སོག་ལྕགས་ཟམ་གཡུང་དྲུང་གླིང་དགོན་སྐོར་གླེང་བ།

[ཟླ་ཚེས། 2024-04-04 15:34:02][རྩོམ་པ་པོ། སྒོ་སྤེ་བོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དབང་ལྡན་ཞུ་ཡི་གདན་ས་བར་མ་རུ་གྲགས་པའི་སོག་ལྕགས་ཟམ་གཡུང་དྲུང་གླིང་དགོན་སོག་པོའི་དམག་གིས་ཐེངས་གཉིས་ཙམ་གཏོར་བའི་སྐོར་ཅུང་ཙམ་གླེང་བ།
སྒོ་སྤེ་བོན།
      དབང་ལྡན་ཞི་ཡི་གདན་ས་བར་མ་རུ་གྲགས་པའི་ལྕགས་ཟམ་གཡུང་དྲུང་གླིང་དགོན་དེ་ཉིད་ཐོག་མར་བླ་དཔོན་དམ་པ་སུ་ཞིག་གིས་དུས་རབས་གང་ཞིག་གི་ནང་ཕྱག་བཏབ་ཡོད་མེད་ཞིབ་གསལ་ཞུ་མི་ཤེས་ཀྱང་<<ནག་ཆུའི་ལོ་རྒྱུས་རིག་དེབ་ནང་>>ལས། “ཁྱུང་ནག་ཀླུ་རྒྱལ་”ཟེར་བ་ཞིག་གིས། “སོག་གཡུང་དྲུང་གླིང་དགོན་ཕྱག་བཏབ་”ཅེས་གསལ་བ་ལས་ཞིབ་ཕྲའི་ཁྱུང་ནག་ཀླུ་རྒྱལ་ཞེས་པའི་ལོ་རྒྱུས་ཁ་གསལ་ཅན་ཞིག་ད་ང་བར་དུ་མ་མཐོང་ཡང་<<ཁྱུང་རབས་ལོ་རྒྱུས་གསེར་གྱི་མེ་ལོང་>>ནང་དུ་དུས་རབས་བདུན་པའི་ནང་སྐོར་ཙམ་ལ་བྱུང་བའི་“ཁྱུང་པོ་གྱེར་ཆེན་ཟླ་མེད་”དང་“ར་སངས་ཁྲེ་ནེ་ཁོད་”གཉིས་ཀྱི་སྲས་རྒྱུད་“ཚེ་དཔུང་ཟླ་བ་རྒྱལ་མཚན་”མདུས་ནས་རྫོག་ཆེན་སྙན་རྒྱུད་ཞུས་པའི་ཁྱུང་པོ་ར་སངས་“ཀླུ་རྒྱལ་”ཞེས་པ་ཞིག་གསལ་འདུག་པས་དེ་ཉིད་ཡིན་མིན་དཔྱད་གཞི་ཙམ་བཏོན་བ་ལས་མཐའ་གཅིག་ཏུ་མ་ངེས། མདོར་ན་<<ནག་ཆུའི་ལོ་རྒྱུས་རིག་དེབ་>>བཞེད་དགོངས་ལྟར་བཀོད་ན། ཁྱུང་པོའི་གདུང་ལས་འཁྲུངས་པའི་ཀླུ་རྒྱལ་དེ་ཉིད་“སྲས་མུ་ལ་ཏི་རོ། དེའི་སྲས་ཁོད་རྩལ་ཧུར་མིན། དེའི་སྲས་ཟླ་རི་ཨ་ཀག། དེའི་སྲས་གུ་ར་ཏ་ཀྲ། དེའི་སྲས་ལྷུན་འགྲུབ་འཕྲིན་ལས། (ལྷུན་འགྲུབ་འཕྲིན་ལས་ཀྱིས་གཟུ་བོན་དགོན་ཞེས་པ་ཕྱག་བཏབ་ཅེས། ) དེའི་སྲས་མུ་རི་ཧ་ར། དེའི་སྲས་ཁྱུང་དཔོན་དགེ་དང་དཔོན་དབུས་གཉིས་”ཟེར་བ་དང་། ཡང་ཁྱུང་རབས་གཞན་སོགས་ལས་ཁྱུང་པོ་སྟོང་ཐར་གྱི་སྲས་ལ་དཔོན་དགེ་དཔོན་དབུས་ཟེར་བ་བཞེད་ཚུལ་གཉིས་ཡོད། གོང་གསལ་ཁྱུང་པོའི་བླ་རབས་རྣམས་ཀྱིས་རིམ་བཞིན་གདན་ས་བསྐྱངས་བའི། དགོན་དེ་ཉིད་དུས་རབས་བཅུ་གཉིས་པའི་ནང་དར་རྒྱས་ཆེ་བའི་སྐབས་གྲྭ་ཚང་གླིང་བཞི་དང་། འདུས་གྲྭ་སྟོང་ཕྲག་གཉིས་ལྷག་ཙམ་ཡོད་ལུག་དང་ཚོགས་གདུང་ཡང་གླིང་བཞིར་གཏོང་དགོས་པར་གྲགས་ཀྱང་དུས་རབས་འགྱུར་ལྡོག་གི་ཁྲོད་དུ་དགོན་འདི་རེ་ཞིག་དར་བ་དང་རེ་ཞིག་རྒུད་པ་སོགས་ཅི་རིགས་ཤིག་བྱུང་ཡོད། དེ་ཡང་དར་རྒུན་བྱུང་རྐྱེན་སོག་དམག་གིས་བརླག་པར་བྱུང་རབས་གཤོད་སྲོལ་དེར་སོག་དམག་བོད་ལ་གནོད་འཚེ་ཚབས་ཆེན་ཐེངས་གསུམ་བྱུང་མྱོང་ནའང་དགོན་འདིར་རྩ་བརླག་གཏོང་མཁན་སོག་དམག་སུ་ཡིན་མིན་སོགས་ལ་དགོངས་བཞེད་མི་མཐུན་པ་འགའ་ཞིག་ཡོད་པ་སྟེ། ལ་ལས་སོག་པོ་དོར་རྟ་ནག་པོས་གཏོར་ཚུལ་དང་། ལ་ལས་སོག་པོ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་གཏོར་ཞེས་པ་དང་། ལ་ལས་ཇུན་གར་དམག་གིས་གཏོར་ཟེར་བ་སོགས་ཅུང་མི་མཐུན་ལ། དེ་དག་གི་བར་ལོ་རབས་དུ་མའི་ཁྱད་པར་ཆེ་བས་གནད་དོན་དེ་སོགས་ལ་ལོ་རྒྱུས་མང་པོ་ཞིག་ལ་འབྲེལ་བ་ངེས་ཅན་ཡོད་པའི་ཆ་ནས་དཔྱད་པ་ནན་པོ་ཞིག་དགོས་པ་གལ་ཆེ། ལར་ལོ་རྒྱུས་ཐོག་སོག་པོའི་དམག་གིས་བོད་ལ་གཏོར་བཅམ་འཕྲོག་གསུམ་དང་། བསད་རྨས་བསྲེགས་གསུམ་གྱི་བྱ་ངན་ཐེངས་མང་སྤེལ་ཡོད་ཀྱང་། གཙོ་བོའི་དམག་ཤུགས་ཆེ་ཤོས་ཐེངས་གསུམ་ཙམ་སྤེལ་ཡོད་པ་གོང་སྨྲ་གསུམ་དེ་ཡིན་པ་རེད། དེར་བརྟེན་ཁོ་བོས་དགོན་དེ་ཉིད་སོག་པོས་ཐེངས་གཉིས་གཏོར་བར་ངོས་འཛིན་གྱི་ཡོད་ལ་དང་པོ་ནི་དཔལ་ཚུལ་བསྟན་འབྱུང་ནང་འཁོད་“ཁྱུང་དཔོན་དགེ་”དང་“དཔོན་དབུས་”རྣམ་གཉིས་སོག་གཡུང་དྲུང་གླིང་གི་བསྟན་བདག་གནང་བའི་བཞེས་མཐུན་ལྟར་གྱི་དུས་སྐབས་ཧོར་གོ་གདན་རྒྱལ་པོའི་དམག་དཔོན་དོར་རྟ་ནག་པོའི་དམག་དཔུང་བོད་དུ་ལྷག་པའི་དུས་སྐབས་ཆགས་འཇིག་ཐེངས་གཅིག་སོང་བའི་རྒྱུ་མཚན་ཆེ་བར་མཐོང་། གང་ཡིན་ཞེས་ན་རྒྱ་བོད་དེབ་ཐེར་ཁག་དང་ལྷག་པར་དུ་སྤྱི་ལོ་༡༨༤༨ལོར་དབང་ཆེན་སྐྱབས་ཀྱིས་བརྩམ་པའི་<<དེབ་ཐེར་མེས་པོའི་ཞལ་ལུང་>>ཞེས་པའི་ནང་ཧོར་དམག་གིས་“སྤྱི་ལོ་༡༢༣༤ལོར་ཅིན་”དམག་ཕམ་པར་བཟོས་ཏེ་“རྒྱལ་ཡོངས་ཀྱི་བྱང་རྒྱུད་གཅིག་བསྡུས་བྱས།” ཞེས་དང་།  