོན་མོ། ༧ ཡ་ཤ་ཕྱུག་མོ། ༨ ཕྱྭ་ཚེའི་རྒྱལ་མོ། ༩ ལྷ་མོ་དཀར་མོ།
༼ཕྱར་བ་ཐང་ཆེན༽ འདིའི་སྐོར་འཁོད་མི་འདུག
༼ གཉིས༽ སྲིད་རྗེ་དྲང་དཀར་སྤྲུལ་པ་ནི། །འོད་ཀྱི་ལྷ་མོ་གང་གྲགས་བཤོས། །དེ་ལས་ལྕམ་དྲལ་བཅོ་བརྒྱད་སྲིད། །
༼ རྗེའི་འགྲེལ ༽ དྲལ་བཅོ་བརྒྱད། ༡ དྭངས་མ་དཔྱིད་ཀྱི་རྒྱལ་པོ། ༢ དབྱར་གྱི་རྒྱལ་པོ། ༣ སྟོན་གྱི་རྒྱལ་པོ། ༤ དགུན་གྱི་རྒྱལ་པོ། ༥ ལྷ་རབས་གཉན་རུམ། ༦ གཉན་རབས་གཏོ་རུམ། ༧ གླུ་རབས་གཉན་རུམ། ༨ མི་རབས་སྲིད་རུམ། ༩ ཤི་རབས་བསླག[བརླག]རུམ། ༡༡ གནོད་སྦྱིན་དྲང་རུམ་རྗེ། ༡༢ གདོན་རབས་བགེགས་རུམ་རྗེ། ༡༣ ཕྱུག་རབས་བགེགས་རུམ་རྗེ། ༡༤ ཟ་བྱེད་སྲིད་རུམ་རྗེ། ༡༥ གསལ་བ་རྡོ་རུམ་རྗེ། ༡༦ མུ་ལེ་སྲིད་རྗེ། ༡༧ སྲིད་བུ་ལོག་པ་ཅན། ༡༨ གཅིག་ཆད་པ་བདུད་རབས་ཀྱིས་ཁ་བསྐང་ངོ་། །ཞེས་གསལ། མོ་བཅོ་བརྒྱད། ༡ ནང་གི་གཅེན་མོ་གྲངས་ཀྱི་བདག་མོ་བྱི་བའི་མགོ་ཅན་བྱི་བའི་ལོ། ༢ གླང་ལོ་མ། ༣ སྟག་ལོ་མ། ༤ ཡོས་བུའི་ལོ། ༥ འབྲུག ༦ སྦྲུལ།༧ རྟ། ༨ ལུག ༩ སྤྲེལ། ༡༠ བྱ། ༡༡ ཁྱི། ༡༢ ཕག་གི་ལོ་མ་ཅན། ༡༣ གངས་སྨན་ཕྱུག་མོ། ༡༤ རྩི་སྨན་གྱི་རྗེ་མོ། ༡༥ ཆབ་གངས་ཀྱི་རྗེ་མོ། ༡༦ གཡུང་དྲུང་ཆུ་སེར་གྱི་རྒྱལ་མོ། ༡༧ ཁྲི་མངས་ཀྱི་རྒྱལ་མོ། ༡༨ སྲིང་ལྕམ་བྱིར་མ།
༼ལྷ་འགྲེལ༽ དྲལ་བཅོ་བརྒྱད། ༡ དང་མ་དཔྱིད་ཀྱི་རྒྱལ་པོ། ༢ དབྱར་གྱི་རྒྱལ་པོ། ༣ སྟོན་གྱི་རྒྱལ་པོ། ༤ དགུན་གྱི་རྒྱལ་པོ། ༥ ལྷ་རབ་གཉེན་རུམ། ༦ གཉེན་རབ་གཏོ་རུམ། ༧ ཀླུ་རབ་གཉེན་རུམ། ༨ མི་རབ་སྲིད་རུམ་རྗེ། ༩ མི་རབ་གླག་རུམ་རྗེ། ༡༠ གནོད་སྦྱིན་གྲང་རུམ་རྗེ། ༡༡ གདོན་རབ་བགེས་རུམ་རྗེ། ༡༢ ཕྱུག་རབ་གཡང་རུམ་རྗེ། ༡༣ ཟ་བྱེད་སྲིན་རུམ་རྗེ། ༡༤ གསལ་བ་རྡོ་རུམ་རྗེ། ༡༥ གསལ་བ་འོད་རུམ་རྗེ། ༡༦ མུ་ལེ་སྲིད་རྗེ། ༡༧ སྲིད་བུ་ལོག་པ་ཅན། འདིར་གྲངས་བཅུ་བདུན་ལས་མི་འདུག་ཅིང་། མ་དཔེར་མི་རབ་གླག་རུམ་རྗེའི་གོང་དེར{ཤི་རབ་བརླག་རུམ་རྗེ}ཟེར་བ་ཞིག་མཆན་བཏགས་འདུག མོ་བཅོ་བརྒྱད། ༡ ནང་གི་གཅེན་མོ་གྲངས་ཀྱི་བྱི་བའི་མགོ་ཅན་བྱི་བའི་ལོ། ༢ གླང་ལོ་མ། ༣ སྟག་ལོ་མ། ༤ ཡོས་བུའི་ལོ། ༥ འབྲུག ༦ སྦྲུལ། ༧ རྟ། ༨ ལུག ༩ སྤྲེལ། ༡༠ བྱ། ༡༡ ཁྱི། ༡༢ ཕག་གི་ལོ་ཅན་མ། ༡༣ གངས་སྨན་ཕྱུག་མོ། ༡༤ རྩི་སྨན་གྱི་རྗེ་མོ། ༡༥ ཆབ་གངས་རིགས་ཀྱི་རྗེ་མོ། ༡༦ གཡུང་དྲུང་ཆུ་སིལ་གྱི་རྒྱལ་མོ། ༡༧ ཁྲི་མང་གི་རྒྱལ་མོ། ༡༨ སྲིང་ལྕམ་བྱུར་མ།
༼སྒྲ་འགྲེལ༽ གནམ་ཐེན་དགུང་རྒུང་ཐེན་ལས་རྩོགས་ཏེ། གནམ་གྱི་ལྷ་དགུ། གནམ་སྨན་ཁྲི་མ་ལས་སྩོགས་ཏེ་ལྕམ་མོ་རྒུ། རྩང་ལ་པུ་དར་ལས་སྩོགས་ཏེ། སའི་ལྷ་རྒུ། གཙང་ལྕམ་བྱུར་མ་ལས་སྩོགས་ཏེ་ལྕམ་མོ་རྒུ།
༼ཕྱར་བ་ཐང་ཆེན༽ ཕོ་བཅོ་བརྒྱད། ༡ གཅེན་པོ་ལྷ་རབ་གཉེན་རུམ་རྗེ། ༢ དེ་འོག་གཉེན་རབ་གཏོད་རུམ་རྗེ། ༣ དེ་འོག་ཀླུ་རབ་གཉན་རུམ་རྗེ། ༤ དེ་འོག་མི་རབ་གླག་རུམ་རྗེ། ༥ དེ་འོག་གནོད་སྦྱིན་གྲངས་རུམ་རྗེ། ༦ དེ་འོག་གདོན་རབ་བགེགས་རུམ་རྗེ། ༧ དེ་འོག་ཕྱུག་རབ་གཡའ་རུམ་རྗེ། ༨ དེ་འོག་ཟ་བྱེད་སྲི་རུམ་རྗེ། ༩ དེ་འོག་གསལ་བ་རྡོ་རུམ་རྗེ། ༡༠ དེ་འོག་གསལ་བ་འོད་རུམ་རྗེ། ༡༡ དེ་འོག་མུ་ལེ་སྲིད་ཀྱི་རྗེ། ༡༢ དཔྱིད་ཀྱི་རྒྱལ་པོ། ༡༣ དབྱར་གྱི་རྒྱལ་པོ། ༡༤ སྟོན་གྱི་རྒྱལ་པོ། ༡༥ དགུན་གྱི་རྒྱལ་པོ། ༡༦ གནམ་ཐེན། ༡༧ དོག་ཐེན། ༡༨ ཐ་ཅུང་སྲིད་བུ་ལོག་པ་ཅན། འདིར་དུས་བཞིའི་རྒྱལ་པོ་སྡེ་བཞི་ཞེས་པ་གསལ་བས་དཔྱིད་ཀྱི་རྒྱལ་པོ་སོགས་ཕྱེས་ཡོད། སྲིང་མོ་བཅོ་བརྒྱད། ༡ གཅེན་མོ་བྱི་བའི་མགོ་ཅན་བྱི་བའི་ལོ་ཅན་མ། ༢ གླང་ལོ་མ། ༣ སྟག་ལོ་མ། ༤ ཡོས་ལོ་མ། ༥ འབྲུག་ལོ་མ། ༦ སྦྲུལ་ལོ་མ། ༧ རྟ་ལོ་མ། ༨ ལུག་ལོ་མ། ༩ སྤྲེལ་ལོ་མ། ༡༠ བྱ་ལོ་མ། ༡༡ ཁྱི་ལོ་མ། ༡༢ ཕག་གི་ལོ་ཅན་མ། ༡༣ གང་སྨན་ཕྱུག་མོ། ༡༤ རྩི་སྨན་གྱི་བདག ༡༥ ཆབ་གངས་རིགས་ཀྱི་རྗེ། ༡༦ གཡུང་དྲུང་ཆུ་སིལ་མ། ༡༧ ཁྲི་མངས་རྒྱལ་མོ། ༡༨ ཐ་ཅུང་སྲིད་ལྕམ་ལི་ཏུར་མ། འདིར་ལོ་སྐོར་བཅུ་གཉིས་དབུ་བརྙན་ཅན། །ཞེས་པས་བྱི་ལོ་སོགས་གཞན་ལྟར་བཀོད་པ་ཡིན།
༼གསུམ།༽ སྐོས་རྗེ་དྲང་དཀར་སྤྲུལ་པ་ནི། །སྐོས་ཀྱི་ཉི་མ་གཞའ་ཙམ་བཤོས། །སྲིད་པ་ལྕམ་དྲལ་བཅུ་དྲུག་བྱུང་། །
༼ རྗེའི་འགྲེལ ༽ དྲལ་པོ་བརྒྱད་ནི། ༡ འཚམས་རབས་ཐོག་རུམ་རྗེ། ༢ བདུད་རབས་གཉན་རུམ་རྗེ། ༣ སྣང་བ་འོད་རུམ་རྗེ། ༤ དམུ་རབས་གཉན་རུམ་རྗེ། ༥ གསལ་བ་འོད་རུམ། ༦ ཟིལ་བ་ལྕགས་རུམ། ༧ སྐྱེས་པ་ཤེད་རུམ་རྗེ། ༨ གར་རབས་རྨང་པོ་རྗེ། ལྕམ་མོ་བརྒྱད་ནི། ༡ འཚམས་ཟ་ཕྱུག་མོ། ༢ བདུད་ཟ་གཉན་མོ། ༣ སྣང་བ་འོད་རུམ་ལྕམ། ༤ དམུ་ཟ་ངང་འཕྲང་། ༥ གསལ་བའི་སྒྲོན་མ། ༦ ལྕམ་ཟིལ་ཕྱུག་མོ། ༧ ཤིང་གི་ལྷ་མོ། ༨ དཀར་མ་ཁྱུང་ལྕམ་མ།
༼ལྷ་འགྲེལ༽ དྲལ་པོ་བརྒྱད། ༡ ཚ་རབ་ཐོག་རུམ་རྗེ། ༢ བདུད་རབ་གཉན་རུམ། ༣ སྣང་བའི་འོད་རུམ། ༤ དམུ་རབ་གཉེན་རུམ། ༥ གསལ་བ་དང་རུམ། ༦ ཟིལ་པ་ཆགས་རུམ། ༧ སྐྱེས་པ་ཤིང་རུམ་རྗེ། ༨ གར་རབ་རྨང་པོ་རྗེ། ལྕམ་མོ་བརྒྱད། ༡ ཚེམ་ཟ་ཕྱུག་མོ། ༢ བདུད་ཟ་གཉེན་མོ། ༣ སྣང་བའི་འོད་རུམ་ལྕམ། ༤ དམུ་ཟ་ངང་འབྲང་། ༥ གསལ་བའི་སྒྲོན་མ། ༦ ལྕམ་ཟིལ་ཕྱུག་མོ། ༧ ཤིང་གི་ལྷ་མོ། ༨ གསལ་ཁྱུང་ལྕམ།
༼སྒྲ་འགྲེལ་དུ་འདིའི་ལྕམ་དྲལ་བཅོ་བརྒྱད་མ་གསལ།༽
༼ཕྱར་བ་ཐང་ཆེན༽ དྲལ་བརྒྱད། ༡ གཅེན་པོ་འཚམས་རབ་ཐོག་རུམ་རྗེ། ༢ དེ་འོག་བདུད་རབ་གཉན་རུམ་རྗེ། ༣ དེ་འོག་སྣང་བ་འོད་རུམ། ༤ དེ་འོག་དམུ་རབ་གཉན་རུམ། ༥ དེ་འོག་གསལ་བ་འོད་རུམ། ༦ དེ་འོག་ཟིལ་པ་ལྕག་རུམ། ༧ དེ་འོག་སྐྱེ་བ་ཤིང་རུམ་རྗེ། ༨ ཐ་ཅུང་གར་རབ་ཐང་པོ་རྗེ། སྲིང་མོ་བརྒྱད། ༡ འཚམས་ཟ་ཕྱུག་མོ་བཙུན། ༢ དེ་འོག་བདུད་ཟ་གཉན་མོ་བཙུན། ༣ དེ་འོག་སྣང་བ་འོད་རུམ་ལྕམ། ༤ དེ་འོག་དམུ་ཟ་ངང་འབྲང་མ། ༥ དེ་འོག་གསལ་བའི་སྒྲོན་མ། ༦ དེ་འོག་ལྕམ་ཟིལ་ཕྱུག་མོ། ༧ དེ་འོག་ཤིང་གི་ལྷ་མོ། ༨ ཐ་ཅུང་དཀར་མ་ཐང་ལྕམ།
༼བཞི།༽ ཕྱྭ་རྗེ་རིང་དཀར་སྤྲུལ་པ་ནི། །སྐྱེ་འཛིན་འཕྲུལ་གྱི་རྒྱལ་མོར་བཤོས། །ཕྱྭ་ལས་ལྕམ་དྲལ་བརྒྱད་དུ་བལྟམས། །
༼ རྗེའི་འགྲེལ ༽ ༡ ཕྱྭ་སངས་པོ། ༢ ཕྱྭ་རྒྱལ་པོ། ༣ ཕྱྭ་སངས་སངས། ༤ ཕྱྭ་བུ་གཡང་དཀར། ༥ ཕྱྭ་ལྕམ་དབྱིག་གེ ༦ ཕྱྭ་ལྕམ་སམ་ཟ། ༧ ཕྱྭ་ལྕམ་རྒྱལ་མོ། ༨ ཕྱྭ་ལྕམ་དཀར་མོ།
༼ལྷ་འགྲེལ༽ ༡ ཕྱྭ་སངས་པོ། ༢ ཕྱྭ་རྒྱལ་པོ། ༣ ཕྱྭ་སང་སང་། ༤ ཕྱྭ་བུ་གཡང་དཀར། ༥ ཕྱྭ་ལྕམ་དབྱིག་དོག ༦ ཕྱྭ་ཕྱྭ་ལྕམ་སམ་ཟ། ༧ ཕྱྭ་ལྕམ་རྒྱལ་མོ། ༨ ཕྱྭ་ལྕམ་དཀར་མོ།
༼སྒྲ་འགྲེལ༽ གདགས་ཀྱི་དྲལ་བཞི། ༡ ལྷེ་རྗེ་རིང་དཀར། ༢ ཡབ་ལྷ་བདལ་དྲུག ༣ མུ་ཡེར་པྲ་ཕུད། ༤ ཚངས་སྡང་བྱ་འོག སྲིབས་ཀྱི་ལྕམ་བཞི། ༡ མ་ཐེར་ཤེལ་ལྕགས། ༢ ཚངས་དང་རྒྱལ་མོ། ༣ ནེ་སླས་བརྟན་མ། ༤ ཏིང་ནམ་གཡུ་ཕྱུག
