བོན་གྱི་འདུ་གནས་སོ་བདུན་སོགས་སྒྲུབ་གནས་ཁག་གི་གནས་བཤད་ངོ་སྤྲོད།

[ཟླ་ཚེས། 2024-01-18 11:21:10][རྩོམ་པ་པོ། རྩེ་དྲུག་ནམ་མཁའ་མཐོང་གསལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  ༄༅། །སངས་རྒྱས་གཡུང་དྲུང་བོན་གྱི་ལོ་རྒྱུས་ཁག་ནང་ཡོངས་སུ་གྲགས་པའི་འདུ་གནས་སོ་བདུན་དང་། སྒྲུབ་གནས་སོ་དྲུག་གམ་སྒྲུབ་སྡེ་སོ་བདུན། མ་རྒྱུད་གནས་ཆེན་ཉེར་བཞི། རྗེ་ཡི་མགུལ་ལྷ་བཅུ་གསུམ། སྲིད་རྒྱལ་ཐུགས་ལས་སྤྲུལ་པའི་དབལ་མོ་ཉི་ཤུ་རྩ་བདུན་དང་། ཡང་སྤྲུལ་བརྟན་མ་བཅུ་གཉིས། སྲིད་པའི་གངས་རི་ཆེ་བདུན། གཏེར་བདག་ཡུམ་སྲས་སྡེ་ལྔ་བཅས་ཀྱི་ལོ་རྒྱུས། ༡ གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེའི་གླིང་གྲགས། ༢ བདེན་པ་བོན་གྱི་མཛོད་སྒྲ་འགྲེལ། ༣ གླེང་གཞི་བསྟན་པའི་འབྱུང་ཁུངས། ༤རྒྱལ་རབས་བོན་གྱི་འབྱུང་གནས་ལས། ༥གསང་སྔགས་མན་ངག་གནད་ཀྱི་རྫོང་འཕྲང་ལས། ༦ བསྟན་འབྱུང་ནོར་བུའི་མགུལ་རྒྱན། ༧ དར་རྒྱས་གསལ་སྒྲོན། ༨ ལེགས་བཤད་མཛོད། ༩ སྐྱབས་སྟོན་ཁྲོ་འགྲེལ། ༡༠ དཔལ་ཚུལ་བསྟན་འབྱུང་། ༡༡བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་། ༡༢ ཞང་བོད་ལོ་རྒྱུས་ཏི་སེའི་འོད། ༡༣ འབེན་ཚོགས་ལྷ་ཡི་བཀའ་བཟློག ༡༤ སྤྲུལ་སྐུ་བློ་ལྡན་གྱི་བསང་བརྔན། ༡༥ སྲིད་པའི་ལྷ་རྒོད་དྲག་བདར། ༡༦ཏུན་ཧོང་ཡིག་རྙིང་བཅས་ནང་གསལ་བ་གཞིར་བཟུང་ཐོག རང་ཉིད་ལོ་མང་རིང་ས་གནས་དངོས་ལ་མཇལ་སྐོར་སོང་བའི་ཉམས་མྱོང་ཟུང་དུ་སྦྲེལ་གྱིས་ཤེས་ཚོད་མདོར་བསྡུས་ཙམ་ཞིག་ངོ་སྤྲོད་ཞུས་ན།

འདུ་གནས་སོ་བདུན་སྐོར།

  བྱམས་མ་ལས། རྒྱལ་པོ་གཉའ་ཁྲིའི་རིང་ལ་རྒྱུའི་བོན་ཤེས་པ་ཅན་བཅུ་གཉིས་དར་ཏེ། མགོན་ཤེས་ལྷ་བོན་ནས། འགྲོ་ཤེས་འཕྲུལ་བོན་ཡན། དེ་རྣམས་ལ་བོན་ཤེས་པ་ཅན་བཅུ་གཉིས་ཟེར་རོ། ཤིན་ཏུ་དར་ཆེ་བ་བྱུང་ངོ་། །དེ་ནས་ནམ་མཁའ་སྣང་བ་མདོག་ཅན་ལ་བོན་སྐོར་སྤྱི་སྤུངས་ཞུས་ནས་གསུངས་སོ། །དེའི་སྲས་མུ་ཁྲི་བཙན་པོ་ནས་གནམ་གྱི་ཁྲི་བདུན་གྱི་བར་དུ་གསང་སྔགས་ཀྱི་བོན་རྣམས་དང་། ཁྱད་པར་སྤྱི་སྤུངས་ཀྱི་བོན་རྣམས་དར་ཡོད་དེ། རྩ་རྒྱུད་ཉི་སྒྲོན་ལས། མུ་ཁྲིས་སྣང་བ་མདོག་ཅན་ལ། ཁྲོ་བོ་དབང་ཆེན་གྱི་རྒྱུད་གཞུང་མ་བུ་ཚང་པར་ཞུས། ལྷ་རི་གྱང་ཐོ་ལ་བསྒྲུབས་པས། གྲུབ་རྟགས་བསམ་གྱིས་མི་ཁྱབ། ཅེས་དང་། ཡང་བོད་ལ་གཡས་རུ། གཡོན་རུ། དབུས་རུ། རུ་ལག་དང་། འདུ་གནས་སུམ་བཅུ་སོ་[གཉིས་]བདུན་བཞེངས་ཞེས་དང་། ཡང་དེ་ཉིད་ལས། སྲས་མུ་ཁྲི་བཙན་པོས་བསླབ་པའི་དོན་གོ །བསྒྲུབས་པའི་དོན་གྲུབ། བསྒོམས་པས་དོན་རྟོགས་ནས། རྟག་གཟིགས་ལ་སོགས་འཛམ་བུ་གླིང་གི་ལོ་ཙཱ་བསྒྱུར། ཞང་ཞུང་ནས་མཁས་པ་ཆེན་པོ་བརྒྱ་དང་རྩ་བརྒྱད་གདན་དྲངས། བོད་དུ་བོན་གྱི་འདུ་གནས་ཆེན་པོ་སུམ་ཅུ་རྩ་བདུན་ནམ་བཞི་བཅུ་རྩ་ལྔ་བཙུགས་ཞེས་གསུངས་པ་ལྟར། བོན་གྱི་འདུ་གནས་སོ་བདུན་སྐོར་གསལ་བའི་ལུང་ཁུངས་དུ་མ་ཡོད་པ་ལས། གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེའི་གླིང་གྲགས་ལས། དེ་ཡང་འདུ་གནས་ཀྱི་ས་རྣམས་གང་ཡིན་ན། དབུས་ན་ཉི་ཤུ་ཐམ་པ། གཙང་ན་བཅུ་བདུན་ཏེ་སུམ་ཅུ་རྩ་བདུན་ལ། ཞེས་པས་དབུས་རུ་ན་བཅུ་གསུམ། གཡོན་རུ་ན་བདུན། གཡས་རུ་ན་བརྒྱད། རུ་ལག་ན་དགུ་སྟེ་སོ་བདུན་ནོ། །ཞེས་པ་ལྟར་ལུང་གིས་གཞི་དྲངས་ཏེ་རིམ་གྱིས་ངོ་མི་ལྡོག་ཙམ་ཞུ་བ་ལ།

  ༼༡ ༽དེ་ཡང་དབུས་ཀྱི་དབུ་རུ་ན་བཅུ་གསུམ་ཡོད་པ་ལས་དང་པོ་ངན་ལམ་རལ་གསུམ་ནི། སྒྲ་བསྒྲགས་པ་རིན་པོ་ཆེའི་གླིང་གྲགས་ལས། ངན་ལམ་རལ་གསུམ་བོན་གྱི་འདུས་ཚོགས་གནས། ཞེས་དང་། མཛོད་སྒྲ་འགྲེལ་ལས། ངན་ལམ་རལ་གསུམ་བོན་གྱི་འདུ་འཚོགས་གནས། ཞེས་དང་། གླེང་གཞི་བསྟན་པའི་འབྱུང་ཁུངས་ལས། ངན་ལམ་རལ་གསུམ་བོན་གྱི་འདུ་འཚོགས་གནས། ཞེས་དང་། རྒྱལ་རབས་བོན་གྱི་འབྱུང་གནས་ལས། གཉན་ལོ་རལ་གསུམ་བོན་གྱི་གནས། ཞེས་དང་། སྔགས་རྫོང་འཕྲང་ལས། ཁྲི་དང་དུར་ཁྲོད། ཅེས་དང་། བསྟན་འབྱུང་ནོར་བུའི་མགུལ་རྒྱན་ལས། ཁྲ་ཐང་དུར་ཁྲོད། ཅེས་དང་། དར་རྒྱས་གསལ་སྒྲོན་ལས། ངལ་ལན་རལ་གསུམ། ཞེས་དང་། སྐྱབས་སྟོན་ཁྲོ་འགྲེལ་ལས། ངན་ལམ་རལ་གསུམ་བོན་གྱི་འདུ་འཚོགས་གནས། ཞེས་དང་། ལེགས་བཤད་མཛོད་ལས། ངན་ལམ་རལ་གསུམ། ཞེས་དང་། དབང་ཆེན་རྡོ་རྗེས་རྩོམ་པའི་ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བོད་བཙན་པོའི་རྒྱལ་རབས་ཀྱི་མཆན་འགྲེལ་ལས། ངན་ལམ་ཙལ་སར་པ་ནི་ལྷ་སའི་ཀྲི་ཡི་ཕྱོགས་སུ་ཡིན་ཞེས་བཤད། དཔལ་ཚུལ་བསྟན་འབྱུང་སྐལ་པ་བཟང་པོའི་མགྲིན་རྒྱན་ལས། ངན་ལམ་རལ་གསུམ་ནི་བསམ་ཡས་ནས་སྐྱིད་ཤོད་དུ་ཡོང་བའི་བར་གསུངས་པ་སོགས་འབྲི་སྟངས་མི་འདྲ་བ་མང་དུ་འདུག་རུང་། གནས་ཡུལ་ནི། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་དཔལ་ལྡིང་གྲོང་ཚོ། དེང་སྐབས་ཀྲིའི་ལུང་པ་ཞེས་པའི་རང་བྱུང་སྐྱེད་ཚལ་མེ་ཏོག་གླིང་ཁུལ་དུ་འགྲོ་དགོས། དར་རྒྱས་གསལ་སྒྲོན་ལས། ངན་ལམ་གྱི་ལུང་པ་སྲི་བྱ་བ་བྱུང་སླེབ་སྟེ་ཞེས་དང་། ལེགས་བཤད་མཛོད་ལས། དེ་བཞིན་གཅིག་མཚུངས་བྲིས་ཡོད། སྲི་བྱ་བ་ནི་ཀྲི་ཞེས་མིང་འགྱུར་ཡོད་པར་མངོན། ཀྲིའི་ལུང་པའི་ནང་དུ་སོང་ན་གྲམ་པ་ཁོང་གསར་ཞེས་པ་གྲོང་ཚོ་བདུན་པའི་ཤར་ངོས་སུ། མཁར་དམར་དགོན་པ་ཞེས་རྩིག་ཤུལ་དང་སྒྲུབ་ཕུག་བཅས་མཇལ་རྒྱུ་འདུག་པས་འདུ་གནས་དེར་ཡིན་པར་སྙམ། དེ་རུ་ཡིན་མིན་དཔྱད་པར་མཛོད། རི་དེའི་གཤམ་རྒྱ་ཚ་ལུང་པའི་སྨད་དུ་རྒྱ་ཚ་འབུམ་པའམ་བོན་རྒྱོག་ཟེར་བའི་མཆོད་རྟེན་རྙིང་པ་གཅིག་དང་ཆུང་བ་རྩིག་ཤུལ་ས་ཕུང་གི་རྣམ་པ་ཅན་དང་བང་སོ་མང་པོ་བཅས་མཇལ་རྒྱུ་འདུག གསང་སྔགས་རྫོང་འཕྲང་ལས། ཁྲི་དང་དུར་ཁྲོད་ཅེས་པ་དང་། གཞན་ཡང་ཁྲ་ཐང་དུར་ཁྲོད་ཞེས་པ་དེར་མིན་ནམ་སྙམ། དེའི་གཡོན་ཕྱོགས་སུ། ནས་སྤུངས་རི་ཡི་མགོ་ལ་ཕྱིན་ན་རྡོ་རིང་གཤོག་པ་ཅན་ཞེས་པ་དེར་ཡོད། ཁང་གསར་གྲོང་ཚོའི་ནུབ་ངོས་རི་ཁུག་ཏུ་ངམ་སྟག་སྒྲ་ཀླུ་གོང་ངམ་ལོ་ངམ་སྟག་ར་ཀླུ་གོང་གི་བང་སོའི་རྡོ་རིང་གི་ཤུལ་ས་གྲུ་བཞི་དང་རྡོ་གྲུ་བཞི་ཞེས་འབོད་པ་དེར་ཡོད། དེའི་རི་མགོ་རྒྱ་བེད་ལྗོང་དཀར་ཞེས་པའི་བྲག་མགོ་ལ་ཨ་ནེའི་རི་ཁྲོད་གཅིག་ཡོད། དེར་ཕྱོགས་སུ་རྩིག་ཤུལ་མང་པོ་མཇལ་རྒྱུ་འདུག ངམ་སྟག་ར་ཀླུ་གོང་གི་བང་སོའི་རྡོ་རིང་ནི་དེང་སྐབས་ལྷ་སའི་ཕོ་བྲང་པོ་ཏ་ལའི་མདུན་དུ་ཡོད་པའི་ཞོལ་རྡོ་རིང་གཉིས་ཡོད་པའི་ཞོལ་རྡོ་ཕྱི་མ་ཞེས་པ་དེ་ཡིན། རྡོ་རིང་མཐོ་ཚད་རྨིང་བརྒྱད་ཙམ་ཡོད། དེར་གནད་བསྡུས་མ་གཏོགས་རྒྱས་བཤད་མི་དགོས། ཐོག་མར་དགེན་བསམ་གཏན་འགྱུར་མེད་ལགས་ཀྱི་དཔྱད་པ་གསུམ་གྱིས་དག་ཐེར་བྱས་ནས་ངོས་འཛིན་ཁ་གསལ་པོར་གནང་ཡོད་རེད། ལོ་རྗེས་མ་ནས་ཐོན་ལ་ཉེ་བས། དེར་གཟིགས་པར་གྱིས།

  ༼༢༽འདམ་ཤོད་སྣར་མོ་ནི། བསྒྲགས་པ་གླིང་གྲགས་ལས། འདམ་ཤོར་སྣར་མོ་བོན་གྱི་འདུ་འཚོགས་གནས། ཞེས་དང་། མཛོད་སྒྲ་འགྲེལ་ལས། འདམ་ཤོད་སྣར་མོ་བོན་གྱི་འདུ་འཚོགས་གནས། ཞེས་དང་། གསང་སྔགས་རྫོང་འཕྲང་ལས། འདམ་ཤོད་སྣར་མོ། ཞེས་དང་། རྒྱལ་རབས་བོན་གྱི་འབྱུང་གནས་ལས། འདམ་ཤོར་སྣར་མོ་བོན་གྱི་གནས། ཞེས་དང་། དར་རྒྱས་གསལ་སྒྲོན་ལས། འདམ་ཤོད་སྣར་མོ། ཞེས་དང་། ཀུན་མཁྱེན་ཉི་མའི་གསུང་འབུལ་ལས། མཁན་བུ་ག་ཆུ་གཙུག་ཕུད་རྒྱལ་བས་འདམ་ཤོད་སྣར་མར་གཡུང་དྲུང་ཁྲི་འདུས་ལྷ་ཁང་དང་། བྲག་ནག་འདམ་སྒོའི་སུམ་ལག་ཏུ་ཁྲི་འདུལ་གསང་བའི་ལྷ་ཁང་བཞིངས། ཞེས་དང་། དཔལ་ཚུལ་བསྟན་འབྱུང་ལས། འདམ་ཤོད་སྣར་མོ་ནི་གཉན་ཆེན་ཐང་ལྷའི་མདུན་འདམ་གཞུང་གསུངས་པས། གནས་ཡུལ་དངོས་ནི། སྙིང་དྲུང་ཤང་གཉན་ཆེན་ཐང་ལྷའི་མདུན་དྲུང་། བྲག་ནག་ལུང་པའི་གྲོང་ཚོ་དྲུག་པ་དང་། དངུལ་ལུང་པའི་གྲོང་ཚོ་བདུན་པ་གཉིས་གྱི་བར་དེའུ་ཆུང་ཞིག་གི་ཐོག་ཏུ་མཁར་ཤུལ་རྒྱ་ཆེན་པོ་གཅིག་འདུག དེར་འདུ་གནས་སོ་བདུན་གྱི་ནང་ཚན་དབུས་རུའི་འདུ་གནས་བཅུ་གསུམ་གྱི་ཡ་གྱལ་འདམ་ཤོད་སྣར་མོ་དེ་ཡིན་པར་ངེས་པ་སྟེ། འདུལ་བ་གླིང་གྲགས་ལས། ག་ཆུས་བྱང་འདམ་ཤོད་སྣར་མོ་ལྗོངས་སུ། གཡུང་དྲུང་ཁྲི་འདུལ་གྱི་ལྷ་ཁང་བཞེངས། བྲག་ནག་རྟ་མགོ་སུམ་ལག་ཏུ། ཁྲི་འདུལ་གསང་བའི་དགོན་པ་བཞེངས། བོན་གྱི་འཁོར་ལོ་བསྐོར་ཞེས་དང་། དཔལ་ཚུལ་བསྟན་འབྱུང་ལས། དབུ་རུ་འདམ་ཤོད་སྣར་མོ་རུ། གཡུང་དྲུང་ཁྲི་འདུས་འོད་ཀྱི་གསས་ཁང་བཞེངས། བྲག་ནག་རྟ་མགོ་སུམ་ལག་བྱ་བ་རུ། ཁྲི་འདུས་གསལ་བའི་གསས་ཁང་བཞེངས་ཞེས་གསུངས་པས། བྲག་ནག་ནི་གཡོན་ལུང་བྲག་ནག་གྲོང་སྡེ་དང་། རྟ་མགོ་ནི་གཡས་དངུལ་ལུང་ནང་དུ་ཡོད། སུམ་ལག་ནི་དེའི་སུམ་མདོ་ལ་གོ་ཕྱིར། སུམ་མདོའི་དེའུ་འབུར་ཐོག་ཏུ་རྩིག་ཤུལ་རྒྱ་ཆེན་པོ་མཇལ་རྒྱུ་ཡོད་པས་སོ། །དེར་ཡུལ་སྐད་དུ་འབོད་བཞིན་པ་ནི་བོན་དགོན་ཨ་དག་དང་། རྩྭ་ཟད་པ། བོན་དགོན་རྒྱ་ལྡག བོན་དགོན་སྡུག་ལྡག རྩྭ་ཟད་ཐལ་ལྡག་བཅས་མིང་མང་པོ་འབོད་བཞིན་འདུག རི་ཆུང་དེ་ལ་བཙན་འཁོར་འདུག་ཟེར་ནས་རྩི་ཤིང་རྡོ་གསུམ་བེད་སྤྱོད་བྱེད་མི་ཕོད་ཟེར། རྒས་པོ་ལོ་ན་བདུན་ཅུ་ལོན་པ་ཞིག་གིས་བཤད་པ་ལྟར་ན་རིག་གསར་གྱི་སྐབས་སུ་ཤུག་སྡོང་གཡག་རྒྱབ་བཅུ་བཞི་ཙམ་བཅད་བཏུབས་བྱས་པ་ཡིན། དེ་དུས་ནི་བཙན་ཟེར་བའི་གནོད་པ་མི་འདུག བོན་དགོན་འདི་སོག་པོ་ལྗོངས་དཀར་གྱིས་རྩ་གཏོར་བཏང་ཞིང་། ད་ལྟ་སོག་པོའི་སྡེ་འདམ་གཞུང་དུ་མང་པོ་ཡོད་པ་རེད་ཅེས་བཤད། འདམ་རྒྱ་ཤོད་བརྒྱད་ཟེར་བའི་ལོ་རྒྱུས་མང་པོ་ཤོད་སྲོལ་གདའ། ཕྱིས་སུ་མི་འགའ་ཤས་ཀྱིས་བོན་དགོན་དུ་བསང་གཏོང་གི་རེད་ཟེར། འདབས་ཀྱི་ཐང་དེར་མེ་འབར་ཐང་ཡང་ཟེར། གཉན་ཆེན་ཐང་ལྷའི་ཉིན་རྒྱུད་ཡར་མར་དུ་དགོན་ཤུལ་མང་པོ་ཡོད་རབས་བཤད། ཞིབ་ཕྲ་འགྲོ་མ་ཐུབ་པས་དེ་ཙམ་དུ་ལུས།

  ༼ ༣ ༽ འཕན་ཡུལ་བྲག་དཀར་ནི། བསྒྲགས་པ་གླིང་གྲགས་ལས། འཕེན་ཡུལ་བྲག་དམར་བོན་གྱི་འདུ་འཚོགས་གནས། ཞེས་དང་། སྒྲ་འགྲེལ་ལས། ཕན་ཡུལ་དྲང་དཀར་བོན་གྱི་འདུ་འཚོགས་གནས། ཞེས་དང་། རྫོང་འཕྲང་ལས། འཕན་ཡུལ་བྲག་དཀར། དང་། རྒྱལ་རབས་བོན་གྱི་འབྱུང་གནས་ལས། འཕན་ཡུལ་བྲག་དཀར་བོན་གྱི་གནས། ཞེས་དང་། དར་རྒྱས་གསལ་སྒྲོན་ལས། འཕན་ཡུལ་བྲག་དཀར། ཞེས་དང་། སྐལ་བཟང་མགྲིན་རྒྱན་ལས། འཕན་ཡུལ་བྲག་དཀར་ནི་དབུས་རུའི་བྱང་ངོས་འཕེན་པོའི་ནང་གསུངས་པས། གནས་ཡུལ་ནི། ལྷུན་གྲུབ་རྫོང་བྱང་ཁ་ཤང་ལན་པོ་གྲོང་ཚོ་འཕན་ཡུལ་ཙ་རིའམ་ཙ་རི་ཐོག་རྩེ་དང་སྟོང་རྩེ་རི་ཟེར་བའི་བྲག་རི་དཀར་པོ་གཅིག་ཡོད། བྲག་དཀར་འགའ་ཡོད་པའི་ནང་ནས་འཕན་ཡུལ་བྲག་དཀར་ཞེས་པ་དེ་ཡིན་པར་ངེས། འཕན་དཀར་ཡང་ཟེར་སྲོལ་འདུག སྟོང་རྩེ་འམ་སྟོང་བཙན་ཙ་རི་ནི་ཡུལ་མི་ཚོས་བདེ་མཆོག་གི་གནས་རི་ཡིན་ཟེར་ནས་འགངས་ཆེན་ཞིག་བརྩི་གི་ཡོད། སྤྲེལ་ལོའི་ལོར་གནས་མགྲོན་ཡོད་པས། བསྐོར་བ་འགྲོ་མཁན་ཧ་ཀྱང་མང་པོ་ཡོད་རབས་བཤད། རང་ཕྱོགས་ནས་མ་རྒྱུད་ཀྱི་གནས་རི། ལྷོ་ཕྱོགས་འཕན་ཡུལ་རྩ་རིའི་མཁའ་འགྲོ་མ་ཞེས་འཁོད་ཡོད་པ་དེ་ཡིན། མ་རྒྱུད་གྲུབ་ཆེན་ཕྱག་མཆོད་ལས། འཕན་ཡུལ་བྲག་དཀར་ཆུ་གླིང་ན། གྲུབ་ཆེན་ཐོག་འཕྲུལ་སྨུག་བརྗེད་པ། ཆུ་གླང་ཆུ་ལུག་ལོངས་སྤྱོད་འགྱེད། མེ་ཏོག་ནམ་མཁར་གཏོར་བ་ལས། ཡེ་ཤེས་ལྷ་ཡི་སྐུར་གནས་གསལ། བུམ་ཆུས་བྲག་ནག་འགོ་ནས་བཤིགས། ས་ཐེལ་སྒྲོལ་ཞིང་ཞབས་རྗེས་འཇོག །ཤུག་ལྡན་རྩལ་མངའ་ཁྱོད་ཕྱག་འཚལ། ཞེས་དང་། རྒྱལ་རབས་བོན་གྱི་འབྱུང་གནས་ལས། རྒྱལ་པོ་སིང་ཁྲི་བཙད་པོའི་དུས་སུ། སྤེའི་བོན་པོ་ཞིག་ལ་བདུད་ཐེལ་མོ་འདུལ་བར་ཞུས་ཏེ། བྱམས་མའི་སྒྲུབ་པ་མཛད་ནས་བུམ་ཆུ་ཁྱེར་ཏེ། བྲག་གི་མགོ་ནས་བླུགས་པས། ཐོག་ཕོགས་པ་བཞིན་དུ་བཤིག་འགྲོ་བས་སྤེའི་བོན་པོ་ལ་ཡང་། སྤེ་བོན་ཐོག་འཕྲུལ་དུ་བཏགས་སོ། །ཞེས་གསལ། དེར་འགྲོ་ན་ལྷ་ས་ནས་ལྷུན་འགྲུབ་རྫོང་ཁོངས་སུ་སྤྱི་ལེ་བདུན་བཅུ་ལྷག་ཙམ་འགྲོ་དགོས། ལྷུན་འགྲུབ་རྫོང་ནས་མཁར་རྩེ་གྲོང་ཁུལ་བྲག་ཞུར་ཟམ་པ་བརྒལ་ཏེ་བྱང་ཁ་ཤང་དུ་སོང་ན་སླེབས། རི་བསྐོར་ལ་འགྲོ་དགོས་ཚེ་མགྱོགས་པོར་སོང་ན་ཉིན་མ་རེ་ལ་བསྐོར་བ་གཉིས་གསུམ་འཁོར་གི་རེད་ཟེར། ལ་མཐུར་ཆེན་པོ་མེད་ལ་འགྲོ་ལམ་བདེ་ཙམ་འདུག་པས་ཉིན་རེར་བསྐོར་བ་གཅིག་བདེ་མོར་འཁོར་གྱི་འདུག བསྐོར་ལམ་གཡས་ངོས་ཀྱི་རི་རྩེ་ལ་སྐར་མ་གླིང་དགོན་པ་ཟེར་བའི་དགོན་རྙིང་རྩིག་ཤུལ་ཞིག་ཀྱང་འདུག དེར་དཔྱད་པ་བཏང་ན་ཆོག གཤམ་དུ་རྩ་སྦུག་ཨ་ནེའི་དགོན་ཤུལ་འབོད་པ་གཅིག་ཡོད། བྲག་དཀར་ཙ་རི་སྟོང་རྩེ་ཐད་དཀར་ལྷོ་ནུབ་ཏུ་མཐོང་བཞིན་པའི་ནཱ་ལེན་ཊ་ཞེས་པའི་ས་སྐྱའི་དགོན་སྡེ་རོང་སྟོན་ཤེས་བྱ་ཀུན་རིག་བཞུགས་གནས་དེར་འདུག དེར་རྗེ་མཉམ་མེད་པ་ཆེན་པོ་ཡུན་རིང་པོ་བཞུགས་ཡོད། ཐོག་མར་བོན་པོའི་ཡུལ་སྡེ་དང་དགོན་གནས་ཡིན་པ་བཤད་མི་དགོས། ཕྱིས་འབྱུང་རྒྱ་གར་ནས་ནཱ་ལེན་ཊ་ཟེར་བའི་མིང་ཁུར་ནས་དེ་རུ་བཏགས་པ་ཡིན་པར་ཤེས། ཤེལ་ཞིག་ཀུན་བཟང་བསྟན་འཛིན་ནས་འཕན་ཡུལ་བྲག་དཀར་འདུ་གནས་དེར་རེད་གསུང་གི་འདུག་ཟེར། ཡིན་མིན་དཔྱད་པ་མཛོད་ཅིག སྟོང་རྩེ་གནས་རིའི་གཡོན་ཕྱོགས་སུ་དགའ་ལུང་ནང་དུ་ཁྲོ་མོ་བྲག་དགོན་པ་ཟེར་བ་ཕུག་པ་ཧ་ཀྱང་ཆེན་པོ་གཅིག་ཡོད། དེང་སྐབས་འགུ་རུའི་སྒྲུབ་ཕུག་ཏུ་འབོད། སྒྲུབ་གནས་སོ་བདུན་ནང་ཚན་འཕན་ཡུལ་འགྲན་ར་ཕུག་མོ་ཆེ་དེར་ཡིན་པ་ངེས། དེའི་ཤར་ཕྱོགས་སུ་ལྷ་བྲག་དར་ཡུལ་ལུང་པ་ཞེས་པའི་སླེ་ཏྲེང་ཟང་ལུང་བོན་གྱི་དགོན་ཤུལ་ཟེར་བའི་རི་འགོ་དེར་རྩེག་ཤུལ་མང་པོ་མཇལ་རྒྱུ་འདུག་ཟེར། གནའ་བོའི་བོན་དགོན་ཞིག་ཡིན། དེར་འགྲོ་མ་ཐུབ། འཕན་པོ་ལ་སྔོན་མའི་ལོ་རྒྱུས་ནང་དུ་ངན་པོ་དང་ངན་ཆུ་ལ་ཕྱིས་སུ་འཕན་པོ་དང་འཕན་ཆུ་ཞེས་མིང་འགྱུར་སོང་བར་བཤད། དེང་སང་བྱང་ཁ་ཤང་ལེགས་པོ་གྲོང་ལ་ལན་པོ་གྲོང་ཚོ་ཟེར། དེ་ནི་རྗེ་ཙོང་ཁ་པ་ལ་སྟོད་འགག་གཅིག་ཕུལ་བས་ལེགས་སོ་གསུངས་བས། ཡུལ་དེར་ལེགས་པོ་གྲོང་ཚོ་བཏགས་པ་རེད་ཟེར་སྲོལ་འདུག འཕན་ཡུལ་ལ་རྒྱལ་པོ་གཉིས་ཡོད་པས། ཏུན་ཧོང་ཡིག་རྙིང་ལས། ཡུལ་ངས་པོའི་ཁྲ་སུམ་ན། ཉེན་ཀར་རྙིང་པ་ནྀ་ཟིང་པོ་རྗེ་སྟག་སྐྱ་སོ་མཆིས། སྔུར་བའྀ་ཡུ་སྣ་ན་ནི། ཟྀང་པོ་རྗེ་ཁྲི་པངས་སུམ་མཆིས། དེང་སྐབས་མཁར་རྩེ་གྲོང་ཁུལ་མཁར་རྩེ་རྫོང་ནི་ཟིན་པོ་རྗེ་སྟག་སྐྱ་བོའི་རྫོང་ཤུལ་ཡིན་པ་མངོན། ཟིང་པོ་རྗེ་ཁྲི་པང་སུམ་གྱི་རྫོང་ཤུལ་ནི། ལྷུན་འགྲུབ་རྫོང་གི་བྱང་ཤར་ཕྱོགས་སུ་འཕན་པོ་ཡུང་བ་ཡུང་བའི་སྣ་འམ་མཁར་བསྡུ་བ་མཁར་རྔུལ་བ་ཡང་ཟེར་ལོ་རྒྱུས་མང་པོའི་ནང་དུ་བྲིས་ཡོད། དེར་རི་ཡི་གོང་ན་རྫོང་ཤུལ་གཅིག་ཡོད་པ་དེ་ཁྲི་པང་སུམ་སངས་རྫོང་ཤུལ་ཡིན་པར་ཤེས། དཔལ་གླིང་ཤང་། དེ་གོང་གྲོང་ཚོ་ན་དགོན་པ་གཅིག་ཡོད། དེ་བཙན་པོ་མུ་ཁྲི་བཙན་པོ་ཡིས། ཆོས་སྡེ་ཆེན་པོ་དཔལ་ལྡན་གསས་ཁང་བཏབས་ཞེས་བཤད། དེ་བཞིན་འཕན་པོའི་ནང་དུ་དགོན་པ་ཧ་ཀྱང་མང་པོ་ཡོད། 