དེའི་རྗེས་ཙམ་“བོད་ཡུལ་གྱི་ཁྲལ་འཇལ་ལ་ངོ་རྒོལ་བྱེད་པའི་གྱེན་ལྡོག་ཕྲན་བུ་བྱུང་བར་བརྟེན། སྤྱི་ལོ་༡༢༤༠ལོར། གོ་ཏན་རྒྱལ་པོས་(དམག་)དཔོན་ཧོར་ཏོར་རྟ་ནག་པོ་དང་། ཅོ་དར་མ། རྒྱལ་སྨན་རྣམས་ཀྱི་རྗེས་ལ་རྟ་དམག་བཅས་བོད་དུ་བཏང་། མདོ་སྟོད་སྨད་དང་། སོག་ཆུ་ཁ་སོགས་ལ་དམག་བརྒྱབ་པས། དེ་སྐབས་སོག་ཆུ་ཁར་དམག་སྒར་རུ་བའི་གཞིས་བཟུང་ཕྱིར་ཕྱིས་སུ་ཡུན་རིང་བསྡད་པའི་སོག་སྡེ་བྱུང་། བོད་དམག་ཧ་ཅང་མང་པོ་བསད་” ཅེས་པ་དང་། ཡང་ <<གཅུང་རབས་འབེལ་གཏམ་>>ཞེས་པའི་ནང་གསལ་“རབ་བྱུང་གསུམ་པའི་ལྕགས་བྱི་༡༢༤༠ལོར་ཧོར་གོ་དན་རྒྱལ་པོའི་དམག་དཔུང་ཁྲི་གསུམ། དམག་དཔོན་དོར་རྟ་ནག་པོ་ཞེས་པས་མཐོང་ཚད་བསད་པས་གོ་ཚད་སྐྲག།   སྡིག་ལ་རྔམ་པོ་ཆེ་བྱེད་པའི་མི་བསྲུན་པ་དེ་དང་ལི་བྱི་ཏ་སོགས་སྔ་རྗེས་སུ་བཏང་སྟེ། ཧོར་དམག་གིས་བོད་ཀྱི་ས་མཚམས་ནས་འགོ་བཟུང་། འཐབ་པ་རྣམས་བསད། བྲོས་པ་རྣམས་དེད། ལུས་པ་རྣམས་མངའ་འོག་བསྡུས་ནས་སྡུག་གྱོང་མནར་གཅོད་ཚད་མེད་ཀྱི་ངང་ནས། མདོ་སྟོད་ (ཁྱུང་)དཔོན་དབུས་སོགས་བོད་མི་འཐབ་པ་རྣམས་བསད། ཁྱུང་དབུས་ཤེས་རབ་རྒྱལ་མཚན་སོགས་བྲོས་པ་རྣམས་དེད། ཁྱུང་ཨ་བླ་ནང་ཆེན་གྲགས་པ་རྣམས་བྲན་དུ་བཀོལ་ནས། ཁྱུང་པོའི་སྐུ་མཁར་ལྷ་རྩེ་རྫོང་དུ་ཨོ་ལོད་ཐཱ་ཇི་སོགས་ས་སྲུང་དམག་གཏན་སྡོད་བྱས་ནས། དཀར་ཤོད་དམ་གཅུང་པ་རུ་གཟུ་རྫོང་མདོའི་རྫོང་དང་། གཟུ་རླངས་མདོའི་ལྷ་ཁང་། ལྕང་མདོའི་ལྷ་ཁང་། པུ་ལེ་(སྤུ་ལ་)ཁའི་ལྷ་ཁང་སོགས་བོན་དགོན་དང་། རྙིང་མ་བའི་དགོན་སོགས་མེར་བསྲེགས་ནས་དབུས་སུ་དམག་དཔུང་བཏེགས་ཏེ། རྭ་སྒྲེང་དུ་སེར་མོ་ལྔ་བརྒྱ་བསད། རྒྱལ་ལྷ་ཁང་གི་གླིང་ལོག་ཀྱང་དེ་དུས་བྱུང་སྟེ། སོག་སྟོང་སོགས་སྐྱ་སེར་ལྔ་བརྒྱ་བཀུམས་ནས། ཤར་དཀོན་པོ་ནས། ནུབ་བལ་པོ། ལྷོ་མོན་ཚུན་ཆོད་དུ་བཙན་མཁར་སུམ་ཅུ་སོ་དགུ་གཏོར་ནས་བྲན་དུ་བཀོལ་” ཞེས་བརྗོད་པ་ལྟར་ཧོར་གོ་དན་རྒྱལ་པོའི་དམག་དཔོན་དོར་རྟ་ནག་པོས་སྣེ་ཁྲིད་པའི་སོག་དམག་བོད་དུ་གཅོད་སྐབས། འདི་ཁུལ་ཁྱུང་དཔོན་དབུས་དང་ཁྱུང་དབུས་ཤེས་རབ་རྒྱལ་མཚན། ཁྱུང་ཨ་བླ་ནང་ཆེན་གྲགས་པ། ཁྱུང་པོའི་སྐུ་མཁར་ལྷ་རྩེ་རྫོང་དུ་ཨོ་ལོད་ཐཱ་ཇི་སོགས་ས་སྲུང་དམག་གཏན་སྡོད་བྱས་ནས་བོད་མི་རྣམས་བསད་དེད་དང་བྲན་བཀོལ་མཁར་རྫོང་བདག་གཟུང་བྱས་པ་སོགས་གསལ་བ་དང་། ཡང་ཧོར་གྱི་རྒྱལ་རབས་ཡིག་ཆ་ལས་ཐོར་པ་སྐྱ་བདུན་ཞེས་རྟ་པ་བདུན་བྱུང་ནས་ཡུལ་འདིར་གཞིས་ཆགས་ཞེས་བཤད་སྲོལ་གཉིས་སུ་བྱུང་བས་ཤེས་ལྡན་དག་གིས་དཔྱད་པར་བྱོས། མདོར་ན་ཧོར་དམག་འདི་ཁུལ་བྱུང་བའི་རྒྱུ་རྐྱེན་ནི་<<ཁྱུང་རབས་སོགས་>>ལས་སྔོན་ཚེ་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གནམ་མཚོའི་དོ་གླིང་དུ་སྒྲུབ་པ་བཞུགས་སྐབས་མཚོ་ལ་གནས་པའི་ཀླུ་བདུད་ཕྲག་དོག་སྐྱེས་ཏེ་མཚོ་འཚུར་བ་དང་མཚོ་ཐོག་ཏུ་བུད་པ་སོགས་ཆོ་འཕྲུལ་བསྟན་པ་དང་། དེ་ཚེ་སྟོང་རྒྱུང་གིས་ཕུར་པ་བཏབ་ནས་བསྒྲལ་བའི་འཆི་ཁ་ལ་ངས་ཁྱོད་སྲོག་ལན་ཐེངས་གསུམ་རྙོགས་ཟེར་ནས་དམོད་ངན་བོས་ནས་ཤི། དེའི་རྒྱུ་འབྲས་དང་འབྲེལ་བར། སྟོང་རྒྱུང་ཀླུ་སྲིན་བསྒྲལ་བའི་རྣམ་ཤེས་སོག་པོའི་མི་ཆེན་དོར་རྟ་དང་ཡེ་དོར་གཉིས་སུ་སྐྱེས། ཁྱུང་དཔོན་དགེ་དང་དཔོན་དབུས་གཉིས་སྟོང་རྒྱུང་གི་སྤྲུལ་པ་དང་། ཀླུ་བདུད་ཀྱིས་རྣམ་ཤེས་ནི་ཧོར་གྱི་མི་ཆེན་དོར་རྟ་དང་ཡེ་དོར་གཉིས་སུ་སྐྱེས་ཞེས་གསལ་བ་མ་ཚད་“སྟོང་རྒྱུང་རྒྱ་གར་ཡུལ་དུ་འདས། སྤྲུལ་པ་བོད་ཡུལ་སྐུ་གཉིས་འཁྲུངས་”པ་དང་“ཁྱུང་དཔོན་དགེ་དང་དཔོན་དབུས་གཉིས་ཡིན་”ཞེས་པ་དང་། ཡང་<<དབྱར་གྱི་ལྡེ་མིག་འབྲིང་པོ་>>