༼ཕྱར་བ་ཐང་ཆེན༽ གདགས་ཀྱི་དྲལ་བཞི། ༡ ལྷ་རྗེ་རིང་དཀར། ༢ དེ་འོག་ཡབ་བླ་བདལ་དྲུག ༣ དེ་འོག་དམུ་རྗེ་པྲ་ཕུད། ༤ དེ་འོག་ཚངས་པ་བྱ་མགོ སྲིབ་ཀྱི་ལྕམ་བཞི། ༡ སྲེང་མོ་མ་བེར་ཤེལ་ལྕགས་སྨན། ༢ དེ་འོག་ཚངས་སྟངས་རྒྱལ་མོ། ༣ དེ་འོག་ནེ་སླས་རྒྱལ་མོ། ༤ ཐ་ཅུང་ཏིང་ནམ་གཡུ་ཕྱུག་མ།
༼ལྔ༽ ལྷ་རབ་གཉན་རུམ་སྤྲུལ་པ་ནི། །ནམ་མཁའི་དཀར་མོ་སྤྱན་གཅིག་བཤོས། །སྲིད་པ་ལྕམ་དྲལ་བཅུ་གཉིས་འཁྲུངས། །
༼ རྗེའི་འགྲེལ ༽ དྲལ་པོ་དྲུག ༡ ལྷ་རྒྱང་དགུ་དཀར་པོ། ༢ ཕོ་ལྷ་དཀར་པོ། ༣ དར་མ་སྔོན་པོ། ༤ གདག་ལྷ་ཁྲི་བཞུར། ༥ སྲིབ་ལྷ་འཕན་པོ། ༦ ཀེའུ་ཐུང་རྒྱལ་བ། ལྕམ་མོ་དྲུག ༡ མ་ལྷ་མགོན་བཙུན། ༢ ལྕམ་བཙུན་ཡུལ་མ། ༣ བཙུན་མོ་རྨ་ལོ། ༤ བཙུན་ལྕམ་ཕྱུག་མོ། ༥ སྨན་བཙུན་དཀར་མོ། ༦ སྨན་གྱི་རྒྱལ་མོ།
༼ལྷ་འགྲེལ༽ དྲལ་པོ་དྲུག ༡ ལྷ་རྒྱང་རྒུ་དཀར་པོ། ༢ ཕོ་ལྷ་དཀར་པོ། ༣ དར་མ་སྔོན་པོ། ༤ གདག་ལྷ་ཁྲི་ཞུར། ༥ སྲིབ་ལྷ་འཕན། ༦ རྐེའུ་ཐུང་རྒྱལ་བ། ལྕམ་མོ་དྲུག ༡ མ་ལྷ་མགོན་བཙུན། ༢ ལྕམ་བཙུན་ཡུལ་མ། ༣ བཙུན་མོ་རྨ་ལོ། ༤ བཙུན་ལྕམ་ཕྱུག་མོ། ༥ སྨན་བཙུན་དཀར་མོ། ༦ སྨན་གྱི་རྒྱལ་མོ།
༼སྒྲ་འགྲེལ༽ དྲལ་པོ་དྲུག ༡ དང་པོ་ཕི་ཅིན་ཝིང་། ༢ དེ་འོག་གནམ་བདུད་ཝིང་། ༣ དེ་འོག་ཧྲངས་སྟི་ཝིང་། ༤ དེ་འོག་ཧ་ནུ་ཝིང་། ༥ ཁི་ཧབ་ཝིང་། འདིར་གཅིག་མ་ཚང་བ་ལྟ་བུ་འདུག ལྕམ་དྲུག ༡ གཅེན་མོ་ཧ་སྟི་ཝིང་། ༢ དེ་འོག་ར་སྟི་ཝིང་། ༣ དེ་འོག་ཨུར་སྟི་ཝིང་། ༤ དེ་འོག་ཀར་ནི་ཝིང་། ༥ དེ་འོག་ཞུང་སྐྱེ་ཝིང་། ༦ དེ་འོག་དུ་ར་ཝིང་།
༼ཕྱར་བ་ཐང་ཆེན༽ དྲལ་པོ་དྲུག ༡ ལྷ་རྐྱང་དགུ་དཀར་པོ། ༢ དེ་འོག་ཕོ་ལྷ་དཀར་པོ། ༣ དེ་འོག་དར་མ་སྔོན་པོ། ༤ དེ་འོག་གདག་ལྷ་ཁྲི་བཞིར། ༥ དེ་འོག་སྲིབ་ལྷ་འཕན་བ། ༦ ཐ་ཆུང་གེའུ་ཐང་རྒྱལ་བ། ལྕམ་དྲུག ༡ སྲེང་མོ་མ་ལྷ་མགོན་བཙུན། ༢ དེ་འོག་ལྕམ་བཙུན་ཡུལ་མ། ༣ དེ་འོག་མ་བཙུན་རྨ་ལོ་མ། ༤ དེ་འོག་ལྕམ་བཙུན་ཕྱུག་མོ། ༥ དེ་འོག་སྨན་བཙུན་དཀར་མོ། ༦ ཐ་ཅུང་སྨན་ཀྱིས་རྒྱལ་མོ།
༼དྲུག༽ཐུམ་ཐུམ་རྣལ་མེད་སྤྲུལ་པ་ནི། །གནམ་ཅ་ཁྲི་མ་ཚོན་གང་བཤོས། ལྕམ་དྲལ་བརྒྱད་ནི་དེ་བཞིན་བལྟམས། །
༼ རྗེའི་འགྲེལ ༽ དྲལ་བཞི། ༡ མུ་ཆོ་ལྡེམ་དྲུག ༢ སྲིད་བོན་བྱིང་རུམ། ༣ གཤེན་ཁྲི་འོད་གསལ་བུ། ༤ གནམ་ཁྲོ་གཤེན་རྒྱལ་བ། ལྕམ་བཞི། ༡ ལྷ་མོ་མདངས་ལྡན་མ། ༢ ༼འོད་འཕྲོ་མ། འདི་ཆད་པ་འདྲ།༽ ༣ འོད་རྒྱས་མ། ༤ རྒྱལ་མོ་གསེར་སྤྱོད།
༼ལྷ་འགྲེལ༽ དྲལ་བཞི། ༡ མུ་ཆོ་ལྡེམ་དྲུག ༢ སྲིད་བོན་ཕྱིང་རུམ། ༣ གཤེན་ཁྲི་འོད་གསལ་བ། ༤ གནམ་ཁྲོ་གཤེན་རྒྱལ། ལྕམ་བཞི། ༡ ལྷ་མོ་མདངས་ལྡན་མ། ༢ འོད་འཕྲོ་མ། ༣ འོད་རྒྱས་མ། ༤ རྒྱལ་མོ་གསེར་ལོ་སྤྱོད།
༼སྒྲ་འགྲེལ༽ དྲལ་བཞི། ༡ ས་བ་རབ་གླིང་བཞི། ༢ རླུང་བ་རབ་གླིང་རྩོལ། ༣ མེ་ཁྲི་རྨང་རྒྱལ་བ། ༤ ཆུ་ལྡེའོ་སྐད་ཆེན། སྲིང་བཞི། ༡ སྲ། ༢ འདེགས། ༣ སྨིན། ༤ གསོ།
༼ཕྱར་བ་ཐང་ཆེན༽ དྲལ་བཞི། ༡ ས་གཤེན་བ་རབ་གླིང་བཞི། ༢ རླུང་གཤེན་བ་རབ་གླིང་རྩོལ། ༣ མེ་གཤེན་ཁྲི་རྨང་རྒྱལ་བ། ༤ ཆུ་གཤེན་ལྡེ་བོ་སྐད་ཆེན། སྲིང་མོ་བཞི། ༡ སྲ་བྱེད་ས་ཡི་ལྷ་མོ། ༢ འདེགས་བྱེད་རླུང་གི་ལྷ་མོ། ༣ སྨིན་བྱེད་མེ་ཡི་ལྷ་མོ། ༤ གསོ་བྱེད་ཆུ་ཡི་ལྷ་མོ།
༼བདུན༽ སྐྱིན་དང་ངར་ཆེན་སྤྲུལ་པ་ནི། །སྨན་དང་ཞོགས་ཀྱི་རྒྱལ་མོར་བཤོས། །ལྕམ་དྲལ་བཞི་བཞི་བརྒྱད་དུ་བལྟམས། །
༼ རྗེའི་འགྲེལ ༽ དྲལ་པོ་བཞི། ༡ གཡུང་དྲུང་སྟག་ག་ཆུང་། ༢ གཟིག་ག་ཆུང་། ༣ རིག་པའི་ཆེ་ཆུང་། ༤ སྐྱེས་བུ་ཙུགས་བཙུམ། ལྕམ་བཞི། ༡ ཆུ་སིལ་རྒན་མོ། ༢ དྲོད་ཀྱི་རྒྱལ་མོ། ༣ གྲང་སིལ་བྱེད་མ། ༤ ཟ་བྱེད་སྲིན་འདུལ་མ།
༼ལྷ་འགྲེལ༽ དྲལ་པོ་བཞི། ༡ གཡུང་དྲུང་སྟག་ག་ཆུང་། ༢ གཟིག་ག་ཆུང་། ༣ རིག་ཁྱེའུ་ཆུང་། ༤ སྐྱེས་བུ་གཅུང་བཙན། ལྕམ་བཞི། ༡ ཆུ་སིལ་རྒན་མོ། ༢ དྲོད་ཀྱི་རྒྱལ་མོ། ༣ གྲང་བསིལ་བྱེད་མ། ༤ ཟ་བྱེད་སྲིན་འདུལ་མ།
༼སྒྲ་འགྲེལ༽ དྲལ་བཞི། ༡ གཅེན་ཡེ་སངས་སྤྲིན་རུམ་རྗེ། ༢ དེ་འོག་ཏུ་པང་རླངས་རུམ་རྗེ། ༣ དེ་འོག་གནམ་ཆར་རོལ་པོ་རྗེ། ༤ དེ་འོག་ཆབ་ཤང་རྒྱལ་བ་རྗེ། ལྕམ་བཞི། ༡ གཅེན་མོ་ཆུ་བདག་སྡིང་ནམ་མ། ༢ དེ་འོག་ཁ་བ་ལྷབས་ཆེན་སྐྱོལ། ༣ དེ་འོག་ཆབ་སིལ་མ་མོ་སྐོར། ༤ དེ་འོག་འཁྱགས་པ་རྒྱས་འདེབས་མ།
༼ཕྱར་བ་ཐང་ཆེན༽ དྲལ་བཞི། ༡ མིང་པོ་ཡེ་སངས་སྤྲིན་རུམ་རྗེ། ༢ དེ་འོག་དུ་པང་རླང་རུམ་རྗེ། ༣ དེ་འོག་གནམ་ཆར་རོལ་པའི་རྗེ། ༤ ཐ་ཆུང་ཐབ་ཤིང་རྒྱལ་བ་རྗེ། ལྕམ་བཞི། ༡ སྲིང་མོ་ཆུ་བདག་སྡེ་ནམ་མ། ༢ དེ་འོག་ཁ་བ་ལབས་ཆེན་སྐྱོལ། ༣ དེ་འོག་ཆབ་སིལ་མ་མོ་སྐར། ༤ དེ་འོག་འཁྱགས་པ་རྒྱས་འདེབས་མ།
༼བརྒྱད༽ འཕྲུལ་གྱི་རྒྱལ་པོའི་སྤྲུལ་པ་ནི། །ས་རྒྱལ་དོག་གི་བདག་མོར་བཤོས། །ལྕམ་དྲལ་ལྔ་ལྔ་བཅུ་རུ་བལྟམས། །
༼ རྗེའི་འགྲེལ ༽ དྲལ་ལྔ། ༡ ཡི་གེ་བ་འཕྲུལ་བྱེད། ༢ མཁན་པོ་བཟོ་ལྷ་འཕྲུལ་སྣ་ཚོགས་པ། ༣ དག་སེལ་སྨན་གྱི་འཕྲུལ། ༤ སྒྱུ་ཅིང་རྩིས་ཀྱི་འཕྲུལ། ༥རྒྱུར་མཁན་སྤྲུལ་པ། ལྕམ་ལྔ། ༡ ལྷ་མོ་ཡིད་འོང་མ། ༢ སྒྲ་མཁན་གྱི་རྒྱལ་མོ། ༣ དག་བྱེད་ཁྲུས་ཀྱི་རྒྱལ་མོ། ༤ གསོ་བྱེད་སྨན་གྱི་རྒྱལ་མོ། ༥ ལྷ་མོ་སྒྱུ་འཕྲུལ།
༼ལྷ་འགྲེལ༽ དྲལ་ལྔ། ༡ ཡི་གེ་པ་འཕྲུལ་བྱེད་ཆེན་པོ། ༢ མཁན་ལྷ་འཕྲུལ་སྣ་ཚོགས་པ། ༣ དུག་སེལ་སྨན་གྱི་འཕྲུལ། ༤ སྒྱུར་ཅིས་རྩིས་ཀྱི་འཕྲུལ། ༥སྒྱུ་མཁན་སྤྲུལ་པ། ལྕམ་ལྔ། ༡ ལྷ་མོ་ཡིད་འོང་མ། ༢ སྨྲ་མཁན་ལྷ་ཡི་རྒྱལ་མོ། ༣ དག་བྱེད་ཁྲུས་ཀྱི་རྒྱལ་མོ། ༤ གསོ་བྱེད་སྨན་གྱི་རྒྱལ་མོ། ༥ ལྷ་མོ་སྒྱུ་འཕྲུལ།
༼སྒྲ་འགྲེལ༽ དྲལ་ལྔ། ༡ གསོ་བྱེད་སྣང་བ། ༢ སྨིན་བྱེད་དྲོད་འབེབས། ༣ སྡུད་བྱེད་འཁྱིལ་པ། ༤ སྲ་བྱེད་གཞི་འཛིན། འདིར་གཅིག་མ་ཚང་བ་འདྲ། ལྕམ་ལྔ། ༡ སྣང་གསལ་དབྱིག་མ། ༢ འདེགས་བྱེད་སྒྲོལ་མ། ༣ སྡུད་བྱེད་གློང་འཁྱིལ། ༤ སྲ་བྱེད་རྟེན་མ། འདིར་གཅིག་མ་ཚང་བ་འདྲ།
༼ཕྱར་བ་ཐང་ཆེན༽ དྲལ་ལྔ། ༡ མིང་པོ་ཡི་གེ་འཕྲུལ་བྱེད། ༢ བཟོ་ལྷ་སྣ་ཚོགས་འཕྲུལ་བསྒྱུར། ༣ དུག་སེལ་སྨན་གྱིས་འཕྲུལ་བསྒྱུར། ༤ གཙུག་ལག་རྩིས་ཀྱི་འཕྲུལ་བསྒྱུར། ༥ སྤྲུལ་འགྱེད་སྒྱུ་མ་མཁན། སྲིང་ལྔ། ༡ ལྷ་མོ་ཡིད་ཤོང་མ། ༢ སྒྲ་མཁན་ལྷ་ཡི་རྒྱལ་མོ། ༣ དག་བྱེད་ཁྲུས་ཀྱིས་རྒྱལ་མོ། ༤ གསོ་བྱེད་སྨན་གྱི་རྒྱལ་མོ། ༥ ཐ་ཅུང་ལྷ་མོ་སྒྱུ་འཕྲུལ་མ།
༼དགུ༽ ས་བླ་དོག་རུམ་སྤྲུལ་པ་ནི། །སྤྲུལ་པ་གཏེར་འཛིན་རྒྱལ་མོར་བཤོས། །ལྕམ་དྲལ་བཅུ་གཅིག་བལྟམ་པ་ཡིན། །
༼ རྗེའི་འགྲེལ ༽ ས་ཡི་ལྷ་འོད་དེ། འོད་འཆང་། འོད་ལས་སྤྲུལ་པ། འབྱུང་བ་གཏེར་གྱི་ལྷ་ལྔ། ལྕམ་སྤྲུལ་པའི་ལྷ་མོ་གཡུང་འབྲང་གི་སྲུང་མ་གསུམ་མོ། །
༼ ལྷ་འགྲེལ༽ ས་ཡི་ལྷ་འོད་དེ། འོད་འཆང་། འོད་ལས་སྤྲུལ་པ། འབྱུང་བའི་གཏེར་གྱི་ལྷ་ལྔ། ལྕམ་སྤྲུལ་པའི་ལྷ་མོ་གཡུང་འབྲང་གི་སྲུང་མ་གསུམ་མོ། །