  ༼༤༽མ་དྲོ་བ་རབ་ནི། མཛོད་སྒྲ་འགྲེལ་ལས། མ་དྲོས་བ་རབ་བོན་གྱི་འདུ་འཚོགས་གནས། ཞེས་དང་། རྫོང་འཕྲང་ལས། མལ་གྲོ་བལ་རབ་དང་། བསྟན་འབྱུང་ལས། དབུས་རུ་ཤར་ལྷོ་ཕྱོགས་མར་དྲོའི་ས། ཞེས་དང་། བསྒྲགས་པ་གླིང་གྲགས་ལས། མལ་གྲོས་གསས་མཁར་བོན་གྱི་འདུ་འཚོགས་གནས། ཞེས་དང་། གླེང་གཞི་བསྟན་པའི་འབྱུང་ཁུངས་ལས། མལ་དྲོ་བ་རབ་བོན་གྱི་འདུ་འཚོགས་གནས། ཞེས་དང་། རྒྱལ་རབས་བོན་གྱི་འབྱུང་གནས་ལས། མལ་གྲོ་བ་ར་བོན་གྱི་གནས། ཞེས་དང་། དར་རྒྱས་གསལ་སྒྲོན་ལས། མལ་དྲོས་ར་བ། ལེགས་བཤད་མཛོད་ལས། མལ་དྲོ་བ་རབ་ཅེས་སོགས་གསུངས་པས། གནས་ཡུལ་ནི། ལྷ་ས་གྲོང་ཁྱེར་མལ་དྲོ་གུང་དཀར་རྫོང་། གུང་དཀར་གྲོང་རྡལ་བ་རབ་གྲོང་ཚོའི་གཉའ་ལྟག་རི་མཚམས་སུ་སྔོན་མ་དགོན་ཤུལ་དང་མཆོད་རྟེན་ཤུལ་བཅས་ཡོད་པར་བཤད། མལ་དྲོའི་འདུ་གནས་ཆགས་ཤུལ་དེར་ཡིན་པར་ངེས། དེང་སྐབས་ཁ་ལོ་བའི་སློབ་རར་བཟོས་ནས་རྩ་གཏོར་དུ་བཏང་འདུག བ་རབ་རིའི་མགུལ་དུ་གཡག་མགོ་འོག་མ་ཞེས་པའི་སར། གནའ་བོས་རྩིག་ཤུལ་མང་པོ་དང་མཆོད་རྟེན་རྙིང་པ་གསུམ་བཞི་བཅས་མཇལ་རྒྱུ་འདུག རེ་འགའ་བང་སོ་ཡིན་པའི་རྣམ་པ་འདྲ་འདུག དེང་སྐབས་དག་པ་དགོན་ཞེས་འབོད། དེར་དཔྱད་པ་གཏོང་ན་ཆོག་གི་རེད། གཡོན་ཕྱོགས་སུ་སྒྲུབ་ཕུག་མིང་ཆེན་འགའ་འདུག བ་རབ་གྲོང་ཚོའི་ཕ་རོལ་དུ་ཀ་ཚལ་དགོན་པ་ཞེས་པ་དེ་སྔོན་མ་བོན་པོའི་དགོན་པ་ཡིན་པའི་ལོ་རྒྱུས་ཡོད་པས་མ་དྲོ་བ་རབ་ཀྱི་འདུ་གནས་དེ་རུ་ཡིན་མིན་དཔྱད་དགོས་པར་སྣང་། བ་རབ་གྲོང་ཚོ་ཞེས་པའི་སར། རྒན་རབས་རྣམས་ཀྱི་ངག་རྒྱུན་དུ་སྔོན་དུད་ཚང་ཞིག་ལ་ཨ་མ་བ་འདྲ་བ་ཞིག་ལ། བུ་ཕྲུག་ར་འདྲ་བ་ཞིག་ཡོད་པས་བ་རབ་ཞེས་འབོད་ཟེར། ཡང་བཤད་སྟངས་གཅིག་ལ། ཨ་མ་བ་འདྲ་བ་ལ། བུ་ཕྲུག་ཡ་རབས་གཅིག་ཡོད་པས་བ་རབ་ཅེས་འབོད་སྲོལ་ཡོད་པར་བཤད། ཕྱིས་སུ་རྗེ་ཙོང་ཁ་པ་སྦྱིན་བདག་གཅིག་གི་ཁྱིམ་དུ་དགོང་མོ་ཉལ་སྐབས། མལ་ས་དྲོ་མོ་ལ་གནམ་གོང་ནི་དཀར་པོ་རེད་ཅེས་གསུངས་པས་མལ་དྲོ་གོང་དཀར་ཐོགས་པ་རེད་ཡང་ཟེར། མ་དྲོ་ནི་ཕྱིས་སུ་བཏགས་པ་མ་ཡིན། ཏུན་ཧོང་གཏེར་ཡིག་བཙན་མོ་སད་མར་ཀར་གྱི་མགུལ་གླུ་ལས། མལ་དྲོ་ནི་ཀླུམ་(ཀླུང)ལ་ཉེ། རླུང་བུ་ནི་སིལ་སིལ་ལྡང་། ཡང་མལ་ཏྲོ་ནྀ་ཀླུམ་ལ་ཉེ། སྐྱི་བསེར་ནི་སྤུ་རུ་རུ་ཞེས་གསལ། མལ་དྲོས་ཉེ་སར་དུ་ཀླུང་ཤོད་ཞེས་པའི་ས་གནས་གཅིག་ཡོད་རབ་བཤད། 

  ༼༥༽ཤུན་གྱི་བྲག་དམར་ནི། མཛོད་སྒྲ་འགྲེལ་ལས། ཆུན་གྱི་བྲག་དབར་བོན་གྱི་འདུ་འཚོགས་གནས། ཞེས་དང་། གསང་སྔགས་རྫོང་འཕྲང་ལས། ཤུན་གྱི་བྲག་དམར། བསྒྲགས་པ་གླིང་གྲགས་ལས། ཕུན་གྱི་བྲག་དམར་རམ་ཤུན་གྱི་བྲག་དམར་བོན་གྱི་འདུ་འཚོགས་གནས། ཞེས་དང་། རྒྱལ་རབས་བོན་གྱི་འབྱུང་གནས་ལས། ཆུན་གྱི་བྲག་དམར་བོན་གྱི་གནས། ཞེས་དང་། ལེགས་བཤད་མཛོད་ལས། ཤུན་གྱི་བྲག་དམར། ཞེས་དང་། ཞང་བོད་ཏི་སེའི་འོད་ལས། ཤུན་གྱི་བྲག་དམར་བོན་གྱི་འདུ་ཚོགས་གནས། ཞེས་དང་། དར་རྒྱས་གསལ་སྒྲོན་ལས། མཆིན་གྱི་བྲག་དམར། ཞེས་དང་། དཔལ་ཚུལ་བསྟན་འབྱུང་ལས། མཆིམས་གྱི་བྲག་དམར་དང་བསམ་ཡས་མཆིམས་ཕུ་གསུངས་པས། བསྒྲགས་གླིང་སོགས་ལས་ཕུན་ནམ་ཤུན་གྱི་བྲག་དམར་བོན་གྱི་འདུས་ཚོགས་གནས། ཞེས་དང་། སྐྱབས་སྟོན་ཁྲོ་འགྲེལ་ལས། ཆུན་གྱི་བྲག་དམར་ཡང་ཟེར་དེ་ལ་སོགས་པའི་འབྲི་སྲོལ་མི་འདྲ་བ་མང་པོ་འདུག གང་ལྟར་ན་འདུ་གནས་ཤུན་གྱི་བྲག་དམར་ནི། བན་བོན་ཁག་གི་ལོ་རྒྱུས་མང་པོའི་ནང་དུ་ལྷ་སའི་ཤེལ་གྱི་བྲག་དཀར་རྩེ་རྫོང་དེ། ཤུན་གྱི་བྲག་དམར་ཡིན་པ་གསལ་པོ་འདུག་པས་དེ་ལྟར་ངེས་པར་གྱིས། བྲག་དཀར་རྩེ་རྫོང་གྱི་གཤམ་དུ་གྲོང་སྡེ་ལ་ཤུན་གྱི་གྲོང་ཞེས་འབོད་འདུག མ་ཚད་པ་དགེན་བསམ་གཏན་འགྱུར་མེད་ནས་དཔྱད་ཞིབ་ཁ་གསལ་པོ་གནང་ཡོད་པས། རྒྱས་བཤད་མི་དགོས། 

  ༼༦༽ཧས་པོ་ཁྲི་ཐང་ནི། བསྒྲགས་གླིང་ལས། ཧས་པོ་ཁྲི་ཐང་བོན་གྱི་འདུ་འཚོགས་གནས། ཞེས་དང་། སྒྲ་འགྲེལ་ལས། ཧས་པོ་ཁྲི་ཐང་བོན་གྱི་འདུ་འཚོགས་གནས། ཞེས་དང་། རྒྱལ་རབས་བོན་གྱི་འབྱུང་གནས་ལས། ཧས་པོ་རི་ཐང་བོན་གྱི་གནས། ཞེས་དང་། དར་རྒྱས་གསལ་སྒྲོན་ལས། ཧས་པོ་ཁྲི་ཐང་། ཞེས་དང་། འགྲོ་མགོན་མཛོད་འགྲེལ་ལས། ཧས་པོ་རི་ཐང་། ཞེས་དང་། སྐལ་བཟང་མགྲིན་རྒྱན་ལས། ཧས་པོ་རི་ཐང་ནི་བསམ་ཡས་ཧས་པོ་རིའི་གཞུང་ཞེས་སོགས་གསུངས་པས། གནས་ཡུལ་ནི། བསམ་ཡས་དགོན་པ་དང་ཧས་པོ་རི་ཡི་ཉེ་འདབ་ཤར་ངོས་སུ། ཧས་པོ་དུར་ཁྲོད་ཡོད་སར་སྔོན་བྷོ་ཏི་ས་ཏོའི་མཆོད་རྟེན་ཡོད་སའི་ས་ཕྱོགས་དེར་ཡིན་པར་ངེས། ཧས་པོ་རི་ནི་ཡོངས་གྲགས་ཡིན། བླ་ཆེན་དྲན་པ་ནམ་མཁའ་དང་ལི་ཤུ་སྟག་རིང་ཁུ་བོན་མཐོང་གྲགས་བཅས་ཀྱི་སྒྲུབ་གནས་དང་། མཁའ་འགྲོ་ཅོ་ཟ་བོན་མོ་ཕུང་པོ་ལྷག་མེད་དུ་གཤེགས་པའི་གནས་བཅས་ཡིན། རྒྱས་བཤད་མི་དགོས། ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་གི་གཙང་ཆུ་ཕར་ཀའི་བྱང་ཐད་དུ་ཡོད། 

  ༼༧༽ལྷ་སའི་ཡེར་པ་ནི། བསྒྲགས་པ་གླིང་གྲགས་ལས། ལྷ་ས་ཡེར་པ་བོན་གྱི་འདུ་འཚོགས་གནས། ཞེས་དང་། སྒྲ་འགྲེལ་ལས་དེ་བཞིན་གསུངས། གསང་སྔགས་རྫོང་འཕྲང་ལས། ལྷ་ས་ནེ་རིང་། ཞེས་དང་། རྒྱལ་རབས་བོན་གྱི་འབྱུང་གནས་ལས། ལྷ་ས་ཡེར་པ་བོན་གྱི་གནས། ཞེས་དང་། ལེགས་བཤད་མཛོད་ལས་ལྷ་ས་ཡེར་པ། ཞེས་གསུངས། དཔལ་ཚུལ་བསྟན་འབྱུང་ལས་ལྷ་ས་ཡེར་པ་ནི་སྐྱིད་ཆུའི་རྒྱུད་ལྷ་སའི་གཞུང་གསུངས་པས། དེང་སང་ཡོང་གྲགས་སུ་ལྷ་སའི་བྲག་གཡེར་པ་འབོད་པ་དེ་ཡིན། གནས་ཡུལ་ནི། སྟག་རྩེ་རྫོང་གཡེར་པ་ཤང་ལྷ་ས་ནས་རྔ་ཆེན་ལམ་རྒྱུད་དེ་སོང་ན་བྲག་ཡེར་པར་སླེབས། དེར་བོན་གྱི་འདུས་གནས་དང་སྒྲུབ་གནས་གཏེར་གནས་བཅས་ཡིན། རྒྱས་བཤད་མི་བྱ། 

  ༼༨༽གནམ་གྱི་རི་གོང་ནི། སྒྲ་འགྲེལ་ལས། སྣོམ་གྱི་རེ་གད་བོན་གྱི་འདུ་འཚོགས་གནས། ཞེས་དང་། བསྒྲགས་གླིང་ལས། རྣམ་གྱི་རེ་མདའ་བོན་གྱི་འདུ་ཚོགས་གནས། ཞེས་དང་། རྫོང་འཕྲང་ལས་གནམ་གྱི་རེ་གད་དང་། ལེགས་བཤད་མཛོད་ལས། གནམ་གྱི་ར་གད་ཅེས་གསལ། དར་རྒྱས་གསལ་སྒྲོན་ལས་གནམ་གྱི་ར་གོང་དང་། སྐྱབས་སྟོན་ཁྲོ་འགྲེལ་ལས་གནམ་གྱི་རེ་གད། རྒྱལ་རབས་བོན་གྱི་འབྱུང་གནས་ལས། སྣམ་གྱི་རེ་གད་བོན་གྱི་གནས། ཞེས་དང་། བསྟན་འབྱུང་ནོར་བུའི་མགུལ་རྒྱན་ལས་གནམ་གྱི་རེ་གདོང་། སྐལ་བཟང་མགྲིན་རྒྱན་ལས་གནམ་གྱི་རེ་གོང་ནི། དབུ་རུའི་ནང་ལྷ་ས་དང་ཆུ་ཤུལ་བར་སྐྱིད་ཆུའི་ལྷོ་ཡི་ཆུ་འགྲམ་ཞེས་གསུངས་པས། གནམ་ཞེས་པའི་ས་མིང་འགའ་ཡང་སྣང་། གནས་ཡུལ་ནི། གནམ་ཞེས་པ་ཆུ་ཤུར་རྫོང་གནམ་ཤང་གནམ་གྲོང་ཚོའི་ལུང་པའི་ཕུ་ལ། ཉམས་སྣང་དགོན་པ་དང་གནམ་འབྲུག་དགོན་པའི་ཕྱོགས་སུ་ཡིན་པར་སྙམ། དགོན་པའི་ལོ་རྒྱུས་ནང་དུ་འགྲོ་མགོན་གཙང་པ་རྒྱ་རས་དཔོན་སློབ་རྩེ་བོ་བ་བྱོན་སྐབས་གདན་ས་འདེབས་པའི་ས་གནས་གནམ་ཞེས་པ་དེར་འབྲུག་མ་བུ་དགུ་བབས་ནས་འབྲུག་སྐད་ལེན་གསུམ་གྲགས་པའི་རྟེན་འབྲེལ་ལ་བརྟེན་ནས་གདན་སའི་མཚན་ལ་འབྲུག་དུ་བཏགས་ཤིང་གསུངས་པས། དེང་སྐབས་གནམ་འབྲུག་སེ་བ་དགོན་ཞེས་འབོད། ལུང་པ་དེར་མིང་ལ་གནམ་ཞེས་འབོད་པས་དེ་ལྟར་དཔྱད་དགོས་པར་འདུག ཁ་ཅིག་གིས་ཆུ་ཤུར་རྫོང་མཉེས་ཐང་ཤང་ཁོངས། རྭ་སྟོད་ཕྱོགས་སུ་ངོས་འཛིན་པ་ཡོད་ཀྱང་། དེ་རུ་ར་སྟོད་དགོན་པ་ཟེར་བའི་དགེ་ལུགས་པའི་དགོན་པ་གཅིག་ཡོད་པ་དེ། ཐོག་མར་བོན་དགོན་དང་ཕྱིས་སུ་བན་དགོན་དུ་འགྱུར་བར་གསུངས། དགོན་པའི་ནང་དུ་བོན་པོས་སྦུབ་ཆོལ་བསྟན་འཛིན་ཉི་མ་རྒྱང་གྲགས་ཅན་ཞེས་པ་དང་། དཔེ་རྙིང་སོགས་བཅའ་དངོས་འགའ་ཡོད་རབས་བཤད། དེར་རྭ་སྟོད་དགོན་པའི་ལུང་ཕུགས་ནས་ཡར་སྤྱི་ལེ་ལྔ་ཡན་མན་ཙམ་ཕྱིན་ན་རི་སྐད་དུ་གནའ་བོའི་བོན་དགོན་ཆགས་ཤུལ་ཞིག་དང་དུར་ཁྲོད་གོང་འོག་གཉིས་བཅས་ཡོད་པ་སྨོན་རྒྱལ་རང་གྲོལ་ཉི་མ་རྒྱལ་མཚན་ནས་གསུངས། ཕར་ཐད་དུ་ཆོས་བཟང་དགོན་པ་ཟེར་བའི་དགོན་ཤུལ་ཆེན་པོ་ཧ་ལས་ཡ་གཅིག་ཡོད། བཤད་སྟངས་ལ་ས་སྐྱའི་དགོན་པ་ཡིན་རབས་གདའ། དེང་སྐབས་རྭ་སྟོད་ཕྱོགས་སུ། གནམ་གྱི་རེ་གོང་དང་། གནམ་གྱི་རེ་གདོང་། གནམ་གྱི་ར་གད་བཅས་ཀྱི་ཐ་སྙད་ལ་གཞིག་ནས་དེའི་ཕྱོགས་ལ་འབྲེལ་བ་ག་ཚད་ཡོད་མེད་བརྟག་དཔྱད་དགོས། རང་ཉིད་དེར་འགྲོ་རྒྱུ་མ་བྱུང་། ཡང་གཅིག་ན་གནའ་སྔ་མོར་གནམ་ཞེས་པ་ཡངས་པ་ཅན་གྱི་ས་ཁོངས་སུ་ཡིན་པར་བཤད། པདྨ་སམྦྷ་ཝ་བོད་དུ་ཕེབས་དུས། ཐང་ལྷ་དམ་འོག་ཏུ་བཞུགས་པའི་དགོངས་པ་མཛད་ནས། འུ་ཡུག་ནས་གནམ་གྱི་ཆུ་ཁོལ་དུ་བྱོན་ཏེ། ཞེས་རྦ་བཞེད་ལས་གསལ། ཡངས་པ་ཅན་ལ་ད་ལྟའང་ཆུ་ཁོལ་མང་པོ་འདུག དར་རྒྱས་གསལ་སྒྲོན་ལས། དེ་ནས་ཨ་ཙ་ར་མི་གསུམ་གྱིས། སྟོད་ལུང་ནས་ཐོན་ནས། བྱང་གི་གནམ་གོང་འགྲིམ་ནས་ཡར་འོང་བ་དང་། ཞེས་གསལ། གནམ་ཞེས་པའི་ས་མིང་འགའ་ཡང་སྣང་། ཀརྨ་བཀའ་རྒྱུད་པའི་ལོ་རྒྱུས་ནང་དུ། ཀརྨ་པ་འདམ་གཞུང་གནམ་ལ་སླེབས་ནས་མཚུར་ཕུ་ལ་ལོག་གསུངས། གནམ་ལྷ་རྗེས་གངས་རིའི་ར་བ་ལ་དགོན་གཞི་འཛུགས་གསུངས་པས། བཀའ་རྒྱུད་པའི་དགོན་པ་ཞིག་རྒྱབ་པར་སྣང་། དེང་སྐབས་སུ་གངས་རི་ར་བས་བསྐོར་ཞེས་པ་ནི། ད་ལྟའི་གཉན་ཆེན་ཐང་ལྷའི་རི་རྒྱུད་ཀྱི་གངས་རི་དེ་ལ་ཟེར་བ་ཡིན། དེང་སྐབས་ཡངས་པ་ཅན་ཀྲིང་། གྲོང་ཚོ་དང་པོ་སར་བཀའ་རྒྱུད་པའི་དགོན་པ་བདེ་ཆེན་ཡངས་པ་ཅན་དགོན་ནམ། ཡངས་ཅན་དགོན་ནམ་གནམ་རྩེ་སྡིང་གོང་ཞེས། མཚན་རྒྱས་པ་ལ་ཡངས་ཅན་གང་གྱི་ར་བ་ཟེར། ཕྱིས་སུ་རྒྱ་གར་ཡངས་པ་ཅན་ཞེས་པའི་མིང་ཁུལ་ནས་འདིར་བཏགས་པར་མངོན་གསལ་རེད། དེར་ཕར་རོལ་ཤར་ཕྱོགས་སུ་ཡངས་པ་ཅན་གྲོང་ཚོ་བདུན་པའི་སར། གནམ་གསེར་ཏིང་དགོན་ཞེས་པ་གནའ་བོའི་བོན་གྱི་དགོན་ཤུལ་གྱང་རལ་འགའ་ཡོད། དེར་ཡུལ་མིས་གནའ་བོའི་བོན་པོས་དགོན་པ་ཡིན་རབ་བཤད། རྒྱབ་རི་བྲག་དམར་མདུན་དུ་རྟེན་མཁར་རྙིང་པ་ལྷ་བསྭོ་ས་བསང་མཆོད་འབུལ་ས་དང་དགོན་ཤུལ་ཟུར་དུ་དུར་ཁྲོད་རྙིང་པ་བཅས་ཡོད། ཡུལ་མིས་བྲག་དམར་དེ་བཙན་འཁོར་རབ་བཤད་ནས་ཀྲག་སྣང་བྱེད་འདུག གནམ་གསེར་གཏིང་བོན་དགོན་ཞེས་པ་གནམ་གྱི་སྐོར་ལ་དཔྱད་དགོས། ཡང་བཤད་སྟངས་གཅིག་ལ་གནམ་གླིང་རྫོང་ཁོངས་མཁར་རྩེ་ཤང་གཙང་ཆུ་ཕར་རིའི་ལྷོ་ངོས་སུ་གུང་ལྡུམ་ཞེས་པའི་སར་གནའ་དུས་བོན་པོའི་དགོན་པ་རེད་ཟེར། དགོན་ཞིག་རྩིག་ཤུལ་མང་པོ་མཇལ་རྒྱུ་ཡོད། འོག་ཏུ་མཆོད་རྟེན་ཞིག་ཤུལ་འགའ་སྣང་། དགོན་ཤུལ་གྱི་ཐོད་དུ་བྲག་ཕུག་གཏིང་རིང་བ་ལོ་ན་རྒས་པོ་རྣམས་ཧ་ཅང་བགྲོད་དཀའ་བ་མདའ་དོག་པོར་ཡོད་པ་རང་བྱུང་གི་ཅོང་གཞི་ལས་གྲུབ་པའི་བྲག་ཕུག་ངོ་མཚར་ཅན་ཞིག་མཇལ་རྒྱུ་ཡོད། ཟུར་དུ་གནའ་བོའི་བྲག་རྐོས་ཐོག་ཏུ་དཔལ་གྱྀ་གཡུང་དྲུང་ཞེས་སོགས་མཇལ་རྒྱུ་ཡོད། གནམ་གླིང་ཞེས་པའི་གནམ་དེ་མིང་ག་དུས་བཏགས་ཡོད་པ་མ་ཤེས། 

  ༼༩༽གནམ་མཚོའི་དོ་རིང་ནི། བསྒྲགས་གླིང་ལས། གནམ་མཚོ་དོ་རིང་བོན་གྱི་འདུ་འཚོགས་གནས། ཞེས་དང་། སྒྲ་འགྲེལ་ལས་དེ་བཞིན་དང་། རྫོང་འཕྲང་ལས། ནམ་མཚོ་ཕྱུག་མོ་བྱང་ན་ཡོད། རྒྱལ་རབས་བོན་གྱི་འབྱུང་གནས་ལས། གནམ་མཚོ་དོ་རིང་བོན་གྱི་གནས། ཞེས་དང་། དཔའ་ཚུལ་བསྟན་འབྱུང་ལས། གནམ་མཚོ་དོ་རིང་ནི་གོ་སླ་གསུངས་པས། གནས་ཡུལ་ནི། འདམ་གཞུང་རྫོང་ནས་བྱང་དུ་ལ་རྒན་ལ་བརྒལ་ཏེ་སོང་ན། ཡུམ་སྲས་ཀྱི་གནས་རི་བྱང་གནམ་མཚོ་ཕྱུག་མོ་མཇལ། མཁའ་འགྲོ་ཀྱེ་མ་འོད་མཚོའི་བྱིན་གྱིས་བརླབས་པའི་གནས་ཡིན། དོ་རིང་ནི་གནམ་མཚོའི་བྱང་ཕྱོགས་སུ་ཡོད་ཆོས་ཕྱོགས་ནས་བདུད་རི་ཡང་ཟེར་ལ། དོ་རིང་སྟོང་རྒྱུང་བཞུགས་གནས་ཡང་ཟེར། དེང་སྐབས་འབོད་བཞིན་པའི་གནམ་མཚོ་དོ་རིང་ནི་དེ་རང་ཡིན། གནམ་མཚོ་ལ་དོ་ཆེན་བཅོ་བརྒྱད་ཟེར་ནས་རེ་རེ་བཞིན་མིང་འབོད་རྒྱུ་ཡོད། དེ་ནང་དོ་རིང་ཟེར་བ་དེ་རང་ཡིན། བཀྲ་ཤིས་དོ་ལ་ཡོད་པའི་དགའ་ལོ་ཕུག་འབོད་པ་དེ་སྟོང་རྒྱུང་གི་སྒྲུབ་ཕུག་ཡིན། དེང་སྐབས་ཡུལ་སྐོར་གྱི་ས་ཚིགས་སུ་གྱུར། གནམ་མཚོའི་བྱང་ནུབ་དུ་བྱ་དོ་དགོན་ཞེས་སྒྲུབ་ཕུག་མང་པོ་དང་། གྱང་རལ་ཞིག་ཤུལ་ཧང་སོང་དགོས་ཡག་དང་སྟོང་རྒྱུང་རང་བྱུང་ངོ་མཚར་ཅན་བཅས་མཇལ་རྒྱུ་ཡོད། དེར་ཕྱོགས་སུ་དཔྱད་པ་གཏང་ན་ཆོག་གི་ཡོད།

  ༼༡༠༽སྟོད་རོལ་ལུང་གསུམ་ནི། བསྒྲགས་པ་གླིང་གྲགས་ལས། སྟོང་རེས་ལུང་གསུམ་བོན་གྱི་འདུ་འཚོགས་གནས། ཞེས་དང་། སྒྲ་འགྲེལ་ལས། སྟོད་རོལ་ལུང་གསུམ་བོན་གྱི་འདུ་ཚོགས་གནས། ཞེས་དང་། རྫོང་འཕྲང་ལས། སྟོད་རོལ་ལུང་གསུམ་དང་། རྒྱལ་རབས་བོན་གྱི་འབྱུང་གནས་ལས། སྟོད་རས་ལུང་གསུམ་བོན་གྱི་གནས། ཞེས་དང་། དཔལ་ཚུལ་བསྟན་འབྱུང་ལས། སྟོད་རོས་ལུང་གསུམ་ནི་སྟོད་ལུང་ནང་གསུངས་པས། སྟོད་ལུང་། འབྲི་ལུང་། སྐྱོར་མོ་ལུང་གསུམ་ལ་སྟོད་རོལ་ལུང་གསུམ་ཟེར། གནས་ཡུལ་དངོས་ནི། སྟོད་ལུང་ནང་འབྲི་ལུང་དགོན་ཤུལ་ཡོད་ས་དེར་ཡིན། དེང་སྐབས་ལྷ་སའི་བོན་པོ་ཚོས་རླུང་རྟ་དང་བསང་མཆོད་འབུལ་ས་ཆེ་ཤོས་བྱེད་ཀྱིན་ཡོད། དགོན་ཤུལ་ནས་ཡར་ཆུ་ཚོད་ཕྱེད་ཙམ་སོང་ན་ཞང་སྟོན་སྒྲུབ་ཕུག་ངོ་མཚར་ཅན་མཇལ་རྒྱུ་ཡོད། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་གྲོང་རྡལ་འབྲོག་མོ་ཞང་སྟོན་གྲོང་ཚོར་གནས་ཡོད། འབྲི་ལུང་དགོན་ཤུལ་གྱི་གཡས་ཕྱོགས་ནས་རིམ་བཞིན་རི་ཡི་མིང་ནི། གསེར་རི། ཐང་ལྷ་ཟེ་ཟེ། ལུང་པ་དེའི་ཕུགས་རྫ་རི་སྔོན་དམར་མཚམས་སུ་གངས་རི་དེའི་གཤམ་དུ་ཡུལ་མིས་འབོད་བཞིན་པའི་སྲིད་རྒྱལ་བླ་མཚོ་ཟེར་བ་མཇལ་རྒྱུ་ཡོད། དེངས་སྐབས་གངས་རི་ཞུ་སུང་བས་མི་འདུག མགུལ་ལྷ་བཅུ་གསུམ་གྲལ་ཡིན་དགོས་པར་སྣང་། གཡོན་ཕྱོགས་ཀྱི་རི་དེར་གཤང་མོ་རི་ཟེར། དེའི་མཚམས་རི་དེར་སྨུག་རི་ཟེར། གཤང་མོ་རི་འབོད་པ་དེ་ཞང་དམ་པ་ཚུལ་ཤེས་ཀྱིས་གཤང་གཏེར་ནས་བཞེས་པའི་ས་གནས་ཡིན་ཟེར། དེང་སྐབས་གཤང་དང་སྒྲུབ་དུང་དེ་གཉིས་འབྲི་ལུང་དགོན་ཤུལ་གྱི་མར་ཞབས་གྲོང་སྡེའི་ནང་དུ་ཡོད། བོད་ཟླ་བཞི་པའི་ཚེས་བཅོ་ལྔ་ལ་སྤྱི་རིམ་སྐབས་གདན་འདྲེན་བྱེད་ནས་མཇལ་ཁ་ཡོད། སྔོན་མའི་རྒན་རབས་ཚོས་བཤད་སྲོལ་ལ། གཤང་དང་སྒྲུབ་དུང་དེ་གཉིས་འབྲི་ལུང་དགོན་སྡེ་མ་གཏོགས་ས་གནས་གཞན་དག་ལ་ཁུར་སོང་ན། ལོ་ཉེས་སད་སེར་ཡོང་གི་རེད་ཟེར་ནས་བཤད་སྲོལ་འདུག