ལས། “ཁྱུང་པོ་དགེ་བའི་མཚན་ཅན་འབྱུང་། སྟོང་རྒྱུང་མཐུ་ཆེན་སྤྲུལ་པ་ཡིན་”ཞེས་དང་། ཡང་<<སྲིད་པ་རྒྱུད་ཀྱི་ཁ་བྱང་>>ལས་“ངའི་མཆོག་གི་སྤྲུལ་པ་ལས། ཁྱུང་པོ་དཔོན་དགེ་བྱ་བ་འབྱུང་། བསྐྱེད་རྫོགས་ས་ལམ་དོན་རྟོགས་ཅིང་། གྲུབ་རྟགས་དུ་རུ་ཁ་ལ་སྟོན་”ཞེས་སོགས་གསལ་བའི་སྟོང་རྒྱུང་སྤྲུལ་པ་ཁྱུང་དཔོན་དགེ་དང་དཔོན་དབུས་གཉིས་ཡིན་པ་དང་ཀླུ་སྲིན་རྣམ་ཤེས་དོར་རྟ་དང་ཡེ་དོར་གཉིས་སོགས་སྐྱེས་བ་བླངས་པ་གསལ་ཞིང་ཀླུ་བདུད་བསྒྲལ་བའི་འཆི་ཁ་དམོད་ངན་སྲོག་ལན་ཐེངས་གསུམ་རྙོགས་ཞེས་བོས་པའི་རྒྱུ་འབྲས་དང་འབྲེལ། འཕྲལ་རྐྱེན་ནི་<<ཁྱུང་རབས་གསེར་སྒམ་མ་>>ལས། ཁྱུང་ཨ་བླ་རབས་བྱུང་བཞི་པའི་“མེ་གླང་༡༢༡༧ལོར་སྐུ་འཁྲུངས་པའི་དགུང་ལོ་དྲུག་ཐོག་ཧོར་གོ་ལྡན་རྒྱལ་པོའི་དམག་དཔོན་དོར་རྟ་དང་ཡེ་དོར་གཉིས་ཀྱིས་སྣེ་ཕྲིད་པའི་དམག་དཔུང་བོད་དུ་གཅོད་སྐབས། ཁྱུང་པོས་སྔོན་དུས་མདོ་སྨད་ནས་ཡར་ཁྲིད་པའི་མི་སྡེ་ཁྲོམ་ཚང་ཤོག་ཁའི་ཨ་རྡི་བྱ་བས་ཁྱུང་པོའི་ཁྱི་བརྡུང་། ཁྱུང་པོའི་གྲྭ་པས་སྤྲང་པོ་བརྡུང་བས་ཕྱིས་སྤྲང་པོ་ཁོས་སོག་པོའི་གསེར་ཡིག་དང་དངུལ་བྲེ། ཁྱི་བཅས་བརྐུས་ནས་ཁྱུང་པོའི་རྟ་རེའི་ནང་དུ་སྦས།  ཁོ་རང་ལོགས་སུ་བྲོས་ནས་སོག་པོ་ལ་གསེར་ཡིག་སོགས་ཁྱུང་པོའི་བརྐུས་འདུག་ཅེས་བཤད་པས། སོག་པོས་སྔོན་ནས་ལས་འབྲེལ་ཡོད་པ་མ་ཚད་དེའི་གོང་དུ་སོག་པོས་ཁྱུང་པོའི་མངའ་ཁུལ་གྱི་ཞིང་འབྲོག་ཐོན་རྫས་རྟ་ནོར་མི་རྒྱུ་སོགས་ལ་ཁྲལ་འུ་ལག་ཤུགས་ཆེན་བཀོལ་བ། ཁ་ཤས་མ་འབྱོར་བས་ཁོང་ཁྲོ་ལངས་ནས་ཁྱུང་པོའི་མངའ་ཐང་ཆེན་པོ་ཡོད་པ་དེ་རྩ་མེད་བཟོ་འདོད་སྔར་ནས་ངན་སེམས་ཡོད་པས་དེ་ལ་བསྙད་ནས་སོག་པོའི་དམག་གིས་ཁྱུང་པོའི་མཐའ་བསྐོར་བས། ཁྱུང་པོས་ཞི་ཐབས་ཀྱི་གྲོས་དང་ཞུ་བ་བཤགས་པ་ལ་སོགས་བྱས་ཀྱང་གང་ལའང་ངོ་མ་བལྟས། དེ་ནས་ཁྱུང་རབས་<<གསེར་སྒམ་མ་>>དང་<<ཁྱུང་པོ་རྒོད་ཚང་པའི་གདུང་རབས་>>གཉིས་མཐུན་པར་“ཧོར་དམག་རྣམས་ཀྱིས་ཁྱུང་དཔོན་དབུས་དང་དཔོན་དགེ་གཉིས་དབུས་ཀྱི་བྱི་ལུང་མདའ་ནས་བཟུང་ཞིང་བྱང་རིལ་དུ་སྐུ་བགྲང་”(ཞེས་བརྗོད་པའི་ས་ཆ་ངོས་འཛིན་དཔྱད་ཁུལ་བྱས་པ་ནི་“དབུས་ཀྱི་བྱེ་ལུང་”ཞེས་པ་ནི་ཁྱུང་པོ་བསོད་འབར་ཉམས་ལེན་བཞུགས་གནས་རྒོད་ཚང་ཞེས་པའི་དེང་དྲུག་ཅུ་ཚོ་པའི་སར་བྱེ་ལུང་ཞེས་བརྗོད་པའི་ལུང་ཁ་ཤར་དུ་བཏད་པའི་ཡོངས་ཤིང་རྒྱ་ཆེ་བའི་ས་ཆ་དེར་མཚེར་རྒན་དོན་ལ་ཏིག། ཐལ་རྒན་དགུང་ལ་འཚུལ་ཞེས་པའི་དཔེ་ལྟར་ཡོད་འདུག་པས་དེར་ཡིན་པ་རེད། “མདའ་”ཞེས་པའི་ས་ཆ་དེ་ནི་གོང་གི་བྱེ་ལུང་ལུང་པའི་ལུང་མདོ་དང་ཆུ་མདོ་ནས་རིམ་པར་རྒྱུད་པའི་མདོ་འམ་མདའ་ལ་སོག་གཡུང་དྲུང་གླིང་ཆགས་པའི་ས་ཆ་གཡས་གཡོན་དུ་བླ་མ་ཁྱུང་དབུས་རྣམ་གཉིས་འཛིན་བཟུང་བྱས་ཡོད་པ་རེད། “བྱང་རི་”ཞེས་པའི་ས་ཆ་ནི་གཡུང་དྲུང་གླིང་དགོན་ནས་ཡིས་གཞུང་དུ་འགྲོ་བའི་ལམ་བར་“བྱང་རི་འགུལ་”ཞེས་བརྗོད་པའི་ས་དེར་ཡིན་པར་སྙམ། (ས་ཆ་དེ་ནི་གུས་པས་དེ་སྔོན་ཧེ་མ་ལ་ཡིས་དྲྭ་རྒྱ་ནང་ལ་གཡུང་དྲུང་གླིང་གི་ལོ་རྒྱུས་ཞིག་བླུག་པས་དེ་ཡང་ཅུང་ནོར་བ་འདྲ།) སྐབས་དེར་ཧོར་དམག་རྣམས་ཀྱིས་དཔོན་དབུས་སྐེ་མཚོན་གྱིས་བཅད་ཀྱང་མ་ཆོད་ཅིང་། དཔོན་དགེ་ཁོང་གིས་ཕྱག་གཡས་ཀྱི་སྲིན་མཛུག་ལ་ཚེམས་སོ་རྒྱབ་ནས་རྨར་གཏོང་སྟེ་ཁྲག་ནམ་མཁའ་ལ་མཆོད་ནས་གཡུང་དྲུང་བོན་གྱི་བསྟན་པ་སྣུབས་མིའི་ཐོག། སྲིད་པ་རྒྱལ་མོས་ར་མདའ་ཟློག་ཅེས་གསུངས་ནས་བླ་མ་དེ་གཉིས་ཐུགས་ཞི་བ་དང་དྲག་པོའི་ཚུལ་དུ་ཡོད་པ་ལས། དཔོན་དབུས་ཀྱིས་དེ་རིང་ཐུགས་བསྐྱེད་མ་ལོག་ཐུགས་ཞི་བར་མཛོད། འདི་སྔོན་གྱི་སྲོག་གི་ལན་ཆགས་ཡིན་པས་དགོངས་པ་གློད་ནས་ལུས་སྦྱིན་པ་ཐོན་གསུངས་ནས་དབུ་ཞྭ་གཉིས་ཕྱག་གིས་ཕུད་ནས་ཐང་ལ་བཞག། དགོངས་པ་གློད་པས་དབུ་ཆད་དོ།། དེ་ནས་བོན་སྐྱོང་ཐམས་ཅད་ས་དེར་འདུ་ཚོགས་བྱུང་བའི་དབུས་དཀྱིལ་སྲིད་པ་རྒྱལ་མོ་དབུ་རྒྱ་ཕྱག་སྟོང་མས་ནམ་མཁའ་གང་བ་ཙམ་བྱུང་ནས་ལུང་བསྟན། ཡུལ་དེ་གའི་འོ་བརྒྱད་ལུག་རྫི་ལ་ཁྱོད་ཀྱིས་བྱང་ཕྱོགས་སུ་ཁ་རྒྱུ་ནས་བཅོལ་བསྐུལ་གཡབ་རྡེབ་ཀྱིས་གསུངས་པས། ལུག་རྫིས། ཁྱུང་དཔོན་དགེ་དཔོན་དབུས་ཧོར་གྱིས་དཀྲོངས་། གཡུང་དྲུང་བོན་གྱི་བསྟན་པ་སྣུབས་མིའི་ཐོག། མ་སྲིད་པ་རྒྱལ་མོས་ར་མདའ་ཟློག་ཅེས་བོས་པས། སྲིད་རྒྱལ་གྱིས་སེར་བ་ཐོག་རྒོད་ཕབ་སྟེ་ཧོར་དམག་ཐམས་ཅད་བསད། འོ་བརྒྱད་ལུག་རྫི་གཙོས་པའི་ཡུལ་མིས་ལུག་གི་རིལ་མས་སྐུ་གདུང་བཞུས་པས་རྟེན་ཞི་ཁྲོ་རྒྱབ་སྤྲོད་བྱུང་ཞེས་ཁྱུང་རབས་སོགས་ལས་གསལ་ཡོད། ཧོར་དམག་ཡུལ་འདིར་བྱུང་སྐབས་ཁྱུང་པོ་རྒྱལ་ཚ་སྤུན་དྲུག་གི་ཆུང་ཤོས་སྟོན་འབར་གྱིས་སྲས་གཡོག་མོ་ཨ་མཚོ་བཟའ་ལ་ནང་ཆེན་གྲགས་པ་རྒྱལ་མཚན་འཁྲུངས། ཁོང་ཁྱུང་པོ་ཚོ་གཅིག་གིས་ཁྱེར་ནས་ནང་ཆེན་ལ་བྲོས། སྟོན་འབར་སྲས་ཁྱུང་པོ་བསོད་ནམས་རྒྱལ་མཚན་དང་བསོད་འབར་སོགས་ཁྱང་པོ་མང་རབས་གཅིག་འབྲི་གུང་གཅུང་རིན་པོ་ཆེ་ལ་སྐྱབས་བཅོལ་བར་བྲོས་པ་དང་། ཧོར་དམག་ཚོ་ཁག་གཅིག་གིས་ཁྱུང་དབུས་རིན་པོ་ཆེ་ཤེས་རབ་རྒྱལ་མཚན་དེད་པས།  ཁྱུང་དབུས་རིན་པོ་ཆེས་རྟ་རྗེ་ལྡིང་ཁྱུང་ལ་བཅིབས་ནས་ལྷོ་རྔུལ་ཆུ་རྒྱུད་ལ་བྲོས་ཏེ་ནགས་ཚལ་གསེབ་ཏུ་བྲག་དཀར་པོ་ཞིག་གི་རྩེར་ཕེབས་པས་སོག་པོའི་དམག་གིས་མ་མཐོང་། གནས་དེར་ཆུ་མེད་ཀྱང་ཁྱུང་དབུས་རིན་པོ་ཆེས་བྲག་ལ་སྦ་ལྕག་གདབ་པའི་ཤུལ་ལས་ཆུ་རྡུལ་བ་དང་། དེར་ཡུན་རིང་བཞུགས་པས་ཁྱུང་དབུས་རྫོང་གྲགས་པ་དང་ས་ཆ་དེའི་གཡས་གཡོན་དུ་བླ་མའི་ཞབས་རྗེས་དང་ཆིབ་རྟའི་རྗེས་སོགས་ཡོད་པ་དེར་ཕྱིས་སུ་ཆོས་པ་རྣམས་ཀྱིས་ཁྱུང་པོའི་རྫོང་མིང་ལ་ཁྱི་རྫོང་དང་། ཞབས་རྗེས་རྣམས་ལ་གེ་སར་མི་རྟའི་ཞབས་རྗེས་ཞེས་པ་སོགས་དེ་ལྟར་འབོད་སྲོལ་གྲགས་པའི་ས་ཆ་དེ་ད་སྐབས་སོག་རྫོང་ཁོངས་སྔར་རལ་གསུམ་མམ་རྡ་ཧེ་འབོད་པའི་སར་ཡོད། སོག་དམག་བོད་དུ་ལྷག་པའི་དུས་ཚོད་ཆོས་འབྱུང་མཁས་པའི་དགའ་སྟོང་ལས་“ཇིང་གིར་རྒྱལ་པོ་དགུང་ལོ་ང་དགུ་ལྕགས་བྱི་”ཞེས་པའི་ལྕགས་བྱི་དེའང་“སྤྱི་ལོ་༡༢༤༠ལོར་”ཁེལ་ཡོད་པ་དང་། ཕྱིས་སུ་བོད་ཀྱི་མཁས་པ་རྣམས་ཀྱིས་དེ་ལྟར་ངོས་འཛིན་བྱེད། མ་ཟད་གུས་པས་ཀྱང་ཧེ་མ་ལ་ཡ་དྲྭ་རྒྱ་ནང་ལ་སོག་གཡུང་དྲུང་གླིང་གི་ལོ་རྒྱུས་ཞིག་བཞག་ཡོད་པ་དེའི་ནང་དེར་མཐུན་ལྟར་དཔྱད་ཡོད། འོན་ཀྱང་དེར་ཅུང་ནོར་བར་སྙམ་རྒྱུ་མཚན་ནི་གུས་པས་སླར་དེའི་ཐད་དུ་དཔེ་ཆ་མང་ཙམ་བལྟ་ཀློག་བྱས་པའི་བརྒྱུད་བོད་སོག་གཉིས་ཀྱི་ཡིག་ཆ་ཁག་ལས་ཇིང་གིར་རྒྱལ་པོ་སྐུ་འཁྲུངས་འདས་ཐད་ཞལ་མི་འཐུན་པ་ཁ་ཤས་ཡོད་ཀྱང་། སོག་པོ་ཁོ་རང་ཚོའི་ལོ་རྒྱུས་ཡིག་ཆ་གསང་བའི་དེབ་ཐེར་ཞེས་པའི་ནང་གསལ་ “ཧོར་ཇིང་གིར་རྒྱལ་པོ་དེ་ཉིད་ཆུ་རྟ་༡༡༦༢ལོར་”སྐུ་འཁྲུངས་པས་དགུང་ལོ་“༥༩”ཐོག་ཅེས་པ་ལོ་རྟགས་“ལྕགས་འབྲུག་སྤྱི་ལོ་༡༢༢༠ལོར་”ཁེལ་ཡོད་པ་དང་། ཁྱུང་རབས་གསེར་སྒམ་མ་ཡི་ནང་ལ་གསལ་བའི་དོར་རྟའི་དམག་སོག་ཆུ་ཁ་སླེབས་པའི་དུས་ཚིགས་ཁྱུང་ཨ་བླ་མེ་གླང་༡༢༡༧ལོར་སྐུ་འཁྲུངས་པའི་དགུང་ལོ་དྲུག་ཆུ་རྟ་༡༢༢༢ལོར་ཡིན་ལུག་གསལ་བ་མ་ཚད་ཁྱུང་པོ་ནང་ཆེན་གྲགས་པ་ལོ་དེའི་སོག་དམག་གིས་ཁྱུང་པོ་གཏོར་བའི་ནངས་མོར་སྐུ་འཁྲུངས་པ་གསལ་བ་སོགས་དབར་བར་ཐག་ཉེ་བས་དེ་ལྟར་དཔྱད་པར་བྱའོ།། (དོར་རྟ་ནག་པོའི་དམག་བོད་ལ་སོང་སྐབས་བོད་ལ་རྒྱ་མོའི་ས་ཚིགས་ཁག་༢༧བཙུགས་ཡོད་པ་དེའི་ནང་རྒྱལ་མོ་ཆེ་བ་གསུམ་གྱི་ནང་ཚན་གཙོ་བོ་གཅིག་དེ་སོག་ཆུ་ཁ་ཡིན་པ་དང་འདོད་མཁན་ཡོད་པ་རེད།)མ་གཞི་ཨ་བླ་“ལོ་དྲུག་”དང་“དགུ་”ཞེས་གཉིས་གང་རུང་སྟེང་“ཧོར་དམག་གིས་ཁྱེར་”ཟེར་བ་དང་། “ལོ་རྒྱུས་ཡིག་རིགས་ཁག་ནང་”གསལ་བའི་དོར་རྟའི་དམག་བོད་དུ་ལྷག་པའི་དུས་ཚིག་ལོ་གཉིས་མ་འགྲིག་བཞིན་དུ་བསྒྲིགས་དགོས་བྱུང་བས་ཟུར་མཁས་རྣམས་ཀྱིས་དཔྱད་ཞིབ་འཚལ། དོར་རྟའི་དམག་དཔུང་བོད་དུ་ཡོང་དུས་མདོ་སྟོད། མདོ་སྨད། སོག་ཆུ་ཁ་རྣམས་སུ་ཁྱུང་པོ་དང་བོད་མི་མཐོང་ཚད་བསད་པའི་སྐབས་སུ་དགོན་འདི་ཐེངས་དང་པོ་གཏོར་བརླག་གི་གནོད་འཚེ་ཕོག་པ་འདྲ། རྒྱུ་མཚན་དགོན་དེའི་བླ་མ་དཔོན་དགེ་དང་དཔོན་དབུས་སྐུ་མཆེད་གཉིས་བཀྲོངས་ནས་བསྟན་པ་ཐེངས་གཅིག་རིམ་བཞིན་ཉམས་ཆགས་སོང་ཡོད་པར་སྙམ།