༼སྒྲ་འགྲེལ༽ དྲལ་དྲུག ༡ ཤར་སྒོའི་སྟག་སྐྱ་བོ། ༢ བྱང་སྒོའི་བྱ་དམར་མོ། ༣ ནུབ་སྒོའི་གཡག་རོག་པོ། ༤ ལྷོ་སྒོའི་འབྲུག་སྔོན་པོ། ༥ དབུས་ཀྱི་གེ་རེ་ལྡོང་ཕྲོམ། ༦ སྟེང་གི་འབྲུག་རུམ་སིལ་མ། ལྕམ་ལྔ། ༡ དབུས་ཀྱི་གཟི་ལྡན་མ། ༢ ཤར་གྱི་གཡུང་དྲུང་བུ་གཅིག་མ། ༣ བྱང་གི་སྐལ་ལྡན་འོད་འཕྲོ་མ། ༤ ནུབ་ཀྱི་བཀྲག་འཛིན་སྨིན་བྱེད་མ། ༥ ལྷོའི་སྐལ་ལྡན་བུ་གཅིག་མ།
༼ཕྱར་བ་ཐང་ཆེན༽ མིང་པོ་དྲུག ༡ ཤར་གྱི་སྒོ་བསྲུངས་སྟག་སྐྱ་བོ། ༢ ལྷོ་ཡི་སྒོ་བསྲུངས་འབྲུག་སྔོན་པོ། ༣ ནུབ་ཀྱི་སྒོ་བསྲུངས་གཡག་རོག་པོ། ༤ བྱང་གི་སྒོ་བསྲུངས་བྱ་དམར་པོ། ༥ དབུས་ཀྱི་ཀྱེ་རི་ལྡོང་ཕྲོམ། ༦ སྟེང་གི་འབྲུག་རུམ་ཟིལ་བ། ལྕམ་ལྔ། ༡ དབུས་ཀྱིས་གཟི་ལྡན་མ། ༢ ཤར་གྱི་གཡུང་དྲུང་་ནུ་གཅིག་མ། ༣ ནུབ་ཀྱིས་བཀྲགས་འཛིན་སྨིན་བྱེད་མོ། ༤ ལྷོ་ཡི་སྐལ་ལྡན་ནུ་གཅིག་མ། ༥ བྱང་གི་སྐ་ལྡན་འོད་འཕྲོ་མ།
༼བཅུ༽ སྲིད་དེ་ལྗོན་ཕྱུགས་སྤྲུལ་པ་ནི། །འཁོར་བ་དུག་གི་རྒྱ་མོར་བཤོས། །སྲིད་པ་ལྕམ་དྲལ་བཅོ་ལྔ་བལྟམ། །
༼རྗེའི་འགྲེལ༽ སྲིད་པ་ལྕམ་བདུན་ནི། གཡང་གི་ལྷ་མོ་བཞི་དང་། རྐུ་བྱེད་ཀྱི་ཚེ་འཕྲོག་མ་གསུམ་མོ། །དྲལ་བརྒྱད་ནི། ཕྱི་ཡི་འགུགས་བྱེད་བཞི་དང་། ཚེ་བདག་བཞིའོ། །
༼ལྷ་འགྲེལ༽ སྲིད་པ་ལྕམ་བདུན་ནི། གཡང་གི་ལྷ་མོ་བཞི་དང་། སྐུ་བྱེད་ཀྱི་ཚེ་འབྲོག་མ་གསུམ་མོ། །དྲལ་བརྒྱད་ནི། ཕྱྭའི་འགུག་བྱེད་བཞི་དང་། ཚེ་བདག་བཞིའོ། །
༼སྒྲ་འགྲེལ༽ བླ་ཡི་གཅེན་དྲུག ༡ འདུར་གསས་པདྨའོ། ༢ བཀྲ་གསས་སྡེང་འབྲེང་། ༣ སྨན་གསས་སིལ་མ། ༤ དཔལ་གསས་ཆེམ་བུ། ༥ དྲི་གསས་ངན་རྒྱལ། ༦ རྒོད་གསས་ཁྱུང་རུམ། བར་གྱི་ཚིགས་དྲུག ༡ གཤེད་གསས་ཁྲི་ལོ། ༢ བརླ་གསས་ཕོ་མ། ༣ སྲིག་གསས་བ་བ། ༤ གཤོག་གསས་ཐེའུ་ཡུག ༥ ལམ་གསས་ཕྱན་བུ། ༦ ཐུགས་ལས་སྤུར་བུ། འོག་གི་ལྕམ་དྲུག ༡ ཤར་གྱི་ཧ་ལི་སྟག་མགོ ༢ བྱང་གི་ཧུ་ལི་འབྲང་མགོ ༣ ནུབ་ཀྱི་དང་ཆོགས་འབྲོང་མགོ ༤ ལྷོའི་འགྱིང་མ་འཕྲུལ་ཆེན། ༥ སྟེང་གི་དུར་སྨན་གར་མོ། ༦ འོག་གི་བརླ་ལྕམ་ཐང་མོ།
༼ཕྱར་བ་ཐང་ཆེན༽ འདུར་གསས་བླ་ཡི་གཅེན་དྲུག ༡ འདུས་གསས་རྨ་བོ། ༢ བཀྲ་གསལ་སྟེང་འབྲང་། ༣ སྨན་གསས་སིལ་མ། ༤ དབལ་གསས་ཆེམས་པ། ༥ དྲི་གསས་ང་རྒྱལ། ༦ རྒོད་གསས་ཁྱུང་རུམ། བར་གྱི་ཚིག་དྲུག ༡ གཤེན་གསས་ཁྲི་ལོ། ༢ བླ་གསས་ཕོ་མ། ༣ སྲི་གསས་པ་བ། ༤ གཤོགས་གསས་ཐེའུ་ཡུག ༥ ལམ་གསས་བྱམས་བུ། ༦ ཐུག་གསས་ཡུར་བ། འདུར་གསས་འོག་གི་ལྕམ་དྲུག ༡ ཤར་གྱི་ཧ་ལི་སྟག་མགོ ༢ ལྷོ་ཡི་འགྱིང་མ་འཕྲུལ་ཆེན། ༣ ནུབ་ཀྱི་དོང་ཆོགས་འབྲོང་གི་དབུ། ༤ བྱང་གི་ཧུ་ལི་འབྲུག་གི་མགོ ༥ སྟེང་གི་འདུར་སྨན་དཀར་མོ། ༦ འོག་གི་བླ་ལྕམ་ཐང་མོ།
༼བཅུ་གཅིག༽ གནམ་ཕྱི་གུང་རྒྱལ་སྤྲུལ་པ་ནི། །གནམ་གྱི་ལྷ་རྒོད་ཐོག་པར་བཤོས། །རྒུ་གསུམ་ཉི་ཤུ་རྩ་བདུན་བྱུང་། །
༼ རྗེའི་འགྲེལ ༽ དབལ་མོ་དགུ་དང་། གྱད་མོ་དགུ། སྤར་མ་དགུའམ། སྨན་གྱི་ལྷ་མོ་དགུ་དང་། སྨན་གྱི་སྐྱེས་བུ། རྩི་ཡི་ལྷ་མོ་དགུ་སྟེ་ཉེར་བདུན་ནོ། །
༼ལྷ་འགྲེལ༽ དབལ་མོ་དགུ་དང་། གྱད་མོ་དགུ། སྨན་གྱི་ལྷ་མོ་དགུ། སྨན་གྱི་སྐྱེས་བུ། རྩིས་པའི་ལྷ་མོ་དགུ་སྟེ་ཉེར་བདུན་ནོ། །
༼སྒྲ་འགྲེལ༽ བླའི་གཅེན་དགུ་ནི་དབྱིངས་ཡེ་ཤེས་ཀྱི་གཟེ་མ་དགུ། བར་གྱི་ཚིགས་དགུ་ནི་མཁའ་ཀློང་གི་གྱད་མོ་སྟོབས་ཆེན་དགུ། འོག་གི་གཅུང་དགུ་ནི། ལས་ཐབས་ཀྱི་ཐང་མོ་བྱིན་ཏེ་མ་དགུ།
༼ཕྱར་བ་ཐང་ཆེན༽ དབལ་ཟ་སྨན་ཀྱིས་ལྷ་མོ་དགུ། །གྱད་མོ་གཡུང་དྲུང་བདག་མོ་དགུ། །ཐང་མོ་རྩི་ཡི་ལྷ་མོ་དགུ། །དེ་ལྟར་མགོ་བརྙན་ཉི་ཤུ་བདུན། །ཞེས་གསལ།
༼བཅུ་གཉིས།༽ གནམ་སྨན་དཀར་མོའི་སྤྲུལ་པ་ནི། །ཡིད་ཀྱི་ལྷ་སྲས་འོད་དང་བཤོས། །འོད་ཀྱི་ལྷ་སྲས་ལྕམ་དྲལ་བཞི། །
༼ རྗེའི་འགྲེལ ༽ ༡ འོད་ཀྱི་ལྷ་དཀར་པོ། ༢ ལྷ་སྲས་རྒྱལ་བ། ༣ འོད་ཀྱི་ལྷ་མོ་མདངས་ལྡན་མ། ༤ འོད་ཀྱི་ལྷ་མོ་རབ་ཏུ་ཚིམ་བྱེད་མ།
༼ལྷ་འགྲེལ༽ ༡ འོད་ཀྱི་ལྷ་དཀར་པོ། ༢ ལྷ་སྲས་རྒྱལ་བ། ༣ འོད་ཀྱི་ལྷ་མོ་མདངས་ལྡན་མ། ༤ འོད་ཀྱི་ལྷ་མོ་རབ་ཏུ་ཚིམ་བྱེད་མ།
༼སྒྲ་འགྲེལ༽ དྲལ་གཉིས། ༡ གཅེན་གནམ་ལྷ་དཀར་པོ། ༢ གཅུང་འོད་ལ་འཕྲུལ་པོ། ལྕམ་གཉིས། ༡ གཅེན་ཁྲི་མ་སྟོང་འཕྱོ། ༢ གཅུང་འཕྱོ་མ་ཡེ་སངས།
༼ཕྱར་བ་ཐང་ཆེན༽ དྲལ་གཉིས། ༡ མིང་པོ་གནམ་ལྷ་དཀར་པོ། ༢ འོད་ལྷ་འཕྲུལ་པོ། ལྕམ་གཉིས། ༡ སྲིང་མོ་ཁྲི་མ་སྟོང་འཕྱོ། ༢ འཕྱོ་མ་ཡེ་སངས།
༼བཅུ་གསུམ༽ ཡ་ཤ་ཕྱུག་མོའི་སྤྲུལ་པ་ནི། །བཟང་སྟེ་ཡོགས་ཀྱི་བདག་མོར་བཤོས། །ཡོན་བདག་ལྕམ་དྲལ་དགུ་རུ་བལྟམ། །
༼ རྗེའི་འགྲེལ ༽ ༡ ཁྲིན་ཡོགས། ༢ དབལ་ཡོགས། ༣ གཉེར་ཡོགས། ༤ འཚམས་ཡོགས། ༥ བདུད་ཡོགས། ༦ དམུ་ཡོགས། ༧ རྒྱལ་ཡོགས། ༨ ལྟད་ཡོགས། ༩ མ་ཡོགས།
༼ལྷ་འགྲེལ༽ ༡ ཁྲིན་ཡོག ༢ གཉེར་ཡོག ༣ དབལ་ཡོག ༤ མཚམས་ཡོག ༥ བདུད་ཡོག ༦ དམུ་ཡོག ༧ རྒྱལ་ཡོག ༨ ལྡང་ཡོག ༩ མ་ཡོག
༼སྒྲ་འགྲེལ༽ ༡ གཉེར་ཡོགས་གཉེར་རྗེ་ཐང་པོ། ༢ ཁྲིན་ཡོགས་ཁྲིན་རྗེ་དག་པ། ༣ འཚམས་ཡོགས་འཚམས་རྗེ་པའོ། ། ༤ བདུད་ཡོགས་ནག་པོ་བཀྲག་མེད། ༥ དམུ་ཡོགས་ག་པ་ལོང་ཏོག ༦ བཙན་ཡོགས་མདའ་རབས་གོང་བཞི། ༧ མ་ཡོགས་ཁྲི་བཞུར་སྨོད་མོ། ༨ རྟིང་ཡོགས་ཐེར་ཤེ་ལྕགས། འདིར་གཅིག་མ་ཚང་བ་འདྲ་བས་འདུར་རྒྱུད་དུ་བདུན་རྒྱལ་ཡོགས་ཟ་བྱེད་ཁ་བོ་ཆེ་ཟེར་བ་དེ་ཡིན་སྙམ།
༼ཕྱར་བ་ཐང་ཆེན༽ ༡ གཉེར་ཡོགས་ཡོགས་རྗེ་ཐང་བོ། ༢ ཁྲིན་ཡོགས་ཁྲི་རྗེ་དག་པ། ༣ འཚམས་ཡོགས་འཚམས་རྗེ་ཡ་བོ། ༤ བདུད་ཡོགས་ནག་པོ་བཀྲག་མེད། ༥ དམུ་ཡོགས་ཀབ་པ་ལི་ཐོགས། ༦ བཙན་ཡོགས་མདའ་རབས་གོང་སྐྱོན། ༧ རྒྱལ་ཡོགས་ཟ་བྱེད་ཁ་བོ་ཆེ། ༨ མ་ཡོགས་ཁྲི་བཞུར་སློད་མོ། ༩ སྟེང་ཡོགས་མ་ཝེར་ཤེལ་ལྕགས།
༼བཅུ་བཞི༽ མི་མཁན་མ་མོའི་སྤྲུལ་པ་ནི། །རྫི་བ་དུང་ཕྱུར་འོད་དང་བཤོས། །མིང་སྲིང་ལྕམ་དྲལ་བརྒྱད་དུ་བལྟམ། །
༼ རྗེའི་འགྲེལ ༽ ༡ སྟོང་གསུམ། ༢ སེ་འ་ཞ། ༣ དབྲང་ཞང་ཞུང་། ༤ རྒྱལ་དྲང་རྗེ། དེ་རྣམས་མིང་དང་སྲིང་དུ་སྲིད། ཅེས་གསལ།
༼ལྷ་འགྲེལ༽ ༡ སྟོང༼ལྡང༽དང་སུམ་པ། ༢ སེ་འ་ཞ། ༣ དབྲ་ཞང་ཞུང་། ༤ རྒྱལ་རྟང་རྗེ་རྣམས་མིང་དང་སྲིང་དུ་སྲིད།
༼སྒྲ་འགྲེལ༽ ༡ དབུའི་རྩུག་རུམ་ནས་རྒྱལ་རིགས་ཆེ་ཞིང་གཉན་པ་སྲིད། ༢ ཐུགས་ཀྱི་དང་གོང་ནས་རྗེ་རིགས་བཙུན་གྱིན་མཐོ་བ་སྲིད། ༣ ལྟེ་བའི་རྒྱས་རུམ་ནས་བྲམ་ཟེ་གཙང་ཞིང་དག་པ་སྲིད། ༤ ཞབས་ཀྱི་པུས་གོང་ནས་རྨང་རིགས་རྩམ་གྱིན་རྡོལ་པ་སྲིད། ཕོ་མོ་ཕྱེ་བས་བརྒྱད། ཞེས་གསལ།