  ༼༡༡༽སྐྱིད་ཤོད་ལུང་ནག་ནི། བསྒྲགས་པ་གླིང་གྲགས་ལས། སྐྱི་ཤོར་ལུང་ནག་བོན་གྱི་འདུ་འཚོགས་གནས། ཞེས་དང་། སྒྲ་འགྲེལ་ལས། སྐྱི་ཤོད་ལུང་ནག་བོན་གྱི་འདུ་འཚོགས་གནས། ཞེས་དང་། གླེང་གཞི་བསྟན་པའི་འབྱུང་ཁུངས་ལས། སྐྱི་ཤོད་ལུང་ནག་བོན་གྱི་གནས། ཞེས་དང་། རྒྱལ་རབས་བོན་གྱི་འབྱུང་གནས་ལས། སྐྱི་ཤོད་ལུང་ནག་བོན་གྱི་གནས། ཞེས་དང་། རྫོང་འཕྲང་ལས་སྐྱེ་ཤོད་ལུང་ནག དར་རྒྱས་གསལ་སྒྲོན་ལས། ཀྱིད་ཤོད་ལུང་ནག དཔལ་ཚུལ་བསྟན་འབྱུང་ལས། སྐྱིད་ཤོད་ལུང་ནག་ནི་སྐྱིད་ཤོད་ལྷོ་རྒྱུད་གསུངས་པས། གནས་ཡུལ་ནི། ཆུ་ཤུར་རྫོང་ཟམ་ཆེན་བརྒལ་ཏེ་གུང་དཀར་རྫོང་གི་འགྲོ་ལམ་བརྒྱུད་ནས་དཔལ་ཆེན་ཆུ་བོ་རི་ཡི་གཡས་ཕྱོགས་རི་རྒྱུད་སྐྱིད་ནག་ཟེར་བའི་ས་ཆ་དེར་སླེབས། སྔོན་མ་ནགས་ཚལ་མང་པོ་ཡོད་པར་བཤད། དེའི་མཐོ་སའི་རི་ཁུག་ཏུ་ཚེ་ཆུ་སྒྲུབ་སྡེ་དགོན་ཞེས་པའི་དགེ་ལུགས་དགོན་པ་གཅིག་ཡོད། དེའི་གཡས་གཡོན་དུ་གྱང་རལ་མཁར་ཤུལ་མང་པོ་འདུག དགོན་པ་དེའི་ལོ་རྒྱུས་ནང་དུ་དབུས་གཙང་རུ་བཞིའི་ཁོངས་ནས་གཡོན་རུའི་ཕྱོགས་སུ་གཏོགས་པ། སྲིད་པའི་ཆུ་ཀླུང་ཆེན་པོ་ཡར་ཆབ་གཙང་པོ་དལ་གྱིས་རྒྱུགས་པའི་ལྷོ་རྒྱུད་ཀྱི་འགྲམ་ངོགས། གཡོར་སྟོད་སྤྱིད་ནགས་ཞེས་སྔོན་དུས་དབུས་གཙང་ཁྲི་སྐོར་བཅུ་གསུམ་ལས་སྡེ་དཔོན་ཕག་གུའི་མངའ་ཁོངས་སུ་གཏོགས་ཤིང་། དགོན་པ་བརྒྱ་དང་བརྒྱད། སྒྲུབ་ཕུག་བརྒྱ་དང་བརྒྱད། མཆོད་རྟེན་བརྒྱ་དང་བརྒྱད། དུར་ཁྲོད་བརྒྱ་དང་བརྒྱད། ཆུ་མིག་བརྒྱ་དང་བརྒྱད་བཅས་ཡོད་པར་བཤད་ལ་ཡུལ་མིས་ཤོད་སྲོལ་ཡང་འདུག ཡུལ་དེར་སྤྱི་ནག་ཟེར་དུས་སྤྱི་ཤོད་ལུང་ནག་དེའི་ཕྱོགས་སུ་ཕར་ཁྱེར་མིན་ནམ་སྙམ་པས་དཔྱད་པར་མཛོད། དཔལ་ཆེན་ཆུ་བོ་རི་ནི་མཁའ་འགྲོ་ཅོ་ཟ་བོན་མོའི་སྒྲུབ་གནས་དང་། རྩེ་དྲུག་གནས་ཀྱི་ཡོན་ཏན་གསལ་བའི་སྒྲོན་མེ་ལས། དབུས་ཆུ་བོ་དཔལ་རི་མཁའ་མགྲོའི་གནས། ཞེས་དང་། གསང་སྔགས་ཟབ་མོ་བསྒྲུབ་ན་འགྲུབ། ཅེས་གསུངས། དེར་འགྲོ་ན་གུང་དཀར་རྫོང་ཁུལ་སྒང་སྟོད་གྲོང་རྡལ་སྐྱི་ནག་གྲོང་ཚོ་དྲུག་པའི་སར་གནས་ཡོད་པས་དཔྱད་དགོས། ཡང་གཅིག་ན་ལྷ་སའི་མངའ་ཁོངས་གོང་དཀར་རྫོང་གི་ས་གནས་སྐྱིད་གཤོང་ཞེས་པའི་སར་སྐྱིད་བུ་རི་བོའི་ཕྱོགས་ཡིན་སྐད་འདུག་མོད་ས་དངོས་འཚོལ་སྐབས་འདུ་གནས་ཤུལ་འདི་ཞེས་མ་རྙེད། སྲིན་བུ་རི་ཡང་ཟེར། དེ་ལྟར་བརྩད་གཅོད་ན་ཆོག་གི་རེད།

  ༼༡༢༽རེ་རྐྱང་ཤ་མཐའ་ནི། བསྒྲགས་གླིང་ལས། རེལ་རྒྱང་ཤང་མཐའ་བོན་གྱི་འདུ་འཚོགས་གནས། ཞེས་དང་། སྒྲ་འགྲེལ་ལས། རེ་རྒྱང་ཤ་མཐའ། ཞེས་དང་། དཔལ་ཚུལ་བསྟན་འབྱུང་ལས་རེ་རྐྱང་ཤ་མཐའ་ཁ། ཞེས་དང་། དར་རྒྱས་གསལ་སྒྲོན་ལས། རེ་རྐྱང་ཤ་མཐའ་ཞེས་གསུངས་པས། གནས་ཡུལ། ཤན་རྩ་རྫོང་ཐ་མ་ཤང་གྲོང་ཚོ་དགུ་པའི་སར་ཤ་བ་བྲག་དགོན་པ་ཞེས་པའི་ད་ལྟ་བཀའ་རྒྱུད་པའི་དགོན་པ་གཅིག་ཡོད། བྲག་ངོས་སུ་ཤ་བ་དཀར་པོའི་རང་བྱོན་དང་སེང་གེའི་རང་བྱོན་དུང་དཀར་རང་བྱོན་བཅས་ཡོད། སྒྲུབ་ཕུག་ཆེན་པོ་གཅིག་ཡོད་པ་དེ་སྣང་བཞེར་ལོད་པོའི་སྒྲུབ་ཕུག་ཡིན་པར་བཤད། ཡོངས་འཛིན་བླ་མས་རེ་རྐྱང་ཤ་མཐའ་དེར་མིན་ནམ་གསུངས་། དེ་ལྟར་དཔྱད་པར་གྱིས། ཁོང་གིས་ཡུལ་སྡེ་རྣམས་ཀྱི་ཁོངས་སུ་གུ་རུབ་མིང་ཅན་གྲོང་པ་ད་ལྟའི་བར་དུ་གནས་ཡོད་གསུངས་། བོན་ཞིག་གཡུང་དྲུང་གླིང་པའི་གཏེར་གནས་དང་གཞན་སྡེའི་ཁོང་ལ་རྡོ་རྗེ་གླིང་པ་ཡང་ཟེར། ཁ་ཅིག་གིས་འདུ་གནས་རེ་རྐྱང་ཤ་མཐའ་ནག་ཆུ་ས་ཁུལ་གཉན་རོང་རྫོང་ཨ་གྲགས་ཡུལ་བྱང་གི་སད་ནེ་སྤུན་གསུམ་གྱི་ཉེ་འདབས་ཤག་ཆུ་སྔོན་མོའི་གཡས་ཟུར་ལུང་ཡག་ནང་དུ་གནས་རི་རྩ་ཆེན་ཞིག་ཞང་ཞུང་སེའུ་ནེ་གའུ་སྒྲུབ་གནས་དང་སྒྲུབ་ཕུག་ཡིན་ཟེར་ནས་ལོ་རྒྱུས་མང་པོ་བྲིས་འདུག བཀའ་རྟགས་ཞབས་རྗེས་རང་བྱུང་ཇི་སྙེད་གཅིག་ཡོད་པར་བཤད། དབུས་གཙང་གི་འདུ་གནས་བྱེད་དུས་བར་ཐག་རིང་བའི་སྐྱོན་མེད་དམ་སྙམ་པས་དཔྱད་པར་མཛོད། 

  ༼༡༣༽མཆོག་གུང་རྒྱལ་མོ་ནི། དཔལ་ཚུལ་བསྟན་འབྱུང་ལས། མདོག་གུང་རྒྱལ་མོ་དབུ་རུ་ནང་གསུངས། ཁྲོ་འགྲེལ་ལས། མཆོག་གོང་རྒྱལ་མོ་ཐང་། ཞེས་དང་། བསྒྲགས་གླིང་ལས་མཚོ་གོན་རྒྱལ་མོ་རོང་། ཞེས་དང་། སྒྲ་འགྲེལ་ལས་མཆོག་གྱོན་རྒྱལ་མོ་ཁང་། དར་རྒྱས་གསལ་སྒྲོན་ལས། མཚོ་འཁོན་རྒྱལ་མོ་ཁང་། འགྲོ་མགོན་མཛོད་འགྲེལ་ལས། མཆོག་གང་རྒྱ་མོ་ཐང་། བསྟན་བྱུང་ནོར་བུའི་མགུལ་རྒྱན་ལས། མཆོག་མགོན་རྒྱལ་མོ་ཁ། ཞེས་དང་། གླེང་གཞི་བསྟན་པའི་འབྱུང་ཁུངས་ལས་མགོན་གོན་རྒྱལ་མོ་ཁ་དང་བཅུ་གསུམ་མོ། ཞེས་སོགས་དཔེ་ཆ་ཁག་ནས་མིང་མི་འདྲ་བ་མང་དུ་བྲིས་ཡོད། གནས་ཡུལ་དངོས་ནི། ཡོངས་འཛིན་བླ་མས་ཤན་རྩ་རྫོང་ཤན་རྩ་ཇོ་མོ་རྒྱལ་གོང་ངམ་ཇོ་མོ་གངས་རྒྱལ་མ་ཡིན་ནམ་གསུངས། ད་ལྟ་ཤན་རྩ་གངས་རི་ཟེར་བ་དེ་ཡིན། ཇོ་མོ་རྒྱལ་གོང་རི་ཡི་རྫ་ངོས་སུ་སྲིད་རྒྱལ་དྲེལ་ནག་རང་བྱུང་ཡོད། སྟག་ལུང་དྲུམ་ར་ཕུག་དང་སྟག་ལུང་ཟམ་པ་ཉེ་འགྲམས་སུ་རྗེ་བཙུན་ཁྲོ་ཚང་འབྲུག་ལྷ་དང་ཕ་དམ་པ་གཉིས་ཀྱི་མཆོད་རྟེན་བཅས་ད་ལྟ་མཇལ་རྒྱུ་ཡོད། ཡང་ཁ་ཅིག་གིས་འདམ་གཞུང་རྫོང་རྒྱལ་དར་ཤང་ངམ་རྒྱལ་མོ་དར་ཐང་ཞེས་པའི་སར་ངོས་འཛིན་མཁན་འདུག དེར་རི་ངོས་ནས་ཡར་ཆུ་ཚོད་གཉིས་གསུམ་ཙམ་སོང་ན་གནའ་བོའི་དགོན་ཤུལ་རྒྱ་ཆེན་པོ་མཇལ་རྒྱུ་ཡོད་རབས་བཤད། གཉན་ཆེན་ཐང་ལྷའི་རྟ་རྫི་ཟེར་བའི་རྟ་རྫི་དགོན་པའི་གཉའ་ལྟག་བྲག་ངོས་སུ་རྟ་རྫི་རང་བྱུང་ཟེར་བ་གཅིག་མཇལ་རྒྱུ་ཡོད། བོན་པོའི་སྲིད་རྒྱལ་རང་བྱོན་ཡིན་ཞེས་བཤད་ནས་མཇལ། དགོན་པའི་གཤམ་དུ་རྡོ་ལེབ་གཉིས་ཀྱི་ངོས་སུ་གཡུང་དྲུང་གཡས་སྐོར་གཡོན་སྐོར་མང་པོ་མཇལ་རྒྱུ་འདུག ཟུར་དུ་རྟ་རྫི་ཆུ་ཚན་ཟེར་བ་གཅིག་ཡོད། མཆོག་གུང་རྒྱལ་མོ་ཟེར་དུས་རྒྱ་དར་ཤང་ས་གནས་དེར་རྒྱལ་མོ་དར་ཐང་ཡང་ཟེར་དེ་ཚོར་འབྲེལ་བ་ག་ཚད་ཡོད་མེད་དཔྱད་དགོས། དེའི་ཡན་ཆད་དབུས་རུ་བཅུ་གསུམ་ཡིན། གཡོན་རུ་བདུན་ལས་དང་པོ།

  ༼༡༤༽འོ་ཁ་ཤུག་གཅིག་ནི། བསྒྲགས་པ་གླིང་གྲགས་ལས། ཝོལ་ཁ་ཤུག་གཅིག་བོན་གྱི་འདུ་འཚོགས་གནས། ཞེས་དང་། སྒྲ་འགྲེལ་ལས། འོལ་ཤུག་ཅིག ཅེས་དང་། རྒྱལ་རབས་བོན་གྱི་འབྱུང་གནས་ལས། འོལ་ཁ་ཤུག་གཅིག ཞེས་དང་། དར་རྒྱས་གསལ་སྒྲོན་ལས་འོལ་ཁ་ཤུག་གཅིག་གསུངས། དཔལ་ཚུལ་བསྟན་འབྱུང་ལས། འོལ་ཁ་ཤུག་གཅིག་ནི་འོལ་དག་མཚམས་གསུངས་པས། གནས་ཡུལ་ནི། བོད་ལྗོངས་ལྷོ་ཁ་ས་ཁུལ་ཟངས་རི་རྫོང་རྫིང་ཕྱི་ཤང་མཁར་སྣེ་གྲོང་ཚོ་ཤུག་པའི་འོག་ཞེས་པའི་ཁྱིམ་ཚང་ཞིག་གི་ཟུར་དུ་ཤུག་སྡོང་སྐམ་པོ་དུམ་བུ་གཅིག་འདུག དེ་སྔོན་ཤུག་སྡོང་ཆེན་པོ་ཧ་ལས་པ་གཅིག་རིང་ཚད་ལ་རྐང་ཁྲི་བཞི་བཅུ་ལྔ་བཅུ་ཙམ་དང་སྦོམ་ཚད་ལ་མི་བདུན་བརྒྱད་གྱི་ལག་པ་སྦྲེལ་ནས་འཁོར་ཐུབ་ཙམ་ཡོད་རབས་བཤད། འོལ་ཁ་ཤུག་གཅིག་ཅེས་པའི་མིང་དེ་ལ་ཐོག་པར་སྙམ། ཕྱིས་སུ་དམག་གིས་བཅད་བཏུབ་ཀྱིས་མེ་ཤིང་བྱས་རབས་བཤད། ཤར་འོ་ཁ་ཤུག་པ་སྤུན་བདུན་ཞེས་པའི་ས་གནས་དེ་གར་ཡིན། དེང་སྐབས་ཤུག་སྡོང་རེ་འགའ་ཡོད། འདུ་གནས་ནི་འོ་ཁ་ལྷུན་འགྲུབ་རྫོང་ཞེས་སྔོན་འོ་ཁ་རྒྱལ་པོའི་ཕོ་བྲང་མུ་ཟི་མཁར་རམ། འོ་ཁ་འཕགས་མོ་ཆུ་ཚན་ཟུར་དུ་ཡོད། ལྟེ་བའི་འདུ་གནས་དེ་གཉིས་ག་རེ་ཡིན་མིན་དཔྱད་དགོས། ཤར་ཕྱོགས་སུ་ཆོས་ལུང་དགོན་པའི་རི་རྒྱབ་ན་གངས་རི་ཆེན་པོ་གཅིག་ཡོད་པ་དེ་བོད་ཀྱི་སྲིད་པའི་ལྷ་དགུའི་ཡབ་ཆེན་དུ་གྲགས་པའི་ལྷ་རི་འོད་སྡེ་གུང་རྒྱལ་འབོད་པ་དེ་ཡིན། རྒྱལ་ཕྲན་གྱི་དབང་དུ་བྱས་ན་རྗེ་ཡི་མགུལ་ལྷ་བཅུ་གསུམ་གྲས་འོ་ལྷ་རྒྱལ་བཟང་ཞེས་པ་དེ་མ་ཡིན་ནམ་སྙམ་པས་དཔྱད་པར་མཛོད།

  ༼༡༥༽ཉང་ཡུལ་ཤིང་ནག་ནི། བསྒྲགས་པ་གླིང་གྲགས་ལས། ཉང་ཡུལ་ཤིང་ནག་བོན་གྱི་འདུ་ཚོགས་གནས། ཞེས་དང་། རྫོང་འཕྲང་ལས། ཉང་ཕུ་ཤིང་ནག ཅེས་དང་། སྒྲ་འགྲེལ་ལས། ཉང་ཡུལ་ཤིང་ནག་དང་། དར་རྒྱས་གསལ་སྒྲོན་ལས། ཉང་ཡུལ་ཤིང་ནག་ཅེས་གསུངས་པས། ཉང་ཡུལ་ནི་ཀོང་པོ་རྒྱ་མདའ་རྫོང་ཉང་ཕུ་ཤང་ཉང་ཕུ་གྲོང་ཚོ་བྲག་དཀར་ལྷ་ཆུ་དགོན་པའི་ཕྱོགས་སུ་ཡིན། དཔལ་ཚུལ་བསྟན་འབྱུང་ལས། ཉང་ལུང་ཤིང་ནག་ནི་བྲག་གསུམ་ནང་གསུངས་ཀྱང་། བྲག་གསུམ་ནང་ཉང་ལུང་ངམ་ཉང་ཡུལ་མ་ཡིན་ལ། ཉང་ཡུལ་ཤིང་ནག་ཟེར་བའི་ས་མིང་ནི་མ་རྙེད། ཏུན་ཧོང་ཡིག་རྙིང་ལས། ཡུལ་མྱང་ཡུལ་གྱྀ་ཤིང་ནགས་ན་ལྷ་མྱང་ལྷ་འི་བོ་མོ། རྗེ་མྱང་ཙུན་གྱི་རྒྱ་པོ། ཞེས་གསལ། ཉང་ལྷ་བུ་མོ་དེང་སྐབས་འབོད་འདུག །གནས་ཡུལ་དངོས་ནི། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྙིང་པ་འམ་ཐའེ་ཀྲའོ་ནས་ཡར་ཁ་བྱང་དུ་གཏད་ནས་སོང་ན་སྤྱི་ལེ་བཞི་བཅུ་ཞེ་གཅིག་ཙམ་ཡོད། ལམ་བར་གྲོང་ཚོ་གསུམ་བཞི་བརྒྱུད་ན་ཉང་ཕུ་ཤང་སྟག་ཟམ་ཁ་ཟེར་བའི་ལྕགས་ཟམ་གྱི་གཡས་ཟུར་དུ་རི་གདོང་ཞིག་ལ་དར་ལྕོག་དང་བསང་ཁྲི་བཅས་འདུག ཉང་ཕུ་གྲོང་ཚོས་ཉང་ལྷ་བསམ་འགྲུབ་གསོལ་ས་རེད་ཟེར་གི་འདུག ཉང་ལྷ་བསམ་འགྲུབ་བམ་ཉང་ལྷ་བུ་མོ་ཟེར། མྱང་ལྷ་ཕུ་དར་འབོད་པ་དེ་དེའི་རི་རྒྱུད་དུ་ཡིན་པར་ངེས། ཉམས་གསོ་གནང་བའི་གནའ་བོའི་མཆོད་རྟེན་རྙིང་པ་འབུམ་ཆུང་དཀར་མོའི་མཆོད་རྟེན་འབོད་པ་གཅིག་ཡོད། ཉིན་མོ་མི་ཡིས་བསྐོར་མཚན་མོ་ལྷ་འདྲེས་བསྐོར་ཞེས་བཤད། ལྕགས་ཟམ་ཕར་བརྒལ་ཏེ། སྨན་རི་གྲོང་ནས་རིམ་བཞིན་ལུང་པ་ནང་དུ་ཡར་ཕྱིན་ན་བྲག་དཀར་ལྷ་ཆུ་དགོན་པ་མཇལ། སྔོན་མ་ནི་གནའ་བོའི་བོན་དགོན་ཞིག་ཡིན། དེ་རྗེས་དགོན་པ་ཕྱག་བཏབ་མཁན་ནི་ཀརྨ་པ་དུས་གསུམ་མཁྱེན་པ་ཡིན་ཟེར། འདུ་གནས་ཉང་ཡུལ་ཤིང་ནག་དེར་ཡིན་པར་ངེས། གསང་སྔགས་རྫོང་འཕྲང་ལས། ཉང་ཕུ་ཤིང་ནག་ཡང་གསུངས། དེངས་སྐབས་ཉང་ཕུ་ཤང་ཁོངས་སུ་གནས་ཡོད། ཉང་ཡུལ་ཤིང་ནག་ནི་ཉང་ཕུ་ལ་ངོས་འཛིན་དགོས་པ། ཉང་དྭགས་ཀོང་གསུམ་གྱི་ལོ་རྒྱུས་ནང་དུ་གསལ། དགོན་པའི་ཡར་ཟུར་དུ་ཆུང་དུར་འཇོག་ས་མཁའ་འགྲོའི་དུར་ཁྲོད་ཟེར་བ་ཞིག་འདུག དགོན་པའི་མར་ཞབས་སུ་མིང་མི་འདྲ་བའི་དུར་ཁྲོད་བཞི་ཙམ་ཡོད། དགོན་པའི་གཡས་ཟུར་དུ་དུས་དྲུག་ཚེ་ཆུ་དང་སྨན་ཆུ་དུག་ཆུ་ཟེར་བའི་ཆུ་མིག་གཉིས་བཅས་ཡོད། དགོན་པའི་མར་ཟུར་དུ་ཁ་འབབ་ཀྱི་ཆུ་བཞི་ཟེར་བ་ཡོད། དགོན་པའི་རྒྱབ་ལ་གུ་རུའི་སྒྲུབ་ཕུག་དང་རྡོ་རྗེ་ཕག་མོ་མཁའ་འགྲོའི་གསང་ཆབ་ཟེར་བ་བཅས་ཡོད། ཡར་རི་གོང་དུ་ཆུ་ཚོད་ཕྱེད་ཙམ་ཕྱིན་ན། འཆི་མེད་ཨ་ཡུ་ཕུག་ཅེས་པ་མཇལ་རྒྱུ་འདུག །ཞང་སྐད་དུ་ཚེ་དབང་རིག་འཛིན་གྱི་སྒྲུབ་ཕུག་ཟེར་བ་ཡིན། དེ་བླ་མ་གྲྭ་པ་མ་གཏོགས་མཇལ་མི་ཉན་ཟེར། སྒྲུབ་ཕུག་མཇལ་ཁ་ཉིན་བདུན་ལ་ཤ་ཆང་སྤོང་ནས་མཇལ་དགོས་རབས་བཤད། བྲག་དཀར་ལྷ་ཆུའི་གནས་ཆེན་དེ་ཙ་རི་དང་ཁྱད་པར་མེད་པར་བཤད། གནས་འདིར་རྩེ་སྐོར་དང་རིང་སྐོར་གཉིས་ཡོད། ཉང་པོ་ཁུལ་གྱི་གནས་རྩ་ཆེ་ཤོས་གཅིག་ཡིན། མདུན་རི་དེར་གླང་ཆེན་སྣ་རྒྱག་ཟེར།

  ༼༡༦༽གཡེ་ལུང་གོང་བར་ནི། བསྒྲགས་གླིང་ལས། གཡེ་ལུང་གང་བར་བོན་གྱི་འདུ་འཚོགས་གནས། ཞེས་དང་། སྒྲ་འགྲེལ་ལས། གཡེར་ལུང་གང་བར། ཞེས་དང་། གླེང་གཞི་བསྟན་པའི་འབྱུང་ཁུངས་ལས་གཡེ་ལུང་གང་བར་དང་། རྒྱལ་རབས་བོན་གྱི་འབྱུང་གནས་ལས། དབྱེ་ལུང་གང་བར་། ཞེས་དང་། དར་རྒྱས་གསལ་སྒྲོན་ལས། དབྱེ་ལུང་གང་བར། སྐྱབས་སྟོན་ཀྱིས་གཡེ་ལུང་གང་བར་བོན་གྱི་འདུ་འཚོགས་གནས། ཞེས་དང་། དཔལ་ཚུལ་བསྟན་འབྱུང་ལས། གཡེ་ལུང་གོང་བར་ནི་ཨེ་དག་གི་མཚམས་གསུངས་པ་སོགས། འབྲི་སྟངས་མི་འདྲ་བ་དུ་མ་ཡོད། གནས་ཡུལ་དངོས་ནི། ཆུ་གསུམ་རྫོང་ཨེ་ལྷ་རྒྱལ་རི་རྫོང་ཕོ་བྲང་གི་བྱང་ཕྱོགས་སུ་ཡོད། འདུ་གནས་ནི་ཨེ་དྭགས་གཉིས་ཀྱི་མཚམས་སུ་ཡོད་པར་བཤད། ཨེ་ནི་ཨེ་ལྷ་རྒྱལ་རི་ཆུ་གསུམ་རྫོང་ཁོངས་ཡིན། དྭགས་ནི་དྭགས་པོ་ལ་གོ་དགོས་པས། དེར་གང་གོང་སར་ཞེས་པའི་བྱང་ངོས་མཚམས་ནས་དྭགས་པོའི་ས་ཆ་དང་སྦྲེལ་ཡོད། དེར་འགྲོ་ན་ཆུ་གསུམ་རྫོང་མ་སླེབས་མཚམས་སུ། གང་གོང་སར་ཟེར་བའི་གཡོན་ལུང་ནང་ཆུ་གསུམ་གྲོང་རྡལ་དུ་གོང་སྟོད་གྲོང་ཚོ་དང་གོང་སྨད་གྲོང་ཚོ་གཉིས་ཡོད། དེར་གོང་སྟོད་གྲོང་པའི་གཡས་ལུང་ནང་དུ། ཨེ་དགོན་པ་གསར་རམ་དགོན་པ་སར་ཞེས་པའི་གནའ་བོའི་གྱང་རལ་རྩིག་ཤུལ་མང་པོ་ཡོད། འདུ་གནས་དབྱེ་ལུང་གང་བར་གཡེ་ལུང་གང་སར་ཞེས་པ་དེ་ཡིན་པར་ངེས་ཀྱང་དཔྱད་པར་མཛོད། ཐོག་མར་དབྱེ་ལུང་གང་བར་རམ་གང་སར་འབོད་པ་དང་། ཕྱིས་སུ་གང་གང་སར་ཞེས་པ་མིང་འགྱུར་ཡོད། བསྒྲགས་པ་གླིང་གྲགས་ལས། གཡེ་ལུང་གང་སར་བོན་གྱི་འདུ་འཚོགས་གནས་གསུངས་པས། དེ་ལྟར་ཆ་མཐུན་པ་ཡིན། དགོན་ཤུལ་ཀྱི་ཉེ་འཁོར་དུ་ལོ་ངོ་སྟོང་གི་ཤུག་སྡོང་དང་ཁམ་སྡོང་བཅས་ཡོད། དེར་གཡས་ཕྱོགས་སུ་རི་གོང་དུ་ཀུ་བུ་དུར་ཁྲོད་ཟེར་བ་གཅིག་ཡོད། དུར་ཁྲོད་མར་ནང་དུ་སྤེ་ཀྱོག་རི་ཁྲོད་འབོད་པའི་མཁར་ཤུལ་ཆེན་པོ་གཅིག་འདུག འདུ་གནས་དགོན་པ་སར་ཞེས། ལུང་པའི་མིང་ལ་གང་གངས་སར་ཟེར། དེར་འགྲོ་ན་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ཨེ་ལྷ་རྒྱལ་རི་ཕོ་བྲང་གི་བྱང་ཕྱོགས་སུ་གང་གངས་སར་ཟེར་བའི་ལུང་པའི་ནང་དུ་འགྲོ་དགོས། 