   སོག་དམག་གིས་ཐེངས་གཉིས་པ་བརླག་པའི་རྒྱུ་མཚན་དང་པོ་གཉན་རོང་ཆབ་མདོ་དགོན་དང་ཨ་གྲགས་སྣང་གསལ་དགོན་གཉིས་ཀྱིས་དགོན་དེབ་ནང་དང་དམོངས་ཁྲོད་རྒས་པ་ཚོའི་བཤད་བསྒྲོས་སོགས་མཐུན་པར་ཁྱུང་ཨ་བླ་ཤ་བ་རང་གྲོལ་གྱིས་སོག་གཡུང་དྲུང་གླིང་དགོན་དེ་ཉིད་ཕྱག་བཏབ་པ་ཡིན་པའི་ལོ་རྒྱུས་ཡིག་ངག་གཉིས་མཐུན་པས་དེ་ལ་དཔྱད་ན། ཐོག་མར་ཕྱག་བཏབ་པ་དུས་ཀྱི་ཆ་ནས་མི་ཐད་མོད། གོང་བརྗོད་ཁྱུང་ཨ་བླ་དགུང་ལོ་བཅོ་བརྒྱད་ཐོག་ཧོར་ཡུལ་ནས་ཚུར་ཕེབས་རྗེས་སོག་གཡུང་དྲུང་གླིང་དགོན་དེ་ཉིད་ཁྱུང་ཨ་བླ་ཤ་བ་རང་གྲོལ་མཆོག་གཙོས་པའི་ཁྱུང་པོ་བླ་མ་རྣམས་ཀྱིས་སླར་གསོ་བྱས་པ་སྣང་། དེ་ནས་བྱུང་བའི་ཁྱུང་པོའི་བླ་རབས་ཁག་གཅིག་བཤམ་གསལ། “ནང་ཆེན་གྲགས་པ་རྒྱལ་མཚན། བློ་གྲོས་རྒྱལ་མཚན། ཁྱུང་ཞིག་ཡེ་རྒྱལ། ལེགས་པ་རྒྱལ་མཚན། རིན་པོ་ཆེ་བསོད་ནམས་རྒྱལ་མཚན། ནང་ཆེན་ནམ་རྒྱལ། རིན་པོ་ཆེ་རྒྱལ་མཚན་དར། རིན་པོ་ཆེ་གཡུང་དྲུང་རྒྱལ་མཚན། ཀུན་དགའ་ཡེ་ཤེས། རིན་པོ་ཆེ་བསྟན་པའི་རྒྱལ་མཚན། རིན་པོ་ཆེ་བསོད་ནམས་དབང་གིས་རྒྱལ་མཚན། རིན་པོ་ཆེ་དབང་གི་རྒྱལ་མཚན། རིན་པོ་ཆེ་ལྷུན་འགྲུབ་རྒྱལ་མཚན། ནང་ཆེན་གྲགས་པ་(འདི་ཡང་སྐྱབས་ཀྱི་སྟོན་པ་རི་ཆེན་འོད་ཟེར་མཆོག་གིས་ཁྲོ་འབྲེལ་བརྩམ་པའི་སྐུ་དུས་ཁེལ་ཡོད།) བླ་མ་སྤྱིའི་གདན་ས་ཅིག་སྟེ། ” ཞེས། བླ་རབས་དེ་སོགས་ཀྱི་སྐུ་རིང་ཙམ་ལས། ༡༣༢༩“ས་སྦྲུལ་”ལོར་ཀརྨ་པ་སྐུ་འཕྲེང་གསུམ་པ་རང་བྱུང་རྡོ་རྗེ་དེ་ཉིད་ཁམས་ཁུལ་ཕེབས་ལམ་སོག་ཆུ་ལ་ལྕགས་ཟམ་བཙུགས་པས་དེ་ནས་བཟུང་རིམ་བཞིན་དགོན་མིང་ལ་འགྱུར་བ་བྱུང་ནས་ལྕགས་ཟམ་གཡུང་དྲུང་གླིང་ཞེས་འབོད་སྲོལ་བྱུང་བ་གསལ་པོ་རེད། དེ་རྗེས་དགོན་དེར་གོང་བརྗོད་བླ་རབས་རྣམས་ཀྱི་རྗེས་མཐུད་བླ་རབས་ “དགོན་འདི་དང་པོ་ཞུ་ཚང་གིས་ཕྱག་བཏབ་པ་མིན་”ཀྱང་སྤྱིར་ཞུ་ཡི་གདན་ས་གཙོ་བོ་སྟོད་སྨད་བར་གསུམ་བྱུང་བའི་བར་པ་སོག་གཡུང་དྲུང་གླིང་དགོན་འདིར། དུས་རབས་བཅུ་བཞི་པའི་ནང་སྐོར་གདུང་རྒྱུད་ཞུ་ཚང་མིན་ནའང་འདུལ་རྒྱུད་ཞུ་ཚང་ལ་ཐུག་པའི་སྐྱབས་སྟོན་རིན་ཆེན་འོད་ཟེར་གྱི་སློབ་མ་མཁས་བཙུན་ནམ་མཁའ་འོད་ཟེར་མདོ་སྟོད་གཡུང་དྲུང་གླིང་གི་མཁན་པོར་མཛད་ཅེས་པ། དེའི་སློབ་བུ་དམ་པ་“མངའ་རིས་བསོད་ནམས་རྒྱལ་མཚན་” ཡང་སོག་གཡུང་དྲུང་གླིང་གི་གདན་ས་བཟུང་། དེའི་སློབ་བུ་ཁྲ་རྒན་བཀྲ་ཤིས་རྒྱལ་མཚན་ནི་སྨན་རི་མཁན་ཆེན་ནམ་མཁའ་ཡེ་ཤེས་༡༤༠༨ ལོར་སྐུ་འཁྲུངས། དེ་ནས་༡༤༤༤ལོར་རབ་ཏུ་བྱུང་། དེའི་སློབ་མ་ཞུ་བཙུན་གཡུང་དྲུང་ཁྲི་འོད་དང་ཁྱུང་སྟོན་གཡུང་དྲུང་འོད་ཟེར། ཞུ་ཁྲི་འོད་རྒྱལ་མཚན་སོགས་ཞུང་ཚང་བླ་རབས་མང་པོ་ཞིག་སོག་གཡུང་དྲུང་གླིང་གི་མཁན་པོ་མཛད་པས་སྔ་བཞུགས་ཁྱུང་པོ་དང་ཞུ་ཚང་བླ་བྲང་ཁག་གཉིས་ཙམ་བྱུང་ཡོད། ཞུ་བཙུན་གཡུང་དྲུང་ཁྲི་འོད་མཆོག་དགོན་འདིར་ནམ་བཞུགས་ཁ་གསལ་ཞིག་མེད་ཀྱང་ཞུ་དགོན་གདན་ས་འོག་མ་ཁྲ་རྒན་ཉི་ཕུག་དགོན་གྱི་<<དཀར་ཆག་ལོ་རྒྱུས་ལས་>>རབས་བྱུང་བདུན་པའི་ས་ཡོས་༡༣༩༩ལོར་ཁྲ་ཆགས་མེད་བཀྲ་ཤིས་རྒྱལ་མཚན་གྱིས་ཁྲ་རྒན་ཉི་ཕུག་སླར་གསོ་མཛད་པའི་དགོན་དེའི་བསྟན་པ་ཡུན་རིང་གནས་མཆད་དུ་ཁྲ་དགོན་མཁན་ཚུལ་ཁྲིམས་མཐར་ཕྱིན་གྱིས་བརྩམས་པའི་<<དཔལ་གཤེན་བསྟན་ཁྲ་དགོན་ཀུན་གྲགས་གླིང་གི་ཕྱི་ནང་གི་རྟེན་དང་བརྟེན་པའི་ལོ་རྒྱུས་གཡུ་ཤུག་སྔོན་མོའི་བསུང་ཞིམ་ཞེས་བྱ་བ་བཞུགས་སོ་>>ཞེས་པའི་ནང་འཁོད་ལས་“ཁྲ་ཆགས་མེད་བཀྲ་ཤིས་རྒྱལ་མཚན་གྱིས་”རྩ་བའི་བླ་མ་ཞུ་རི་ཞིང་རྒྱལ་བའི་སྲས་པོ་གཡུང་དྲུང་བསྟན་པའི་རྒྱལ་མཚན་གྱི་དྲུང་དུ་ཕེབས་ཏེ་མ་འོངས་