༼ཕྱར་བ་ཐང་ཆེན༽ རྒྱལ་རིགས་ཆེ་ཞིང་གཉན་པ་གཉིས། །ཡུམ་གྱི་དབུ་ཡི་གཙུག་ནས་འཁྲུངས། །རྗེ་རིགས་མཐོ་ཞིང་བཙུན་བ་གཉིས། །ཐུགས་ཀྱིས་དང་གོང་དག་ནས་སྲིད། །བྲམ་ཟེ་གཙང་ཞིང་དག་པ་གཉིས། །ལྟེ་བའི་རྒྱས་རུམ་དག་ནས་བསྲིད། །རྨངས་རིགས་རྩམ་ཀྱིན་གདོལ་པ་གཉིས། །ཡུམ་གྱི་པུས་མོའི་གོང་ནས་བསྲིད། །དེ་ལྟར་ལྕམ་དྲལ་ཟུར་བཞི་ནི། དང་བོ་སུམ་པ་དང་། སེ་འ་ཞ་དང་། དབྲ་ཞང་ཞུང་དང་། རྒྱལ་དྲང་རྗེའི་སྲིད་པར་སོང་ངོ་། །ཞེས་གསལ།
༼བཅོ་ལྔ༽ ཟ་མཁན་མ་མོའི་སྤྲུལ་པ་ནི། །ཆུ་བདག་ཀླུ་ཡི་རྒྱལ་པོར་བཤོས། །ཆུ་བདག་མིང་སྲིང་བཅུ་དྲུག་བལྟམ། །
༼ རྗེའི་འགྲེལ ༽ མིང་པོ་བརྒྱད་ནི། ཀླུའི་རྒྱལ་པོ་བརྒྱད་དོ། །ལྕམ་མོ་བརྒྱད་ནི་དེའི་གཅུང་མོ་མཚོ་སྨན་བརྒྱད་ཡིན་ནོ། །ཡང་ཀླུ་ཕྲུག་ཟུར་ཕུད་ཅན་མིང་སྲིང་བརྒྱད་ཡིན་ནོ་གསུངས་སོ། །ཞེས་གསལ།
༼ལྷ་འགྲེལ༽ མིང་པོ་བརྒྱད་ལ་ཀླུའི་རྒྱལ་པོ་བརྒྱད་དོ། །ལྕམ་མོ་བརྒྱད་ལ་དེའི་གཅུང་མོ་མཚོ་སྨན་བརྒྱད་ཡིན་ཟེར་བ་དག་ཀྱང་ཡོད་དོ། །ཡང་ཀླུ་བྲུག༼ཕྲུག༽ཟུར་ཕུད་ཅན་མིང་སྲིང་བརྒྱད་ཡིན་ནོ། །ཞེས་གསལ།
༼སྒྲ་འགྲེལ༽ མིང་པོ་བརྒྱད། ༡ མ་དྲོས་གཟི་ཆེན། ༢ མགོ་འོ་འཇིག་པོ། ༣ ཟིན་སྲེགས་ཐང་པོ། ༤ གཙུག་ན་ནོར་བུ། ༥ ཀླུ་རྒྱལ་ཐང་པོ། ༦ ལེགས་པ་མཐའ་ཡས། ༧ དུང་སྐྱོང་དཀར་པོ། ༨ རིགས་ལྡན་མཆོག སྲིང་བརྒྱད། ༡ ཀླུ་མོ་གཟི་ལྡན་མ། ༢ ཀུན་ལ་དགྱེས། ༣ རིགས་འཛིན་མ། ༤ གཏེར་འཛིན་མ། ༥ ཐིང་ལོ་སྨན། ༦ པདྨ་འཛིན། ༧ ཀར་ཤམ་མ། ༨ བུམ་རྣ་མ།
༼ཕྱར་བ་ཐང་ཆེན༽ མིང་པོ་བརྒྱད། ༡ གཅེན་མལ་དྲོལ་གཟི་ཆེན། ༢ དེ་འོག་དགའ་བོ་འཇོག་པོ། ༣ དེ་འོག་ཟིལ་སྲེགས་ཐང་པོ། ༤ དེ་འོག་གཙུག་ན་ནོར་བུ། ༥ དེ་འོག་ཀླུ་རབ་ཐང་པོ། ༦ དེ་འོག་ལེགས་པ་མཐའ་ཡས། ༧ དེ་འོག་ཀླུ་རྒྱལ་དུང་སྐྱོངས། ༨ ཐ་ཅུང་རིགས་ལྡན་སྟོབས་མཆོག སྲིང་མོ་བརྒྱད། ༡ གཅེན་མོ་གཟི་ལྡན་མ། ༢ དེ་འོག་ཀླུ་མོ་ཀུན་ལ་དགྱེས། ༣ དེ་འོག་ཀླུ་མོ་རིགས་འཛིན་མ། ༤ དེ་འོག་ཀླུ་མོ་གཏེར་འཛིན་མ། ༥ དེ་འོག་ཀླུ་མོ་ཐང་མོ་སྨན། ༦ དེ་འོག་ཀླུ་མོ་པད་མ་འཛིན། ༧ དེ་འོག་ཀླུ་མོ་དཀར་ཤམ་མ། ༨ དེ་འོག་ཀླུ་མོ་བུམ་རྣ་མ།
༼བཅུ་དྲུག༽ ཤེད་ཟ་ན་མོའི་སྤྲུལ་པ་ནི། །ཤེད་ལས་སྐྱེས་ཀྱི་ལྷ་དང་བཤོས། །བྱེད་པའི་སྐྱེས་བུ་བཅུ་གཉིས་སྲིད། །
༼ རྗེའི་འགྲེལ ༽ ༡ ག་ཏ། ༢ མི་ཕམ་པ། ༣ ལ་བ་ཅན། ༤ རྫོགས་བྱེད། ༥ གཅེར་བུ། ༦ ལྟོ་ལྡན། ༧ བདེ་བ། ༨ ཡང་དག་རྫོགས། ༩ རྫོགས་ལྡན། ༡༠ ངོ་མཚར་བསྟན། ༡༡ གཞན་གྱིས་མི་ཐུབ་པ། ༡༢ གཞོན་ནུ་བཅུ་གཉིས་ཏེ་ལ་སོགས་གསུངས་སོ། །ཞེས་གསལ།
༼ལྷ་འགྲེལ༽༡ ག་ཏ། ༢ མི་ཕམ་པ། ༣ ལྭ་བ་ཅན། ༤ རྫོགས་བྱེད། ༥ གཅེར་བུ། ༦ ལྡེ་ལྡན། ༧ བདེན་པ། ༨ ཡང་དག་རྫོགས། ༩ རྫོགས་ལྡན། ༡༠ ངོ་མཚར་སྟོན། ༡༡ གཞན་གྱི་མི་ཐུབ་པ། ༡༢ གཞོན་ནུ། དེ་དག་ཀྱང་བདག་དང་། སྲོག འགྲོ་བ། གསོ་བ། སྐྱེས་བུ། གང་ཟག ཤེད་ཅན། ཤེད་ལས་སྐྱེས། བྱེད་པ་པོ། ཚོར་བ་པོ། ཤེས་པོ་བ། ཐོང་པོ་བ་ཞེས་བྱ་བར་ཡང་དག་པར་མི་འགྱུར་མི་འཕོ་བའོ། །ཞེས་གསལ།
༼སྒྲ་འགྲེལ༽ བླའི་གཅེན་བཞི། ༡ འཛིན་བྱེད་དབལ་གྱི་རྒྱལ་པོ། ༢ གནོད་བྱེད་སྟག་རྒྱལ་དེ་བོ། ༣ རྟེན་བྱེད་སྐྱིན་འདང་མི་ཕུད། ༤ སྐྱེད་བྱེད་རབ་རྒ་དུན་ཤགས། བར་གྱི་ཚིགས་བཞི། ༡ དབྱར་བྱེད་ཤང་ཤང་སྐར་མ། ༢ སྟོན་བྱེད་དུན་པ་རྟ་འཚོ། ༣ རྒུན་བྱེད་འཁྱག་པ་སྒང་ཁྱེར། ༤ སྤྱིད་བྱེད་ང་ཤོ་རླུང་ཆེན། འོག་གི་གཅུང་བཞི། ༡ སྐྱོབ་བྱེད་ཕོ་ལྷ་རྗི། ༢ གྲོགས་བྱེད་དགྲ་བླ་དར་མ། ༣ སྟོངས་བྱེད་མ་ལྟ༼ལྷ༽བུ་རྫི། ༤ འཚོ་བྱེད་ཞང་ལྷ་དྲིན་ཆེན།
༼ཕྱར་བ་ཐང་ཆེན༽ བླ་ཡི་གཅེན་བཞི། ༡ འཛིན་བྱེད་དབལ་གྱི་རྒྱལ་པོ། ༢ གནོད་བྱེད་སྟག་རྒྱལ་དེ་བོ། ༣ བརྟེན་བྱེད་རབ་དགའ་དུན་ཤག ༼འདིར་སྒྲ་འགྲེལ་དུ། ༣ རྟེན་བྱེད་སྐྱིན་འདང་མི་ཕུད། ༤ སྐྱེད་བྱེད་རབ་རྒ་དུན་ཤགས། ཞེས་གསལ་བ་ལྟར་ཡིན་སྙམ།༽བར་གྱི་ཚིག་བཞི། ༡ དབྱར་བྱེད་ཤང་ཤང་སྐར་བ། ༢ སྟོན་བྱེད་དུལ་བ་རྟ་མཚའོ། ༣ རྒུན་བྱེད་འཁྱགས་པ་སྒང་ཁྱེར། ༤ དཔྱིད་བྱེད་ང་ཤོ་རླུང་ཆེན་པོ། འོག་གི་གཅུང་བཞི། ༡ སྐྱོབས་བྱེད་ཕ་ལྷ་མོ་རྫི། ༢ གྲོགས་བྱེད་དགྲ་ལྷ་དར་མ། ༣ སྡོངས་བྱེད་མ་ལྷ་བུ་རྫི། ༤ འཚོ་བྱེད་ཞང་ལྷ་དྲན་ཆེན་པོ།
༼བཅུ་བདུན༽ དབལ་སོ་རྣོན་མོའི་སྤྲུལ་པ་ནི། །དབལ་གྱི་མི་ཐུང་ཚོན་གང་བཤོས། །དབལ་ནི་ལྕམ་དྲལ་བཅུ་དྲུག་སྲིད། །
༼ རྗེའི་འགྲེལ ༽ དབལ་ཕོ་བརྒྱད། ༡ དབལ་སོ་རྣོན་པོ། ༢ དབལ་དགྲ་ལས་རྒྱལ་བ། ༣ དབལ་གྲི་འདུལ་བ། ༤ དབལ་རྒོད་འདུལ་ཆེན་པོ། ༥ དྲག་པོ་ཙོ་དབལ། ༦ མེ་དབལ་ཀུན་སྲེག ༧ ཆུ་དབལ་རྦ་དྲག ༨ དྲག་པོ་བདུད་འདུལ། དབལ་མོ་བརྒྱད། ༡ དབལ་སོ་ཡ་མ། ༢ དབལ་རྒོད་འཕུར་མ། ༣ སྒྲ་བླའི་རྒྱལ་མོ། ༤ སྨན་བླ་ནད་འདུལ། ༥ དྲག་པོ་བདུད་འདུལ་མ། ༦ དབལ་གྱིས་ཀུན་གཅོད་མ། ༧ དབལ་གྲི་འདུལ་མ། ༨ ཁྱབ་བྱེད་དབལ་གྱི་རྒྱལ་མོ་སྤྲུལ་པ་སྟོང་ལྡན་མ།
༼ལྷ་འགྲེལ༽ དབལ་ཕོ་བརྒྱད། ༡ དབལ་སོ་རྣོན་པོ། ༢ དབལ་སྒྲ་ལས་རྒྱལ་བ། ༣ དབལ་དྲི་འདུལ་བ། ༤ དབལ་དགོད་འདུལ་ཆེན་པོ། ༥ དྲག་པོ་ཛྭོ་དབལ། ༦ མེ་དབལ་ཀུན་སྲེག ༧ ཆུ་དབལ་རྦ་དྲག ༨ དྲག་པོ་བདུད་འདུལ། དབལ་མོ་བརྒྱད། ༡ དབལ་སོ་ཡ་མ། ༢ དབལ་རྒོད་འཕུར་བ། ༣ སྒྲ་བླའི་རྒྱལ་མོ། ༤ སྨན་བླ་དང་འདུལ། ༥ རྟག་པོས་བདུད་འདུལ་མ། ༦ དབལ་གྱི་ཀུན་གཅོད་མ། ༧ དབལ་དྲི་འདུལ། ༨ ཁྱབ་བྱེད་དབལ་གྱི་རྒྱལ་མོ་སྤྲུལ་པ་སྟོང་དང་ལྡན་མ།
༼སྒྲ་འགྲེལ༽ ༡ དབལ་གསས་ཟོ་བོ། ༢ འབྲུག་གསས་ང་རྒྱལ། ༣ ཚ་ལ་རྒྱུང་ནེ། ༤ ནེ་རྒྱུང་དཀར་པོ། ༥ ཁ་ཤོ་ཟ་འདོད་སེང་གེ་མཉམ་ཙན། ༦ སེང་ལུས་གངས་ཞོན། ༧ འབྲུག་ལུས་འོད་ཞོན། ༨ བན་གླང་རི་ཞོན། ༩ ལ་རམ་རིང་འདྲི་མ། ༡༠ ཁྲིའོ་སྤྲིན་ཞོན། ༡༡ ཐོགས་ས་གསས་འཕྲོ་བ། ༡༢ གློག་གསས་བང་མགྱོགས། ༡༣ དབལ་གྱད་རྟུམ་པོ། ༡༤ དྲག་གསས་འཕྲོ་བ། ༡༥ ཟ་མ་འབྲུག་སླག ༡༦ ཆུ་ཟ་གླིང་འགྱུར།
༼ཕྱར་བ་ཐང་ཆེན༽ ༡ གཅིག་ནི་དབལ་གསས་བང་ཟེ། ༢ དེ་འོག་འབྲུག་གསས་ང་རྒྱལ། ༣ དེ་འོག་ཚ་ལ་རྒྱུང་ནེ། ༤ དེ་འོག་ནེ་རྒྱུང་དཀར་པོ། ༥ དེ་འོག་ཁ་ཤོ་ཟ་འདོད། ༦ དེ་འོག་སེང་གེ་གནམ་ཙོ། ༧དེ་འོག་སིང་ལུས་གངས་ཞོན། ༨ དེ་འོག་འབྲུག་ལུས་འོད་ཞོན། ༩ དེ་འོག་བན་གླང་རི་ཞོན། ༡༠ དེ་འོག་ཁྲ་ཡི་སྤྲིན་ཞོན། ༡༡ དེ་འོག་ཐོག་གསས་འཕྲོ་བ། ༡༢ དེ་འོག་གློག་གསས་བང་མགྱོགས། ༡༣ དེ་འོག་དབལ་གྱད་གཏུམ་མོ། ༡༤ དེ་འོག་དྲག་གསས་འཕྲོ་བ། ༡༥ དེ་འོག་ཟེ་མ་འབྲུག་སླག ༡༦ ཆུ་ཟ་གླིང་འགྱུར།
༼བཅོ་བརྒྱད༽ ཕྱྭ་ཙེའི་རྒྱལ་མོའི་སྤྲུལ་པ་ནི། །དམུ་དག་ཆུ་ཡི་རྒྱལ་པོར་བཤོས། །ལྕམ་དྲལ་བཅོ་བརྒྱད་བལྟམ་པ་ཡིན། །
༼ རྗེའི་འགྲེལ ༽ དྲལ་དགུ། ༡ དམུ་དང་འབྲིང་། ༢ སྟེན་འབྲང་། ༣ དམུ་ཐུམ་བཙན་པ། ༤ རྩེ་དམུ་ཀུན་འདུལ། ༥ རྩེ་འབྲེང་དམུ་སྲས། ༦ སྟོང་འདུལ་ཕྱུག་པོ། ༧ དམུ་རྒྱལ་སྤྱི་རྗེ། ༨ དམུ་བུ་ལྗོན་པ་ཚ། ༩ དམ་འཕེལ་བ། ལྕམ་དགུ། ༡ ཐུམ་མོ། ༢ རུ་ཕྱག་རྒྱལ་མི། ༣ སྐྱེ་བའི་ཕྱྭ་མཁན་མ། ༤ ཚེའི་རྒྱལ་མོ། ༥ གཡང་གི་བདག་མོ། ༦ པྲ་མ་ན། ༧ དམུ་མོ་ཐང་རྒྱལ་མོ། ༨ ལྦུག་རིས་མ་དམུའི་བཙུན་མོ། ༩ ཕྱོགས་མཚམས་ཀྱི་དབང་མོ་ཆེ།
༼ལྷ་འགྲེལ༽ དྲལ་དགུ། ༡ དམུ་ངང་འབྲང་། ༢ རྟེན་འབྲང་། ༣ དམུ་ཐུམ་ཐུམ་བཙན་པ། ༤ ཙེ་དམུ་ཀུན་འདུལ། ༥ རྩེ་འབྲང་དམུ་སྲས། ༦ སྟོང་འདུལ་ཕྱུག་པོ། ༧ དམུ་རྒྱལ་སྤྱི་རྗེ། ༨ དམུ་བུ་ལྗོན་པ་ཚ། ༩ དམུ་འཕེལ་བ། ལྕམ་དགུ། ༡ ཐུ་མོ། ༢ རྒྱུད་ཕྱུག་རྒྱལ་མོ། ༣ སྐྱེད་པའི་ཕྱ་མཁན་མ། ༤ ཚེའི་རྒྱལ་མོ། ༥ གཡང་གི་བདག་མོ། ༦ པྲ་མ་ན། ༧ དམུ་མོ་ཐང་རྒྱལ་མོ། ༨ ལྕུག་རིས་མ་དམུའི་བཙུན་མོ། ༩ ཕྱོགས་མཚམས་ཀྱི་དབང་མོ་ཆེ།
༼སྒྲ་འགྲེལ༽ དམུ་ཡད་ཀྱི་ལྷ་བཅོ་བརྒྱད། ༡ རྟ་ལྷ་རྨང་པོ། ༢ གཡག་ལྷ་དུམ་པོ། ༣ བ་ལྷ་བཞོན་མོ། ༤ ལུག་ལྷ་གངས་པོ། ༥ ར་ལྷ་ཚེར་པོ། ༦ སྤྱི་གསས་འཁོར་བ། ༧ སྤྱན་གསས་སྒྲོན་མ། ༨ སྙན་ལྷ་ཧོ་སངས། ༩ ཤངས་ལྷ་སྤྲོ་ནམ། ༡༠ ལྗགས་གསས་འཕྲུལ་བུ། ༡༡ འགུར་ལྷ་བྱང་ཡུག ༡༢ སྲོག་ལྷ་ཉམས་ཆེན། ༡༣ ཡིད་ལྷ་བྱེའུ་ཡུག ༡༤ དཔལ་པོ་ཐང་དེ། ༡༥ ཁབ་ལྷ་ཁྱེའུ་ཐུང་། ༡༦ སྒོ་ལྷ་སྟག་གསས། ༡༧ གཡོན་སྒོ་གཡག་གསས། ༡༨ ཐབ་ལྷ་ཡོ་མོ།
༼ཕྱར་བ་ཐང་ཆེན༽ དམུ་ཡད་ལྷ་རིགས་བཅོ་བརྒྱད། ༡ རྟ་ལྷ་རྨང་པོ་རྟ་ཡི་མགོན། ༢ གཡག་ལྷ་དུམ་པོ་འབྲི་ཡི་མགོན། ༣ བ་ལྷ་བཞེན་མོ་ཞོ་ཡི་མགོན། ༤ ལུག་ལྷ་གངས་པོ་ལུག་གི་མགོན། ༥ ར་ལྷ་ཚེར་པོ་ར་ཡི་མགོན། ༦ སྤྱི་གསས་འཁོར་བ་སྤྱི་བོའི་ལྷ། ༧ སྤྱན་གསས་སྒྲོན་མ་མིག་གི་ལྷ། ༨ སྙན་ལྷ་ཧོས་སངས་རྣ་བའི་ལྷ། ༩ ལྗགས་གསས་འཕྲུལ་བུ་ལྕེ་ཡི་ལྷ། ༡༠ འགུར་ལྷ་བྱང་ཡུག་ངག་གི་ལྷ། ༡༡ སྲོག་ལྷ་ཉམས་ཅན་ལུས་ཀྱི་ལྷ། ༡༢ ཡིད་ལྷ་བྱེའུ་ཡུག་སེམས་ཀྱི་ལྷ། ༡༣ དབལ་སོ་ཐང་དེ་མཁར་གྱི་ལྷ། ༡༤ ཁྱིམ་ལྷ་གེལ་ཐུང་ཁྱིམ་ཀྱི་ལྷ། ༡༥ སྒོ་ལྷ་སྟག་གསས། ༡༦ སྒོ་ལྷ་གཡག་གསས ། ༡༧ ཐབ་ལྷ་ཡུ་མོ། འདིར་གཅིག་མ་ཚང་བ་ནི་སྒྲ་འགྲེལ་ལྟར་ཤངས་ལྷ་སྤྲོ་ནམ་ཆད་དམ་སྙམ།
༼བཅུ་དགུ༽ སྲིད་པའི་ལྷ་མོའི་སྤྲུལ་པ་ནི། །གཤིན་བློན་འགོ་སྐྱ་རྗེ་དང་བཤོས། །གཤིན་བུ་འབྲིང་ང་མིང་སྲིང་གཉིས། །
༼ རྗེའི་འགྲེལ ༽ ༡ སྲིད་བུ་འབྲང་ང་། ༢ སྲིད་ལྕམ་བྱུར་མ།
༼ལྷ་འགྲེལ༽ ༡ སྲིན་བུ་བྲང་ང་། ༢ སྲིན་ལྕམ་བྱུར་མ།
༼སྒྲ་འགྲེལ༽ ༡ མིང་པོ་གཤིན་བུ་འབྲང་ང་། ༢ སྲིང་མོ་འབྲང་འདུལ།
༼ཕྱར་བ་ཐང་ཆེན༽ འདིའི་སྐོར་མ་དཔེ་ཆད་འདུག
ས་བཅད་གཉིས་པ། མེད་ཁམས་སྟོང་པའི་རྒྱལ་པོའི་རབས།
༼གཅིག༽ མེད་ཁམས་སྟོང་པའི་རྒྱལ་པོ་དང་། །མུན་ནག་ཐིབས་ཀྱི་བཙུན་མོར་བཤོས། །ལྷ་སྲིན་མིང་སྲིང་བཅུ་དྲུག་བྱུང་། །
༼ རྗེའི་འགྲེལ ༽ མིང་པོ་བརྒྱད། ༡ གཅེན་པོ་ཤི་རབས་རླག་རུམ་རྗེ། ༢ དེ་འོག་བདུད་རབས་བཙན་རུམ་རྗེ། ༣ དེ་འོག་གདོན་རབས་བགེགས་རུམ་རྗེ། ༤ དེ་འོག་ཀླུ་རབས་གཉན་རུམ་རྗེ། ༥ དེ་འོག་གནོད་སྦྱིན་དྲུག་རུམ་རྗེ། ༦ དེ་འོག་ཟ་བྱེད་སྲིན་རུམ་རྗེ། ༧ དེ་འོག་ཁ་ལྡིང་དྲི་ཟ་རྗེ། ༨ དེ་འོག་ལྟོ་འཕྱེ་སྲིད་རུམ་རྗེ། སྲིང་མོ་བརྒྱད། ༡ གཅེན་མོ་ས་ཡི་ནག་མོ་མིག་དགུ་མ། ༢ དེ་འོག་མ་བླ་ཆུད་མོ་རེ་འབྱམས། ༣ དེ་འོག་མོ་གདོན་རྒྱལ་མོ་ཟོང་ཟང་། ༤ དེ་འོག་ཀླུ་ལྕམ་ཁོད་དེ་རིང་མོ། ༥ དེ་འོག་ས་གཞི་རིན་ཆེན་གཙུག་འབེབས་མ། ༦ དེ་འོག་ས་སྲིན་ནག་མོ་མགོ་དགུ་མ། ༧ དེ་འོག་འཇིགས་བྱེད་འགོག་མ་རླུང་མགོ་ཅན། ༨ སྲིད་ཟ་མོང་བུ་ཐུང་།
༼ལྷ་འགྲེལ༽འདིར་རྩ་ཚིག་དྲངས་པ་ཙམ་ལས་སོ་སོའི་མིང་་གསལ།
༼སྒྲ་འགྲེལ༽ མིང་པོ་བརྒྱད། ༡ ཤི་ཞིང་རླག་པར་རྒ༼དགའ༽བ། ༢ གསོད་ཅིང་གཅོད་པར་རྒ་བ། ༣ གནོད་ཅིང་འགལ་བར་རྒ་བ། ༤ ན་ཞིང་གཅོང་བར་རྒ་བ། ༥ ཐུང་ཞིང་ཆད་པར་རྒ་བ། ༦ ཟ་ཞིང་འཆའ་བར་རྒ་བ། ༧ འཛིན་ཅིང་འགུགས་པར་རྒ་བ། ༨ ལྕི་ཞིང་འཐིབས་པར་རྒ་བ། སྲིང་མོ་བརྒྱད། ༡ དལ་ཁ་ཆོ་རྒུ་འབེབས་པ། ༢ ཆུད་ཀྱི་ངར་ཁ་སློང་བ། ༣ བལ་ནད་རྒྱུ་གཟེར་གཏོང་བ། ༤ མཛེ་ནད་སྐྱ་ཡམས་གཏོང་བ། ༥ སའི་རྟེན་ཕུར་འཛིན་པ། ༦ ཞ་གྲུབ་དམུ་ཆུ་སྐྱིལ་བ། ༧ ཡ་ཆ་ཏབ་སྣོལ་གཏོང་བ། ༨ བུ་ཁྱོ་ནོར་ལ་ཟ་བ།
༼ཕྱར་བ་ཐང་ཆེན༽ འདིའི་སྐོར་མ་དཔེ་ཆད་འདུག
༼གཉིས༽ ཤི་རབ་རླག་རུམ་སྤྲུལ་པ་ནི། །རྫུ་འཕྲུལ་ཐང་ཐང་བླ་མརབཤོས། །གཤིན་རྗེ་མིང་སྲིང་བཅུ་དྲུག་བྱུང་། །
༼ རྗེའི་འགྲེལ ༽ མིང་པོ་བརྒྱད། ༡ གཤིན་རྗེ་སྨིག་པ། ༢ གཤིན་རྗེ་ཕྱྭ་སངས། ༣ གཤིན་རྗེ་དར་མ་ར་ཙ། ༤ གཤིན་རྗེ་གསལ་ཤིང་། ༥ ཁྲམ་ཤིང་། ༦ དམར་པོ་སྲོག་ལ་རྔམ། ༧ ངལ་བ་དགུ་བ། ༨ བདུད་ལ་ན། སྲིང་མོ་བརྒྱད། ༡ ཁ་འབར་མ། ༢ སྦེར་བྱེད་མ། ༣ ལྕེ་འབར་མ། ༤ དུག་ཧྲུལ་མ། ༥ གློག་སྒྱུ་མ། ༦ འཕྲ་མ་མཁན། ༧ རྦོད་གཏོང་མ། ༨ ལས་མཁན་མ།
༼ལྷ་འགྲེལ༽ མིང་པོ་བརྒྱད། ༡ གཤིན་རྗེ་དམིགས་པ། ༢ གཤིན་རྗེ་ཕྱྭ་སངས། ༣ གཤིན་རྗེ་དར་མངར་རྩ། ༤ གཤིན་རྗེ་གསལ་ཤིང་། ༥ ཁྲམ་ཤིང་། ༦ དམར་པོ་སྲོག་ལ་རྔམ། ༧ རལ་པ་དགུ་པ། ༨ བདུད་ལེན། སྲིང་མོ་བརྒྱད། ༡ ཁ་འབར་མ། ༢ སྤོར་བྱེད་མ། ༣ ལྕེ་འབར་མ། ༤ དུག་ཧྲུལ་མ། ༥ གློག་སྒྱུ་མ། ༦ ཕྲ་མ་མཁན། ༧ སྦོད་གཏོང་མ། ༨ ལས་མཁན་མ།
༼སྒྲ་འགྲེལ༽ མིང་པོ་བརྒྱད། ༡ སྨིགས་པ་ཁྲམ་ཐོགས། ༢ ཐོམ་པོ་འགོ་སྐྱ། ༣ གཤིན་བྱེའུ་འབྱབ་མ། ༤ བཀའ་ཁྱེད་ཐང་པོ། ༥ ཡིད་འཛིན་དིང་བ། ༦ རླ་འཛིན་རོལ་པོ། ༧ ཆ་གར་གློག་སྐྱེན། ༨ གཤིན་ཆུ་རབ་སྲུང་། སྲིང་བརྒྱད། ༡ རྩིས་འགྲེམས་མ། ༢ སོ་སེར་དཔོན་མ། ༣ འབྱབ་སྐྱེན་མ། ༤ ཐུགས་འཛིན་མ། ༥ ཉུར༼མྱུར༽འཛིན་མ། ༦ རྟང་འཛིན་མ། ༧ དུར་གློག་མ། ༨ ཟམ་སྐྱུར་མ།
༼ཕྱར་བ་ཐང་ཆེན༽མིང་པོ་བརྒྱད་ལས་འདི་ཡན་མ་དཔེ་ཆད། ༦ གཤིན་རྗེ་བླ་འཛིན་རོལ་པ། ༧ གཤེན་རྗེ་ཆ་གར་གློག་སྐྱིན། ༨ གཤིན་ཆུ་རབ་བསྲུངས། སྲིང་བརྒྱད། ༡ གཤིན་ལྕམ་རྩིས་འགྲམ་མ། ༢ དེ་འོག་གཤིན་ལྕམ་སོ་སོར་མ། ༣ དེ་འོག་གཤིན་ལྕམ་འཇམ་སྐྱོན་མ། ༤ དེ་འོག་གཤིན་ལྕམ་ཐུགས་འཛིན་མ། ༥ དེ་འོག་གཤིན་ལྕམ་ཉུར་འཛིན་མ། ༦ དེ་འོག་གཤིན་ལྕམ་རྟ་འཛིན་མ། ༧ དེ་འོག་གཤིན་ལྕམ་དུར་གློག་མ། ༨ ཐ་ཅུང་གཤིན་ལྕམ་ཟང་བསྒྱུར་མ།
༼གསུམ༽ བདུད་རབས་བཙན་རུམ་སྤྲུལ་པ་ནི། །རི་བདག་སྤྲུལ་པའི་བཙུན་མོར་བཤོས། །དམུ་བདུད་མིང་སྲིང་དྲུག་ཏུ་བྱུང་། ། འདིར་དྲུག་གསལ་ཡང་སྒྲ་འགྲེལ་དུ་བཅུ་དྲུག་བསྟན།
༼ རྗེའི་འགྲེལ ༽ ༡ དམུ་བདུད་རོལ་པོ། ༢ ཤོར་བ་གཞུ་ནུ། ༣ ཡ་བ་སྐྱ་ཅིག ༤ དམུ་ལྕམ་པྲ་མ། ༥ བདུད་མེ་གློག་སྲིན་མ། ༦ དལ་གྱི་བདག་མོ།
༼ལྷ་འགྲེལ༽༡ དམུ་བདུད་རོལ་པོ། ༢ ཤོར་བ་གཞོན་ནུ། ༣ ཡག་བ་རྐྱ་གཅིག ༤ དམུ་ལྕམ་ཕྲ་མ། ༥ བདུད་མོ་གློག་མ་སྲིན། ༦ དལ་གྱི་བདག་མོ།