  ༼༡༧༽ཀོང་ཡུལ་བྲེ་སྣ་ནི། བསྒྲགས་གླིང་ལས། རྐོང་ཡུལ་བྲེ་སྣ་བོན་གྱི་འདུ་འཚོགས་གནས། ཞེས་དང་། སྒྲ་འགྲེལ་ལས། རྐོང་ཡུལ་བྲེ་སྣ། ཞེས་དང་། གླེང་གཞི་བསྟན་པའི་འབྱུང་ཁུངས་ལས། རོང་ཡུལ་བྲེ་སྣ་བོན་གྱི་འདུ་འཚོགས་གནས། ཞེས་དང་། དར་རྒྱས་གསལ་སྒྲོན་ལས། རྐོང་ཡུལ་བྲེ་སྣ། ཁྲོ་འགྲེལ་ལས། རྐོང་ཡུལ་བྲེ་སྣ་བོན་གྱི་འདུ་འཚོགས་གནས། ཞེས་དང་། དཔལ་ཚུལ་བསྟན་འབྱུང་ལས། རྐོང་ཡུལ་བྲེ་སྣ་ནི་ཀོང་པོ་བུ་ཆུའི་གཞུང་གསུངས་པས། གནས་ཡུལ་ནི། ཀོང་པོ་ལྷ་རི་གྱང་ཐོའི་གཤམ་དུ་དེང་སྐབས་ཡོང་གྲགས་སུ་ཀོང་པོ་བྲེ་སྣ་འམ་བྲག་སྣ་འབོད་པ་དེ་ཡིན། གཙང་པོ་ཡར་འཁྱིལ་གདོང་པད་མའི་གྲུ་ཁུག་དང་ཉ་མགོ་ཀླུ་ལྡིང་བར་དེར་ཡིན། འདུ་གནས་ཆག་ཤུལ་ནི། བྲག་སྣའི་ཡར་ངོས་སུ་བསང་མཆོད་འབུལ་ས་དང་དུར་ཁྲོད་ཡིན་ཟེར་བའི་ཕྱོགས་སུ་ཡིན་ནམ་སྙམ། ཡང་ན་ཀླུ་ལྡིང་གི་མཐོ་སའི་ཤུག་སྡོང་སྟོན་པའི་བླ་ཤིང་ཟེར་བའི་སར། མཁར་ཤུལ་མང་པོ་ཡོད་ས་དེའི་ཕྱོགས་སུ་ཨེ་ཡིན་ནམ་དཔྱད་པར་མཛོད། གནས་འདིར་ཀོང་རྗེ་དཀར་པོ་ལ་སོགས་པས། སྟོན་པའི་སྐུ་ལ་དོ་བདོ་བར་གནོངས་འགྱོད་ཀྱིས་བཤགས་པའི་ཆེད་དུ་ཆས་ཀྱི་ཚན་པ་གསུམ་ཕུལ་བའི་ནང་། ཆས་ཀྱི་གཉིས་པ་གསེར་གཡུ་སོགས་རིན་པོ་ཆེ་རྣམས་བྲེ་ལ་བཅལ་ནས་ཕུལ་བས་ན། མིང་དེ་སྐད་ཐོགས་པར་གྲགས་ལ།

  ༼༡༨༽ཡར་ལུང་སོག་ཀ་ནི། བསྒྲགས་པ་གླིང་གྲགས་ལས། ཡར་ལུང་སོག་ཁ་བོན་གྱི་འདུ་འཚོགས་གནས། ཞེས་དང་། སྒྲ་འགྲེལ་ལས། ཡར་ལུང་སོག་ཁ། ཞེས་དང་། གླེང་འབྱུང་ལས། ཡར་ལུང་སོག་ཀ་བོན་གྱི་འདུ་འཚོགས་གནས། ཞེས་དང་། རྒྱལ་རབས་བོན་གྱི་འབྱུང་གནས་ལས། ཀོང་ཡུལ་བྲེ་སྣ། ཞེས་དང་། དར་རྒྱས་གསལ་སྒྲོན་ལས། ཡར་ལུང་སོག་ཁ། ཁྲོ་འགྲེལ་ལས། ཡར་ལུང་སོག་ཀ། སྐལ་བཟང་མགྲིན་རྒྱན་ལས། ཡར་ལུང་སོགས་ཀ་ནི་ཡར་ལུང་ལྷ་རིའི་གནས་གསུངས་པས། ཡར་ལུང་ལྷ་རིའི་མར་གཤམ་དུ་གནས་ཡོད། ཡར་ཀླུང་སོག་ཀ་ཞེས་པ་ནི། བོད་ཀྱི་གྲོང་ཚོ་ཐོག་མ་དང་ཞིང་ཁ་དང་པོ་ཡར་ཀླུང་སོག་ཀ་ཞེས་འབོད་པའི་ས་གནས་དེ་ཡིན། མོང་འགྲེ་ཤར་པ་ཡང་ཟེར། དེང་སང་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཡུམ་བུ་བླ་མཁར་གྱི་ཉེ་འདབས་སུ་ཡོད། རྒྱལ་ལ་སྔ་བ་གཉའ་ཁྲི་བཙན་པོ། གཤེན་ལ་སྔ་བ་ནམ་མཁའ་སྣང་བ་མདོག་ཅན། བོན་ལ་སྔ་བ་གསང་སྔགས་སྤྱི་སྤུངས། མཁར་ལ་སྔ་བ་ཕྱིང་བ་སྟག་རྩེ། ཡུལ་ལ་སྔ་བ་ཡར་ཀླུང་སོག་ཀ་ཞེས་པའི་ནང་། ཡར་ལུང་སོག་ཀ་གཡོན་རུའི་འདུ་གནས་ཡར་ལུང་སོག་ཀ་དེ་རང་ཡིན། དེང་སྐབས་ས་ཞིང་ཟུར་དུ། ཡར་ལུང་སོག་ཀ་ཞེས་པའི་རྡོ་རིང་གཉིས་བཙུགས་ཡོད་འདུག

  ༼༡༩༽ཀླུང་ཤོད་ཐང་དམར་ནི། བསྒྲགས་གླིང་ལས། སླུ་ཤོད་ཐང་དམར་བོན་གྱི་འདུ་འཚོགས་གནས། ཞེས་དང་། མཛོད་སྒྲ་འགྲེལ་ལས། གླུམ་ཤོད་ཐང་མར། ཞེས་དང་། རྫོང་འཕྲང་ལས། གླུམ་ཤོད་ཐང་དམར་དང་། གླེང་འབྱུང་ལས། ཀླུམ་ཤོད་ཐང་དམར་གསུངས། དར་རྒྱས་གསལ་སྒྲོན་ལས། ཟླུམ་ཤོད་ཐང་དམར། ཁྲོ་འགྲེལ་ལས་ཀླུ་ཤོད་ཐང་དམར། ཞེས་དང་། དཔལ་ཚུལ་བསྟན་འབྱུང་ལས། ཟླུམ་ཤོད་ཐང་མར་ནི་ཡར་ལུང་གཙང་པོའི་མདོ་ཞེས་གསལ་བའི། གནས་ཡུལ་ནི། དེང་སྐབས་ལྷོ་ཁ་གྲོང་ཁྱེར་གྱི་བྱང་ཤར་མཚམས་ཉ་མགོ་ཟམ་པའི་གཙང་པོའི་ཕ་རོལ་དུ། འོན་ལུང་པའི་མདའ་མངའ་རིས་གྲྭ་ཚང་ངམ་འོན་གསས་ཁང་གཡུང་དྲུང་དགུ་རྩེག་ཟེར་བའི་རི་དེའུ་འབུར་གཅིག་གི་མགོ་ལ་རྩིག་ཤུལ་རྒྱ་ཆེན་པོ་ཞིག་ཡོད་པས་འདུ་གནས་དེ་ཡིན་པར་ངེས། ཡུལ་མི་འགའ་རེས་བཤད་སྲོལ་ལ་བྲག་དམར་གསས་ཁང་ངམ་བྲག་དམར་(ཀེ་རུ)ཀེ་རི་ལྷ་ཁོང་ཡང་ཟེར། ཤར་ནུབ་གང་ནས་བལྟས་ཀྱང་ཀེ་རེར་ཡོད་པ་ལ་མིང་དེ་ལྟར་བཏགས་པ་རེད་ཟེར། བྲག་དམར་འབོད་དུས་ཐང་དམར་གྱི་སྒྲ་ཟུར་དེ་ལྟར་སྣང་། གནའ་སྔ་མོ་ནི་བོན་པོའི་དགོན་པ་ཡིན་རབས་དང་རི་གཡུང་དྲུང་དགུ་རྩེག་ཡིན་པ་དང་འོལ་མོ་ལུང་རིང་རེད་ཟེར་བ་བཅས་མང་རབས་བཤད། བཤད་བཏང་གཅིག་ལ་ཆོས་རྒྱལ་ཁྲི་གཙུག་ལྡེ་བཙན་གྱིས་བཞིན་པ་རེད་བཤད། ཁྲི་སྲོང་ལྡེ་བཙན་གྱི་སྲས་མུ་ནེ་བཙན་པོས་བཞིན་པ་རེད་ཅེས་བཤད། ཕྱེས་སུ་ཇོ་བོ་རྗེ་ཨ་ཏི་ཤག་ཡུན་རིང་ལ་བཞུགས་པ་རེད་ཟེར། ཇོ་བོ་རྗེ་ཤང་ཁྲག་གིས་བཞིན་པའི་ལྷ་ཁང་མཆོད་རྟེན་སྐར་ཆུང་ཟེར་བ་གཅིག་ཡོད། ལྷོ་ཁའི་ཡུལ་བཤད་ལས། བོན་དང་བོད་ཀྱི་བཙན་པོའི་འབྱུང་ཁུངས་ནང་དུ། འོན་མོ་ཀླུང་རིང་ཟེར་བྲིས་ཡོད། འོན་མོ་ཀླུང་རིང་ཞེས་པའི་ལུང་པའི་དམའ་ས་ཤོད་དུ་ཡོད་པས་ཀླུང་ཤོད་དུ་གོ་དགོས་སམ། ཡར་ཆབ་གཙང་པོའི་འགྲམ་དུ་མངའ་རིས་གྲྭ་ཚང་ཞེས་པའི་རི་དེའུ་ཆུང་དེ་ཟླུམ་ཤོད་ཐང་དམར་རམ་ཀླུང་ཤོད་ཐང་དམར་མ་ཡིན་ནམ་དཔྱད་དགོས། ཡང་མལ་གྲོས་སར་ལ་ཉེ་བའི་ཕྱོགས་སུ་ཀླུང་ཤོད་ཟེར་བའི་ས་གནས་གཅིག་ཡོད་པར་ཐོས། ཏུན་ཧོང་གཏེར་ཡིག་བཙན་མོ་སད་མར་ཀར་གྱི་མགུལ་གླུ་ལས། མལ་དྲོ་ནི་ཀླུམ་(ཀླུང)དང་ཉེ། རླུང་བུ་ནི་སིལ་སིལ་ལྡང་། ཡང་མལ་ཏྲོ་ནྀ་ཀླུམ་(ཀླུང)ལ་ཉེ། སྐྱི་བསེར་ནི་སྤུ་རུ་རུ་ཞེས། མཛོད་སྒྲ་འགྲེལ་དང་རྫོང་འཕྲང་གླེང་བཞི་བསྟན་པའི་འབྱུང་ཁུངས་སོགས་གླུམ་ཤོད་དང་ཀླུམ་ཤོད་བཅས་འབྲི་སྲོལ་མི་འདྲ་བ་འདུག ཀླུང་ཤོད་ཐང་དམར་སྐོར་ལ་དེར་དཔྱད་ཞིབ་བཏངས་ན་ཆོག་གི་རེད།

  ༼༢༠༽མ་དྲོ་མཚོ་ཤོད་ནི། བསྒྲགས་གླིང་ལས། མལ་གྲོས་མཚོ་ཤོད། ཞེས་དང་། སྒྲ་འགྲེལ་ལས། མ་དྲོ་མཚོ་ཤོད། ཞེས་དང་། རྫོང་འཕྲང་ལས། མལ་གྲོས་མཚོ་དང་བདུན་ནོ། །ཞེས་དང་། གླེང་འབྱུང་ལས། མ་དྲོ་མཚོ་ཤོད། དར་རྒྱས་གསལ་སྒྲོན་ལས། མལ་གྲོས་མཚོ་ཤོད། ཞེས་དང་། སྐྱབས་སྟོན་ཁྲོ་འགྲེལ་ལས་མར་དྲོས་མཚོ་ཤོད། རྒྱལ་རབས་བོན་གྱི་འབྱུང་གནས་ལས། ཞེས་དང་། དཔལ་ཚུལ་བསྟན་འབྱུང་ལས། མ་དྲོ་མཚོ་ཤོད་ནི་ལྷོ་ཁ་སྨད་མཚོ་སྣ་ཕྱོགས་ལ་ཉེ་ཟེར་ཡང་། མཚོ་སྣ་ཕྱོགས་ལ་མ་དྲོ་ཟེར་བའི་ས་ཆ་ཞིག་མ་རྙེད། རུ་ཐོག་ཕྱོགས་ཀྱི་ལ་བརྒལ་ནས་རྒྱ་ཚ་རྫོང་ཁུལ་ཚེ་ཆུ་ཤང་ཟེར་བའི་ལུང་པ་གཅིག་གི་ནང་དུ། ད་ལྟ་ཡོངས་གྲགས་སུ་ལྷ་མོ་བླ་མཚོ་ཟེར་བ་གཅིག་ཡོད། མཚོ་དེ་མཇལ་སྐབས་མི་རེས་མཐོང་ཚུལ་མི་འདྲ་བ་མང་པོ་ཡོད་རབས་བཤད། དེའི་ཕྱོགས་སུ་ཡིན་མིན་བརྟག་དགོས། དེང་སྐབས་མཚོ་དེའི་མིང་ལ་ཞང་སྐད་དུ་མུ་ལེ་ཏིང་མཚོ་ཟེར། ཡང་མལ་གྲོ་གུང་དཀར་རྫོང་རི་ཐོག་ཤང་ལྷོ་ངོས་ཕྱོགས་སུ་མལ་གྲོ་གཟི་ཆེན་བླ་མཚོ་ཟེར་བ་གཅིག་ཡོད། འདི་གཉིས་གང་རུང་ཕྱོགས་སུ་ཡིན་པར་སེམས་པས། འདུ་གནས་ངོ་མ་གང་ན་ཡིན་དེ་ལུགས་དཔྱད་ཞིབ་གནང་བར་འཚལ། དེའི་ཡན་ཆད་གཡོན་རུ་བདུན་ནོ། །

  ༼༢༡༽འོ་ཡུག་ས་ནག་ནི། བསྒྲགས་གླིང་ལས། འོ་ཡུག་ས་ནག་བོན་གྱི་འདུ་འཚོགས་གནས། ཞེས་དང་། མཛོད་སྒྲ་འགྲེལ་ལས། འོ་ཡུག་ས་ནག་བོན་གྱི་འདུ་འཚོགས། ཞེས་དང་། རྫོང་འཕྲང་ལས། འུ་ཡུག་ས་ནག ཞེས་དང་། གླེང་འབྱུང་ལས། འོ་ཡུག་ས་ནག དར་རྒྱས་གསལ་སྒྲོན་ལས། འུ་ཡུག་ས་ནག ཁྲོ་འགྲེལ་ལས། འོ་ཡུག་ས་ནག ལེགས་བཤད་མཛོད་ལས། འུ་ཡུག་ས་ནག དཔལ་ཚུལ་བསྟན་འབྱུང་ལས། འོ་ཡུག་ས་ནག་ནི་འོ་ཡུག་སྟོད་ཅེས་སོགས་གསུངས་པས། གནས་ཡུལ་ནི། རྣམ་གླིང་རྫོང་འོ་ཡུག་ལུང་པ་མང་རྭ་ཤང་རྒྱ་མོ་མདོ་གྲོང་ཚོ་ལྔ་པ་འོ་ཡུག་ལུང་པའི་ཕུ། འོ་ཡུག་ས་ནག་གམ་ཁང་ནག་ཞེས་པའི་ས་དེར་ཡོད། ཡོངས་འཛིན་བླ་མས་བོད་ཡུལ་གནས་ཀྱི་ལམ་ཡིག་ནང་དུ། འོ་ཡུག་ཁང་ནག་ཟེར་བའི་ས་དེར། འོ་ཡུག་ས་ནག་ཅེས་པའི་འདུ་གནས་ཡིན་གསུངས། ས་ནག་པོས་ཁང་པ་རྒྱབ་པས་ཁང་ནག་ཟེར་བའི་མིང་དེ་འབོད་སྲོལ་འདུག ཁང་ནག་ཚང་ཟེར་བའི་མི་ཚང་གཅིག་ད་ལྟའང་འདུག ས་གནས་དེར་མང་ར་རྒྱ་མོ་མདོ་ཟེར་བའི་གྲོང་པའི་ཞིང་སྐམ་གྱི་ཉེ་འགྲམ་དུ་བོན་པོའི་དགོན་པ་ཆེན་པོ་ཞིག་གི་ཆགས་གནས་རེད་ཟེར་བའི་རྨིང་གཞི་དང་རྩིག་ཤུལ་རྒྱ་ཆེན་པོར་མཐོང་རྒྱུ་འདུག་པས། འདུ་གནས་ཆགས་ཤུལ་དེར་ཡིན་པར་ངེས། ཆ་རྒྱུས་དེ་ཙམ་མེད་ན་མཇལ་དཀའ་བར་སྣང་། ཡོངས་འཛིན་བླ་མས་མཇལ་རྒྱུ་གང་ཡང་མེད་གསུངས་པ་བཞིན་དངོས་གནས་རེད་འདུག དེའི་ལྷོ་ནུབ་ཕྱོགས་སུ་རྒྱག་གུ་དུར་ཁྲོད་ཟེར་བའི་དུར་ཁྲོད་ཆེན་པོ་གཅིག་འདུག །འོ་ཡུག་འཛོམས་ཐང་ཞེས་པའི་སར་སྲིན་མོ་གྲོང་ཚོ་རུ་སྲིན་མོ་བྲག་ཕུག་ཅེས་པའི་བྲག་རི་དང་། དེའུ་འབུར་དེའི་ངོས་སུ་ཕུག་པ་མང་པོ་ཡོད། ཨོ་རྒྱན་པད་མས་རྡོ་ཆར་ཕབས་ནས་སྲིན་མོ་བདུད་བཏུལ་བའི་བྲག་ཕུག་རེད་ཅེས་བཤད། དེའི་ནུབ་ཕྱོགས་སུ་དགེ་ལྡིང་ཆོས་གླིང་དང་ཨ་ནེའི་དགོན་པ་ཟེར་བའི་གྱང་རལ་གཅིག་འདུག སྲིན་མོ་བྲག་འབོད་པ་དེ་དང་། དེའི་ཤར་ཕྱོགས་སུ་པད་དཀར་རྫོང་ཞེས་པའི་བྲག་འབུར་གྱི་གོང་དུ་དགོན་ཤུལ་གྱང་རལ་མང་པོ་འདུག དེ་གཉིས་ཕྱོགས་སུ་དཔྱད་པ་གཏོང་དགོས་སྙམ། འཛོམས་ཐང་ཞེས་པ་སྔོན་མར་ཚང་འདུས་འཛོམ་ས་ཡིན་པས་འཛོམས་ཐང་ཞེས་དེ་ལྟར་མིང་བཏགས། འོ་ཡུག་ས་ནག་ཏུ་འགྲོ་དགོས་ན་སྟག་གྲུ་ཁ་ནས་སྤྱི་ལེ་བཞི་བཅུ་ཡན་མན་ཙམ་ཡོད། 

  ༼༢༢༽ཤངས་ཀྱི་ཞོང་ཞོང་ནི། བསྒྲགས་གླིང་ལས། ཤངས་ཀྱི་ཞང་ཤངས་བོན་གྱི་འདུ་འཚོགས་གནས། ཞེས་དང་། སྒྲ་འགྲེལ་ལས་ཤངས་ཀྱི་ཞོང་ཞོང་ཚལ། ཞེས་དང་། གླེང་འབྱུང་ལས། ཤངས་ཀྱི་ཞོང་ཚལ་བོན་གྱི་འདུ་འཚོགས། ཞེས་དང་། དར་རྒྱས་གསལ་སྒྲོན་ལས། ཤངས་ཀྱི་ཤོང་ཤོང་ཚལ། ཞེས་དང་། ལེགས་བཤད་མཛོད་ལས། ཤད་ཀྱི་ཞང་ཚལ། ཞེས་དང་། ཁྲོ་འགྲེལ་ལས། ཤངས་ཀྱི་ཞོང་ཚལ་བོན་གྱི་འདུ་འཚོགས་གནས། ཞེས་དང་། དཔལ་ཚུལ་བསྟན་འབྱུང་ལས། ཤངས་ཀྱི་ཞོང་ཞོང་ནི་ཤངས་ནང་གནམ་གླིང་གི་འགྲམ་གསུངས་པས། གནས་ཡུལ་ནི། གཞིས་རྩེ་གྲོང་ཁྱེར་གནམ་གླིང་རྫོང་གནམ་གླིང་གྲོང་རྡལ་ཆ་འོག་གྲོང་ཚོ་དང་པོའི་སར་ཡོད། ས་གནས་དེར་བོད་རྒྱལ་ས་ལ་ལེགས་དྲུག་གི་ནང་ཚན་ཨེ་ཤོ་ལེགས་ཀྱིས་གསས་ཁང་ཁྲི་སྐོར་སྡེམ་བཞེངས་ཤིང་ཕྱིས་སུ་རྨེའུ་ཚང་གི་གདན་ས་ཆགས་ཡོད། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་གདན་ས་དེར་ཡོད། ཁྱུང་པོ་རྣལ་འབྱོར་ཁོང་གིས་ཞབས་རྗེས་དགོན་ནང་དུ་ད་ལྟ་འཇལ་རྒྱུ་ཡོད། དེང་སྐབས་ཤངས་པ་བཀའ་རྒྱུད་པའི་དགོན་པ་ཞིག་ཆགས་འདུག

  ༼༢༣༽བྲུད་ཀྱི་མཁར་གདོང་ནི། བསྒྲགས་གླིང་ལས། བྲུད་ཀྱི་མཁར་གདོང་བོན་གྱི་འདུ་འཚོགས་གནས། ཞེས་དང་། སྒྲ་འགྲེལ་ལས། བྲུད་གྱི་མཁར་དོང་། དར་རྒྱས་གསལ་སྒྲོན་ལས། གླད་གྱི་མཁར་རྡོ། ཁྲོ་འགྲེལ་ལས། བྲུད་ཀྱི་མཁར་གདོང་བོན་གྱི་འདུ་འཚོགས་གནས། ཞེས་དང་། དཔལ་ཚུལ་བསྟན་འབྱུང་ལས། བྲུད་གྱི་མཁར་གདོང་ནི་ཐོབ་རྒྱལ་མཁར་སྣ་ཞེས་སོགས་གསུངས་པས། གནས་ཡུལ་ནི། ཐོབ་རྒྱལ་ཤང་ནས་ཡར་འགྲོ་ལམ་མཁར་སྣའི་གཡས་ངོས་ཀྱི་གདོང་སྣེ་མར་རྒྱུག་པའི་སྒང་དུ་མཁར་ཤུལ་ཞིག་ཡོད་པ་དེ་བྲུད་ཀྱི་མཁར་གདོང་འབོད་པ་དེ་ཡིན། གཙང་ཐོབ་རྒྱལ་སྨན་རིས་ཉམས་གསོ་གནང་བཞིན་མཆིས། ཡོངས་གྲགས་ཡིན་པས་རྒྱས་བཤད་མི་དགོས།

  ༼༢༤༽རྟ་ནག་རྐྱང་ཕུ་ནི། བསྒྲགས་པ་གླིང་གྲགས་ལས། རྟ་ནག་རྐྱང་ཕུ་བོན་གྱི་འདུ་འཚོགས་གནས། ཞེས་དང་། སྒྲ་འགྲེལ་ལས། རྟ་ནག་རྐྱང་ཕུ་དང་། རྫོང་འཕྲང་ལས། རྟ་ནག་རྐྱང་ཕུ། གླེང་གཞི་བསྟན་པའི་འབྱུང་ཁུངས་ལས། རྟ་ནག་རྐྱང་ཕུ་བོན་གྱི་འདུ་འཚོགས་གནས། དར་རྒྱས་གསལ་སྒྲོན་ལས། རྟ་ནག་རྐྱང་ཕུ། དཔལ་ཚུལ་བསྟན་འབྱུང་ལས། རྟ་ནག་རྐྱང་ཕུ་ནི་རྟ་ནག་འཇེད་ཕྱོགས་ཕུག་བརྔས་པའི་ལུང་ཕུ་གསུངས་པས། གནས་ཡུལ་ནི། བཞེད་མཐོང་སྨོན་རྫོང་། རྟ་ནག་ལུང་པའི་ཕུགས་སུ། ལ་ཁ་ཤང་། ཚ་ཁ་གྲོང་ཚོ། ཚ་ཁ་ཆུ་ཚན་ཞེས་པའི་ཕྱོགས་སུ་རྐྱང་ཕུ་ཚ་མཚོ་སྒྲུབ་སྡེ་དགོན་ནམ་ཚ་ཐོག་སྒྲུབ་སྡེ་དགོན་ཟེར་བའི་དགོན་པ་གཅིག་ཡོད། དེར་རྟ་ནག་རྐྱང་ཕུ་ཡིན་པ་གང་ཞིག །ས་མིང་དུ་རྐྱང་ཕུ་འབོད་པ་ཡིན་ཕྱིར། རྟ་ནག་རྐྱང་ཕུ་བོན་གྱི་འདུ་འཚོགས་གནས་ཞེས་པས་དེར་ཡིན་པར་ངེས། ཚ་མཚོ་སྒྲུབ་སྡེ་དགོན་པའི་གཡས་སུ་ཚེ་ལུང་དགོན་དང་། གཡོན་ཕྱོགས་སུ་རྟའུ་དགོན་པ་གཉིས་སར། གྱང་རལ་གནའ་ཤུལ་ཆེན་པོ་ཡོད་རབས་བཤད། དེ་ནས་མར་སོང་ན་རི་གདོང་ཕར་རྒྱབ་ཏུ་ཨོ་རོག་རྫོང་འབོད་པའི་སར་རྫོང་ཤུལ་གཅིག་ཡོད། བོན་ཨ་ཁུ་ཁྲོ་ཐུང་གི་རྫོང་ཕོ་རོག་སྙིང་རྫོང་ཟེར་བ་རེད་ཞེས་བཤད། ཞབས་རྗེས་འགའ་འཇལ་རྒྱུ་ཡོད་རབས་གདའ། དེའི་མར་ནང་འབུ་རུ་ཆུ་ཚན་འབོད་པ་གཅིག་ཡོད། ཡང་ཁ་ཅིག་གིས་རྟ་ནག་ཉུག་གི་ཕུ་རུ་རྐྱང་ཕུ་ཟེར་བ་གཅིག་ཡོད་རབས་བཤད་ཀྱང་། དུད་ཚང་གཅིག་གི་མིང་ལ་རྐྱང་ཕུ་ཚང་ཟེར་བ་གཅིག་ཡོད། དེ་མ་གཏོགས་རྐྱང་ཕུ་ཟེར་བའི་ས་གནས་གཅིག་རྩེད་མ་ཆོད། རྟ་ནག་རྐྱང་ཕུ་ལ་འགྲོ་ན། རྟ་ནག་མདའ་དམར་ཤང་ནས་སྤྱི་ལེ་དྲུག་ཅུ་བདུན་ཅུ་ཡན་མན་ཙམ་ཡོད།

  ༼༢༥༽འཇེད་ཀྱི་རྒྱང་མཁར་ནི། བསྒྲགས་གླིང་ལས། མཇེད་ཀྱི་རྐྱང་འཁོར་བོན་གྱི་འདུ་འཚོགས་གནས། ཞེས་དང་། མཛོད་སྒྲ་འགྲེལ་ལས། འཇད་ཀྱི་སྐྱང་འཁོར། ཞེས་དང་། གླེང་གཞི་བསྟན་པའི་འབྱུང་ཁུངས་ལས། འཇད་ཀྱི་རྒྱ་མཁར་བོན་གྱི་འདུ་འཚོགས་གནས། ཞེས་གསུངས། དར་རྒྱས་གསལ་སྒྲོན་ལས། འཇད་ཀྱི་སྐྱང་གོང་དང་། ཁྲོ་འགྲེལ་ལས། འཇད་ཀྱི་རྒྱང་མཁར། དཔལ་ཚུལ་བསྟན་འབྱུང་ལས། འཇད་ཀྱི་རྒྱང་མཁར་ནི་མཐོང་སྨོན་ཕྱོགས་ཞེས་སོགས་གསུངས་པས། གནས་ཡུལ་ནི། གཞིས་རྩེ་ས་ཁུལ་མཐོང་སྨོན་རྫོང་དར་ལྡིང་ཤང་དུ་ཡོད་པའི་དམུ་རིགས་གཤེན་གྱི་གདུང་འཛིན་གཤེན་ཚང་བླ་བྲང་དང་གསེར་སྒོ་ཁྲ་མོས་ཕྱོགས་སུ་འདོད་མཁན་ཡོད་མོད། གཤེན་ཚང་གྲྭ་རྒན་ཞིག་ནས་འདི་ལྟར་གོང་གི་རི་རྒྱལ་དགོན་དང་གཤམ་གྱི་གསེར་སྒོ་ཁྲ་མོ་ཡོད་ས་དེར་རྩ་བ་ནས་མི་འདུག ང་ཚོ་ས་སྐྱེས་རྡོ་སྐྱེས་ཀྱི་ས་ཆ་དེའི་མི་ཡིན་པས་དོག་པ་ཟ་བའི་གནས་ཤིག་མ་རྙེད་ཅེས་གསུངས། འཇེད་ཀྱི་རྐྱང་འཁོར་རམ་རྒྱང་མཁར་ཞེས་པ་སྤྱིར་ན་ཡོངས་གྲགས་རེད། འཇེད་ཞེས་པའི་ས་གནས་ལྟེ་བ་ད་ལྟ་མཐོང་སྨོན་རྫོང་གི་འཁྲིས་ལ་ཡོད་པ་དེ་རང་ཡིན། དེའི་ཉེ་འཁོར་དུ་རྐྱང་འཁར་ཞེས་པ་ཞིག་ཡོད། ལ་ལས་དེར་ཡིན་མིན་ཐེ་ཚོམ་ཡོད་ཟེར། འདུ་གནས་ཆགས་ཤུལ་ནི་ཆབ་ཁ་གྲོང་རྡལ་ཁོངས་སུ་ཡིན་པ་འདྲ་གསུངས། གང་ཡིན་ཟེར་ན་དེར་གྲོང་པ་ཞིག་ཡོད། དེའི་མིང་ལ་རྒྱང་འཁོར་ཟེར་གྱི་ཡོད། དེ་སྔ་གྲོང་པ་དེ་མ་སྤོས་གོང་ལ་དེའི་ཉེ་འཁོར་དུ་འཁར་ཤུལ་ཞིག་ཡོད་རེད། དེ་མིན་དེའི་ཉེ་འཁོར་དུ་མཁར་ཤུལ་ཁ་ཤས་ཡོད་ཀྱང་། གསལ་ཁ་དེ་ཙམ་མེད་ལ་ཡུལ་མི་སུ་ལ་དྲིས་ཀྱང་གསལ་པོར་བཤད་རྒྱུ་མི་འདུག་གསུངས་པས། དེ་ལྟར་གནས་གཞི་དེ་ཚོར་ཞིབ་ཀྱིས་བརྟག་དགོས།