ཁྲ་དགོན་དུ་བསྟན་པ་འཛིན་སྐྱོང་སྤེལ་བའི་བདག་པོ་བཀའ་དྲིན་ཞུས་པས་ཞལ་བཞེས་ཐོབ། གཟོད་མར་གདན་ས་རུ་ཕེབས་འགྱུར་གནང་མཚམས་རྗེ་འགྲོ་བའི་མགོན་པོ་དེ་ཉིད་ཡངས་དབེན་ཉི་མའི་སྒྲུབ་ཕུག་ཏུ་དགོངས་པ་མཁའ་བསྐྱོད་དུ་གཤེགས་ཏེ་སྣང་ཁམས་འཇའ་འོད་ཟེར་གྱིས་གང་ཞིང་། གདུང་ལས་རིང་བསྲེལ་དང་ཡིག་འབྲུ་དུ་མར་བྱུང་བ་དང་དབུ་ཐོད་ལས་དུང་དཀར་འབུར་དུ་དོད་པ་སོགས་དད་རྟེན་དུ་བཞུགས་པ་དེ་ཉིད་ད་ལྟ་ཨ་མདོ་ཤར་ཁོག་རིན་སྤུངས་དགོན་དུ་བཞུགས་པའི་ལོ་རྒྱུས་དང་ཁྲ་དགོན་རྒྱུད་འཛིན་ཞུ་ཚང་གཡུང་དྲུང་ཁྲི་འོད་དང་བསྟན་པ་དབང་གྲགས་གཉིས་བྱོན་པའི་ནང་ཞུ་གཡུང་དྲུང་ཁྲི་འོད་ཀྱིས་གྲྭ་ས་བར་མ་སོག་ལྕགས་ཟམ་གཡུང་དྲུང་གླིང་དུ་བསྟན་པ་བསྐྱངས་ཤིང་བཞུགས་པ་དང་ཞུ་བསྟན་པ་དབང་གྲགས་དགོན་འདིའི་བསྟན་བདག་ཏུ་མཛད་”ཅེས་གསལ་བ་དང་།  འབྲི་རུ་རྒྱས་ཤོད་གསའ་མདའ་བོན་དགོན་ལོ་རྒྱུས་ཡིག་ཆ་ལས་སྤྱི་ལོ་༡༤༦༥ལོ་ཙམ་ལས་ཞུ་བཙུན་གཡུང་དྲུང་ཁྲི་འོད་རིན་པོ་ཆེ་མཆོག་གིས་རྒྱས་ཤོད་གསའ་མདའ་བོན་དགོན་ཕྱག་བཏབ་སྟེ་དགོན་དེའི་ཆོ་གའི་གྱེར་འདོན་བོན་རྙིང་མའི་དབང་ལྡན་ཞུ་ཡི་རིང་ལུགས་འཛིན་པའི་“སོག་ཟམ་ལུགས་”བརྗོད་པའི་ཞུ་ཁྲི་འོད་གཡུང་དྲུང་གླིང་བཞུགས་པའི་དུས་ཚོད་གོང་གི་ཁྲ་རྒན་ཉི་ཕུག་དགོན་སྤྱི་ལོ་༡༣༩༩ལོར་སླར་གསོ་བྱུང་རྗེས་༡༤༦༥ལོར་རྒྱས་ཤོད་གསའ་མདའ་བོན་དགོན་ཕྱག་བཏབ་པའི་བར་གྱི་རྒྱུད་རིམ་ནང་ཞུ་བཙུན་གཡུང་དྲུང་ཁྲི་འོད་རིན་པོ་ཆེ་མཆོག་སོག་ལྕགས་ཟམ་གཡུང་དྲུང་གླིང་དགོན་དུ་བཞུགས་པ་གསལ་བོ་རེད། སོག་ཆུ་ལྕགས་ཟམ་བཙུགས་རྗེས་གཡུང་དྲུང་གླིང་དགོན་ཡོད་པའི་དན་རྟགས་དཔལ་ཚུལ་བསྟན་འབྱུང་ལས་སོག་གཡུང་དྲུང་གླིང་“དང་པོ་ཞུ་ཚང་གིས་ཕྱག་བཏབ་པ་མིན་ཡང་བར་དུ་ཞུ་ཚང་གི་གདན་ས་ཞིག་ཏུ་གྱུར་ཅིང་།  ཞུ་བཙུན་གཡུང་དྲུང་ཁྲི་འོད་སོགས་བཞུགས་”ཞེས་པ་ལྟར་ཞུ་ཁྲི་འོད་སྐུ་དུས་གཡུང་དྲུང་གླིང་དགོན་ཡོད་པ་གསལ་ལོ།། (དེང་དུས་སྤྱིར་སྦྲ་ཆེན་རྫོང་ཁུལ་དང་བགོས་སུ་སོག་གྲུའི་ཞུ་ཚང་བླ་མ་རྣམས་ཀྱི་མེས་པོ་གོང་བཤད་ཞུ་རིགས་བླ་མ་དེ་རྣམས་ཐུག་མེད་ན་བསམ་པའི་དོག་གཞིའི་སྣང་ཚུལ་ཙམ་ལས་གཞན་ད་སྐབས་གསལ་ཐག་ཆོད་པའི་དཔྱད་གཞི་ཞིག་མཐོང་ཐོས་མེད་པར་སླར་དཔྱད་ཞིབ་གནས་སུ་ལྷག།) མཐར་སོག་ལྕགས་ཟམ་གཡུང་དྲུང་གླིང་དགོན་དེ་ཡང་འདི་ཁུལ་ཡུལ་མི་རྒན་པ་རྣམས་ཀྱིས་“འབུག་སྟག་(འབྲུག་སྟག་)ཤེས་རབ་དང་བ་ཡོ་མཚམས་པ་རྣམ་གཉིས་སྐུ་དུས་སོག་རྟ་ཁྲས་གཏོར་”ཞེས་པའི་ཁ་རྒྱུད་གླེང་སྲོལ་མགྲིན་གཅིག་ཏུ་སྨྲ་བའི་བླ་མ་རྣམ་གཉིས་<<གེ་ཁོད་གསང་བ་དྲགས་ཆེན་གྱི་བརྒྱུད་པའི་གསོལ་འདེབས་>>ལས། “བསྟན་པ་རྒྱལ་མཚན་འཛིན་པའི་ཕོ་བྲོང་དུ།  རྨ་སྟོན་ཤེལ་སེང་དབྱིལ་སྟོན་ཁྱུང་རྒོད་རྩལ། འགྲོ་མགོན་བློ་གྲོས་འབྲུག་སྟག་ཤེས་རབ་དང་། བ་ཡོ་མཚམས་པ་མཉམ་མེད་རྒྱལ་བ་དང་། ”ཞེས་བརྒྱུད་པའི་གསོལ་འདེབས་འདི་ཉིད་སྟོད་ལུང་འབྲི་ལུང་དགོན་དུ་མཛད་ཅེས་པའི་མཇུག་གི་ཡིག་ཆུང་ལ་དཔྱད་ན་སྟོད་ལུང་འབྲི་ལུང་དགོན་གཏོར་བརླག་མ་སོང་བའི་གོང་དུ་མཛད་ཡོད་པ་གསལ་བོ་རེད་འདུག། འབྲུག་སྟག་ཤེས་རབ་དང་བ་ཡོ་མཚམས་པ་རྣམ་གཉིས་སྟོད་ལུང་འབྲི་ལུང་དགོན་མ་གཏོར་བའི་གོང་གི་བླ་མ་ཡིན་པ་ར་སྤྲོད་བྱེད་ཐོབ་ཀྱང་། སྟོད་ལུང་འབྲི་ལུང་དགོན་དེ་ཉིད་གཏོར་བརླག་སོང་བའི་དུས་རབས་དང་ལོ་གྲངས་བཅས་ད་བར་ཁ་གསལ་དུས་ཚོད་གཏན་ཁེལ་ཅན་ཞིག་ཡིག་ཆ་མ་རྙེད་ཀྱང་། ད་ལྟ་སྟོད་ལུང་འབྲི་ལུང་དགོན་པའི་ཡུལ་མི་རྒན་པ་རྣམས་ཀྱིས་བཤད་བསྒྲོས་སོག་པོ་ཇུན་གར་དམག་གིས་གཏོར་ཟེར་བ་ལས་སོག་དམག་གཞན་མས་གཏོར་བའི་ལོ་རྒྱུས་གླེང་སྲོལ་མེད་པའི་ཁར་དེང་གི་<<འགོ་པ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་རིན་པོ་ཆེས་བྲིས་པའི་སྟོད་ལུང་འབྲི་ལུང་དགོན་པའི་ལོ་དུས་དཔྱད་པ་>>ཞེས་པའི་དཔྱད་རྩོམ་ལས་སྟོད་ལུང་འབྲི་ལུང་དགོན་ནི་ཞང་སྟོན་དམ་པ་ཚུལ་ཤེས་ཀྱིས་དུས་རབས་བཅུ་གཉིས་པའི་དུས་འགོར་ཙམ་ལ་རྣམ་དག་འདུལ་བའི་དགོན་སྡེ་གསར་དུ་འཛུགས་པའི་དགོན་དེར་“སྤྱི་ལོ་༡༧༡༨ལོར་ཇུན་གར་དམག་གིས་གཏོར་བ་ངེས་ཏེ་”ཞེས་པར་གོང་གི་བགྲེས་པོ་ཚོའི་ཞལ་གསུང་བཞིན་སོག་ལྕགས་ཟམ་གཡུང་དྲུང་གླིང་དགོན་སོག་པོ་རྟ་ཁྲ་ཞེས་པ་ཞིག་གིས་སོག་ཇུན་གར་དམག་བོད་དུ་མ་སོང་བའི་སྔོན་དུ་གཏོར་བ་ཐད་མི་མཚམས་མོད། སོག་པོ་རྟ་ཁྲ་ཞེས་པའི་དམག་དཔུང་བོད་དུ་ཡོང་བའི་དུས་ཚོད་“གཙང་པ་སྡེ་སྲིད་བསྟན་སྐྱོང་དབང་པོས་ཁལ་ཁ་ཆོག་ཐུ་ལ་རྒྱབ་བརྟེན་བཅོལ་ཏེ་སོ་སོའི་ནུས་པ་གང་ཡོད་བོད་ནང་ཁུལ་འཐབ་འཁྲུག་བསླངས་ཏེ་སོག་པོ་ཁལ་ཁ་ཆོག་མཐུ་ལ་རྒྱབ་བརྟེན་བཅོལ་བའི་རོགས་རམ་ཆོག་ཐུའི་དམག་བོད་ལ་ཡོང་བའི་ལམ་བར་མེ་གླང་སྤྱི་ལོ་༡༦༣༧ལོར་གོ་ཤྲི་བསྟན་འཛིན་འབོད་པས་ཁལ་ཁ་ཆོག་ཐུའི་དམག་ཆམ་ལ་ཕབ་ཅིང་རིམ་བཞིན་བོད་ལ་འབྱོར་ནས་༡༦༤༢ལོར་ཏཱ་ལ་ལྔ་པ་དགེ་ལུགས་དགེ་ལྡན་པའི་ཁྲི་ལ་བསྐོས་པའི་ལོ་རྒྱུས་སོགས་གསལ་བས་གོང་གི་སོག་པོ་རྟ་ཁྲ་ཅན་ཞེས་པ་སོག་པོ་ཆོག་ཐུའི་ཇག་དམག་ལ་གོ་དགོས་པས་རྒྱུ་མཚན་ནི་མདོ་ཁམས་དགེ་འབྲོང་ལོ་རྒྱུས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་སྐྲུན་པའི་ནང་ཆེན་རྒྱལ་རབས་ལས་ཆོག་ཐུའི་དམག་ལ་རྟ་ཁྲ་ཅན་ཞེས་ཡིག་ཐོག་ཏུ་འཁོད་པ་ཕལ་ཆེར་དེ་ལྟར་བྲིས་འདུག་ཅེས་སོ།། དགོན་དེའི་བསྟན་གཙོ་ཁག་གཅིག་སྤྱི་ལོ་༡༦༤༠ལོར་སོག་པོ་གོ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་སོག་དམག་བོད་དུ་ལྷག་པའི་སྐབས་མདོ་སྟོད་ཤོག་གསུམ་གྱི་ས་ཆ་རྣམས་རྒྱལ་དབང་སྐུ་ཕྲེང་ལྔ་པ་ལ་ཕུལ་ནས་ཤོག་གསུམ་ཁོངས་སུ་ཡོད་པའི་བཀའ་རྒྱུད་པ་དང་བོན་པོའི་དགོན་སྡེ་མང་པོ་བཙན་ཤེད་ཀྱིས་ཞྭ་བསྒྱུར་ནས་དགེ་ལུགས་དགོན་པ་དགའ་ལྡན་རྣམས་གསུམ་བཞེངས་པ་སྟེ། རེ་ཤོད་དུ་རབ་བརྟན་དགོན་དང་། དཀར་ཤོད་དུ་ཆོས་འཁོར་དགོན་དང་། སོག་ཤོད་དུ་ཙན་དན་དགོན་བཅས་ཡིན། དེའི་ནང་སོག་ཤོད་ཙན་དན་དགོན་ནམ་དགའ་ལྡན་འཕེལ་རྒྱལ་གླིང་ལ་བོན་གྱི་དགོན་པ་སོག་གཡུང་དྲུང་གླིང་གཏོར་ནས་དེའི་སྐུ་གསུང་ཐུགས་རྟེན་ལ་བོན་གྱི་ཁམས་ཆེན་པོད་དགུ་དང་དུང་རག་ཤོག་ཅན་སོགས་ཡོད་པར་ཙན་དན་དགོན་པའི་ལོ་རྒྱུས་ལས་གསལ། སོག་ལྕགས་ཟམ་གཡུང་དྲུང་གླིང་སོག་དམག་གིས་ཐོག་མ་གཏོར་བའི་སྐབས་དགོན་པའི་དབུ་བླ་ཁྱུང་པོའི་མི་སྣ་ད་དུང་ཡོད་མེད་ཤེས་ན་སོག་དམག་གིས་འཛིན་བཟུང་བྱེད་དེ་དམར་གསོད་གཏོང་བའི་ཉེན་ཁ་གཡོལ་ཆེན་ཁྱུང་པོ་དེ་“འབྲུག་སྟག་”ཅེས་པའི་མིང་བཏགས་ནས་དེང་སོག་རྫོང་གི་ཡར་ངོས་ཡོག་ནག་ཁུག་འབྲུག་སྟག་ཁག་གི་དུད་ཚང་རྣམས་ཡིན་ལུགས་བཤད་པ་དང་། ཁོ་ཚོའི་ཁ་རྒྱུན་ལ། “ལྷ་གེ་ཁོད་དང་། མི་འབྲུག་སྟག།” ཅེས་ཐ་སྙད་བྱུང་བ་དང་ཡི་དམ་གེ་ཁོད་བརྟེན་སྲོལ་སོགས་ད་སྐབས་སུ་གླེང་།
   ཁོ་ཚོ་ལ་སྔོན་གྱི་རིག་དངོས་ལྷག་འཕྲོ་ད་བཞུགས་བོན་གཡུང་དྲུང་གླིང་དགོན་གྱི་“གསུང་རབ་ཁྲོ་བོ་སེར་འབོ་” མ་དང་། གྲི་སྲིའི་ཤུག་སྡོང་ལས་གྲུབ་པའི་གཡུང་གླིང་བཟློག་བསད་སྐབས་སུ་བརྡུང་བའི་“རྔ་གཤིན་རྗེ་ལང་ཡོའི་རྔ་ལྕགས་” དང་། “རྟ་མཚན་ཞོར་གྱི་ལྕེ་ནེ། རྐང་གདུང་ར་ཁ་” སོགས་བསྒྲུབ་པའི་ཕྱག་ཆ་བྱིན་ཆེན་འགའ་ཞིག་ཡོད་སྐད། ཙན་དན་དགོན་ནི་ལྔ་པ་ཆེན་པོས་སྤྱི་ལོ་༡༦༦༨ལོར་བཀའ་བསྟན་བསྩལ་བ་འབེ་གསེར་ལས་བཤད། དགོན་དེར་“བན་བོན་དགོན་ཁག་བདུན་གྱི་ཤུལ་ལྷག་གཅིག་བསྡུས་བྱས་ནས་བྱུང་” ཞེས་སོ།།