༼སྒྲ་འགྲེལ༽ ༡ ཞའོ་དམུ་ཞྭ། ༢ ལོང་བ་དམུ་ལོང་། ༣ འཐིབས་པ་དམུ་འཐིབས། ༤ གྲུམ་པོ་དམུ་གྲུམ། ༥ ནག་པོ་བཀྲག་མེད། ༦ སྐྱའོ་དབུགས་མེད། ༧ དཀར་པོ་ཚིལ་མེད། ༨ སྐྱེས་བཟང་ལྡང་ཡག ༩ འགྲན་དེ་ཡ་བོ། ༡༠ ཤུ་བོ་ལག་རིང་། ༡༡ དམུ་རྗི་ཟ་སྨད་དྲུག་དང་བཅུ་དྲུག ཅེས་གསལ།
༼ཕྱར་བ་ཐང་ཆེན༽ ༡ གཅེན་ཞ་བོ་དམུ་ཞལ། ༢ དེ་འོག་ལོང་བ་དམུ་ལོང་། ༣ དེ་འོག་འཐིབ་པོ་དམུ་འཐིབས། ༤ དེ་འོག་འགྲུམ་བ་དམུ་འགྲུམ། ༥ དེ་འོག་ནག་པོ་བཀྲག་མེད། ༦ དེ་འོག་སྐྱ་བོ་དབུགས་མེད། ༧ དེ་འོག་དཀར་པོ་ཚིག་མེད། ༨ དེ་འོག་སྐྱེ་བཟང་ལྡང་ཡག ༩ དེ་འོག་འགྲན་མེད་ཡ་བོ། ༡༠ དེ་འོག་ཉུ་འོ་ལག་རིང་། དམུ་འཛི་ཟ་སྨད་དྲུག་བཅས། ཞེས་གསལ།
༼བཞི༽ གདོན་རབས་བགེགས་རུམ་སྤྲུལ་པ་ནི། །སྔོ་སྟེ་ངད་ཀྱི་བཙུན་མོར་བཤོས། །གདོན་བགེགས་མིང་སྲིང་ཉི་ཤུ་བྱུང་། །འདིར་ཉི་ཤུ་གསལ་ཡང་འགྲེལ་ཁག་ཏུ་ཉེར་བདུན་བསྟན།
༼ རྗེའི་འགྲེལ ༽ མིང་པོ་བཅུ་བཞི། ཕྱོགས་མཚམས་ཀྱི་གདོན་ཆེན་པོ་བརྒྱད་དང་། ཚངས་པའི་ཐེའུ་རང་། སའི་ཐེའུ་རང་ནག་པོ། གྲིབ་ནོན། སྲུལ་པོ། ཡུལ་གདོན། ཕུང་འདྲེ། སྲིང་མོ་བཅུ་གསུམ། ༡ འབྲོག་སྲིན། ༢ རྐོང་སྲིན། ༣ ཆུ་སྲིན། ༤ བམ་སྲིན། ༥ སྟག་སྲིན། ༦ དེ་མོ། ༧ མོ་གདོན། ༨ མ་ཡམས། ༩ གོ་ལེ་མ། ༡༠ ཚོགས་ཀྱི་རྗེ་མོ། ༡༡ ལྟེ་རྫོང་མ། ༡༢ ཁ་བྷར་རྐོང་སྐྲ་མ། ༡༣ གླིང་བཞི་རབ་འབྱམས་མ།
༼ལྷ་འགྲེལ༽ མིང་པོ་བཅུ་བཞི། ཕྱོགས་མཚམས་ཀྱི་གདོན་ཆེན་པོ་བརྒྱད་དང་། ཚངས་པའི་ཐེའུ་རང་། ས་ཐེའུ་རང་ནག་པོ། གྲིབ་གནོན། སླུབ་པོ། ཡུལ་གནོན། ཕུང་འདྲེ། སྲིང་མོ་བཅུ་གསུམ། ༡ འབྲོག་སྲིན། ༢ རྐོང་སྲིན། ༣ ཆུ་སྲིན། ༤ བམ་སྲིན། ༥ སྟག་སྲིན། ༦ དེ་མོ། ༧ མ་གདོན། ༨ མ་ཡམ། ༩ གོལ་མ། ༡༠ ཚོགས་ཀྱི་རྗེ་མོ། ༡༡ ལྟེ་རྫོང་མ། ༡༢ ཁ་འབར་རྐྱང་སྒྲ་མ། ༡༣ གླིང་བཞི་རབ་འབྱམས་མ།
༼སྒྲ་འགྲེལ༽ གནམ་གྱི་དབེན་རྒུ། བྱར་གྱི་བྱེའུ་རྒུ། ས་ཡི་རྒྱལ་རྒུ།
༼ཕྱར་བ་ཐང་ཆེན༽ གཅེན་ནི་གནམ་གྱི་འཕེན་དགུ། འབྲིང་ནི་བར་སྣང་གཡེན་དགུ། ཐ་ཅུང་ས་ཡི་བགེགས་རྒྱལ་དགུ།
༼ལྔ༽ ཀླུ་རབས་གཉན་རུམ་སྤྲུལ་པ་ནི། །ཆུ་བདག་ནག་པོ་ཀློང་དགུར་བཤོས། །ལྕམ་དྲལ་བཅུ་དྲུག་བལྟམས་པ་ཡིན། །ཞེས་ལྕམ་དྲལ་བཅུ་དྲུག་གསལ་ཡང་འགྲེལ་རྣམས་སུ་དྲུག་ལས་མ་གསལ།
༼ རྗེའི་འགྲེལ ༽ ༡ རྒྱལ་རིགས། ༢ རྗེའུ་རིགས། ༣ བྲམ་ཟེའུ་རིགས། ༤ དམངས་རིགས། ༥ གདོལ་བའི་རིགས། ༦ ཀླུ་མགོན་དཀར་པོ་དཀར་མོའི་རིགས།
༼ལྷ་འགྲེལ༽༡ རྒྱལ་རིགས། ༢ བྲམ་ཟེའུ་རིགས། ༣ རྗེ་རིགས། ༤ རྨང་རིགས། ༥ གདོལ་པའི་རིགས། ༦ ཀླུ་མི་མགོན་དཀར་པོ་དཀར་མོའི་རིགས།
༼སྒྲ་འགྲེལ༽ དྲལ་གསུམ། ༡ གླུ་རབ་བཟང་དོ་རེ། ༢ གླུ་འབྲིང་མཚན་ཏོ་རེ། ༣ ཐང་གླུ་ག་པོ་རྗེ། ལྕམ་གསུམ། ༡ གླུ་ལྕམ་དན་ནེ་མ། ༢ གླུ་སྲིན་གྲུམ་བྱེད་མ། ༣ མང་ཝེར་གླུ་བདུད་མོ།
༼ཕྱར་བ་ཐང་ཆེན༽ ༡ གཅེན་ཀླུ་རབ་བཟང་ཏོ་རེ། ༢ འབྲིང་བ་གླུ་འབྲིང་མཚན་ཏོ་རེ། ༣ ཐ་ཅུང་གླུ་ཐང་གང་པོ་རྗེ། ལྕམ་གསུམ། སྲིང་མོ་ཀླུ་ལྕམ་དོན་ནེ་མ། ༥ དེ་འོག་ཀླུ་སྲིན་འགྲུམ་བྱེད་མ། ༦ མང་བར་གླུ་བདུད་མ།
༼དྲུག༽ གནོད་སྦྱིན་བྲག་རུམ་སྤྲུལ་པ་ནི། །བཙུན་མོ་ཀུ་མ་དེ་མར་བཤོས། །གནོད་སྦྱིན་མིང་སྲིང་བཅུ་དྲུག་བལྟམས། །
༼ རྗེའི་འགྲེལ ༽ མིང་པོ་བརྒྱད། ༡ ལེགས་ལྡན་ནག་པོ། ༢ ནག་པོ་ཆེན་པོ། ༣ སྤྱི་བདུད། ༤ རྗེ་བདུད། ༥ གནམ་བདུད། ༦ ས་བདུད། ༧ བཙན་བདུད། ༨ སྲོག་བདུད། སྲིང་མོ་བརྒྱད། ༡ ནག་མོ་ཆེན་མོ། ༢ ནག་མོ་མིག་དགུ་མ། ༣ སྨུག་ནག་བདུད་ལེན་མ། ༤ མུ་ཙ་མེད་སྲོག་ལ་རྔམ། ༥ གདུག་མོ་རལ་ནག་མ། ༦ དུག་མོ་ནག་མོ། ༧ མ་གོ་འཕྱང་མ། ༨ རབ་ཏུ་སྐམ།
༼ལྷ་འགྲེལ༽ མིང་པོ་བརྒྱད། ༡ ལེགས་ལྡན་ནག་པོ། ༢ ནག་པོ་ཆེན་པོ། ༣ སྤྱི་བདུད། ༤ རྗེ་བདུད། ༥ གནམ་བདུད། ༦ ས་བདུད། ༧ བཙན་བདུད། ༨ སྲོག་བདག་བདུད། སྲིང་མོ་བརྒྱད། ༡ ནག་མོ་ཆེན་མོ། ༢ ནག་མོ་མིག་དགུ་མ། ༣ སྨུག་ནག་བདུད་ལེན་མ། ༤ མུ་ཙ་མེ་སྲོག་ལ་རྔམ། ༥ གདུག་མོ་རལ་ནག་མ། ༦ དུག་མོ་ནག་མོ། ༧ འོག་འབྱམས་ལ། ༨ རབ་ཏུ་རྐམ།
༼སྒྲ་འགྲེལ༽ ཧ་ལ་གདོང་རྒྱ་དང་སྐར་མདའ་གདོང་ལས་སྩོགས་ཏེ། དྲལ་པོ་བརྒྱད་དང་། ཡག་ཤ་ཁ་དགུ་ལས་སྩོགས་ཏེ་ལྕམ་མོ་བརྒྱད་དེ་བཅུ་དྲུག
༼ཕྱར་བ་ཐང་ཆེན༽ ཧ་ལ་གདོང་བརྒྱད་ལས་སོགས་གནོད་སྦྱིན་དྲལ་བརྒྱད། ཡག་ཤ་ཁ་དགུ་ལས་སོགས་སྲིང་མོ་གནོད་སྦྱིན་ལྕམ་བརྒྱད།
༼བདུན༽ ཟ་བྱེད་སྲིན་རུམ་སྤྲུལ་པ་ནི། །ཆུ་ཟ་རླུང་གྱོན་མ་དང་བཤོས། །སྲིན་བུ་ལྔ་བརྒྱ་འབྱུང་བ་ཡིན། །
༼ རྗེའི་འགྲེལ ༽ སྲིན་སྐྱི་རང་འཕྲག་མིག་ལ་སོགས་པ། རྫུ་འཕྲུལ་ཆུང་བ་བརྒྱ། ནམ་མོ་ཡོར་ཁ་ལ་སོགས་པ་གསོད་པ་ལ་དགའ་བ་བརྒྱ། ཡ་ཤ་དེ་ཏ་ལ་སོགས། རང་བཞིན་གྱིས་གསོད་ལ་དགའ་བ་འདྲེ་དང་བྱུར་ལ་ཟ་བ་བརྒྱ། རག་ཤ་གཏུམ་པོ་ལ་སོགས་མི་ལ་ཟ་བ་བརྒྱ། མགྲིན་རིང་བོང་ཆེ་བ་ལ་སོགས་ཡི་དྭགས་ཕལ་དང་འགྲོགས་པ་བརྒྱ།
༼ལྷ་འགྲེལ༽ སྲིན་རྐྱ་རིང་ཕྲག་མིག་ལ་སོགས་པ། རྫུ་འཕྲུལ་ཆུང་བ་བརྒྱ། ནམ་མོ་ཡོར་ཁ་ལ་སོགས་པ། གསོད་ལ་དགའ་བ་བརྒྱ། ཡ་ཤ་སེ་ཏ་ལ་སོགས་པ། རང་བཞིན་གྱི་གསོད་ལ་དགའ་བ། འགྲོ་བ་དང་བྱུར་ལ་ཟ་བ་བརྒྱ། རགྴ་གཏུམ་པོ་ལ་སོགས་པ། མི་མ་ཟ་བ་བརྒྱ། འགྲེང་རིང་ལྡེ་བོ་ཆེ་ལ་སོགས་པ། ཡི་དྭགས་ཕལ་དང་འགྲོ་བ་བརྒྱ།
༼སྒྲ་འགྲེལ༽ བརྒྱ་ཕ་ཡི་སྟ་ལ་ཟ། བརྒྱ་མོའི་མངལ་ལ་ཟ། བརྒྱ་མར་མེར་ཤ་ལ་ཟ། བརྒྱ་ལྕབ་ལྕིབ་ཁྲག་ལ་འཐུང་། བརྒྱ་ཕང་ལོན་བུ་ཆུང་ཟ། ཐ་ཆུང་གསེར་ལ༼ལེ༽ཁུས་ཁོང་། འདིར་ཐ་ཆུང་བརྩིས་ན་ལྔ་བརྒྱ་དང་གཅིག་འདུག
༼ཕྱར་བ་ཐང་ཆེན༽ ཕོ་ཡི་སྟ་ལ་ཟ་བ་བརྒྱ། མོ་ཡི་མངལ་ལ་རྐུ་བ་བརྒྱ། མེར་མེར་ཤ་ལ་འཇིབ་པ་བརྒྱ། ལྗིབ་ལྗིབ་ཁྲག་ལ་འཐུང་བ་བརྒྱ། བང་ལོན་བུ་ཅུང་འཆའ་བ་བརྒྱ། ཐ་ཅུང་སེར་ལེ་ཁུས་ཁུང་། འདིར་ཐ་ཆུང་བརྩིས་ན་ལྔ་བརྒྱ་དང་གཅིག་འདུག
༼བརྒྱད༽ མཁའ་ལྡིང་དྲི་ཟའི་སྤྲུལ་པ་ནི། །ས་ནི་ངད་ཀྱི་བཙུན་མོར་བཤོས། །དྲི་ཟ་ཕོ་མོ་དྲུག་ཏུ་བྱུང་། །
༼ རྗེའི་འགྲེལ ༽ ཕོ་གསུམ། ༡ ནམ་བུ་དོན། ༢ ཟུར་ཕུད་ཅན། ༣ ལོག་པར་སྣང་། མོ་གསུམ། ༡ དྲི་ཟ་མོ་ཁྱབ་མ། ༢ དྲི་ཟ་མོ་སྣོམ་བྱེད་མ། ༣ དྲི་ཟ་མོ་ལེགས་སྦྱོར་མ།
༼ལྷ་འགྲེལ༽ ཕོ་གསུམ། ༡ ནམ་བུ་དུན་དང་། ༢ ཟུར་ཕུད་ཅན། ༣ ལོག་པར་སྣང་། མོ་གསུམ། ༡ དྲི་ཟ་མོ་ཁྱབ་མ། ༢ དྲི་ཟ་མོ་སྣོམ་བྱེད་མ། ༣ དྲི་ཟ་མོ་ལེགས་སྦྱོར་མ།
༼སྒྲ་འགྲེལ༽ རྩིབས་ཀྱི་འཕྲེད་ལ་འཕྱོ་ཞིང་དྲི་ཟ་བ་ཕོ་མོ་གཉིས། དྲི་ལ་ཉེ་བར་འཁོར་གྱིན་དྲི་ཟ་བ་ཕོ་མོ་གཉིས། མཁའ་ལྡིང་ཞིང་དྲི་ཟ་བ་ཕོ་མོ་གཉིས།
༼ཕྱར་བ་ཐང་ཆེན༽ མཁའ་ལ་ལྡིང་བའི་དྲི་ཟ་གཉིས། །ཕྲེད་ལ་འཕྱོ་བའི་དྲི་ཟ་གཉིས། །ཉེ་བར་འཁོར་བའི་དྲི་ཟ་གཉིས། །
༼དགུ༽ ལྟོ་འཕྱེ་སྲི་རུམ་སྤྲུལ་པ་ནི། །ས་ཡི་ནམ་བུ་ཐུང་དང་བཤོས། །བུ་དགུ་ལྕམ་བཞི་བཅུ་གསུམ་བྱུང་། །