  ༼༢༦༽རྟ་ཕུ་དྲོས་ལྷས་ནི། བསྒྲགས་པ་གླིང་གྲགས་ལས། སྟ་ཕུག་གྲོན་ལྷས་བོན་གྱི་འདུ་འཚོགས་གནས། ཞེས་དང་། སྒྲ་འགྲེལ་ལས། སྟ་ཕུ་དྲོན་གླས། ཞེས་དང་། རྫོང་འཕྲང་ལས། སྟ་ཕུ་གྲོན་ལྷས། གླེང་གཞི་བསྟན་པའི་འབྱུང་ཁུངས་ལས། སྟང་ཕུ་དྲོས་ལྷས་བོན་གྱི་འདུ་འཚོགས་གནས། ཞེས་དང་། དར་རྒྱས་གསལ་སྒྲོན་ལས། རྟ་ཕུ་མགྲོན་ལྷས། ལེགས་བཤད་མཛོད་ལས། སྟ་བུ་དྲོན་ལྷས་དང་། བསྟན་འབྱུང་ལས། རྟ་ཕུ་དྲོས་ལྷས་ནི་མུས་ཀྱི་ཕུ་བྱང་འབྲོག་མཚམས་གསུངས་པས། གནས་ཡུལ་དངོས་ནི། མཐོང་སྨོན་རྫོང་རྟ་མོ་ཤར་ཤང་གླང་མ་གྲོང་ཚོས་ཕུག་ཏུ་ཇོང་བྲག་དཀར་རམ་ཇོ་མོ་བྲག་དཀར་ཟེར་བ་གཅིག་ཡོད། དེར་ཡུལ་མིས་སེ་གར་བླ་མའི་སྒྲུབ་ཕུག་ཅེས་འབོད། ཡོངས་འཛིན་བླ་མས་བོད་ཡུལ་གནས་གྱི་ལམ་ཡིག་ལས། ཕུག་ཆུང་ར་མོ་སེ་དཀར་སྟོན་པའི་བཞུགས་གནས་དང་རྟ་ཕུ་ཤེལ་དཀར་བྲག་གཡས་རུའི་འདུ་གནས་ཀྱི་ནང་ཚན་རྟ་ཕུ་དྲོན་ལྷས་ཟེར་བ་དེ་ཡིན་པ་ངོས་འཛིན་གནང་གི་འདུག་གསུངས། རྒྱུང་སྲུབ་གསང་བའི་བྲག་ཀྱང་དེ་ན་ཡིན་པར་གསུངས། ཁ་ཅིག་གིས་རྒྱུང་སྲུབ་བྲག་སོག་པོ་བྲག་ལ་ངོས་འཛིན་པར་འདུགཡང་ཁ་ཅིག་གིས་ཟབ་བུའི་མེ་སྲུབ་འབོད་པའི་སར་རྒྱུང་སྲུབ་བྲག་རེད་ཟེར་ནས་ཐག་ཆོད་ཆོད་འདྲ་བཤད་མཁན་འདུག་ཀྱང་། ཕྲན་ནས་འདི་ཞེས་ཁས་ལེན་གྱི་སྤོབས་པ་མ་རྙེད། རྒྱུད་ལུང་དང་མཐུས་ཤོས་གང་ཡིན་བརྟག་དགོས། རྟ་ནག་གི་ཕུ་ལ་རྟ་ཕུ་ཟེར་བ་གཅིག་ཡོད་སྐད་གདའ་དེར་བརྟག་རྒྱུ་མ་བྱུང་།

  ༼༢༧ ༽གཙང་གི་གྱེར་ཕུག་ནི། བསྒྲགས་པ་གླིང་གྲགས་ལས། གཙང་གི་སྐྱེར་ཕུ་བོན་གྱི་འདུ་འཚོགས་གནས། ཞེས་དང་། སྒྲ་འགྲེལ་ལས། རྩང་གི་དགྱེར་ཕུག ཞེས་དང་། གླེང་གཞི་བསྟན་པའི་འབྱུང་ཁུངས་ལས། རྩང་གི་གྱེར་ཕུག་བོན་གྱི་འདུ་འཚོགས་གནས། ཞེས་དང་། དར་རྒྱས་གསལ་སྒྲོན་ལས། གཙང་གི་སྐྱེར་ཕུ། ཞེས་དང་། ལེགས་བཤད་མཛོད་ལས། གཙང་གི་གྱེར་ཕུག་ཞེས་དང་། དཔལ་ཚུལ་བསྟན་འབྱུང་ལས། གཙང་གི་གྱེར་ཕུག་ནི་མདོག་གཞུང་གི་ཕུག་གསུངས་པས། གནས་ཡུལ་ནི། ངམ་རིང་རྫོང་ཟང་ཟང་ཤང་ནས་མར་སྐྱུད་ཚང་གྲོང་ཚོ་ནས་ཁ་བྱང་ཤར་ཕྱོགས་སུ་མདོག་གཞུང་ཞེས་པའི་ཆུ་ཕུག་ནས་ཡར་ཕྱིན་ན་གཞུང་པ་ཤང་གི་གཡོན་ལུང་དུ་ཕུག་ཚ་གྲོང་ཚོར་སོང་ན་ཕུག་ཚ་དགོན་ནམ་གཟིམ་ཕུག་ཟེར་བ་ཞིག་འདུག དེར་འགུ་རུའི་དབུ་རྗེས་དང་གནས་དེ་དཀའ་རྟག་རང་བྱུང་ཇི་སྙེད་ཞིག་ཡོད་པར་བཤད། གནས་རི་དེ་ཨོ་རྒྱན་སྟོང་ལྔ་ཟེར། ཡར་རི་སྲིང་དུ་བར་དུང་དུ་ཁྲོད་ཞེས་པའི་དུ་ཁྲོད་གཅིག་ཡོད། བྱ་རྒོད་ཁྲུས་ཆུ་ལུ་མ་ཞེས་པའི་ཆུ་གཅིག་འདུག ཆུ་དེ་མཐུང་མཁན་གྱི་མི་དེ་ཚོ་ཚེ་རིང་པོ་ཐུབ་གི་རེད་ཞེས་བཤད། ཡུལ་མིའི་རྒན་གོག་རྣམ་ལོ་བརྒྱ་བཅུ་དགུ་བཅུ་ཐོབ་མཁན་མང་པོ་འདུག ཟུར་དུ་གྱེར་ཆེན་ཟེར་བའི་བྲག་རི་གཅིག་དང་དེར་སྒྲུབ་ཕུག་འགའ་ནང་དུ་འཚམས་སྒྲུབ་དུ་བཞུགས་མཁན་འགའ་ཤས་སྣང་། གཤམ་དུ་ཕུག་པའི་མིང་བཏགས་ས་གཙོ་ནི། སྟོང་ཤོང་ཕུག་ཞེས་པའི་བྲག་ཕུག་ཆེ་པོ་དེ་ཡིན། ལུག་སྟོང་ལུག་གཅིག་ཤོང་ནས་སྟོང་ཤང་ཕུག་ཞེས་འབོད་པར་བཤད། བྲག་རི་དེར་གྱེར་ཆེན་འབོད་པ་གང་ཞིག ས་མིང་དུ་ཕུག་ཚ་འབོད་པ་ཡིན་ཕྱིར། འདུ་གནས་གཙང་གི་གྱེར་ཕུག་དེ་གལ་མ་ཡིན་ནམ་སྙམ། དེ་ལྟར་དཔྱད་པར་མཛོད། ཡོངས་འཛིན་བླ་མས་བོད་ཡུལ་གནས་གྱི་ལམ་ཡིན་ནང་དུ་མདོག་ཅེས་པ་དེ། རྫེ་བཙུན་ཚེ་དབང་རིག་འཛིན་གྱི་སྤྲུལ་སྐུ་ལུང་བོན་ལྷ་གཉན་འཁྲུངས་ཡུལ་དེར་ཡིན་པར་གསུངས། ཟང་ཟང་ཤང་ནས་མར་ཕུག་ཚ་གྲོང་ཚོར་བར་སྤྱི་ལེ་སུམ་བཅུ་བཞི་བཅུ་ཡན་མན་འདུག

  ༼༢༨༽ཟང་ཟང་ལྷ་བྲག་ནི། བསྒྲགས་པ་གླིང་གྲགས་ལས། ཟང་ཟང་ལྷ་བྲག་དང་། མཛོད་སྒྲ་འགྲེལ་ལས། ཟང་ཟང་ལྷ་བྲག ཞེས་དང་། གླེང་གཞི་བསྟན་པའི་འབྱུང་ཁུངས་ལས། ཟང་ཟང་ལྷ་བྲག་བོན་གྱི་འདུ་འཚོགས་གནས། ཞེས་དང་། དར་རྒྱས་གསལ་སྒྲོན་ལས། ཟང་ཟང་ལྷ་བྲག་དང་། དཔལ་ཚུལ་བསྟན་འབྱུང་ལས། ཟང་ཟང་ལྷ་བྲག་ནི་གཙང་པོའི་བྱང་རྒྱུད་ཟང་ཟང་ལྷ་གཉའ་བྲག་གསུངས་པས། གནས་ཡུལ་ནི། གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་ཟང་ཟང་གྲོང་རྡལ་གཡག་སྙིང་གྲོང་ཚོའི་ས་རུ་ཐང་གི་དཀྱིལ་དུ་ཁྲོ་ཚོགས་བཤམས་པ་འདྲ་བའི་བྲག་རི་སྔོ་ཟང་ཟང་དེ་ཡིན། བོན་གྱི་འདུ་གནས་དང་སྒྲུབ་གནས་གཏེར་གནས་བཅས་ཡིན། དེའི་ཡན་ཆད་གཡས་རུ་བརྒྱད་ཡིན།

  ༼༢༩༽ཉང་སྟོད་སྟག་ཚལ་ནི། བསྒྲགས་གླིང་ལས། ཉང་སྟོད་སྟག་ཚལ་བོན་གྱི་འདུ་འཚོགས་གནས། ཞེས་དང་། སྒྲ་འགྲེལ་ལས། ཉང་སྟོད་སྟག་ཚལ་བོན་གྱི་འདུ་འཚོགས་བྱེད་པའི་གནས། ཞེས་དང་། གསང་སྔགས་རྫོང་འཕྲང་ལས། ཉག་སྟོད་སྟག་ཚལ་གདོང་སྔོན། ཞེས་དང་། གླེང་གཞི་བསྟན་པའི་འབྱུང་ཁུངས་ལས། ཉང་སྟོད་སྟག་ཚལ་དང་། དར་རྒྱས་གསལ་སྒྲོན་ལས། ཉང་སྟོད་སྟག་ཚལ། ཞེས་དང་། དཔལ་ཚུལ་བསྟན་འབྱུང་ལས། ཉང་སྟོད་སྟག་ཚལ་ནི་ཉེ་རོ་ལུང་པའི་ཕུ་གསུངས་པས། གནས་ཡུལ་ནི། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ཁུལ་མཁར་ཀ་ལུང་ཤུལ་གྱི་གཡས་ངོས་རི་སྟེང་དུ་ཆགས་ཡོད། དུས་ད་ལྟའང་གནའ་ཤུལ་གྱང་རལ་མང་པོ་ཞིག་འགྱིང་ངེར་གནས་ཡོད་པས། མིག་ལམ་དུ་འཆར་སྐབས་རིག་གནས་ཤུལ་བཞག་གི་རིན་ཐང་ལྡན་པའི་ལོ་རྒྱུས་ཞིག་སེམས་ཀྱི་དྲན་འཆར་ངོགས་སུ་དབང་མེད་ངང་འཁོར་ཐུབ། མཁར་ཀ་རྫོང་ངམ་སྟག་ཚལ་རིག་གནས་ལོ་རྒྱུས་ལ་གཟིགས་པ་ཙམ་གྱིས་སྔར་ཁར་ཀའི་ནང་ནགས་ཚལ་གྱི་ཡུལ་ལུང་ཡིན་པའི་སྐོར་གསུང་མཁན་ཤ་སྟག་ཡོད་པ་ནི་དཔེར་ན། སྐྱ་འབུད་བྲག་སྒྲུབ་ལོ་རྒྱུས་ནང་དུ་ཤིང་སྣ་མི་གཅིག་བརྒྱ་དང་རྩ་བརྒྱད་ཡོད་ཅེས་གསལ་འདུག མྱང་གཞུང་སྟོད་སྨད་བར་གསུམ་ངོ་མཚར་གཏམ་གྱི་ལེགས་བཤད་ནང་། སྟག་ཚལ་སྨོན་འགྲོ་ན་ཞེས་པ་དང་། སྟག་ཚལ་བྱ་རྐན་ཞེས་པ་སོགས་མཁར་ཀའི་ས་ཆ་ཕར་ཆེ་བར་སྟག་ཚལ་གྱི་མིང་ཚིག་གིས་ཁྱབ་འདུག མཁར་ཀ་རྫོང་དེར་རྒྱ་ཁྱོན་རྨིད་གྲུ་བཞི་མ་ཁྲི་གཉིས་ཙམ་དང་ལྕགས་རི་ཤར་ནུབ་གཉིས་ལ་སྒོ་ཆེན་རེ་བསྟན་ཡོད་པར་བཤད། གཙང་གི་གཡས་རུ་མྱང་སྟོད་སྟག་ཚལ་མཁར་ཀ་རྫོང་མཁར་སྟོད་ཤང་སྔོ་ཉག་གྲོང་ཚོ་དྲུག་པ་དང་། ས་ལྷ་གྲོང་ཚོ་བདུན་པ་གཉིས་གྱི་བར་དུ་འདུ་གནས་སོ་བདུན་གྱི་ནང་ཚན་རུ་ལག་གི་འདུ་གནས་ཉང་རོ་དྲུམ་གྱི་སྟག་ཚལ་འདིར་ཡོད། ད་སྐབས་ཡུལ་མིའི་ཁ་སྐད་དུ་ཁར་ཀ་རྫོང་དང་མཁར་ཀ་འམ་སྡོང་སྔོན་ཟེར། དཔལ་ཚུལ་བསྟན་འབྱུང་ལས། བླ་མ་ཀུན་དགའ་ཞིག་པོ་བྱ་བ་བྱོན། །མེ་སྒོམ་ཞིག་དང་ཞུ་སྒོམ་འཁྲུལ་ཞིག་ལས། །གདམས་ནོད་ཉང་སྟོད་སྟག་ཚལ་སྡོང་སྔོན་བསྒོམ། །སྐྱེ་མེད་དོན་རྟོགས་གཟུང་འཛིན་འཁྲུལ་རྒྱ་རལ། ཞེས་གསུངས། གདོང་སྔོན་སྟག་པ་དགའ་ཚལ། སྔོ་ཉག་རྫོང་། རྫོང་སྔོན་པོ། གདོང་སྔོན་ཤེལ་གྱི་བདག་པོ། མཁར་དགའ་ལྷ་ཆེན་རྒྱལ་པོ་བཅས་མིང་མང་པོ་འབོད་བཞིན་འདུག མཁར་ཀ་རྒྱལ་པོའི་རྫོང་དང་པོ་དེ་མཁར་ཀ་ཤང་སྨད་དུ་རྫོང་ཆེན་པོ་གཅིག་ཡོད་རེད་ཟེར་འདུག ད་ལྟ་སྨིན་གྲོལ་རྒྱལ་པོ་ཟེར་བའི་ཤིང་གདོང་ཆེན་པོ་ཁ་བཏགས་ཀྱིས་བཏུམས་བཞག་པ་གཅིག་དང་ལྷ་གསོལ་སའི་ལྷ་ར་བཅས་ཡོད། རྫོང་ཐོག་མར་ཆགས་གནས་དེར་རེད་ཅེས་ཤོད་སྲོལ་གདའ། སྨོན་འགྲོ་རྒྱལ་ཆེན་དང་། མཁར་ཀ་རྒྱལ་ཆེན་གཉིས་ནི་མཚན་མི་འདྲ་བའི་ཁྱད་པར་ཙམ་ལས་མདོར་ན་རྒྱལ་པོ་གཅིག་ཡིན་པ་བཤད། ཡང་ཁ་ཅིག་གིས་ནག་ཆུ་ས་ཁུལ་ཤན་རྩ་རྫོང་བ་ཚ་ཤང་ཁོངས་སུ། དྲུམ་བུ་ཁྲ་ཚང་དང་། དྲུམ་གྱི་སྟག་ཚལ་ཟེར་བ་གཅིག་ཡོད། དེར་ཡིན་པར་བྱེད་འདུག་ཀྱང་དབུས་གཙང་གི་འདུ་གནས་སོ་བདུན་གྲལ་མ་ཡིན་ནོ། །

  ༼༣༠༽ཆུ་མགོ་སྟག་རིང་ནི། བསྒྲགས་གླིང་ལས། ཆུ་མགོ་རྟིང་རིང་བོན་གྱི་འདུ་འཚོགས་གནས། ཞེས་དང་། སྒྲ་འགྲེལ་ལས། ཆུ་འགོ་རྡོ་རིང་། ཞེས་དང་། གླེང་འབྱུང་ལས། ཆུ་འགོ་རྟ་རིང་དང་། ཞེས་དང་། དར་རྒྱས་གསལ་སྒྲོན་ལས། ཆུ་འགོ་དོ་རིང་། ལེགས་བཤད་མཛོད་ལས། ཆུ་མགོ་རྡོ་རིང་། ཞེས་དང་། བསྟན་འབྱུང་ལས། ཆུ་འགོ་སྟག་རིང་ནི་ཆུ་མིག་རིང་མོ་ཟེར་གཞིས་རྩེའི་ལྷོ་གསུངས་པས། གནས་ཡུལ་ནི། གཞིས་རྩེ་གྲོང་ཁྱེར་ནས་ནུབ་དུ་སྣར་ཐང་པར་ཁང་ཆེན་པོའི་ཕྱོགས་སུ་སོང་ན་དེར་ཆུ་མིག་ཤང་ཁོངས་རྡོ་རིང་གྲོང་ཚོ་དང་སྟག་ལ་ལུང་འབོད་པ་གཉིས་ཀྱི་བར་དུ་གྲོང་ཚོ་ཞིག་ཡོད་པའི་ནང་དུ་ཆུ་མིག་སྒྲོན་མ་ལྷ་ཁང་ཞེས་པའི་ལྷ་ཁང་ཆུང་ཆུང་གཅིག་འདུག དེའི་ཉེ་འཁོར་གྱི་གྲོང་ཚོའི་རྒྱ་རའི་ནང་དུ་ཆུ་ཉོག་གཅིག་འདུག་རུ་ལག་གི་འདུས་གནས་ཆུ་མགོ་སྟག་རིང་དེ་དང་དེའི་ཉེ་འཁོར་སུ་ཡིན་པར་ངེས། རྡོ་རིང་གྲོང་ཚོར་སྔོན་མ་རྡོ་རིང་གཅིག་ཡོད་ཀྱང་རིག་གསར་སྐབས་གཏོར་བརླག་ཏུ་སོང་རབས་བཤད། རྡོ་རིང་གྲོང་ཚོ་དང་སྟག་ལ་ལུང་གཉིས་གྱི་བར་དུ་ཡིན།

  ༼༣༡༽མཁར་ཆེན་བྲག་དཀར་ནི། བསྒྲགས་གླིང་ལས། མཁར་ཆེན་བྲག་དཀར་བོན་གྱི་འདུ་འཚོགས་གནས། ཞེས་དང་། གླེང་གཞི་ལས། མཁར་ཆེན་བྲག་དཀར་བོན་གྱི་འདུ་འཚོགས། ཞེས་དང་། དར་རྒྱས་གསལ་སྒྲོན་ལས། མར་ཆེན་བྲག་དཀར་དང་། ཁྲོ་འགྲེལ་ལས། མཁར་ཆེན་བྲག་དཀར་བོན་གྱི་འདུ་འཚོགས། ཞེས་དང་། བསྟན་འབྱུང་ལས། མཁར་ཆེན་བྲག་དཀར་ནི་དེ་ནས་འགྲིག་འཚམས་ཕྱོགས་འགྲོ་ལམ་ཡོད་གསུངས་པས། གནས་ཡུལ་ནི། གཞིས་རྩེ་ནས་ས་སྐྱའི་འགྲོ་ལམ་བརྒྱུད་དེ་མཚོ་ལ་བརྒལ་ཞིང་ཅུང་ཟད་མར་སོང་ན་བྱང་ཕྱོགས་སུ་སྤྱི་ལེ་བཅུ་ཙམ་ནས་མཐོང་བཞིན་པའི་རི་ཡི་རྩེ་ལ་བྲག་མཁར་ཆེན་འབོད་པ་ཞིག་ཡོད། དེ་རུ་ལག་གི་འདུས་གནས་མཁར་ཆེན་བྲག་དཀར་ཡིན། དེང་སྐབས་བྲག་མཁར་ཆེན་ཟེར། མིང་འགོ་འཇུག་ལྡོག་ནས་འབོད་འདུག འགུ་རུ་དང་ཡེ་ཤེས་མཚོ་རྒྱལ་བཅས་ཀྱི་སྒྲུབ་གནས་ཡིན་པར་བཤད། ལྷ་རྩེ་རྫོང་ཞེ་ཆེན་ཤང་བསམ་ཐང་གྲོང་ཚོའི་ཁོངས་སུ་གནས་ཡོད།

  ༼༣༢༽མཚོ་རྔ་དྲིལ་ཆུང་ནི། བསྒྲགས་པ་གླིང་གྲགས་ལས། མཚོ་ལྔ་རལ་ཆུང་བོན་གྱི་འདུ་འཚོགས་གནས། ཞེས་དང་། མཛོད་སྒྲ་འགྲེལ་ལས། མཚོ་རྔས་དྲིལ་ཆུང་། ཞེས་དང་། གླེང་གཞི་བསྟན་པའི་འབྱུང་ཁུངས་ལས། མཚོ་ལྔ་དྲིས་ཆུང་བོན་གྱི་འདུ་འཚོགས་གནས། ཞེས་དང་། དར་རྒྱས་གསལ་སྒྲོན་ལས། མཚོ་རྔས་བྲེ་ཆུང་། དཔལ་ཚུལ་བསྟན་འབྱུང་ལས། མཚོ་རྔ་དྲིལ་ཆུང་ནི་འགྲིག་མཚམས་བྱང་ཁར་ཡོད་གསུངས་པས། གནས་ཡུལ་ནི། གཏིང་སྐྱེས་རྫོང་མདོ་བཀྲ་ཤང་ཁོངས་ཡིན། ས་སྐྱ་རྫོང་གི་ལྷོ་ནུབ་ཕྱོགས་འབྲོང་ལ་བརྒལ་ཞིང་རྨ་བྱ་ཤང་ནས་ཆོབ་ཤང་བརྒྱུད་དེར་རྡོ་བཀྲ་ཤང་ནས་མཚོ་རྔ་དེའུ་ཆུང་མཐོང་བཞིན་ཡོད། མཚོ་མོ་དྲེའུ་གདོང་འམ་མཚོ་མོ་དྲིའུ་ལུད་ཟེར་བའི་བྲག་འབུར་དེར་དེའུ་དགོན་ཞེས་འབོད། གཤེན་ཆེན་ཀླུ་དགས་དྲེའུ་དམར་སྒྲུབ་གནས་བྱིན་ཆེན་ཡིན། ཟུར་དུ་མཚོ་མོ་བཀྲ་གླིང་ཞེས་པ་དེ་དྲེལ་དམར་བླ་མཚོའང་ཟེར། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། གཤེན་སྒུར་ཀླུ་དགའ་བྱ་བ་ཡིས། མཚོ་རྔ་བྲག་ལ་གཏེར་སྒོ་འབྱེད་ཅེས་གསུངས་པའི་འདུ་གནས་དེའོ། །

  ༼༣༣༽གཉེན་རྩེ་ཐང་ཤོད་ནི། བསྒྲགས་པ་གླིང་གྲགས་ལས། གཉེན་རྩེ་ཐང་ཤོར་བོན་གྱི་འདུ་འཚོགས་གནས། ཞེས་དང་། མཛོད་སྒྲ་འགྲེལ་ལས། གཉེན་རྩེ་ཐང་ཤོད། ཅེས་དང་། གླེང་གཞི་བསྟན་པའི་འབྱུང་ཁུངས་ལས། གཉེན་རྩེ་ཐང་ཤོད་བོན་གྱི་འདུ་འཚོགས་གནས། ཞེས་དང་། དར་རྒྱས་གསལ་སྒྲོན་ལས། གཉེན་རྩེ་ཐང་ཤོད་དང་། དཔལ་ཚུལ་བསྟན་འབྱུང་ལས། གཉེན་རྩེ་ཐང་ཤོད་ནི་དེའི་ནུབ་ཉེ་བར་དུ་བླ་མ་གཤེན་གྱི་བཞུགས་གནས་གསུངས་པས། གནས་ཡུལ་ནི། འགྲིག་འཚམས་ཀྱི་ཕྱོགས་གཉེན་རྩེ་གད་དམར་གྲོང་ཚོ་ཨུ་ཡོན་ལྷན་ཁང་ཡོད་ས་དེར་སྔོན་གད་དམར་ལྷ་ཁང་ཟེར་བ་དེང་སྐབས་ལྷ་ཁང་ཆུང་ཆུང་གཅིག་གིས་ནང་དུ་འཁོར་ཆེན་ཞིག་ཡོད། ས་དམར་པོ་དང་གད་པ་དམར་པོ་ཡིན་པས་གད་དམར་ཟེར། འདུ་གནས་གཉེན་རྩེ་ཐང་ཤོད་དེ་གར་ཡིན་པར་ངེས། ཟུར་དུ་བསྟན་པ་ཕྱི་དར་སྐབས་ཆེས་སྔ་བ་དམུ་རིགས་གཤེན་གྱི་གདན་ས་གཙོ་བོ་ལྕགས་སྤྲེལ་(༩༦༠)ལོར་གཤེན་དཔལ་མགོན་འཕྲིན་ལས་ཀྱི་བཞུགས་གནས་དེར་འཇལ་རྒྱུ་ཡོད། དེ་ནས་ཡར་ཅུང་ཙམ་སོང་ན་ས་འབུར་གཅིག་གི་མགོ་ལ་གྱང་རོ་གྲུ་བཞི་དང་ཡུལ་ལྷ་གསོལ་སའི་ཚ་ཁང་ཆུང་ཆུང་འགའ་ཡོད་ས་དེར་འདུ་གནས་ཡིན་ཟེར་མཁན་ཡོད་ཀྱང་དེར་མ་ཡིན་ནོ། །

  ༼༣༤༽གྲམ་པ་ཁའུ་ནི། བསྒྲགས་པ་གླིང་གྲགས་ལས། གྲམ་པ་ཁ་ཆུ་བོན་གྱི་འདུ་འཚོགས་གནས། ཞེས་དང་། སྒྲ་འགྲེལ་ལས། གྲོམ་པ་ཁའུ། ཞེས་དང་། རྫོང་འཕྲང་ལས། གྲབ་པ་ཁའུ། གླེང་གཞི་བསྟན་པའི་འབྱུང་ཁུངས་དང་། དར་རྒྱས་གསལ་སྒྲོན་ལས་གྲམ་པ་ཁའུ་དང་། སྐྱབས་སྟོན་ཁྲོ་འགྲེལ་དང་དཔལ་ཚུལ་བསྟན་འབྱུང་ལས། གྲམ་པ་ཁའུ་ནི་ས་སྐྱའི་ཡར་གྲམ་པའི་ལུང་ནང་གསུངས་པས། གནས་ཡུལ་ནི། ས་སྐྱ་རྫོང་ནས་ཡར་གྲམ་ཆུ་གཞུང་ཟེར་བ་བརྒྱུད་དེ་སྤྱི་ལེ་བརྒྱད་དགུ་ཙམ་སོང་ན་ཁའུ་བྲག་དཀར་རམ་གྲམ་པ་ཁའུ་ཡོད། དེང་སྐབས་ཁའུ་བྲག་རྫོང་འང་ཁའུ་བྲག་དཀར་དུ་འབོད། ས་སྐྱ་བས་སྒོམ་སྒྲུབ་བྱེད་སའི་དགོན་པ་དེ་ཡིན། སྒྲུབ་ཕུག་ངོ་མཚར་ཅན་མང་པོ་མཇལ་རྒྱུ་འདུག གཤམ་དུ་ཨ་ནེའི་དགོན་པ་གཅིག་ཡོད།

  ༼༣༥༽ར་ས་ཐང་ཟླུམ་ནི། བསྒྲགས་གླིང་ལས། ར་ཟ་ཐང་ཟླུམ་བོན་གྱི་འདུ་འཚོགས་གནས། ཞེས་དང་། སྒྲ་འགྲེལ་ལས། རག་ཟ་ཐང་ཟླུམ། ཞེས་དང་། གླེང་འབྱུང་ལས། རག་ཟ་སྭང་ཟླུམ་བོན་གྱི་འདུ་འཚོགས་གནས། ཞེས་དང་། གསང་སྔགས་རྫོང་འཕྲང་ལས། ར་ཟ་ཐང་ཟླུམ་དང་། དར་རྒྱས་གསལ་སྒྲོན་ལས། ར་ས་ཐང་ཟླུམ། ཞེས་དང་། དཔལ་ཚུལ་བསྟན་འབྱུང་ལས། རག་ཟ་ཐང་ཟླུམ་ཡང་ཟེར། གནས་ཡུལ་ནི། གཞིས་རྩེ་གྲོང་ཁྱེར་ནས་ཁ་ནུབ་ཏུ་གཏད་དེ་སྤྱི་ལེ་བརྒྱ་ཙམ་སོང་ན་ར་ས་ཤང་དུ་མ་སླེབས་ཙམ་དེར་ར་ཟ་ཐང་ཟླུམ་ཡོད། ད་ལྟ་རྫོང་དང་དགོན་མིང་ལ་ར་ས་རིན་ཆེན་རྩེ་རྫོང་ངམ་རིན་ཆེན་དགོན་ཡང་ཟེར། ལམ་ཟུར་དུ་རི་འབུར་གོང་འོག་གཉིས་དང་གྱང་རལ་རྩིག་ཤུལ་བཅས་འདུག གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ར་ས་ཤང་བྱང་གོང་གྲོང་ཚོ་དུ་གནས་ཡོད།