  ད་དུང་སོག་པོ་ཇུན་གར་དམག་བོད་དུ་མ་ཡོང་བའི་སྔོན་ལྕགས་ཟམ་གཡུང་དྲུང་གླིང་གཏོར་བའི་ལོ་རྒྱུས་དན་རྟགས་གཉན་རོང་<<ཆབ་མདོ་དགོན་དཔལ་གཤེན་བསྟན་རྣམ་རྒྱལ་གླིང་གི་ལོ་རྒྱུས་>>ལས། “དུས་རབས་བཅུ་གཅིག་པའི་མགོར་ཁྱུང་ཨ་བརླ་གྲགས་པ་དང་། ཤྭ་བ་རོང་གྲོལ་ཟེར་བ་རྣམ་གཉིས་”ཞེས་པ་དེ་ཡང་ནོར་བ་རེད་ཁྱུང་ཨ་བརླ་དང་ཤྭ་བ་རོང་གྲོལ་འབོད་པ་མི་གཅིག་ཡིན་པ་དང་ཁྱུང་རབས་གསེར་སྒམ་མ་ལས་མེ་གླང་༡༢༡༧ལོར་སྐུ་འཁྲུངས་ཞེས་གོང་དུ་ཞུས་ཟིན།  ཁོང་གིས་“གདན་ས་སོག་གཡུང་དྲུང་གླིང་”ཞེས་པ་དེར་“རབས་བྱུང་བཅུ་གཅིག་པའི་ཆུ་རྟ་སྤྱི་ལོ་༡༦༤༢ལོར་སོག་པོའི་དམག་གིས་གཏོར་བརླག་བཏང་རྗེས་ཡུལ་གྱི་བླ་དཔོན་དང་ཚོ་སྡེ་ཉུང་ཤས་ཕྱོགས་མེད་ཡུལ་གྱར་བྱས་མཐར་ཁྱུང་པོ་མི་དཔོན་སངས་རྒྱས་སྐྱབས་ཀྱིས་ཤག་སེབ་བཀྲ་ལ་གནས་གཞི་བཟུང་སྟེ་རི་ཆེན་རྫོང་དཀར་ཕྱག་བཏབ། དེ་ཡང་སོག་པོ་ཇུན་གར་བས་གཏོར་བའི་ཚོ་སྡེ་རྣམས་གདོང་ལའི་ཁྱུང་རྫོང་དུ་གནས་སྤོས་”ཞེས་བརྗོད་པས། ཆུ་རྟ་༡༦༤༢་ལོར་སོག་དམག་གིས་གཏོར་ཞེས་པའི་སོག་དམག་དེ་སོག་རྟ་ཁྲ་ཅན་ལ་གོ་དགོས་སོ།། གོང་བརྗོད་རེ་དཀར་སོག་གསུམ་འདི་ངག་རྒྱུན་དུ་སོག་མོ་ཆོས་རི་ཆེན་ཟེར་བས་གོང་ས་ལྔ་པ་ཆེན་པོར་དབང་རྡོ་རྗེ་ཕྲེང་བའི་དབང་ཡོན་དུ་ཕུལ་གྲགས་ཀྱང་། ལྔ་པའི་རང་རྣམ་དུ་དབང་རྡོ་རྗེ་ཕྲེང་བ་སོག་རྒྱལ་གོ་ཤྲི་དང་སོག་མོ་ཆེ་ཆུང་གང་རུང་ལའང་གནང་བ་བྲིས་མི་འདུག་པས་དབང་ཡོན་དུ་ཕུལ་བ་མ་དག་པ་རེད་སེམས། ལྷག་པར་དུ་རྒྱལ་མོ་ཆུང་བ་ཧོ་ཐོན་བཟའ་ས་གླང་༡༦༤༩ལོར་འདས་རྗེས་གཞི་ནས་བཀྲ་ཤིས་རྩེའི་བཀའ་འགྱུར་རིན་པོ་ཆེའི་མདུན་ནས་ལྔ་པ་ཆེན་མོས་དབང་རྡོ་རྗེ་ཕྲེང་བ་ཚུར་ཞུས་པར་གསལ་བས་ཁ་མ་མཐུན་པ་དང་། དེའི་ཡར་སྔོན་ཤིང་སྤྲེལ་༡༦༤༤ལོ་ནས་རྒྱལ་མོ་ཆེ་བ་ཐོར་གོད་དཔོན་མོ་ཨ་ཡན་ཧ་ཐན་ནམ་རྡོ་རྗེ་རབ་བརྟན་སོག་ཡུལ་དུ་ཕེབས་ཚར་བ་ཡིན་པས་མི་བདེན་པར་ཤེས། རྡོ་རྗེ་ཕྲེང་བའི་དབང་ནི་ལྕགས་ཡོས་༡༦༥༡ལོར་འབྲས་སྤུངས་སུ་བླ་སྤྲུལ་མང་པོ་ལ་བསྐུར་པ་ལས་སོག་རྒྱལ་དང་སོག་མོ་གང་ལ་ཡང་བསྐུར་མེད་པ་རང་རྣམ་<<དཱུ་ཀུ་ལའི་གོས་བཟང་>>ལས་གསལ་བས་དབང་ཡོན་ཟེར་བ་རི་བོང་རྭ་ཡི་དཔེ་ལྟར་གྱུར། དོན་ཐོག་དབང་ཡོན་འབུལ་མཁན་ཧོར་ལྷ་རྒྱལ་དར་མིན་ན་སྙམ་པས། རྒྱུ་མཚན་ཧོར་རབས་ཉི་ཟེར་དྲྭ་བ་ལས་སྟོད་དུ་གཙང་པ་རྒྱལ་པོ། བར་དུ་ཇིང་གིར་རྒྱལ་པོ། སྨད་དུ་བེ་རི་རྒྱལ་པོ་ཞེས་གསུམ་འབོད་པའི་དང་པོ་མཉམ་འབྲེལ་དུ་བྱས་མེད་ན་སྙམ་པའི་དོགས་གཞི་འབྱུང་མཁན་ཡོད་རུང་། དེའི་དོག་གཞི་འབྱུང་རྐྱེན་འབྲོང་རབས་ལས་ཧོར་ཇིང་གིར་རྒྱལ་པོ་དང་བེ་རི་རྒྱལ་པོ་གཉིས་མཉམ་འབྲེལ་ཐོག་ནང་ཆེན་བློ་གྲོས་རྒྱལ་པོ་སྐུ་བགྲོན་པའི་ལོ་རྒྱུས་ལ་དོགས་ན་ཡང་། བེ་ཧོར་རྒྱལ་པོ་གཉིས་དེ་ལྟར་མཉམ་འབྲེལ་བྱས་པའི་ལོ་རྒྱུས་ཡོད་ན་ཡང་གོ་ཤྲི་ནས་གཏོར་ཕམ་གཏོང་བའི་ལོ་རྒྱུས་མེད་པ་མ་ཚད། ཧོར་རྒྱལ་པོ་ལ་གོ་ཤྲི་ནས་མཐོང་ཆེན་གནང་བའི་ལོ་རྒྱུས་དང་། གཙང་རྒྱལ་དང་བེར་རྒྱལ་གཉིས་ལྟ་བུའི་དཀའ་ཁག་ཆེན་པོ་བྱུང་བའི་ལོ་རྒྱུས་མེད་པས་དེ་ལ་བསམ་ཞིག་བྱས་ན་སོག་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་འབོད་པས་དགེ་ལུགས་པའི་གདན་ཞུས་ལྟར་བོད་དུ་གཙང་པ་རྒྱལ་པོ་དང་བེ་རི་རྒྱལ་པོ་གཉིས་བརླག་པའི་སྐབས་ཧོར་རྒྱལ་པོ་ལ་དེ་ཙམ་བརླག་པའི་བཤད་སྲོལ་མེད་པ་མ་ཟད། ལྔ་པ་ཆེ་མོས་རྡོ་རྗེ་ཕྲེང་བའི་དབང་ཧོར་རམ་སོག་པོའི་དཔོན་རྗེ་གང་ལ་བསྩལ་བ་མ་མཐོང་ནའང་སྤྱན་རས་གཟིགས་ཀྱི་བཀའ་དབང་ཧོར་རྒྱལ་པོ་ལྷ་རྒྱལ་དར་ལ་བསྩལ་བའི་ལོ་རྒྱུས་དང་ཧོར་རྒྱལ་པོས་མཛོ་མོ་བེའུ་བརྒྱར་ཕུལ་བའི་ལོ་རྒྱུས་སོགས་ཉིད་ཀྱི་རྣམ་ཐར་ལས་གསལ་བ་སོགས་གོ་བསྡུར་དུ་དཔྱད་ན། སྐབས་དེར་རེ་དཀར་སོག་གསུམ་དེའང་ཧོར་རྒྱལ་པོས་ལྔ་པ་ཆེན་པོ་ལ་ཕུལ་མེད་ན་སྙམ་པའི་སྣང་ཚུལ་དེའི་ངོ་བོ་གསལ་བར་མཚོན་ན་ཡང་། དེ་ལྟར་ཕུལ་བའི་བདེན་ཚིག་ཞིག་མ་མཐོང་གླེང་སློང་དཔྱད་གཞིའི་ཚུལ་དུ་བཏང་བ་བཅས་གནས་སྐབས་དེ་ནས་མཇུག་ཏུ་བསྡུའོ། ། 
འདི་ལྟར་འབྲི་བ་པོ་སྒོ་མིང་གླང་རིགས་བསྟན་ཀུན་ནམ་སྒོ་སྤེ་བོན་ནས་༢༠༢༣ལོའི་ཕྱི་ཟླ་༡༢ཚེས་༡༦ཉིན་རང་ཚང་འཕྲང་ངན་སྣ་ཁུག་ཏུ་སུག་བྲིས་སོ། །

རྩོམ་པ་པོ་སྒོ་སྤེ་བོན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།