༼ རྗེའི་འགྲེལ ༽ སྲི་དགུ། ༡ ཕོ་སྲི། ༢ མོ་སྲི། ༣ ཆུང་སྲི། ༤ གོད་སྲི། ༥ དགྲ་སྲི། ༦ དུར་སྲི། ༧ བྱུར་སྲི། ༨ ཕུང་སྲི། ༩ སྒོ་སྲི། ལྕམ་བཞི། ༡ ལྕམ་མ་འབྲང་དཀའ། ༢ ལྕམ་སྣ་འདྲེན། ༣ ལྕམ་ཞལ་འབྱེད། ༤ ལྕམ་རྒྱལ་བུ་ཕུང་བྱེད།
༼ལྷ་འགྲེལ༽ སྲི་དགུ། ༡ ཕོ་སྲི། ༢ མོ་སྲི། ༣ ཆུང་སྲི། ༤ གོད་སྲི། ༥ དགྲ་སྲི། ༦ དུར་སྲི། ༧ བྱུར་སྲི། ༨ ཕུང་སྲི། ༩ སྒོ་སྲི། ལྕམ་བཞི། ༡ གཅན་མ་འབྲང་དཀའ། ༢ གཅེན་སྣ་འདྲེ། ༣ གཅེན་ཞལ་འབྱེད། ༤ གཅེན་རྒྱལ་ཆུང་བྱེད།
༼སྒྲ་འགྲེལ༽ བུ་དགུ། ༡ སྟག་གུ། ༢ གཟིག་གུ། ༣ དོམ་བུ། ༤ དྲེད་བུ། ༥འཕར་བུ། ༦ སྤྱང་བུ། ༧ དབྱི་བུ། ༨ གསའ་བུ། ༩ ཝ་མོ་ཚེའུ་སེར། གཅན་བཞི། ༡ བྱ་གཅན་ཁྲ། ༢ བྱི་གཅན་ཟེ། ༣ ཉ་གཅན་སྲམ། ༤ ཀླུ་གཅན་ཁྱུང་།
༼ཕྱར་བ་ཐང་ཆེན༽ བུ་དགུ། ༡ སྟག་བུ། ༢ གཟིག་བུ། ༣ དོམ་བུ། ༤ དྲེད་བུ། ༥འཕར་བུ། ༦ སྤྱང་བུ། ༧ དབྱི་བུ། ༨ གསའ་བུ། ༩ ཝ་བུ་ཚེ་པེར། གཅན་བཞི། ༡ བྱ་གཅན་ཁྲ། ༢ བྱི་གཅན་ཟེར། ༣ ཉ་གཅན་སྲམ། ༤ ཀླུ་གཅན་ཁྱུང་།
༼བཅུ༽ནག་མོ་མིག་དགུའི་སྤྲུལ་པ་ནི། །ལྟས་ངན་རྒྱལ་པོ་གྲ་བཟང་བཤོས། །ལྟས་ངན་མིང་སྲིང་དགུ་རུ་བྱུང་། །
༼ རྗེའི་འགྲེལ ༽ མིང་པོ་ལྔ། ༡ མི་སྲིད་སྲིད་པའི་ལྟས་ངན། ༢ སྲིད་པ་ལོག་པའི་ལྟས་ངན། ༣ ཐན་སྐྱེལ་བའི་ལྟས་ངན། ༤ དྲག་པོ་རྦོད་གཏོང་གི་ལྟས་ངན། ༥ འབྱུང་བ་གཡོས་པའི་ལྟས་ངན། སྲིང་མོ་བཞི། ༡ ངོ་ཚ་ཁྲེལ་ཤོར་གྱི་ལྟས་ངན། ༢ ཕུང་བ་སྣ་འདྲེན་གྱི་ལྟས་ངན། ༣ ཆུད་ཀྱི་ཐན་ངན་གྱི་ལྟས་ངན། ༤ མ་ཡམས་སྣ་འདྲེན་གྱི་ལྟས་ངན།
༼ལྷ་འགྲེལ༽ མིང་པོ་ལྔ། ༡ མིང༼མི༽སྲིད་སྲིད་པའི་ལྟས་ངན། ༢ སྲིད་པ་ལོག་པའི་ལྟས་ངན། ༣ ཐན་ངན་སྐྱོལ་བའི་ལྟས་ངན། ༤ དྲག་པོའི་རྦོད་གཏོང་གི་ལྟས་ངན། ༥ འབྱུང་བ་གཡོས་པའི་ལྟས་ངན། སྲིང་མོ་བཞི། ༡ ངོ་ཚ་ཁྲེལ་ཤོར་གྱི་ལྟས་ངན། ༢ ཕུང་ས་སྣ་འདྲེན་གྱི་ལྟས་ངན། ༣ ཆུད་ཀྱི་ཐན་ངན་གྱི་ལྟས་ངན། ༤ མ་ཡམས་སྣ་འདྲེན་གྱི་ལྟས་ངན།
༼སྒྲ་འགྲེལ༽ བླའི་གཅེན་གསུམ། ༡ གྲ་ཤེ་ལྕགས་རྒྱལ་བ། ༢ ལྟས་གྲམ་པ་རུ་རིང་། ༣ ཐན་ཤོར་བ་ལྷག་ནག བར་གྱི་ཚིགས་གསུམ། ༡ ལྟས་ངན་རིས་མ་འགྲངས། ༢ གདུག་པ་མཚོས་མ་ངོམས། ༣ སྤྲིན་གོས་ལུས་མ་འདུས། འོག་གི་གཅུང་གསུམ། ༡ སད་མཁན་མིག་དམར། ༢ བཙའ་མཁན་འོག་དམར། ༣ མུག་མཁན་སྣ་དམར།
༼ཕྱར་བ་ཐང་ཆེན༽ བླའི་གཅེན་གསུམ། ༡ གྲ་ཤེལ་ལྕགས་རྒྱལ་བ། ༢ ལྟས་ངན་འགྲམ་པ་རུ་རིང་། ༣ ཐན་ཤར་བོ་ལྟག་ནག བར་གྱི་ཚིག་གསུམ། ༡ ལྟས་ངན་རི་ཟོས་མ་འདྲངས། ༢ གདུགས་བྱེད་མཚོའ་འཐུང་མ་ངམས། ༣ སྤྲིན་གྱོན་ལུས་ཕྱེད་མ་གཡོག འོག་གི་གཅུང་གསུམ། ༡ པད་བྱེད་པད་མཁན་མིག་མར། ༢ བཙའ་བྱེད་བཙའ་མཁན་མགོ་དམར། ༣ མུ་གེ་མུག་མཁན་སྣ་དམར།
༼བཅུ་གཅིག༽ ཆུད་ཀྱི་རྒྱལ་མོའི་སྤྲུལ་པ་ནི། །ས་བླ་མགོན་བུར་བཤོས་པ་ཡིན། །ལྷ་བདུད་མིང་སྲིང་ལྔ་རུ་བྱུང་། །
༼ རྗེའི་འགྲེལ ༽ ༡ ཕོ་ལྷའི་བདུད་དཀར་ཏི་ཡམ་པ། ༢ དགྲ་བླའི་བདུད་གདོང་དམར་སྲིད་བདུད། ༣ སྲོག་ལྷའི་བདུད་གྱུར་བུ་བདུད་ལེན། ༤ ཡུལ་ལྷའི་བདུད་ཕུང་གདོན་མགོ་སྐྱ། ༥ མ་ལྷའི་བདུད་མོ་རེ་འབྱམས་པོ་རྐུན་མ།
༼ལྷ་འགྲེལ༽༡ ཕོ་ལྷའི་བདུད་དཀར་སྟེ་ཡམས་པ། ༢ དགྲ་བླའི་བདུད་ལྟོང་དམར་སྲིད་བདུད། ༣ སྲོག་ལྷའི་བདུད་གྱུར་བུ་བདུད་ལེན། ༤ ཡུལ་བདུད་ཕུ་གདོན་མགོ་སྐྱ། ༥ མ་ལྷའི་བདུད་མོ་རེ་འབྱམས་བུ་རྐུན་མ།
༼སྒྲ་འགྲེལ༽ ༡ ཕོ་ལྟར༼ལྷར༽རྫུས་ནས་ཕོ་སྲིར་བྱེད། ༢ གྲ་ལྷར་རྫུས་ནས་གྲ༼སྲི༽བྱེད། ༣ མ་ལྷར་རྫུས་ནས་མོ་སྲི་བྱེད། ༤ ཞང་ལྷར་རྫུས་ནས་ཆུང་སྲིར་བྱེད། ༥ པལ་པོ་རྫུས་ནས་བྱུར་དུ་འབེབས་སོ། །
༼ཕྱར་བ་ཐང་ཆེན༽༡ ཕོ་ལྷར་བརྫུས་པའི་ཕོ་སྲི། ༢ མ་ལྷར་བརྫུས་པའི་མོ་སྲི། ༣ དགྲ་ལྷར་བརྫུས་པའི་དགྲ་སྲི། ༤ ཞང་ལྷར་བརྫུས་པའི་ཆུང་སྲི། ༥ ཕེའུ་པར་བརྫུས་པའི་བྱུར་སྲི།
༼བཅུ་གཉིས༽ མ་གདོན་རྒྱལ་མོའི་སྤྲུལ་པ་ནི། །རྫུས་པའི་བྲག་སྲིན་དམར་དང་བཤོས། །ཡུལ་གདོན་མིང་སྲིང་དགུ་རུ་བྱུང་། །
༼ རྗེའི་འགྲེལ ༽ ༡ ཡུལ་གདོན་ནག་མོ། ༢ ཡུལ་འདྲེ་ཕུང་འགོང་། ༣ ཡུལ་བདག་བདུད་ལེན། ༤ ཡུལ་གདོན་ཕུད་ལེན། ༥ ཡུལ་གདོན་སྣ་དམར། ༦ ཡུལ་འདྲེ་མོ་སྣ་ལེན་མ། ༧ ཡུལ་འདྲེ་མོ་ཀུན་ཏུ་རྒྱུག ༨ ཡུལ་འདྲེ་མོ་འགབ་གཅོད། ༩ ཡུལ་འདྲེ་མོ་ཀུན་ཏུ་སྟོངས་བྱེད་མ།
༼ལྷ་འགྲེལ༽ ༡ ཡུལ་གདོན་ནག་པོ། ༢ ཡུལ་འདྲེ་ཕུང་འགོང་། ༣ ཡུལ་བདག་བདུད་ལེན། ༤ ཡུལ་གདོན་ཕུང་ལེན། ༥ ཡུལ་གདོན་སྣ་དམར། ༦ ཡུལ་འདྲེ་མོ་སྣ་ལེན་མ། ༧ ཡུལ་འདྲེ་མོ་ཀུན་ཏུ་རྒྱུག ༨ ཡུལ་འདྲེ་མོ་བགབ་༼སྒབ༽གཅོད་མ། ༩ ཡུལ་འདྲེ་མོ་ཀུན་དང་ལྡང་།
༼སྒྲ་འགྲེལ༽ གོང་གི་གཅེན་གསུམ། ༡ ཕུའི་རྩང་སྲི་རྨོག་པ། ༢ ཉིན་གྱི་གདགས་སྲི་མིག་གཅིག ༣ ཁྱེན་གྱི་སྤར་སྲི་དེ་བོ། བར་གྱི་ཚིགས་གསུམ། ༡ ནགས་ཀྱི་ཉང་སྲི་མིག་གཅིག ༢ སྐྱིབས་ཀྱི་སྐྱིབས་སྲི་ཕྱབ་མ། ༣ ཐང་གི་ཐང་སྲི་ཆ་གར། འོག་གི་སྲིང་གསུམ། ༡ མདོའི་མདོ་སྲི་མ་མོ། ༢ རྐོང་གི་པག་མོ་དུར་སྣ། ༣ ལམ་སྲི་ཁྲོར་དང་མ་རྒུ།
༼ཕྱར་བ་ཐང་ཆེན༽ གོང་གི་གཅེན་གསུམ། ༡ ཕུའི་རྩར་སྲི་རྨང་པོ། ༢ ཉིན་གྱི་གདགས་སྲི་མི་གཅིག ༣ སྲིབ་ཀྱི་ཡར་སྲི་དེ་བ། འབྲིང་གསུམ། ༡ ནགས་ཀྱི་མྱིང་སྲི་མིག་གཅིག ༢ སྐྱིབས་ཀྱི་སྐྱིབས་སྲི་ཕྱ་མ། ༣ ཐང་གི་ཐང་སྲི་ཆ་གར། འོག་གི་ཅུང་གསུམ། ༡ མདའ་ཡི་མདའ་སྲི་མ་མོ། ༢ རྒང་གི་ཕག་མོ་དུར་སྣ། ༣ ལམ་གྱི་ལམ་སྲི་འཁོར་མོ།
༼བཅུ་གསུམ༽ ཁོད་དེ་རིང་མོའི་སྤྲུལ་པ་ནི། །མང་གེ་བདུད་དང་བཤོས་པ་ལ། །ཀླུ་བདུད་མིང་སྲིང་ལྔ་རུ་བྱུང་། །
༼ རྗེའི་འགྲེལ ༽ ༡ ཀླུ་བདུད་ནག་པོ། ༢ ས་ལ་རྡོལ་མགོ ༣ ཕག་ལུས་དོམ་མགོ ༤ མང་ཝེར་ཤོལ་ལྕགས། ༥ ཆུ་བདག་ནག་མོ།
༼ལྷ་འགྲེལ༽ འདིའི་སྐོར་མི་འདུག་པས་ཆད་པ་ཡིན་ནམ་སྙམ།
༼སྒྲ་འགྲེལ༽ ༡ ཀླུ་བདུད་ནག་པོ། ༢ བ་གླང་རྟོལ་མགོ ༣ ཕག་ལུས་དོམ་མགོ ༤ མ་ཐེར་ཤེལ་ལྕགས། ༥ ཆུ་བདག་ནག་མོ།
༼ཕྱར་བ་ཐང་ཆེན༽༡ གཅེན་ཀླུ་བདུད་ནག་པོ། ༢ དེ་འོག་ས་ལ་རྡོལ་མགོ ༣ དེ་འོག་མི་ལུས་དོམ་མགོ ༤ དེ་འོག་མ་བེར་ཤེལ་ལྕམ། ༥ ཐ་ཅུང་ཆུ་བདག་ནག་པོ།
༼བཅུ་བཞི༽ ས་གཞི་གཙུག་འབེབ་སྤྲུལ་པ་ནི། །ས་བདག་བདུད་སྲིན་གཉན་དང་བཤོས། །ས་བདག་མིང་སྲིང་དགུ་རུ་བྱུང་། །
༼ རྗེའི་འགྲེལ ༽ ༡ ས་བདག་ཙང་ཙང་འཁོར་བ། ༢ གསང་བ་ལག་ཆེན། ༣ ས་བདག་ཀུན་ཏུ་གང་བ། ༤ ས་བདག་ལྟོ་འཕྱེ་ཆེན་པོ། ༥ ཕག་ཆེན། ༦ ནག་པོ་ཆེན་མོ། ༧ ས་བདག་སྤྲུལ་པའི་མགོ ༨ སའི་ལྷ་མོ་བརྟན་མ། ༩ སའི་བྱི་ལིང་འཕར་མ།
༼ལྷ་འགྲེལ༽ ༡ ས་བདག་ཙང་ཙང་འཁོར་བ། ༢ གསང་བ་ལག་པོ་ཆེ། ༣ ས་བདག་ཀུན་གང་། ༤ ས་བདག་ལྟོ་ཕྱེ་ཆེན་པོ། ༥ ཕག་ཆེན་པོ། ༦ ནག་པོ་ཆེན་པོ། ༧ ས་བདག་སྤྲུལ་པའི་མགོ ༨ སའི་ལྷ་མོ་རྟེན་མ། ༩ ས་བྱི་ལམ་འཕར་མ།
༼སྒྲ་འགྲེལ༽ མིང་པོ་ལྔ་ནི་ས་ཚོན་སྣ་ལྔའི་བདག་པོ་ཡིན། སྲིང་མོ་བཞི་ནི་མཚམས་ཁམས་བཞི་ཡི་བདག་མོ་བྱེད། ཅེས་གསལ།
༼ཕྱར་བ་ཐང་ཆེན༽ མིང་པོ་ས་བདག་གཉན་རིགས་ལྔ། །སྲིང་མོ་ས་ཡི་བཅུད་འཛིན་གཉིས། །ཞེས་པའི་གཉིས་ཟེར་བ་བཞི་ཡིན་ནམ་སྙམ།
༼བཅོ་ལྔ༽ ས་སྲིན་ནག་མོའི་སྤྲུལ་པ་ནི། །གནམ་གྱི་མཐོན་ཁ་རྒྱལ་བར་བཤོས། །ལྕམ་དྲལ་ལྔ་རུ་བལྟམས་པ་ཡིན། །
༼ རྗེའི་འགྲེལ ༽ ༡ ས་སྲིན་གདུག་པ། ༢ ས་སྲིན་ཁྲ་མོ། ༣ ས་སྲིན་མོ་ཀ་ཀུ་མ། ༤ དགེ་བསྙེན་མ་ཚུལ་ཤར་མ། ༥ ས་སྲིན་བུ་མོ།
༼ལྷ་འགྲེལ༽ ༡ ས་སྲིན་གདུག་པ། ༢ ས་སྲིན་མོ་ཁྲ་མོ། ༣ ས་སྲིན་མོ་ག་ཀུམ། ༤ དགེ་བསྙེན་མ་ཚུར་ཤར་མ། ༥ བུ་མོ།
༼སྒྲ་འགྲེལ༽ ༡ ཆུད། ༢ རྒྱལ་བྱེད། ༣ བྲག་སྲིན། ༤ བསེན་མོ། ༥ ཕུག་བདག
༼ཕྱར་བ་ཐང་ཆེན༽༡ ཆུ། ༢ རྒྱལ་བྱིན། ༣ བྲག་སྲིན། ༤ བསེན་མོ། ༥ ཕག་བདག
༼བཅུ་དྲུག༽ འཇིགས་བྱེད་རླུང་མགོའི་སྤྲུལ་པ་ནི། །རྒྱལ་བྱིན་ས་ལ་ནག་པོར་བཤོས། །ཐེ་རང་སྤུན་དགུ་བྱུང་བ་ཡི། །
༼ རྗེའི་འགྲེལ ༽ ༡ གནམ་ཐེའུ། ༢ བར་ཐེའུ། ༣ ས་ཐེའུ། ༤ སྡུག་འགོང་། ༥ ཕུང་འགོང་། ༦ ལྟོགས་འགོང་། ༧ བཙན་འགོང་། ༨ བྱུར་འགོང་། ༩ རྒྱལ་འགོང་།
༼ལྷ་འགྲེལ༽ ༡ གནམ་ཐེའུ། ༢ ས་ཐེའུ། ༣ བར་ཐེའུ། ༤ ཤུགས་འགོང་། ༥ ཕོང་འགོང་། ༦ ལྟོག་འགོང་། ༧ བཙན་འགོང་། ༨ བྱུར་འགོང་། ༩ རྒྱལ་འགོང་།
༼སྒྲ་འགྲེལ༽ གནམ་ཐེའུ་དཀར་པོ་གསུམ། བར་ཐེའུ་ཁྲའོ་གསུམ། ས་ཐེའུ་ནག་པོ་གསུམ།
༼ཕྱར་བ་ཐང་ཆེན༽ གཅེན་པོ་གནམ་ཐེའུ་དཀར་པོ་གསུམ། འབྲིང་གི་བར་ཐེའུ་ཁྲ་མོ་གསུམ། ཐ་ཆུང་ས་ཐེའུ་ནག་པོ་གསུམ།
༼བཅུ་བདུན༽ སྲི་ཟ་མོང་གི་སྤྲུལ་པ་ནི། །སྒྱུ་མ་སྟོང་ཤོང་གུ་གུལ་བཤོས། །བྱུར་དང་མི་ཁ་མིང་སྲིང་ལྔའོ། །
༼ རྗེའི་འགྲེལ ༽ ༡ བྱུར་བདག་བདག་པོ། ༢ བྱུར་བདག་བཙུན་མོ། ༣ བྱུར་ནག་པོ། ༤ མི་ཁ་ཕུང་བྱེད། ༥ ཟ་མ་མཆུ་རྣོ་མ།
༼ལྷ་འགྲེལ༽ ༡ བྱུར་བདག་བདག་པོ། ༢ བྱུར་བདག་བཙུན་མོ། ༣ བྱུར་བདག་ནག་པོ། ༤ མི་ཁ་ཕུང་བྱེད། ༥ ཟ་མ་མཆུ་རྣོན་མོ།
༼སྒྲ་འགྲེལ༽ ༡ བྱུར་ཁུར་རུ། ༢ བྱུར་ཤ་ཅིངས། ༣ བྱུར་སྟེ་ལེན། ༤ མིང་པོ་ཁ་ཟེ་མ་མཆུ། ༥ སྲིང་མོ་རྩེད་དམར་བྱ་མཆུ་མ།
༼ཕྱར་བ་ཐང་ཆེན༽༡ བྱུར་འདྲེ་ཁྱུ་རུ། ༢ བྱུར་འདྲེ་ཤ་ཆེངས། ༣ བྱུར་འདྲེ་སྟེ་ལེན། ༤ མིང་པོ་མུ་ཁ་གཟེ་མ་མཆུ། ༥ སྲེང་མོ་རྩེད་མར་བྱ་མཆུ་མ།
ས་བཅད་གསུམ་པ། དེ་ལ་ཅུང་ཟད་དཔྱད་དེ་མདོ་བསྡུ་བ།
དེ་ལ་སྤྱིར་མཛོད་ནས་བསྟན་པའི་ཡོད་དང་མེད་པའི་ཁམས་གཉིས་ཀྱི་བྱུང་རིམ་དང་། དེ་དག་གི་དགོངས་གཞི་དགོས་པ་སོགས་ལ་དཔྱད་པའི་ཕུགས་རིང་ཞིང་ནང་དོན་རྙོག་འཛིང་ཆེ་སྟབས་འདིར་བརྗོད་ཀྱིས་མི་ལོང་མོད། གོང་གསལ་ཡིག་ཆ་སོ་སོའི་བསྟན་དོན་ལ་ཅུང་ཟད་དཔྱད་ན་བཞེད་ཕྱོགས་མི་འདྲ་བ་ཁག་ཆེ་བ་གཉིས་ཡོད་པ་ནི་སྒྲ་འགྲེལ་དང་འདུར་རྒྱུད་ཕྱར་བ་ཐང་ཆེན་གཉིས་མཐུན་པ་དང་། ལྷ་འགྲེལ་དང་རྗེ་ཡི་མཛོད་འགྲེལ་གཉིས་མཐུན་པ་དེ་རེད། མ་གཞི་རྗེ་རིན་པོ་ཆེས་ལྷ་འགྲེལ་དང་སྒྲ་འགྲེལ་གཉིས་ཀ་དཔྱད་གཞིར་བཟུང་གནང་བ་ལས་ལྷ་འགྲེལ་དུ་མ་གསལ་བ་འགའ་ཞིག་སྒྲ་འགྲེལ་ལས་དྲངས་པ་ལས་གཞན་ལྷ་འགྲེལ་དང་བསྟུན་པ་གོང་དུ་བཀོད་པ་དག་གིས་ཤེས་ཐུབ། ལྷ་འགྲེལ་དང་སྒྲ་འགྲེལ་གཉིས་སུ་གཞི་རྩའི་མཛོད་ཕུགས་ནས་དངོས་སུ་བསྟན་པའི་རབས་འགའ་ཞིག་མཚུངས་འདུག་པ་ལས། ཕལ་ཆེ་བ་མིང་མི་འདྲ་བ་ཤ་སྟག་བྱུང་བ་འདི་ལ་དཔྱད་ན་འགྲེལ་དེ་གཉིས་རྩོམ་པ་པོ་སོ་སོས་ཕན་ཚུན་གཅིག་གི་ཡིག་ཆར་གཅིག་གིས་དཔྱད་གཞིར་མ་བཟུང་བའམ་ཤུགས་རྐྱེན་མ་ཐེབས་པའི་ཐོག་ནས་འགྲེལ་བ་ཞིག་ཡིན་པའི་བཟོ་རུ་གྲུབ། འདུར་རྒྱུད་ཕྱར་བ་ཐང་ཆེན་དུ་གསལ་བ་ནི་ཕལ་ཆེ་བ་སྒྲ་འགྲེལ་དང་མཐུན་པ་གོང་བཤད་ལྟར་ཡིན་རུང་། དེ་ལ་ལྷ་འགྲེལ་གྱི་ཤུགས་རྐྱེན་མེད་པ་ཡང་མིན་ཏེ། སྒྲ་འགྲེལ་དུ་མ་གསལ་བའམ་གསལ་ཡང་རབས་འགའ་ཞིག་རྒྱུ་མཚན་གང་ཡིན་མ་ཤེས་རུང་ལྷ་འགྲེལ་དང་བསྟུན་ཡོད་པ་གོང་དུ་བཀོད་པས་ཤེས་ཐུབ་པ་ཡིན། དེ་ཡང་སྒྲ་འགྲེལ་གྱི་ཤུགས་རྐྱེན་འདུར་རྒྱུད་ལ་ཐེབས་ཡོད་པའི་རྩིས་ཀྱིས་དེ་ལྟར་བཤད་པ་ཡིན། ཕངས་པ་ཞིག་ལ་ཕྱར་བ་ཐང་ཆེན་གྱི་བར་བར་དུ་མ་དཔེ་སྡེབ་མ་མང་པོ་ཞིག་ཆད་ཡོད་པ་ལྟར་སྲིད་པའི་རབས་བཤད་སྐབས་འདིར་ཡང་དེ་འདྲའི་ཚོ་གཅིག་ཆད་འདུག་སྟབས་འདིར་ཡང་འགོད་ཐབས་མ་བྱུང་བས་སླད་མར་དེའི་མ་དཔེ་གཞན་འདྲ་ཡོད་མེད་བསྩལ་རྒྱུ་གལ་ཆེན་ཞིག་ཏུ་གྱུར། འདི་ལྟར་གྱི་དཔེ་ཁུངས་མི་འདྲ་བ་འགའ་ཞིག་ཕྱོགས་གཅིག་ཏུ་བསྡེབས་པ་ཙམ་ལས་མཐའ་ཆོད་པའི་དཔྱད་བརྗོད་གལ་ཆེ་མ་ཐོན་སྟབས་རིག་པའི་སྤྱན་ལྡན་དག་ལའང་ཕན་ཐོགས་ཆེ་བ་གང་ཡང་མི་འབྱུང་བ་ཤེས་མོད་ཀྱང་། རང་དང་རང་ལྟ་བུ་རིག་གཞུང་ཞིབ་འཇུག་ལ་བློ་ཁ་དང་པོ་ཕྱོགས་པ་རྣམས་ལ་ཁ་འཐོར་དུ་གནས་པའི་འབྲེལ་ཡོད་ཀྱི་ཡིག་ཆ་ཁག་ཕྱོགས་གཅིག་ཏུ་བཀོད་པ་ཡིན་ན་མ་མཐའ་ཡང་གྲངས་འདྲེན་ཚང་མིན་ཁག་ཕན་ཚུན་དཔྱད་གཞིར་རུང་བ་དང་། བརྡ་དག་སྐོར་ལ་ཡང་གང་ཞིག་ནོར་བ་ཡིན་མིན། གཞི་རྩའི་མཁས་པ་སོ་སོའི་བཞེད་ཕྱོགས་མཐུན་པ་དང་མི་མཐུན་པ་གང་བྱུང་ཡོད་མེད་སྐོར་གྱི་ཐོག་མའི་གོ་རྟོགས་སད་པའི་ཐབས་ལམ་ཞིག་ཏུ་འགྱུར་བའི་རེ་བས་བསྐུལ་ཏེ་བྱས་པ་ཡིན། ཇི་ལྟར་བཀོད་པ་རྣམས་ཀྱང་ཚིག་སྣ་རེ་ཟུང་སྣོན་འཕྲི་ཙམ་ལས་གནད་ཡོད་ཀྱི་མིང་ཚིག་གང་ཞིག་ལའང་བཅོས་བསླད་ཟུར་ཙམ་ཡང་མ་བྱས་པར་མ་དཔེ་ཇི་བཞིན་བཀོད་ཡོད་མོད་ད་རུང་རང་གཅིག་པུས་གློག་ཀླད་དུ་བཅུག་པས་མིག་བར་ནས་ཤོར་བ་སོགས་སྲིད་པས་ད་དུང་འབྲེལ་ཡོད་མཁྱེན་ལྡན་དག་གིས་ཞིབ་དཔྱད་ཀྱིས་ཡོ་བསྲང་གང་ལེགས་གནང་བར་ཞུ།
ཁུངས་བཅོལ་སའི་ཡིག་ཆ།
1 སངས་རྒྱས་གཤེན་རབ་མི་བོ་ཆེ། «སྲིད་པའི་མཛོད་ཕུགས་ཀྱི་གཞུང»གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། དེབ་དང་པོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥
2 ལྷ་སྲས་ཡོངས་དག «མཛོད་ལྷ་འགྲེལ།» སངས་རྒྱས་གཡུང་དྲུང་བོན་གྱི་དཔེ་ཚོགས། དེབ་བཅུ་དྲུག་དང་བཅུ་བདུན་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣
3 དྲན་པ་ནམ་མཁའ། «བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག» ལྔ་རིག་བོན་གྱི་སྙིང་གཏེར། དེབ་གཉིས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤
4 མཉམ་མེད་ཤེས་རབ་རྒྱལ་མཚན། «སྲིད་པའི་མཛོད་ཕུགས་ཀྱི་ཚིག་དོན་གསལ་བར་བྱེད་པའི་འགྲེལ་བ་འཕྲུལ་གྱི་སྒྲོན་མེ།» གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། དེབ་བཅུ་གཉིས་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༡༠
5 «འདུར་རྒྱུད་ཕྱར་བ་ཐང་ཆེན» གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། དེབ་བརྒྱ་དང་ཞེ་བརྒྱད་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