  ༼༣༦༽མང་མཁར་མདོ་ཕུག་ནི། བསྒྲགས་པ་གླིང་གྲགས་ལས། མང་མཁར་མདོ་ཕུག་བོན་གྱི་འདུ་འཚོགས་གནས། ཞེས་དང་། མཛོད་སྒྲ་འགྲེལ་ལས། མང་མཁར་མདོ་ཕུག གླེང་འབྱུང་ལས། མང་དཀར་མདོ་ཕུག ཅེས་དང་། དར་རྒྱས་གསལ་སྒྲོན་ལས། མང་མཁར་མདོ་ཕུག ཅེས་དང་། ཁྲོ་འགྲེལ་ལས། མང་མཁར་མདོ་ཕུག་བོན་གྱི་འདུ་འཚོགས་གནས། ཞེས་དང་། བསྟན་འབྱུང་ལས། མང་མཁར་ལུང་པའི་མདོ་ལྕགས་འཕྲང་ཕུག་མོ་ཆེ་ཞེས་གསུངས་པས། གནས་ཡུལ་ནི། མང་མཁར་ལུང་པའི་མདོ་མུ་གུ་ཤང་མུ་གུ་ལུང་གི་དགོན་པའི་ནང་ཕུག་ཆེ་མ་ཟེར་བ་དེ་ལྕགས་འཕྲང་ཕུག་མོ་ཆེ་ཡིན་ཚོད་འདུག་སྙམ། ས་མ་བྲག་གི་ཕུག་པ་མང་པོ་ཡོད་ལ་གཙོ་བོ་མིང་ཆེན་སྒྲུབ་ཕུག་བཅུ་གསུམ་དང་དགོན་པའི་ནང་དུ་གཡོས་ར་ནག་ཚང་ཕུག་ཞེས་པའི་ཕུག་པ་ཧ་ཀྱང་ཆེན་པོ་གཅིག་འདུག མང་མཁར་ལྕགས་འཕྲང་སྤུན་བདུན་ཞེས་པའི་སར་སྒྲུབ་ཕུག་བརྒྱ་རྩ་བརྒྱད་ཡོད་རབས་བཤད། དེར་སེ་བོན་ཤ་རི་དབུ་ཆེན་མེ་ཉག་ལྕེ་ཚ་མཁར་བུ་ལྡེ་བོན་གྱིམ་ཚ་རྨ་ཆུང་དྲན་པ་ནམ་མཁའ་དང་སྟོང་རྒྱུང་སོགས་ཀྱི་སྒྱུབ་གནས་དང་། དཔོན་གསས་ཁྱུང་རྒོད་རྩལ་གྱི་གཏེར་གནས་སྒྲུབ་གནས་སོ་བདུན་གི་ནང་གསེས་བཅས་ཡིན། དེའི་ཆུ་ཕར་རུ་ནས་ཡར་ཅུང་ཙམ་སོང་ཚེ་དེང་སང་ཆ་ལུང་རྡོ་རྗེའི་སྒྲུབ་ཕུག་དང་ས་སྐྱ་བླ་མ་གྲགས་པ་རྒྱལ་མཚན་བཞུགས་གནས་ཡིན་ཟེར་བའི་སྒྲུབ་ཕུག་དང་རྩིག་གཞི་མང་པོ་ཡོད། དེར་མང་མཁར་མདོ་ཕུག་ཏུ་ངོས་འཛིན་གནང་མཁན་ཡང་ཡོད། རྩ་བའི་ཆ་ནས་མུ་གུ་ལུང་ཞེས་པའི་དགོན་པ་ཡོད་ས་དེར་ཡིན་པ་ངེས། ཕུག་ཆེ་མ་དང་ཕུག་མོ་ཆེ་ཡང་ཟེར། དེར་འགྲོ་ན་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གི་ནུབ་ཕྱོགས་མང་མཁར་ཆུ་རྒྱུད་ནས་ཡར་སོང་ན་མུ་གུ་ཤང་ཁོངས་སུ་ཡོད།

  ༼༣༧༽ལྷ་ཡུལ་གུང་ཐང་ནི། བསྒྲགས་པ་གླིང་གྲགས་ལས། ལྷ་ཡུལ་གུང་ཐང་དང་དགུའོ། །ཞེས་དང་། མཛོད་སྒྲ་འགྲེལ་ལས། ལྷ་ཡུལ་གུང་ཐང་བོན་ལ་འདུ་འཚོགས་བྱེད་པའི་གནས་སོ། །ཞེས་དང་། གླེང་གཞི་བསྟན་པའི་འབྱུང་ཁུངས་ལས། ལྷ་ཡུལ་གུང་ཐང་བོན་གྱི་འདུ་འཚོགས་བྱས་པའི་གནས་སོ་། ཞེས་དང་། རྒྱལ་རབས་བོན་གྱི་འབྱུང་གནས་ལས། ལྷ་ཡུལ་གུང་ཐང་བོན་གྱི་འདུ་འཚོགས་བྱེད་པའི་གནས་སོ། ཞེས་དང་། གསང་སྔགས་རྫོང་འཕྲང་ལས། ལྷ་ཡུལ་གུང་ཐང་དང་དགུའོ། །ཞེས་དང་། དར་རྒྱས་གསལ་སྒྲོན་ལས། ལྷ་ཡུལ་གུང་ཐང་དང་དགུའོ། །ཞེས་དང་། སྐྱབས་སྟོན་ཁྲོ་འགྲེལ་ལས། ལྷ་ཡུལ་གོང་ཐང་བོན་གྱི་འདུ་འཚོགས་གནས་ཅེས་སོ། །ཞེས་དང་། ལེགས་བཤད་མཛོད་ལས། ལྷ་ཡུལ་གྲ་ཐང་དང་དགུའོ། །དཔལ་ཚུལ་བསྟན་འབྱུང་ལས། ལྷ་ཡུལ་གུང་ཐང་ནི་མང་ཡུལ་གུང་ཐང་ཞེས་ལ་སྟོད་རྩེ་གསུངས་པས། གནས་ཡུལ་ནི། ལ་སྟོད་མོན་ཡོས་གུང་ཐང་ཡང་ཟེར། ལ་སྟོད་གུང་ཐང་མི་ལ་རས་པ་འཁྲུངས་གནས། སྐྱིད་རོང་རྫོང་རྫོང་དཀར་གྲོང་ཚོ་ཆོས་འཁོར་དགོན་པའི་ཟུར་དུ་སྒྲོན་མ་ལྷ་ཁང་ཟེར་བ་གཅིག་འདུག དེ་ནི་ལོ་ངོ་གཅིག་སྟོང་ལྔ་བརྒྱ་ཙམ་གྱི་ལོ་རྒྱུས་ཡོད་རེད་ཟེར་བའི་ཤོད་སྲོལ་འདུག གུང་ཐང་རྫོང་རྙིང་པ་ཡོད་སའི་ཕྱོགས་སུ་འདུ་གནས་སོ་བདུན་པ་ལྷ་ཡུལ་གུང་ཐང་ཡིན་པར་ངེས། དེའི་ཉེ་འཁོར་དུ་གྱང་རོ་ཞིག་ཤུལ་ཡོད་པ་དེ་གུང་ཐང་རྒྱལ་པོའི་ཕོ་བྲང་ཡིན་ཟེར་བ་དང་དགོན་པ་དེ་ལ་ཆོས་སྡེ་དགོན་ཟེར། དེའི་ནང་དུ་རྡོ་གྲུ་བཞི་མ་མིང་མང་རིས་ཡོད་པ་གཅིག་གིས་ངོས་སུ་རྩིས་ཁྲའི་རི་མོ་ཡོད་པ་དེ་སྔོན་བོན་པོའི་རྩིས་རྒྱག་ས་རེད་ཟེར་སྲོལ་འདུག དེས་ཡན་ཆད་རུ་ལག་དགུ་དང་བཅས་འདུ་གནས་སུམ་ཅུ་རྩ་བདུན་ནོ། །དེ་ལྟར་འདུ་གནས་སུམ་ཅུ་རྩ་བདུན་ན། ས་རྟགས་སུམ་ཅུ་རྩ་བདུན་དང་། མཆོད་རྟེན་སུམ་ཅུ་རྩ་བདུན། བང་སོའི་དུར་མཆོད་སུམ་ཅུ་རྩ་བདུན་ཡོད་དོ། །ཞེས་སྒྲ་བསྒྲགས་པ་རིན་པོ་ཆེའི་གླིང་གྲགས་དང་མཛོད་སྒྲ་འགྲེལ་བཅས་ལས་གསུངས་སོ། །དགེའོ། །

  ༧སྒྲུབ་གནས་སོ་དྲུག་གམ་སྒྲུབ་སྡེ་སོ་བདུན། མ་རྒྱུད་གནས་ཆེན་ཉེར་བཞི། རྗེ་ཡི་མགུལ་ལྷ་བཅུ་གསུམ། སྲིད་རྒྱལ་ཐུགས་ལས་སྤྲུལ་པའི་དབལ་མོ་ཉི་ཤུ་རྩ་བདུན་དང་། ཡང་སྤྲུལ་བརྟན་མ་བཅུ་གཉིས། སྲིད་པའི་གངས་རི་ཆེ་བདུན། གཏེར་བདག་ཡུམ་སྲས་སྡེ་ལྔ་བཅས་ཀྱི་སྐོར་རོབ་ཙམ་ཞུ་ན།

གསང་སྔགས་ཀྱི་སྒྲུབ་སྡེ་སོ་བདུན་སྐོར།

  ༧མང་ཕལ་ཆེ་བ་དབུས་གཙང་གི་འདུ་གནས་སོ་བདུན་ཀྱི་ཁོངས་སུ་འདུས་པས་རྒྱས་བཤད་དེ་ཙམ་མི་དགོས། བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་ལས། འདུས་གནས་སུམ་ཅུ་རྩ་བདུན་ནི། ལྷོ་གཏེར་ལྟར་ན་གསུངས། ཞེས་དང་། ལེགས་བཤད་མཛོད་ལས། གཞན་ཡང་བསྒྲགས་བྱང་ལས་གསུང་གསུངས། སྐྱབས་སྟོན་རིན་ཆེན་འོད་ཟེར་གྱིས། མཐོ་ཞང་ཞུང་ཁ་ཡུག་གི་རུ་མཚམས་ཁྱུང་ལུང་དངུལ་མཁར་མན་ཆད། དམའ་སུམ་པ་གླང་གི་གྱིམ་ཤོད་བྲག་ཤེལ་ལེ་རྒྱ་སྐར་ཡན་ཆད། ལྷོ་དོམ་སྒྲོ་ནག་པོ་སྙུག་མ་བུ་ཁུར་ཚུན་ཆད། བྱང་ལི་ཕྱི་སྒང་རིང་འཇག་མ་གླུ་ལེན་ཚུན་ཆད་དུ་དར་བར་བཤད་དོ། །ཁྱད་པར་དུ་བོན་གྱི་འདུ་གནས་སུམ་ཅུ་རྩ་བདུན་འཕེལ་བ་ནི་གསུངས། སྐལ་བཟང་མགྲིན་རྒྱན་ལས། ཁྱད་པར་མུ་ཁྲི་བཙན་པོས་སྔགས་ཀྱི་སྒྲུབ་སྡེ་སུམ་ཅུ་རྩ་བདུན་བཙུགས་ཏེ་ཞེས་གསུངས་པ་ལྟར་རིམ་པར་བསྟན་དེ།

  ༼༡ ༽ཁྱུང་ལུང་དངུལ་མཁར་ནི། མངའ་རིས་ས་ཁུལ་སྒར་རྫོང་མོན་འཚེར་ཤང་གྲོང་ཚོ་བཞི་པའི་ས་ཁོངས་སུ་གཏོགས། ཁྱུང་ལུང་དངུལ་མཁར་རྒྱལ་བ་མཉེས་པའི་ཚལ་ལམ་ཁྱུང་ཆེན་སྤུངས་པའི་རི། དེང་སང་མཁར་གདོང་འབོད་པའི་ས་གནས་དེ་ཡིན། ཁྱུང་ལུང་དངུལ་མཁར་དྲན་པའི་སྒྲུབ་ཕུག་གཡུང་དྲུང་རིན་ཆེན་འབར་བའི་སྒྲུབ་གནས་བྱིན་ཆེན་འཇལ་རྒྱུ་ཡོད། ཟུར་བྱང་ལས། སྒྲུབ་གནས་ཁྱུང་ལུང་དངུལ་མཁར་ལ། གང་སྒྲུབ་རིག་འཛིན་གྲལ་དུ་སྐྱེ་གསུངས། བློ་ལྡན་གསུང་འབུམ་ལས། ཁ་རག་རྡོ་སྐུ་རང་བྱོན་དེ། བོད་ལ་དཔལ་དུ་ཤར་བ་ཡི། ཀུན་བཟང་ཐུགས་རྟེན་མངོན་གྱུར་པ། དུས་བཐའ་འགྲོ་དོན་མཛད་པའི་ཕྱིར། མ་ངེས་སྤྲུལ་པའི་སྐུ་རུ་བྱོན། ཁྱད་པར་བླ་ཆེན་དྲན་པ་དང་། དངོས་སུ་འཇལ་དང་གཉིས་སུ་མེད། དུས་མཐའ་བར་དུ་འགྲོ་དོན་མཛད། གང་མཇལ་ངན་སོང་གསུམ་ལས་ཐར། ཚོགས་ཀྱི་འབྲེལ་བ་གང་ཐོབ་པ། ཕྱི་མ་ཚོགས་ཀྱི་ལམ་ལ་བསྒྲོད། ཅེས་དང་། ཟུར་བྱང་ལས། ཁ་རག་རྡོ་སྐུ་རང་བྱོན་ལ། གང་མཇལ་ཡི་དྭགས་བཀྲེས་སྐོམ་ཞི། ཞེས་གསུངས་པའི་དྲན་པའི་ཁ་རག་རྡོ་སྐུ་དེ་ཉིད་གུ་རུ་གྱམ་དགོན་མདོ་སྔགས་གྲགས་རྒྱས་གླིང་ཁྱུང་ལུང་དངུལ་མཁར་རྒྱལ་བ་མཉེས་པའི་ཡུལ་དེར་བཞུགས་ཡོད།

  ༼༢༽གངས་ཏི་སེ་ནི། མངའ་རིས་གྲོང་ཁྱེར་པུ་ཧྲིང་རྫོང་བ་ག་ཤང་ཁོངས་རི་བོ་གངས་རྒྱལ་ཏི་སེ་བྱ་བ་ནི་ཡོངས་གྲགས་ཡིན། ཚངས་དབྱངས་ཡིད་འཕྲོག་ལས། ཡུལ་ཆེན་བཅོ་བརྒྱད་ཀྱི་སྙིང་པོ་ཞང་ཞུང་ཡུལ། བོད་ཀྱི་ཆུ་བོ་བཞི་འདུས་དབུས་ཀྱི་རི། རི་བོ་གངས་རྒྱལ་ཏི་སེའི་རྩེ་མོ་ཡི། ཤེལ་གྱི་པད་མ་འདབ་བརྒྱད་ལྟེ་བར་བབས། ཞེས་དང་། སངས་རྒྱས་སྟོན་པའི་གཙོ་བོ་དེས། གངས་གཉན་ཡ་བག་ཤ་ར་ལ། གངས་དཀར་ཏི་སེ་བྱ་བ་བཏགས། ཞེས་དང་། ཟུར་བྱང་ལས། འཛམ་གླིང་ལྟེ་བ་གངས་ཏི་སེ། གང་མཇལ་སྐྱེ་བ་གསུམ་ནས་ཐར། ཞེས་གསུངས་པ་དེ་འོ། །

  ༼༣༽སྤོས་རི་ངད་ལྡན་ནི། གངས་རིའི་ཤར་ཕྱོགས་ཧོར་ཤང་གུང་རྒྱུད་གྲོང་ཚོ་ཞེས་པའི་སར་ད་ལྟ་ཧོར་ཆུས་ཀྱི་བྱང་ངོས་བོན་རི་ཟེར་བ་དེ་ཡིན། ཟུར་བྱང་ལས། ཞང་ཞུང་སྤོས་རི་ངད་ལྡན་ལ། ཞག་གཅིག་བསྡད་ན་བདེ་གནས་ཐོབ། བྱང་སེམས་འདུས་སྡེ་རྒྱ་ཆེར་འཕེལ་ཞེས་གསུངས་པའི་ས་གནས་དེ་ཡིན། ཡང་མ་པང་མཚོ་ཡི་ཤར་ཕྱོགས་སུ་བཀྲག་གཙང་པོ་ཆུ་རྒྱུད་ཡར་ཕྱིན་ནས་སྤོས་རི་ངད་ལྡན་ཞེས་པའི་བྱེ་རི་གཅིག་ཡོད་དཔྱད་པར་མཛོད།

  ༼༤༽མ་པང་གཡུ་མཚོ་ནི། སྤོས་རི་ངད་ལྡན་གྱི་མདུན་སྟག་རི་ཁྲ་བོའི་གཤམ་ཧོར་ཆུས་གྱི་ལྷོ་ནུབ་ཉེ་འཁོར་དུ་མ་པང་གཡུ་ཚོ་ཞེས་པ་ཡོངས་གྲགས་ཡིན། ཟུར་བྱང་ལས། མ་པང་གཡུ་མཚོ་སྔོན་མོ་ལ། གང་འཐུང་ཚེ་རབས་སྡིག་སྒྲིབ་འབྱང་། ཞེས་གསུངས་པ་དེའོ། །

  ༼༥༽བྲག་ཕུག་རོང་ཆེན་ནི། གཞིས་རྩེ་ས་ཁུལ་འབྲོང་པ་རྫོང་སྐྱི་ལག་ཤང་ཁོངས་སུ་གནས་ཡོད། དེར་འགྲོ་ན་བ་ཡམ་ཤང་ནིའུ་གཙང་པོའི་ཕུགས་སུ་ཡར་འགྲོ་དགོས། གསང་སྔགས་རྫོང་འཕྲང་ལས། དབལ་གྱི་བྲག་ཕུག་རོང་ཆེན་ནི་སྟག་རོང་གཟིག་རོང་ངོ་གསུངས་པས། དེང་སྐབས་སྟག་རོང་འབོད་པའི་ཆུ་ཚན་ངོ་མཚར་ཅན་ཡོད་པ་དེར་ངོས་འཛིན་གིན་འདུག

  ༼༦༽མཚལ་རི་ཟུར་གསུམ་ནི། བསྐལ་བཟང་མགྲིན་རྒྱན་ལས། བྱང་འབྲོང་རྩེ། ཡང་གཅིག་ན་རྩ་གསུམ་ཀྱི་ལྷ་གནས་ལ་ཡིན་ཟེར་ནས་མཛུབ་མོ་བཙུགས་མཁན་ཡང་ཡོད། ས་གནས་གར་ཡོད་མ་ཤེས་དེ་ཙམ་དུ་ལུས།

  ༼༧༽རྒྱལ་མཁར་བ་ཆོད་ནི། དེ་ཉིད་ལས། མེ་རྒྱུང་དཀར་ནག་གསུངས། ཕྱི་རྒྱལ་གྱི་ས་ཆ་པ་ཀི་སི་ཐན་གྱི་ས་གནས་ཡིན་ཟེར་ནས་ངོས་འཛིན་གནང་མཁན་འདུག གསང་སྔགས་རྫོང་འཕྲང་ལས། རྒྱ་མཁར་བར་ཆོད་ནི། རྒྱལ་ཡུལ་ན་ཡོད་གསུང་པས། དེར་ས་འོག་དུ་བྱམས་མའི་དཀྱིལ་འཁོར་གྱི་རྣམ་པ་ཡིན་པའི་ལོ་རྒྱུས་མང་པོ་བཤད་ཅི་འདུག རྒྱལ་གཤེན་མི་ལུས་བསམ་ལེགས་དུས་རྒྱལ་བློན་འབངས་འཁོར་དང་བཅས་པ་རྒྱལ་ཁམས་ལྷག་མེད་དུ་འཇའ་ལུས་ཕེབས་སོང་བའི་དོན་དུ་རུས་པ་རྐང་གཅིག་མཐོང་རྒྱུ་མེད་པ་དེའི་དོན་ཡིན་ཞེས་བཤད་སྲོལ་འདུག

  ༼༨༽གད་ཀྱི་བྱི་བ་མཁར་ནི། བདལ་འབུམ་ལས། ཡུལ་བྱེ་མ་གཡུང་དྲུང་དུ་མཁར་བྱི་བ་མཁར་ཞེས་དང་། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། ཡུལ་རྩང་སྟོད་བྱེ་མ་གཡུང་དྲུང་ཚལ། གས་སྟེགས་བྱི་བ་མཁར་ནས། ལྷོ་བལ་གྱི་ཡུལ་དུ་བསྟན་པ་སྤེལ་ཏེ་གཤེགས་གསུངས་པས། གནས་ཡུལ་ནི། རྟ་མཆོག་ཁ་འབབ་ཀྱི་ཆུ་འགོ་བྱེ་མ་གཡུང་དྲུང་ཞེས་པའི་སར་ཕ་བོང་གཅིག་གི་ངོས་དང་རྩིག་ཁང་ནང་དུ་མཚན་ལྡན་ཁྱེའུ་བཞིའི་ཞབས་རྗེས་དང་དེར་ཡར་ཙམ་ལ་གཤེན་རབ་ཀྱི་ཞབས་རྗེས་གྲི་གང་ཙམ་བཅས་གསལ་བར་འཇལ་རྒྱུ་ཡོད། དེའི་ཉེ་འཁོར་དུ་ཁང་རོ་རྩིག་ཤུལ་འགའ་ཡོད། གད་ཀྱི་བྱི་བ་མཁར་དེར་ཡིན་པར་ངེས། དེ་ནས་མར་ཡོང་བའི་ལམ་བར་དུ་སྟོན་པའི་བཞུགས་ཁྲི་ཕ་བོང་ཡིག་ཁྲི་འདྲ་མོ་གཅིག་མཇལ་རྒྱུ་ཡོད། ཡུལ་མིས་འབྲུག་མོའི་བཞུགས་ཁྲི་རེད་ཟེར་བཤད། ཡང་ཁ་ཅིག་གིས་སྐྱིད་ཕུག་ཉི་མ་རྫོང་ཞེས་པའི་ས་དེར། བྱི་བ་མཁར་དུ་བསྟན་པའི་རྒྱལ་མཚན་འཛུགས། །ཟླ་རྒྱལ་བཟང་པོའི་སྐུ་ལ་གསོལ་བ་འདེབས། །ཞེས་པར་ངོས་འཛིན་སྲོལ་ཡང་འདུག ཡང་བ་ཡམ་ལ་མར་ནང་འབྲོང་པ་རྫོང་ཁུལ་འུག་པ་ལུང་པའི་ཐང་དུ་དབང་ཕྱུག་མགོན་པོ་མཁར་ཞེས་པ་གཅིག་ཡོད། ཨ་རིས་ཞིབ་འཇུག་པ་གཅིག་གིས་གད་གྱི་བྱི་བ་མཁར་དེར་ངོས་འཛིན་འདུག་ཅེས། དགེན་ལྷ་གཡག་རག་པས་གནས་སྐོར་བ་རྣམ་ལ་གསུངས་འདུག མ་ཚད་གནས་སྐོར་བ་འགའ་རེས་དེའུ་འབུལ་གཅིག་གིས་འགོ་ལ་མཁར་ཤུལ་ཆེན་པོ་གཅིག་འདུག མཁར་རྫོང་དེ་ག་རེ་ཡིན་གྱི་རེད་ཟེར་དྲི་མཁན་གདའ། དེར་འགྲོ་མྱོང་མེད།

  ༼༩༽ཆུ་མིག་བརྒྱ་རྩ་ནི། རྫོང་འཕྲང་ལས། གཡུའི་ཆུ་མིག་བརྒྱ་བཅུ་ནི་ཀླུ་ཡུལ་ནའོ་གསུངས་པས། གནས་ཡུལ་ནི་ཁག་གཉིས། མ་པང་མཚོ་ཡི་ཤར་ཕྱོགས་བཀྲག་གཙང་པོའི་ཆུ་འགོ་ཤེལ་གྱི་བྲག་དཀར་རྩེ་རྫོང་གི་རི་གཤམ། དེང་དུས་ཆུ་མིག་འཐུང་བ་རང་གྲོལ་ཟེར་བའི་ཆུ་མིག་བརྒྱད་ཅུ་རྩ་གཉིས་ཀྱི་འགོ་བོ་ཞེས་པ་དེར་ཡིན། སྐལ་བཟང་མགྲིན་རྒྱན་ལས། ཞང་ཞུང་སྤོས་ངད་ལྡན་དེའི་ཤར་ཕྱོགས་ཀྱི། །ཤེལ་གྱི་བྲག་དཀར་རྩེ་རྫོང་ཞེས་བྱ་བར། །གཡུང་དྲུང་ལྷ་རྩེའི་གསས་ཁང་བཞེངས་མཛད་ནས། །འདུ་གནས་ཆེན་པོ་རྒྱ་ཁྱོན་བརྡལ་པའི་གླིང་ཞེས་དང་། །དཀར་ཆག་ཚངས་དབྱངས་ཡིད་འཕྲོག་ལས། ཆུ་མིག་འཐུང་བ་རང་གྲོལ་ཞེས་བྱ་བ། གནམ་ཕྱི་གུང་རྒྱལ་ལྷ་ཡི་ཞལ་ཆབ་ཁ་ལ་བཏུངས་པས་ཏིང་ངེ་འཛིན་རབ་ཏུ་སྐྱེ་བ། མི་དང་སེམས་ཅན་བྱ་རིགས་རི་དྭགས་དུད་འགྲོ་གང་གི་ཁ་ལ་རག་པ་ཙམ་གྱིས། བྲག་དང་རྡོ་ལ་ཞབས་རྗེས་དོད་པ། ཤི་ནའང་རིང་བསྲེལ་འཁྲུངས་གསུངས། ཡང་ཁ་ཅིག་གིས་གློ་དོལ་པོར་ཆུ་མིག་བརྒྱ་རྩ་ཞེས་གློ་དོལ་པོའི་ཕྱོགས་སུ་ངོས་འཛིན་མཁན་ཡང་འདུག

  ༼༡༠༽གངས་གཉན་རྟ་སྒོ་ནི། བྱང་རྟ་དྭངས་གཉིས་ཟེར་རྟ་སྒོ་གངས་རི་མཆེད་བདུན་ནམ་རྟ་སྒོ་ངོ་དམར་ལྷ་བཙན་གྱི་རི་རྒྱུད་དང་རྟ་སྒོ་དགེ་རྒན་བཅས་ཡིན། རྟ་སྒོ་གངས་རི་གཏེར་གྱི་གནས་ཞེས་ཡོངས་གྲགས་ཡིན། ད་ལྟའི་ཆར་གཞིས་རྩེ་ས་ཁུལ་ངམ་རིང་རྫོང་དང་ཉི་མ་རྫོང་གཉིས་ཀྱི་ས་འཚམས་སུ་རྟ་སྒོ་ཤང་ཞེས་པའི་ས་གནས་དེར་ཡོད།

  ༼༡༡༽མཚོ་མུ་ལེ་ཁྱུད་ནི། མངའ་རིས་ས་ཁུལ་གངས་རིན་པོ་ཆེ་ཡི་མདུན། ལ་ངག་གསེར་མཚོ་ཞེས་པ་མི་ལྤགས་ཀྱི་གཡང་གཞི་བཏིང་བ་འདྲ་བའི་མཚོ་དོ་ཆེན་ཟེར་བ་དེ་ཡིན། ཏི་རྩེ་གངས་ཀྱི་གཡས་ཟུར། མ་པང་མཚོ་ཡི་གཡོན་ཟུར། སྟག་རི་ཁྲ་བོའི་མར་ཞབས། དུག་རི་ནག་པོའི་རྩ་བ། མུ་ལེ་མཚོ་ཡི་གཏིང་རུམ་ནས་ཞེས་པ་དེའོ། །

  ༼༡༢༽དྭང་རའི་གཡུ་མཚོ་ནི། རྟ་སྒོ་གངས་རིའི་མདུན་དྭང་ར་གཡུ་མཚོ་ཞེས། དཀར་ཆག་ལས། རྟ་སྒོ་གངས་རི་གཏེར་གྱི་གནས། །དྭང་ར་བང་ལྔ་སྦས་པའི་གནས། །མཚོ་མོ་ཁྱུང་གཤོག་རྟེན་གྱི་གནས། །གནས་འདི་མཇལ་བའི་སྐལ་ལྡན་རྣམས། །སྐྱེ་བ་མི་ལེན་མངོན་སངས་རྒྱས། །ཞེས་གསུངས་པའི་གནས་དེའོ། །ད་ལྟ་ཉི་མ་རྫོང་རྟ་སྒོ་ཤང་དང་འོ་ཕོ་ཤང་གཉིས་ཀྱི་བར་དེར་གནས་ཡོད།

  ༼༡༣༽ཁྲི་འོད་ཁྱུང་རྩེ་ནི། སྐལ་བཟང་མགྲིན་རྒྱན་ལས། གུ་རུབ་བྱང་རྒྱུད་དུ་ཡོད་གསུངས། གནས་ཡུལ་མ་རྙེད།

  ༼༡༤༽ཁྲི་འོད་རུ་ཐང་ནི། དེ་ཉིད་ལས། གུ་རུབ་བྱང་རྒྱུད་དུ་ཡོད་ཞེས་པ་ཙམ་ལས་ཁ་གསལ་མ་རྙེད།

  ༼༡༥༽མང་མཁར་ལྕགས་འཕྲང་ནི། གོང་ནས་བཤད་བའི་སྐབས་ལྟར་མང་མཁར་ལུང་པའི་ནང་མང་མཁར་ལྕགས་འཕྲང་སྤུན་བདུན་ཞེས་པ་དེ་ཡིན། རྒྱུད་བསྐང་ལས། མང་མཁར་ལྕག་འཕྲང་བོན་ཕུག་ཏུ། །སེ་བོན་ཤ་རི་དབུ་ཆེན་དང་། །མེ་ཉག་ལྕེ་ཙ་མཁར་བུ་དང་། །སྡེ་བོན་གྱིམ་ཚ་རྨ་ཆུང་དང་། །ཞེས་པའི་སྒྲུབ་གནས་དེ་ཡིན། ལྷ་རྩེ་རྫོང་ནས་མང་མཁར་ནང་མང་ཕུ་ཤང་ཕུ་གྲོང་ཚོས་སོང་ན་མཇལ། གཡས་ཟུར་དུ་མཆོད་རྟེན་དང་རྩིག་ཤུལ་འགའ་ཡོད། དེར་ས་སྐྱའི་ལམ་རིམ་མཛད་ས་ཡིན་ཟེར།

  ༼༡༧༽ལྕིམ་ལུང་བྲག་ཕུག་ནི། སྐལ་བཟང་མགྲིན་རྒྱན་ལས། ལྷོ་རྒྱུད་ལ་སྟོད་ཕྱོགས་སུ་ཡོད་ཅེས་གསུངས་པས། ཕ་ཁྱེར་སྤྱི་རོང་དང་གཉའ་ལམ་ཕྱོགས་སུ་མེད་ནམ་སྙམ། དེ་ཙམ་ལས་རང་ཉིད་ས་གནས་དངོས་གར་ཡོད་མ་ཤེས་ལ་སླེབས་མ་བྱུང་།

  ༼༡༨༽འགྲིག་འཚམས་མཐའ་དཀར་ནི། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་རྡོ་བཀྲ་ཤང་། འགྲིག་གཉན་རྩེ་གད་དམར་གྲོང་གཤེན་ཚང་བླ་བྲང་ཆགས་གནས་དང་གཤེན་ཀླུ་དགས་གསས་མདའ་དུང་དབྱུག་སོགས་གཏེར་ཧ་ཅང་མང་པོ་ཐོན་ས་དེར་དམུ་རིགས་གཤེན་གྱི་བླ་བྲང་ཆགས་ཤུལ་ཡིན། དེང་སྐབས་ཁང་རོ་རྩིག་ཤུལ་དང་མཆོད་རྟེན་ཞིག་ཤུལ་མང་པོ་བཅས་མཇལ་རྒྱུ་ཡོད།

  ༼༡༩༽ཟར་གྱི་སྐྱ་ར་ནི། གཞིས་རྩེ་གྲོང་ཁྱེར་གནམ་གླིང་རྫོང་རྒྱ་མཚོ་ཤང་། སྐྱ་ར་གྲོང་ཚོའི་རྒྱབ་ངོས་རྟ་སྣ་དགོན་པ་ཡོད་སའི་རི་རྒྱུད་རྐྱ་ར་བསྟན་པ་བྲག་འབོད་པ་དེ་ཡིན། རྟ་སྣ་ནི་ཁྲོ་ཚང་འབྲུག་ལྷའི་གཏེར་གནས་ཡིན། ད་ལྟ་བཀའ་རྒྱུད་པའི་དགོན་གནས་ཆགས་ས་དེར་ཡིན།

  ༼༢༠༽རྟ་ནག་རྐྱང་ཕུ་ནི། གོང་བཤད་ལྟར་དུ་རྟ་ནག་ལུང་པའི་ཕུ་རྐྱང་ཕུ་ཚ་མཚོ་སྒྲུབ་སྡེ་འམ་ཚ་ཁ་སྒྲུབ་སྡེ་དགོན་ཡོད་པའི་ས་ཕྱོགས་དེར་ཡིན་པར་ངེས། རྟ་ནག་ཉུག་གི་ལུང་པའི་ཕུ་རུ་རྟ་ནག་འབོད་པ་གཅིག་ཡོད་པར་ཐོས་མོད་འགྲོ་རྒྱུ་མ་བྱུང་།

  ༼༢༡༽གཙང་གི་ཟང་ཟང་མོ་འམ་ཟང་ཟང་ལྷ་རྩེ་ནི། ངམ་རིང་རྫོང་ཟང་ཟང་ཤང་ཁོངས་སུ་ཐང་གི་དཀྱིལ་དུ་ཁྲོ་ཚོགས་གཤམ་འདྲའི་བྲག་རི་སྔོ་ཟང་ངེ་བ་དེ་ཟང་ཟང་ལྷ་བྲག་ཅེས་དཔོན་གསས་ཁྱུང་རྒོད་རྩལ་གྱི་གཏེར་གནས་དང་སྒྲུབ་གནས་བཅས་ཡིན།

  ༼༢༢༽དགོན་པ་བྱ་རྒོད་ཚང་ངམ་རྩིབ་རི་རྒོད་ཚང་བྲག་ནི། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་རྒྱབ་ཕྱོགས་ཀྱི་རི་དེ་ཡུལ་མི་ཚོས་སྟོང་རྩེ་རི་སྐོར་ཟེར་གནས་རི་འགངས་ཆེན་ཞིག་ཡིན་རབས་བཤད། དེར་བྱང་ཤར་ཕྱོགས་སུ་རྒྱལ་བ་རྒོད་ཚང་པའི་སྒྲུབ་གནས་ཡིན་ཞེས་བཤད་པའི་ས་གནས་དེ་གར་ཡིན་པར་བཤད་འདུག་ཀྱང་། འགྲོ་རྒྱུ་མ་བྱུང་།

  ༼༢༣༽ཉང་རོ་རྟ་ཤལ་ནི། དེང་གི་གཞེས་རྩེ་ཁུལ་གྱི་རྒྱལ་རྩེ་རྫོང་དང་པ་སྣམ་རྫོང་ཁུལ་ལུང་མར་ཤང་གི་ལ་གནས་ཡོད། དེང་སྐབས་སུ་གློག་ཁང་ཡོད་སའི་ཕུག་ཏུ་ཉང་རོ་ཐལ་དབང་རྩེ་ཞེས་པ་དེར་ཡིན་པར་སེམས། ཡུལ་མིས་ཤོད་སྲོལ་ལྟར་ན་ཉང་རོ་ཐལ་བ་ཚལ་ལམ་ཉང་རོ་རྟ་ཤལ་ཞེས་པ་དེར་ཡིན་སྐད་བཤད་འདུག

  ༼༢༤༽ཉང་རོ་ཤམ་པོ་རྩེ་དགུ་ནི། དེང་སྐབས་གཞིས་རྩེ་ས་ཁུལ་རྒྱལ་རྩེ་རྫོང་ཟུར་དུ་ཡོད་པའི་རྩེ་ཆེན་ཤང་དུ་རྩེ་ཆེན་མཁར་ཞེས་པ་དེ་ཡིན། བོད་རྒྱལ་གྲི་གུམ་བཙན་པོའི་སྡོད་གནས་ཕོ་བྲང་དང་བློན་པོ་ལོ་ངམ་གྱི་ཕོ་བྲང་ཡིན་ལ། དེང་སང་མཁར་ཤུལ་མང་པོ་མཇལ་རྒྱུ་ཡོད།

  ༼༢༥༽ཉང་རོ་དྲུམ་གྱི་སྟག་ཚལ་ནི། གོང་ནས་བཤད་པ་ལྟར་གཞིས་རྩེ་ས་ཁུལ་རྒྱལ་རྩེ་རྫོང་ཁོངས་མཁར་ཀ་སྟོད་གདོང་སྔོན་མཁར་ཀ་རྫོང་ཞེས་པ་དེ་ཡིན། འབྲེལ་བཤད་གོང་ནས་མང་པོ་རྒྱབ་ཡོད་པས་དེས་འཐུས་པར་བྱས།

  ༼༢༦༽ཡར་གྱི་ཐང་ལྷའམ་ཐང་ལྷའི་སྙིང་དྲུང་ནི། གནས་ཡུལ། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྙིང་དྲུང་ཤང་ཡོང་གྲགས་སུ་གཉན་ཆེན་ཐང་ལྷའི་གངས་རི་འདམ་གཞུང་དུ་ཟུག་པ་དེ་ཡིན།

  ༼༢༧༽ཡར་ལུང་ལྷ་རི་གྱང་ཏོ་ནི། གནས་ཡུལ། ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཁོངས་གནས་རི་ཇོ་མོ་ཚེ་རིང་མཆེད་ལྔ་དང་ཡུམ་བུ་བླ་མཁར་གྱི་རི་རྒྱུད་རྩེད་ཐང་གི་ནུབ་ངོས་དེང་སང་བཙན་ཐང་ལྷ་རི་ཞེས་འབོད་པ་དེ་ཡིན་པར་གསུང་ཅིང་། ཞིབ་རྒྱས་དགོས་ཚེ་གཞན་ལས་ཤེས།

  ༼༢༨༽ཡར་ལུང་གི་མཁར་འཕང་ཀ་མེད་ནི། མཁར་ཞེས་པ་ནི། ཏུན་ཧོང་ཡིག་རྙིང་ལས། འདུན་མ་མཁར་ཕྲག་དུ། བློན་ཁྲྀ་སུམ་རྗེས་བསྡུས་ནས། མངན་དང་། ཞེས། མཁར་ཕྲག་ནི་ལྷོ་ཁའི་འཕྱོངས་རྒྱས་རྫོང་གི་མཁར་ཕྲག་ཅེས་པ་དེ་ཡིན་པར་གསུངས། ཏུན་ཧོང་ལས། ཡུལ་ཡར་ལུང་སོགས་དཀར་ནའ། མཁར་བར་པོ། ཞེས། ཡང་ན་སྦས་པའི་གངས་རི་མཆེད་བདུན་གྱི་ཡ་གྱལ་དང་རྗེ་ཡི་མགུལ་ལྷ་བཅུ་གསུམ་གྱི་ནང་ཚན་ཡར་ལྷ་ཤམ་པོའམ་ཤམ་པོའི་གངས་ཞེས་པ་དེ་ཡིན་ཚོད་འདུག དཔྱད་ཞིབ་གནང་རོགས་གྱིས། ཞིབ་ཕྲ་ཞུ་སྤོབ་མ་རྙེད། ཡར་ལྷ་ཤམ་པོའི་མགུལ་དུ་སྒྲུབ་ཕུག་ཡ་མཚན་པ་མང་པོ་འཇལ་རྒྱུ་ཡོད།

  ༼༢༩༽བསམ་ཡས་བྲག་དམར་ནི། གོང་བཤད་ལྟར་བསམ་ཡས་ཧས་པོ་རི་ཡི་བྱང་ཤར་ཕྱོགས་སུ་མཐོང་བཞིན་ཡོད། མཆིམས་ཕུའི་བྲག་དམར་ཀེའུ་ཚང་ཟེར་བ་དང་ད་ལྟ་དགོན་པ་རི་ཁྲོད་མང་པོ་ཡོད་ས་དེར་ཡིན། མཆིམས་ཀྱི་བྲག་དམར་ཡང་ཟེར་དེ་གར་རང་ཡིན་པས་ངེས།

  ༼༣༠༽འགྲན་གྱི་རི་གོང་ནི། གཞིས་རྩེ་ས་ཁུལ་སྐྱིད་གྲོང་རྫོང་ཀྲེ་པ་ཤང་ཁོངས་གཙང་པོའི་ཕར་རིའི་རི་མགོ་བྱ་དུར་གོང་མ་བྱ་བ་དེ་མ་རྒྱུད་ཀྱི་མཁའ་འགྲོ་གསའ་གདོང་གི་གནས་འགྲན་གྱི་རི་གོང་དང་བྲག་བཙན་ཨ་བསེའི་རྟེན་གནས་བྱང་ཤར་བསེ་བྲག་འབོད་པ་དེ་ཡིན། དེང་སྐབས་རྡོ་རྩིག་གི་འདུ་ཁང་དང་རྩིག་ཁང་ཤུལ་མང་པོ་ཡོད། འཕྲུལ་ཆས་འགྲོ་ལམ་མེད་པས་འགྲོ་མཁན་འགའ་མ་མཐོང་།

  ༼༣༡༽འཕན་ཡུལ་འགྲན་ར་ཕུག་མོ་ནི། གོང་བཤད་ལྟར་འཕན་པོ་ནང་ད་ལྟ་ཁྲོ་མོ་བྲག་དགོན་པ་ཞེས་པ་དེ། སྟོང་རྩེ་གནས་རིའི་གཡོན་ཕྱོགས་སུ་དགའ་ལུང་ནང་དུ་ཁྲོ་མོ་བྲག་དགོན་པ་ཟེར་བ་ཕུག་པ་ཧ་ཅང་ཆེན་པོ་གཅིག་ཡོད། དེང་སྐབས་འགུ་རུའི་སྒྲུབ་ཕུག་ཏུ་འབོད། དེར་སྒྲུབ་གནས་འཕན་ཡུལ་འགྲན་ར་ཕུག་མོ་ཆེ་དེར་ཡིན་པ་ངེས། ཁོ་ཚོས་འགུ་རུའི་སྒྲུབ་ཕུག་ཟེར་ནས་ལོ་རྒྱུས་མང་པོ་བཤད་ཀྱིན་འདུག ཕུག་པ་འདི་སྔོན་མ་བོན་པོ་དང་རྙིང་མ་བཀའ་རྒྱུད་དགེ་ལུགས་བཅས་འགྱུར་བ་ཡིན། ད་ལྟ་སྟག་ལུང་བཀའ་བརྒྱུད་པ་ཡིན། ལྷ་ས་གྲོང་ཁྱེར་ལྷུན་འགྲུབ་རྫོང་ཁོངས་སུ་ཡོད།

  ༼༣༢༽གནམ་མཚོ་ཕྱུག་མོ་ནི། འདམ་གཞུང་རྫོང་གཉན་ཆེན་ཐང་ལྷའི་བྱང་ངོས་སུ་ཡོད་ལ། གོང་བཤད་ལྟར་ཡུམ་སྲས་དང་ཀྱེ་མ་འོད་མཚོས་བྱིན་གྱིས་བརླབས་པའི་གནས་ཡིན་མ་རྒྱུད་ཀྱི་གནས་ཆེན་ཉེར་བཞིའི་ནང་ཚན་གནམ་མཚོ་ཕྱུག་མོ་མཁའ་འགྲོ་ཀླུ་གདོང་ལྔ་ཞེས་པ་དེ་ཡང་ཡོད།

  ༼༣༣༽ཟླུམ་ཤོད་སྒང་ཚལ་ནི། ལྷོ་ཁ་གྲོང་ཁྱེར་གཙང་པོ་ཕར་རུའི་གཙང་ཆུ་འགྲམ་འོན་ལུང་པའི་མདའ་ད་ལྟ་མངའ་རིས་གྲྭ་ཚང་ཞེས་པའི་བྲག་རི་དེའུ་འབུར་གཅིག་གི་མགོ་ལ་གནའ་ཤུལ་ཡོད་ས་དེར་ཡིན་ཚོད་འདུག་དཔྱད་པར་མཛོད།

  ༼༣༤༽སེར་མོ་བོན་ཐང་ནི། ཀོང་པོ་ཉི་ཁྲི་ས་ཁོངས་དེང་སང་ཡོངས་གྲགས་སུ་ཀོང་པོ་བོན་རིའི་གཤམ་རྒྱལ་རི་དགོན་པའི་མདུན་ཐད་མཁར་སེར་མོ་འབོད་པ་དེ་ཡིན། ཤེལ་སྐུ་ཕུག་ཟེར་བ་དེ་གར་ཡོད། སྐུ་རྟེན་དྲི་མེད་ཤེལ་སྐུ་དེ་ནས་ཐོན་པར་བཤད།

  ༼༣༥༽ཀོང་ཡུལ་བྲེ་སྣ་ནི། བཤད་མ་ཐག་པའི་འདུས་གནས་སོ་བདུན་ནང་གསལ་བ་ལྟར། གནས་ཡུལ་ནི། ཀོང་པོ་ལྷ་རི་གྱང་ཐོའི་གཤམ་དུ་དེང་སྐབས་ཡོང་གྲགས་སུ་ཀོང་པོ་བྲེ་སྣ་འམ་བྲག་སྣ་འབོད་པ་དེ་ཡིན། གཙང་པོ་ཡར་འཁྱིལ་གདོང་པད་མའི་གྲུ་ཁུག་དང་ཉ་མགོ་ཀླུ་ལྡིང་བར་དེར་ཡིན།

  ༼༣༦༽རྒྱ་ཡི་གོང་བུ་དམར་རི་ནི། རྒྱ་སོ་དར་རྩེ་ཞེས། མདོ་སྨད་ཕྱོགས་རྒྱ་དར་རྩེ་མདོ་ཡི་ཁོངས་སུ་ཡོད་པར་བཤད་ནས་ངོས་འཛིན་གནང་མཁན་འདུག དྭང་ར་བླ་མས་ཟིང་ཆུ་རྫོང་བྱ་དུར་མཁའ་འགྲོ་འུག་གདོང་ཕྱོགས་གཡུང་དྲུང་འཁྱུག་རྩེ་སྒྲུབ་ཕུག་གཡུང་དྲུང་བཏམས་པའི་བྲག་ཟེར་བ་དེར་རྒྱའི་གོང་བུ་དམར་རུ་རྒྱ་བོན་ཟིང་པ་མཐུ་ཆེན་གྱི་བཞུགས་གནས་ངོས་འཛིན་གནང་ཡོད། དེ་ལོ་རྒྱུས་ཀྱི་ཤིང་བྱང་བཅས་བྲིས་པ་སྒྲུབ་ཕུག་ནང་དུ་མཇལ་རྒྱུ་འདུག ཟིང་ཆུ་བྱ་དུར་གྱི་དཀར་ཆག་ལས། གོང་བུ་དམར་པོར་མཁའ་འགྲོ་འུག་གདོང་ལྔ། ཞེས་པ་འཁོད་འདུག་པས་དཔྱད་ཞིབ་གནང་བར་ཞུ།

  ༼༣༧༽སུམ་པ་གླང་གི་གྱིམ་ཤོད་ཤེལ་ལེ་རྒྱ་སྐར་ནི། ཆབ་མདོ་ས་ཁུལ་སྟེང་ཆེན་རྫོང་ས་སྒང་ཤང་གི་ཁོངས་གཏོགས་ཡོངས་སུ་གྲགས་པའི་ཁྱུང་པོ་རི་བོ་རྩེ་དྲུག་གམ་རྩེ་དྲུག་རིག་འཛིན་བརྒྱད་ཅུ་ཟེར་བའི་གནས་རི་འགངས་ཆེན་དེ་ཡིན། ཟུར་བྱང་ལས། གྱིམ་ཤོད་ཤེལ་ལེ་རྒྱ་སྐར་ལ། །ཞི་ཁྲོ་བསྒྲུབ་ན་འདིར་སངས་རྒྱས། །ཞེས་གསུངས། དེའི་ཡན་ཆད་འདུ་གནས་སམ་སྒྲུབ་གནས་སུམ་ཅུ་རྩ་བདུན་དཔྱད་གཞིའི་ཚུལ་དུ་རོབ་ཙམ་ཞུས་ཟིན་པའོ། །

མ་རྒྱུད་གནས་ཆེན་ཉེར་བཞིའི་སྐོར།

  ༧མ་རྒྱུད་གནས་ཆེན་ཉེར་བཞི་རྣམས་སྒྲུབ་གནས་སོ་དྲུག་གམ་སོ་བདུན་གྱི་ཁོངས་སུ་ཕལ་ཆེར་འདུས་ཡོད། འདི་ལ་བཤད་སྟངས་མི་འདྲ་བ་གཉིས་སྟེ། ཚང་རྒྱུང་འཇིག་རྟེན་གྱི་ཐོག་ལ་བཤད་པ་དང་ས་སྒང་གོ་ལའི་ཐོག་ཏུ་བཤད་པ་གཉིས་སུ་འདུག སྐབས་སུ་བབས་པའི་བརྗོད་བྱ་ནི།

  ༼༡༽ཐོག་མར་གཡུ་ལུང་ཤེལ་བྲག་ནི། དཔལ་ཚུལ་བསྟན་འབྱུང་ལས། རྩ་གསུམ་ལྷོ་ནུབ་མཚལ་རི་ཟུར་གསུམ། ལྷོ་ཤར་ཤེལ་བྲག་གསང་ཕུག ཅེས་གསུངས་པ་དེར་ངོས་འཛིན་བཤད་སྟངས་མང་ཡང་། ད་ལྟའི་གོ་ལ་འདི་ནས་འཛུབ་མོ་བཙུགས་ས་ནི་ཁྱུང་པོ་རི་བོ་རྩེ་དྲུག་ཤེལ་ལེ་རྒྱ་སྐར་དང་། གངས་ཏི་སེའི་ཤེལ་ཕུག་ལ་ངོས་འཛིན་པ་གཉིས་སུ་སྣང་། རྩེ་དྲུག་གི་ཤར་ཕྱོགས་སུ་གཡུ་ལུང་ཤེལ་བྲག་ཟེར་པའི་བྲག་རི་དང་མཁའ་འགྲོ་སེང་གདོང་མའི་རང་བྱོན་བཅས་མཇལ་རྒྱུ་ཡོད། གཡུ་ལུང་ཤེལ་བྲག་མཁའ་འགྲོ་སེང་གདོང་ལྔ་ཞེས་གསལ། ཞི་བ་གཡུང་དྲུང་ཡོངས་རྫོགས་ལས། གཡུ་ཡི་ལུང་པ་ལ་ཤེལ་གྱི་བྲག་ཕུག་གསེར་གྱི་གནམ་སྐས་དོད་པ་སྒྲུབ་པའི་གནས་སུ་བཙལ་ལོ། །ཞེས་གསུངས་པ་དང་། སྐྱབས་སྟོན་ཁྲོ་འགྲེལ་ལས། རྨ་ཤེལ་ལེ་ནི་མདོ་སྨད་ན་ཡང་བཤད་ཀྱང་། འདིར་ནི་ལྷོ་སྟོད་ན་ཤོད་ཆེན་པོ་བཅོ་བརྒྱད་ཀྱི་ནང་ཚན་དུ་བཤད་པ། དེ་ལ་སྒྲུབ་ཕུག་སུམ་པ་གླང་གི་གྱིམ་ཤོད་གནམ་སྐར་གྱི་བཀའ་རྟགས་ཡོད་པ་དེ་ཡིན་ནོ། །ཞེས་དང་། གཡུ་ཡི་ལུང་པའི་ཤེལ་གྱི་བྲག་ལོགས་ལ་རང་བྱུང་གསེར་གྱི་གནམ་སྐས་དོད་པ་ཞེས་པ། བྲག་ཕུག་ཀུན་ལ་རྒྱ་སྐར་ཡོད་དེ། བྲག་ཤེལ་ལེ་རྒྱ་སྐར་བཤད་པས་སོ། །དེ་མེན་(མིན)ན་ཕུགས་པ་ལྐུགས་པ་ལ་བཤད་བཤད་དེ། མ་རྒྱུད་ནས་རྩེ་དྲུག་ལྷུན་གྱི་སྒང་རིན་ཆེན་གཡུ་སྟེང་ཚལ། གཡུ་ལུང་ཤེལ་བྲག་དུང་ཕུག་གསེར་ཁྱུང་ཅན་ཞེས་དང་ཞེས་གསུངས། སྨན་གྱི་མཆོང་ལས། དཔྱིད་ནི་མི་གཡོ་ཡོན་ཏན་ལྷུན་གྱི་སྒང་། །དབྱར་ནི་མི་རུལ་རྩེ་དྲུག་འདུས་པའི་རྩེ། །སྟོན་ནི་མི་འཕར་རིན་ཆེན་གཡུ་ཡི་ཁྲོད། །རྒུན་ནི་མི་འཁྱག་གཡུ་ལུང་ཤེལ་གྱི་ཕུག །ཅེས་སོགས་ལ་བལྟས་ན་སྟོན་པའི་བཀའ་ནང་གསུངས་པ་ལྟར་སྐྱབས་སྟོན་རིན་ཆེན་འོད་ཟེར་གྱིས་རྩེ་དྲུག་ལྷུན་གྱི་སྒང་ནི་གནས་ཆེན་ཤེལ་ལེ་རྒྱ་སྐར་ལ་ངོས་འཛིན་གནང་བ་བཞིན་ད་ལྟ་གནས་ས་ཡུལ་དངོས་ལ་སོང་ན་དེ་ལྟ་བུའི་ས་དབྱིབས་ངོ་མཚར་ཅན་ཡོད། སྐྱབས་སྟོན་ཁྲོ་འགྲེལ་ལས། གླང་གི་གྱིམ་ཤོད་ཤེ་ལེ་རྒྱ་སྐར་ནི་ལྡེ་བོན་གྱིམ་ཚའི་སྒྲུབ་གནས་ཀྱང་གསུངས་པས། ད་ལྟ་ངག་རྒྱུན་དུ་རྩེ་དྲུག་ཤར་ངོས་སུ་གྱིམ་ཚ་རྨ་ཆུང་གི་སྒྲུབ་ཕུག་ཡིན་ཟེར་བ་ངོ་མཚར་ཅན་མཇལ་རྒྱུ་ཡོད། ཡང་ཁ་ཅིག་གིས་གངས་རིན་པོ་ཆེའི་ཏི་སེ་ཤེལ་ཕུག་ཏུ་འདོད་མཁན་ཡང་ཡོད། ཚངས་དབྱངས་ཡིད་འཕྲོག་ལས། རི་བོ་གངས་རྒྱལ་ཏི་སེའི་མདུན་ཤེལ་གྱི་པད་མ་འདབ་བརྒྱད་ལྟེ་བར་བབས། ཞེས་པས། ད་ལྟ་གངས་ཏི་སེའི་ཤེལ་བྲག་ཕུག་གམ་ཏི་སེའི་ཤེལ་ཕུག་ཅེས་འབོད་པ་དེར་ངོས་འཛིན་གནང་གྱིན་འདུག དེར་ཡིན་ན་ཆོག་མོད། གསེར་ལུང་དགོན་པའི་རྒྱབ་ངོས་ཀྱི་རི་རྒྱུད་གངས་ཏི་སེའི་གཡས་རྒྱུད་ཀྱི་མདུན་ངོས་སུ་ངོས་འཛིན་གི་འདུག གཡའ་མ་སྔོན་པོ་མ་གཏོགས་ཤེལ་གྱི་བྲག་ཕུག་གཅིག་ནི་མ་མཐོང་། སྣང་བ་དག་པས་ནི་མཐོང་སྲིད་གྱི་རེད། གཡུ་ལུང་ཤེལ་བྲག་མཁའ་འགྲོ་སེང་གདོང་ལྔ་ཞེས་པ་དེ་དཔྱད་ཞིབ་དགོས།

  ༼༢༽རི་ནག་འཇོམས་པའི་མཁའ་འགྲོ་དོམ་གདོང་ནི། སྐལ་བཟང་མགྲིན་རྒྱན་ལས། རི་ནག་འཇོམས་པ་ནི། མཚལ་རིའི་བྱང་ནུབ་བདུད་འཇོམས་རིའི་གསང་ཕུག་ཅེས་དང་། གསང་སྔགས་རྫོང་འཕྲང་ལས། བདུད་ཀྱི་རི་ནག་འཇོམས་པའི་བྲག་ཕུག་ནི་ཕྱི་ལྷ་ཡུལ་ན་ཡོད་གསུངས། གནས་ཡུལ་ནི། སི་ཁྲོན་དཀར་མཛེས་ཁུལ་དར་མདོ་རྫོང་ཁང་ཡུལ་གྲོང་ཚོའི་ནུབ་ངོས་ནས་ལེ་བར་ཉི་ཤུ་ཙམ་གྱིས་སར། མ་རྒྱུད་གནས་རི་རི་ནག་འཛོམས་པའི་མཁའ་འགྲོ་དོམ་གདོང་མའི་གནས་ཡོད། མཛོད་ལུགས་ལ་རི་ནག་དགུ་དང་འབྲེལ་བ། ཞང་བོད་ཚིག་མཛོད་ལས་གསུངས། མངའ་རིས་ས་ཁུལ་རི་ནག་དགུ་འདུས་ཟེར་བ་འགའ་ཡོད་པར་ཐོས། ངོས་འཛིན་གསལ་པོར་མ་ཤེས།

  ༼༣༽ཨ་སུ་ར་ཡི་མཁའ་འགྲོ་སྟག་གདོང་ནི། སྐལ་བཟང་མགྲིན་རྒྱན་ལས། སིང་ལྡེང་འཛིན་རིའི་སྨད་གསང་བའི་བྲག་ཕུག་ཅེས་དང་། གསང་སྔགས་རྫོང་འཕྲང་ལས། དམུ་རི་སྨུག་པོ་ཨ་ཡུལ་ནི། ཕྱི་བལ་པོ་ན་ཡོད་གསུངས་པས། དེང་དུས་བལ་ཡུལ་ནེ་པ་ལེའི་ས་གནས་རྒྱལ་ས་ཀ་ཏ་མན་གྲུའི་ཉེ་སའི་ནུབ་ཕྱོགས་ལ་ལའི་པུར་རྫོང་ཁོག་དྷ་ཤིང་ཀ་ལའི་ཡང་ལེ་ཤོད་ཅེས་པའི་ས་ཆ་དེར་ཡིན།

  ༼༤༽སྟག་གཡག་རོལ་པའི་སྤྱང་གདོང་ནི། དཔལ་ཚུལ་བསྟན་འབྱུང་ལས། བཤོལ་མདའ་འཛིན་དབུས་གཡའ་གངས་མཚམས་ཕུག་ཅེས་དང་། རྫོང་འཕྲང་ལས། གཡའ་གངས་མཚམས་ནི། གངས་སྟག་སོ་འདྲ་བ་གཡའ་འབྲོང་བུའི་རུ་བར་འདྲ་བ། ཕྱི་ལ་སྟོད་ན་ཡོད་གསུངས་པས། གནས་ཡུལ་ནི། གཞིས་རྩེ་ས་ཁོངས་འབྲོང་པ་རྫོང་གུང་དུམ་ཕྱོགས་དང་སྟག་རོང་གི་ཉེ་སྐོར་དུ་ཡོད་པར་ཐོས་ཀྱང་། དངོས་སུ་འདི་ཞེས་མ་རྙེད།

  ༼༥༽འགྲན་གྱི་རི་གོང་མཁའ་འགྲོ་གསའ་གདོང་ནི། སྐལ་བཟང་མགྲིན་རྒྱན་ལས། མུ་ཁྱུད་འཛིན་རྩ་བྲག་བྲག་དམར་འགྲན་ཁོང་ཕུག་ཅེས་གསུངས། ངོས་འཛིན་གོང་གིའདུས་གནས་ལྟར་བྱ་དུར་གོང་མ་བྱ་བ་དེ་ཡིན། ཏྲེ་པ་ཤང་དུ་འགྲོ་སྟེ་དྲིས་ན་ཧ་གོ་ལ། གཙང་ཆུ་ཕ་རོལ་ནས་ཡར་རི་གསེང་དུ་འགྲན་གྱི་རི་གོང་ངམ་མཁའ་འགྲོ་གསའ་གདོང་གནས་བྱང་ཤར་བསྭེ་བྲག་འབོད་པ་དེ་ཡོད། རྩིག་ཤུལ་མ་གཏོགས་ཁྲ་ཆགས་སེ་གང་ཡང་མེད་སྒྲུབ་གནས་རྩ་ཆེན་ཡིན།

  ༼༦༽མུ་ཁུམ་རི་ཡི་མཁའ་འགྲོ་དྲེད་གདོང་ནི། ལུང་དེ་ཉིད་ལས་རྟ་ན་སྡུག་ལྷོ་ཕྱོགས་ཉ་མེད་འོད་མཚོའི་འགྲམ་ནམ་མཁའ་མཛོད་ཕུག་ཅེས་གསུངས། གནས་ཡུལ་དངོས་ནི། བལ་ཡུལ་རྒྱལ་ས་ཀ་ཋ་མན་གྲུའི་བྱང་ནུབ་མི་གུམ་ལུང་པའི་ནང་དུ་ཡོད་ཅིང་གངས་ཏི་སེ་དང་བར་ཐག་ཉེ་བར་ཡོད། དེང་དུས་བལ་ཡུལ་གྱི་ཁོངས་སུ་གཏོགས་པ་ཡིན། འགྲོ་མྱོང་མེད།

  ༼༧༽རྟ་སྒོ་མ་པང་མཁའ་འགྲོ་ཁྱུང་གདོང་ནི། དཔལ་ཚུལ་བསྟན་འབྱུང་ལས། ཀུན་འཛིན་ལྷོ་རྟ་སྒོ་གངས་གི་ཤེལ་བར་གསེར་བྲག་བྱ་སྐྱིབས་ཅན། ཞེས་གསལ། ངོས་འཛིན་ནི། ཡོངས་གྲགས་སུ་རྟ་སྒོ་ནི་དྭང་ར་ནང་དུ་ཡོད། རྟ་སྒོ་དྭང་ར་གཡུ་མཚོའི་ཟུར་རྟ་སྒོ་གངས་རི་མཆེད་བདུན་ཟེར་བ་དེ་ཡིན། དེའི་ཟུར་དུ་བྱ་སྐྱིབས་གསེར་བྲག་ཞེས་པའི་སྒྲུབ་ཕུག་ངོ་མཚར་ཅན་མང་པོ་མཇལ་རྒྱུ་ཡོད་པ་དེར་མཁའ་འགྲོ་ཁྱུང་གདོང་མའི་གནས་ཡིན་པར་བཤད།

  ༼༨༽གྲང་མ་གླིང་ཁྲོད་མཁའ་འགྲོ་བྱ་གདོང་ནི། ལུང་དེ་ཉིད་ལས་གསེར་མདོག་འཛིན་སྟོད་རིན་ཆེན་གྲངས་མའི་གླིང་ཕུག་ཅེས་གསལ་ཡང་། ས་གནས་དངོས་གང་ཡིན་ངོས་འཛིན་མ་ཐུབ།

  ༼༩༽ལྷ་སྲིན་འཐབ་བྲག་མཁའ་འགྲོ་ཕག་གདོང་ནི། ལུང་དེ་ཉིད་ལས། རྟ་རྣ་འཛིན་ཁ་ལྷ་སྲིན་མཚམས་ཀྱི་དབེན་ཕུག་ཅེས་གསུངས། ངོས་འཛིན་ནི། སྤ་ལ་ཕུག་ཕྱོགས་གཉའ་ལམ་རྫོང་སྤོ་རོང་ཤང་ལ་ཕུག་གྲོང་ཚོའི་ཟུར་གྱི་ཉེ་འདབས་ལྷ་མཚོ་སྲིན་མཚོ་ཞེས་པའི་མཚོ་གཉིས་ཀྱི་འབྲེལ་མཚམས་དེར་ལྷ་སྲིན་འཐབ་པའི་མཁའ་འགྲོ་ཕག་གདོང་རང་བྱོན་ངོ་མཚར་འབུར་དུ་དོད་པ་དེར་ཡོད། ཟུར་དུ་གསང་བ་འདུས་པའི་སྒྲུབ་ཕུག་དང་ལྷ་སྲིན་གཉིས་ཆོ་ལོ་རྩོད་ས་ཟེར་བའི་རྩིག་མལ་ཡང་ཡོད།

  ༼༡༠༽བྲག་ཕུག་རོང་ཆེན་མཁའ་འགྲོ་འབྲུག་གདོང་ནི། དེ་ཉིད་ལས། རྩ་གསུམ་མཚལ་རིའི་ལྷོ་ནུབ་དབལ་གྱི་བྲག་ཕུག་ཏེ་དབལ་རི་ཟུར་གསུམ་གྱི་སྨད། ཅེས་གསལ། གསང་སྔགས་རྫོང་འཕྲང་ལས། དབལ་གྱི་བྲག་ཕུག་རོང་ཆེན་ནི་སྟག་རོང་གཟིག་རོང་ངོ་གསུངས་པས། གནས་ཡུལ་ངོས་འཛིན་ན་འབྲོང་པ་རྫོང་བ་ཡུམ་ཤང་ནེའུ་གཙང་པོའི་ཕུག་དེང་དུས་སྟག་རོང་ཟེར་བའི་ཆུ་ཚན་ངོ་མཚར་ཅན་ཡོད་སར་ངོས་འཛིན་འདུག་པས་དེར་དེ་ལྟར་མཐུན་ནོ། །

  ༼༡༡༽ཆུ་མིག་བརྒྱད་ཅུ་མཁའ་འགྲོ་སྦྲུལ་གདོང་ནི། སྐལ་བཟང་མགྲིན་རྒྱན་ལས། མུ་ཁྱུད་འཛིན་གྱི་ཕྱི་རོལ་རྒྱ་མཚོ་ཆེན་པོའི་འགྲམ་གཡུའི་ཆུ་མིག་བརྒྱད་ཅུ་རྩ་གཉིས་འགོ་ཞེས་གསལ། ངོས་འཛིན་ནི། གོང་བཤད་འདུ་གནས་སྐབས་དང་གཅིག་མཚུངས་སུ་འདོད་ཚུལ་ཁག་གཉིས་ཏེ། མ་པང་མཚོ་ཡི་ཤར་ཕྱོགས་བཀྲག་གཙང་པོའི་ཆུ་འགོ་ཤེལ་གྱི་བྲག་དཀར་རྩེ་རྫོང་གི་རི་གཤམ་དེང་དུས་ཆུ་མིག་འཐུང་བ་རང་གྲོལ་ཟེར་བའི་ཆུ་མིག་དེ་དང་། ཆུ་མིག་བརྒྱ་རྩ་ཞེས་གློ་དང་དོལ་པོའི་ཕྱོགས་སུ་ངོས་འཛིན་མཁན་ཡང་འདུག

  ༼༡༢༽མཚལ་རི་འདུན་སའི་མཁའ་འགྲོ་གླང་གདོང་ནི། སྐལ་བཟང་མགྲིན་རྒྱན་ལས། མཚལ་རིའི་བྱང་ཤར་ལྷ་འདུན་རིའི་གསང་ཕུག ཅེས་དང་། གསང་སྔགས་རྫོང་འཕྲང་ལས། མཚལ་རི་ལྷའི་མདུན་ས་ནི། རི་རབ་ཀྱི་སྟེང་སུམ་ཅུ་རྩ་གསུམ་གསུངས། གངས་རིའི་དཀར་ཆག་ལས། དེ་ཡང་གངས་རི་ཆེན་པོ་དེའི་མདུན་དུ་ལྷ་ཡུལ་གུང་ཐང་(བར་ཁ་ཐང་)ལྷ་ཡི་མདུན་ས་ཞེས་གསུངས། ས་གནས་དངོས་འདི་ཞེས་བཤད་མ་སྤོབས།

  ༼༡༣༽རྒྱལ་མཁར་བ་ཆོད་མཁའ་འགྲོ་གླག་གདོང་ནི། སྐལ་བཟང་མགྲིན་རྒྱན་ལས། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དབུས་རིའི་རྩེར་ཤེལ་བྲག་ཕུག ཅེས་པས། ངོས་འཛིན་ནི། གསང་སྔགས་རྫོང་འཕྲང་ལས། རྒྱ་མཁར་བར་ཆོད་ནི། རྒྱལ་ཡུལ་ན་ཡོད་གསུངས་པས། པ་ཀི་སི་ཐན་སར་ནས་ཅ་དངོས་མང་པོ་ཐོན་པར་ཚན་རིག་པས་ཞིབ་འཇུག་བྱས་རྗེས་ས་འོག་ཏུ་བྱམས་མའི་དཀྱིལ་འཁོར་གྱི་རྣམ་པ་ཡིན་པའི་ལོ་རྒྱུས་མང་པོ་བཤད་ཅི་འདུག རྒྱལ་གཤེན་མི་ལུས་བསམ་ལེགས་དུས་རྒྱལ་བློན་འབངས་འཁོར་དང་བཅས་པ་རྒྱལ་ཁམས་ལྷག་མེད་དུ་འཇའ་ལུས་ཕེབས་སོང་བའི་དོན་དུ་རུས་པ་རྐང་གཅིག་མཐོང་རྒྱུ་མེད་པ་དེའི་དོན་ཡིན་ཞེས་བཤད་སྲོལ་འདུག

  ༼༡༤༽རི་རྒྱལ་ལྷུན་པོའི་མཁའ་འགྲོ་རྒོད་གདོང་ནི། སྐལ་བཟང་མགྲིན་རྒྱན་ལས། རི་རབ་ཀྱི་གནས་སམ་སྟག་གཟིགས་འོད་ཀྱི་ལྷ་རི་སྤོ་མཐོན་རྩེ། ཞེས་གསུངས། གནས་ཡུལ་ནི། གངས་ཏི་སེའི་ཤར་ཕྱོགས་ཞང་ཞུང་གི་སྤོས་རི་ངད་ལྡན་ནམ་ད་ལྟ་ཡུལ་མིས་བོན་རི་འབོད་པ་དེ་ལ་ངོས་འཛིན་གིན་འདུག གསང་སྔགས་རྫོང་འཕྲང་ལས། རི་རྒྱལ་ལྷུན་པོ་ནི་ཀོང་པོ་བོན་རིའོ། །ཞེས་ཀྱང་གསུངས་ཡོད།

  ༼༡༥༽ལྷ་རི་གྱང་ཐོའི་མཁའ་འགྲོ་ཁྲ་གདོང་ནི། གསང་སྔགས་རྫོང་འཕྲང་ལས། ལྷ་རི་གྱང་ཐོ་ནི་ཀོང་པོ་ནའོ་གསུངས་པས། ངོས་འཛིན་ནི། ཀོང་པོ་དམུ་རི་སྨུག་པོའི་རི་རྒྱུད་གཅིག་ཏུ་འབྲེལ་བ་དེང་སྐབས་ལྷ་རི་གྱང་མ་གྱང་ཏོ་འབོད་པ་དེ་ཡིན། ལྷོ་ཁའི་ཡར་ལུང་ལྷ་རི་སྒོ་བཞིའི་གནས་ལ་ངོས་འཛིན་མཁན་ཡང་འདུག་ཀྱང་འདི་སྐབས་དེ་མ་ཡིན་ནོ། །

  ༼༡༦༽མུ་ལེ་ཁྱུད་མཚོའི་མཁའ་འགྲོ་སྤྲེལ་གདོང་ནི། གསང་སྔགས་རྫོང་འཕྲང་ལས། མཚོ་མུ་ལེ་ཁྱུད་ནི་པུ་རང་སྟོད་ལ་ཡོད་གསུངས་པས། ངོས་འཛིན་ནི། གོང་གི་འདུ་གནས་བཤད་པའི་སྐབས་ལྟར། མངའ་རིས་ས་ཁུལ་གངས་རིན་པོ་ཆེའི་མདུན། ལ་ངག་གསེར་མཚོ་འབོད་པ་མི་ལྤགས་གཡང་གཞི་བཏིང་པ་འདྲ་བ་དེ་ཡིན།

  ༼༡༧༽མོན་རི་ཟུར་གསུམ་མཁའ་འགྲོ་གཟིག་གདོང་ནི། སྐལ་བཟང་མགྲིན་རྒྱན་ལས། གོར་བོད་ཞང་གི་མཚམས་རི་གསུམ་འདུས་པའི་རྩེ་ཞེས། ངོས་འཛིན་ནི། དེང་དུས་བལ་ཡུལ་རྒྱལ་ས་ཀ་ཋ་མན་གྲུའི་བྱང་ནུབ་ཕྱོགས་ཀོར་ན་ལའི་མངའ་སྡེ་དུང་ཉག་རྫོང་ཁ་ལའི་བོན་པོ་ར་ཞེས་པའི་ས་ཆ་དེ་རུ་ཡོད། དེའི་ཉེ་སྐོར་དུ་ཡོད་པའི་སྡེ་ཕལ་ཆེར་བོན་སྡེ་ཡིན་ཞིང་མོན་རི་ཟུར་གསུམ་དགོན་ཞེས་བོན་དགོན་ཆུང་ངུ་ཞིག་ཀྱང་འདུག

  ༼༡༨༽རྒྱ་ནག་གོང་མའི་མཁའ་འགྲོ་འུག་གདོང་ནི། བོད་ཡུལ་གནས་ཀྱི་ལམ་ཡིག་ལས། བྱང་ཕྱོགས་ཟིང་ཆུ་ནགས་རོང་མཁའ་འགྲོ་མ་ཞེས་གསུངས་པས། ངོས་འཛིན་ནི། སི་ཁྲོན་ཟིང་ཆུ་རྫོང་ཁོངས་བྱང་བྱ་དུར་རམ་ཡུལ་མིས་བྱ་ཏི་ཞེས་དགའ་མལ་དགོན་གྱི་རྒྱབ་རི་དེ་ཡིན། སྐོར་བ་འགྲོ་སྐབས་བྱང་ངོས་བྲག་ཕུག་ནང་དུ་མཁའ་འགྲོ་འུག་གདོང་བྲག་རིས་འབུར་དུ་དོད་པ་ངོ་མཚར་ཅན་མཇལ་རྒྱུ་ཡོད། གནས་ཡུལ་ནི་སི་ཁྲོན་ཟིང་ཆུ་རྫོང་ཁོངས་སུ་ཡིན།

  ༼༡༩༽རྒྱ་གར་བསིལ་བའི་མཁའ་འགྲོ་ཕོ་རོག་གདོང་ནི། གནས་ཡུལ་རྒྱ་གར་རྡོ་རྗེ་གདན་ནས་ཤར་ཕྱོགས་སུ་སྤྱི་ལེ་བཅུ་གཅིག་ཙམ་གྱི་སར་སྦིས་ཧར་ཞེས་པའི་ས་རུ་ཡོད་པར་བཤད་། འགྲོ་མྱོང་མེད།

  ༼༢༠༽ཞང་ཞུང་དབལ་ལུང་མཁའ་འགྲོ་འབྲོང་གདོང་ནི། མངའ་རིས་ས་ཁུལ་རུ་ཐོག་རྫོང་གི་ཉེ་འཁོར་གེ་ཁོད་གཉན་ལུང་འབོད་པ་དེ་ཡིན། གཞན་གཉན་ལུང་ཟེར་བའི་ས་གནས་དུ་མ་ཞང་ཞུང་བྱང་རྒྱུད་ལ་ཡོད།

  ༼༢༡༽བྱ་རི་གཙུག་ལྡན་མཁའ་འགྲོ་བྱ་གདོང་ནི། སྤུ་ཧྲིང་རྫོང་དུང་དཀར་ཤང་གདོང་དམར་གྲོང་ཚོའི་ནུབ་རྒྱུད་རྨ་བྱ་ཆུ་འགོ་རི། དེང་དུས་ནམ་མཁའ་ཁྱུང་རྫོང་འབོད་པ་དེ་ཡིན། རྟག་གཟིགས་བྱ་རི་གཙུག་ལྡན་ཞེས། ཚེ་དབང་རིག་འཛིན་གྱི་སྒྲུབ་གནས་ཞང་ཞུང་སྨར་གྱི་གླིང་སྟོད་ན་བྱ་རི་གཙུག་ལྡན་མཁའ་འགྲོའི་གནས་ཞེས་དང་། ཏིང་འཛིན་ཉམས་ལེན་བསྒོམ་ན་འཕེལ། ཡང་ཟུར་བྱང་ལས། བྱ་རི་གཙུག་ལྡན་གནས་མཆོག་ན། ལོ་གཅིག་བསྒྲུབ་ན་མངོན་སངས་རྒྱས། ཞེས་གསུངས་པའི་གནས་དེའོ། །ཁ་ཅིག་གིས་མོན་འཚེར་ཤང་དེང་སང་ཏྲེ་ཏ་པུ་རི་ལ་ངོས་འཛིན་གིན་འདུག །གནས་དེ་དྲི་བདའ་སྤོས་རི་ཞེས་པ་དེ་ཡིན།

  ༼༢༢༽དྭང་ར་གཡུ་བུན་མཁའ་འགྲོ་གཅན་གདོང་ནི། ཞང་ཞུང་ཤར་རྒྱུད་དྭང་ར་གཡུ་མཚོའི་བྱང་ཤར་གཡུ་བུན་བྲག་ཞེས་པ་དེ་ཡིན། ནག་ཆུ་ས་ཁུལ་ཉི་མ་རྫོང་དྭང་ར་གཡུ་བུན་དགོན་ནང་དུ་ཞང་ཞུང་སད་ནེ་གའུའི་སྒྲུབ་ཕུག་ནང་དུ་མཁའ་འགྲོ་གཅན་གདོང་འབུར་དུ་དོད་པ་མཇལ་རྒྱུ་ཡོད།

  ༼༢༣༽གནམ་མཚོ་ཕྱུག་མོའི་མཁའ་འགྲོ་ཀླུ་གདོང་ནི། གོང་གི་འདུ་གནས་བཤད་པའི་སྐབས་ལྟར། འདམ་གཞུང་རྫོང་གཉན་ཆེན་ཐང་ལྷའི་བྱང་ངོས་སུ་ཡོད། གོང་བཤད་ལྟར་ཡུམ་སྲས་དང་ཀྱེ་མ་འོད་མཚོས་བྱིན་གྱིས་བརླབས་པའི་གནས་དང་། མ་རྒྱུད་ཀྱི་གནས་ཆེན་ཉེར་བཞིའི་ནང་ཚན་གནམ་མཚོ་ཕྱུག་མོ་མཁའ་འགྲོ་ཀླུ་གདོང་ལྔ་ཞེས་པ་དེ་ཡང་ཡོད།

  ༼༢༤༽ རྨ་རི་མདོ་གམ་མཁའ་འགྲོ་སྨན་གདོང་ནི། ཤར་རྨ་ཁོག་གམ་རྨ་སྟོད་རྩེ་བླ་ཞིག་གི་གནས་ཡིན། ངོས་འཛིན་མི་འདྲ་བ་གཉིས་ཡོད་པས། མདོ་སྨད་རྔ་བ་རྫོང་གི་ནུབ་ངོས་ཁ་ཤུ་ཡུལ་ཚོ་ཞེས་པའི་གྲོང་ཚོའི་ལྷོ་ངོས་མཁའ་འགྲོ་སྨན་གདོང་གྱི་གནས་ཡིན་ཟེར་བ་རྔ་ཡུལ་དབུས་ཀྱི་སྒྲུབ་གནས་ཏེ། ཁ་ཤུ་རི་འདྲའི་གསང་ཕུག་ཏུ། རིག་འཛིན་མཁའ་འགྲོ་འདུ་བའི་གནས་ཞེས་གསུངས་པ་དེ་ཡིན། ཁ་ཅིག་གིས། ཀན་སུའི་ཞིང་ཆེན་ཀན་ལྷོ་ཁུལ་ཐེ་བོ་རྫོང་ཁོངས་རྒྱ་ཉི་ལུང་ཁོག་རྩ་རི་བོན་དགོན་གྱི་ཉེ་འདབས་སུ་གནས་མཆོག་དམུ་རི་སེང་གེ་ཞེས་པའི་གནས་འདི་མ་རྒྱུད་མཁའ་འགྲོ་སྨན་གདོང་གི་གནས་ཡིན་པར་བཤད་ལ། གནས་ཡིག་ལས། བསྐོར་བའི་ཡོན་ཏན་ཀོང་པོ་བོན་རི་མཉམ་ཞེས་དང་། ལྷ་རི་གྱང་ཏོ་དམུ་རི་རྩེ་རྒྱལ་ཞེས། རྨ་རི་མདོ་གམ་མཁའ་འགྲོ་སྨན་གདོང་ལྔའི། བྱང་ཕྱོགས་བྱང་ལྷ་དྲུག་སྟོང་མཁའ་འགྲོ་བཞུགས། མཁའ་འགྲོ་སྨན་གདོང་རང་བྱོན་སྨན་རི་ཞེས། ལ་སོགས་བསྟན་པ་དེ་རུ་ངོས་བཟུང་འདུག དེ་ལྟར་གནས་ཆེན་ཉེར་བཞིའི་ངོས་འཛིན་རོབ་ཙམ་ཞུས་ཟིན་ཏོ། །

བརྟན་མ་བཅུ་གཉིས་ཀྱི་སྐོར།

  ༧སྲིད་རྒྱལ་ཐུགས་ལས་སྤྲུལ་པའི་དབལ་མོ་ཉི་ཤུ་རྩ་བདུན་དང་། ཡང་སྤྲུལ་བརྟན་མ་བཅུ་གཉིས་ཞེས་བོན་གྱི་ལོ་རྒྱུས་ཁག་ལས་ཡོངས་སུ་གྲགས་མོད། བརྟན་མ་བཅུ་གཉིས་བརྩི་སྟངས་མི་འདྲ་བ་འགའ་ཞིག་མཆིས། འདི་ནས་བླ་མ་རྨ་སྟོན་གྱི་གཏེར་མ་འབེན་ཚོགས་ལྷ་ཡི་བཀའ་ཟློག་དང་། སྤྲུལ་སྐུ་བློ་ལྡན་གྱི་བསང་བརྔན་བཅས་གཞི་བཞག་ཐོག་ཅུང་ཙམ་ཞུས་ན།

  ༼༡༽ ཐོག་མར་ཕྱོགས་བཞིའི་སྨན་བཙུན་ཆེ་བཞིའི་གྲལ། ཤར་གྱི་ཀོང་བཙུན་དེ་མོ་ཉི་འོད་སྨན་གཅིག་མ་ནི། འབེན་ཚོགས་ལྷ་ཡི་བཀའ་ཟློག་ལས། ཤར་གྱི་ཀོང་བཙུན་དེ་མོ་འབོད། གསང་མཚན་ཉི་མའི་འོད་འགྱེད་མ་ཞེས་དང་། བསང་བརྔན་ལས། ཡུལ་ནི་ཀོང་ཡུལ་བྲེ་སྣ་ན། སྲིང་གཅིག་ཀོང་བཙུན་དེ་མོ་འབོད་ཅེས་གསུངས་པས། གནས་ཡུལ་ནི། ཀོང་པོ་ཉིང་ཁྲི་རྫོང་ཁོངས་ཧྥེ་ཤང་གནམ་ལྕགས་འབར་བའི་ཡར་ནང་གི་རི་རྒྱུད་གངས་རི་དེ་ཡིན་པར་བཤད། ཡིན་ན་ཆོག་གི་རེད། ཁོ་བོས་ནི་གནམ་ལྕགས་འབར་བ་ཟེར་བའི་གངས་རི་མདུང་རྩེ་འདྲ་བ་དེ་ཀོང་བཙུན་དེ་མོ་མ་ཡིན་ནམ་སྙམ། སྔོན་མའི་ལོ་རྒྱུས་ནང་དུ་གནམ་ལྕགས་འབར་བ་ཟེར་མཁན་གཅིག་མ་མཐོང་དེ་ལྟར་དཔྱད་པར་མཛོད།

  ༼༢༽ འབེན་བཟློག་ལས། བྱང་གི་ཀ་ག་གསེར་མོ་ཐང་། གསང་མཚན་གསེར་ཐང་ཡི་གེ་མ་ཞེས་དང་། བསང་བརྔན་ལས། ཡུལ་ནི་བྱང་ཡུལ་བྱང་སྟོད་ན། བྱང་གི་ཀ་ག་གསེར་མོ་ཐང་ཞེས་པས། གནས་ཡུལ་ནི། ནག་ཆུ་ས་ཁུལ་ཉི་མ་རྫོང་འོ་ཕོ་ཤང་དྭང་ར་གཡུ་མཚོ་འགོའི་བྱང་ངོས་སུ་ཀ་ཁ་གསེར་མོ་ཐང་ངམ་ཡོངས་གྲགས་སུ་དཀར་མོ་གསེར་ཐང་འབོད་པ་དེ་ཡིན་པར་ཡོངས་འཛིན་རིན་པོ་ཆེའི་བོད་ཡུལ་གནས་ཀྱི་ལམ་ཡིག་ནང་དུ་གསལ་ཡོད།

  ༼༣༽འབེན་བཟློག་ལས། ནུབ་ཀྱི་ལྷ་རི་ཡ་མ་སྐྱོལ། གསང་མཚན་ཁུག་ཆོས་དབྱལ་མོ་བསིལ་ཞེས་པས། གནས་ཡུལ་ནི། ལྷོ་གྲོ་མོ་དང་གམ་བྷ་རྫོང་གི་བར་ཇོ་མོ་ལྷ་རི་ཞེས་པའི་གངས་རི་དེ་ཡིན། ཡོངས་འཛིན་བླ་མས་ཇོ་མོ་ལྷ་རི་ཞེས་པའི་གངས་རིའི་ངོས་སུ་ལྷ་རི་ཉི་ཕུག་ཅེས་པའི་སྒྲུབ་གནས་སྔར་རྣལ་འབྱོར་ནམ་མཁའ་ལྷུན་འགྲུབ་སོགས་དམ་པ་དུ་མ་བཞུགས་པའི་གནས་རྟེན་དང་། ཞུང་བུ་དགོན་ཟེར་བའི་རྟེན་དང་བརྟེན་པ་རྣམས་ཞུ་རི་ཞིང་གིས་བདག་སྐྱོང་མཛད་གསུངས། དེང་སྐབས་གམ་བྷ་རྫོང་གཉན་རྩེ་ནས་མཐོང་བཞིན་པའི་གངས་རི་རྔམ་བརྗིད་དང་ལྡན་པ་དེ་ཡིན་ནོ། ཁ་གཅིག་གིས་ལྷ་རྩེ་རྫོང་ཁོངས་སུ་བོ་དོང་གྲོང་གི་ཉེ་འཁོར་སུ་ཡོད་པར་བཤད།

  ༼༤༽འབེན་བཟློག་ལས། ལྷོ་ཡི་སྐྱི་མཐིང་གཡའ་མ་སྐྱོལ། གསང་མཚན་ལྷོ་སྨན་ཉག་གཅིག་མ། ཕྱོགས་བཞིའི་སྨན་བཙུན་ཁྱེད་བཞི་ཡང་ཞེས་དང་། བསང་བརྔན་ལས། ཡུལ་གཅིག་ལྷོ་ཕུག་དེར་སྙིང་ན། སྲིང་གཅིག་སྐྱི་མཐིང་གཡའ་མ་སྐྱིལ་ཞེས་དང་། ཕུར་པའི་གཏེར་བདག་དྲུག་གི་བསྐུལ་པ་ལས། དམིགས་པའི་ཡུལ་དང་བཞུགས་པའི་མཁར། ལྷོ་བྲག་ཁམས་སྟེང་དཀོར་བདག་མཛད། ཁྱོད་ལ་མིང་དང་མཚན་གསོལ་བ། སྐྱི་ཐིང་ཡ་མ་མཐུ་མོ་ཆེ་ཞེས་པས། གནས་ཡུལ་དངོས་ནི། ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལྷ་ཁང་ཤང་ལྷ་ཁང་གྲོང་རྡལ་ཁོམ་མཐིང་གཡུ་ཡི་གཏེར་མ་ཞེས་པའི་གཏེར་གནས་ཀྱང་ཡིན། ད་ལྟ་ཁོམ་མཐིང་ལྷ་ཁང་གི་རྒྱབ་རི་དེ་ཡིན་པར་བཤད། བྲུ་འདུལ་བ་རྒྱལ་མཚན་གྱི་སྒྲུབ་གནས་ལྷོ་བྲག་མཁར་ཆུ་དཔལ་གྱི་སྒྲུབ་གནས་ཟེར་བ་ཡང་དེར་ཡོད།

  ༼༥༽སྨན་བཙུན་ཆེ་མོ་བཞི་ནི། འབེན་བཟློག་ལས། གངས་དཀར་གཉན་གྱི་ཤ་མེད་མ། གསང་མཚན་གངས་རུམ་སྨན་གཅིག་མ་ཞེས་དང་། བསང་བརྔན་ལས། ཡུལ་ནི་གཙང་ཡུལ་གཙང་སྟོད་ན། སྲིང་ཅིག་གངས་དཀར་ཤ་མེད་མ་ཞེས་པས། གནས་ཡུལ་ནི། སྙེ་མོ་རྫོང་འོ་ཡུག་ཕུ་ཤོག་གུ་ལ་ཚུར་ནང་ཇོ་མོ་གངས་དཀར་རམ་ཤར་ཕྱོགས་ཇོ་མོ་གངས་ཀྱི་སྒྲུབ་གནས་སུ་རྟོགས་ལྡན་སྒོམ་ཆེན་འབར་བ་ལ་གསོལ་བ་འདེབས་ཞེས་པའི་གངས་རི་རྔམ་བརྗིད་དང་ལྡན་པ་དེའོ། །ཡང་ཡུལ་མི་ཁ་ཅིག་གིས་སྐྱིད་རོང་རྫོང་སྤ་ལ་ཕུག་དགོན་ནས་མཐོང་བཞིན་པའི་མཚོ་གཉིས་པོའི་ཕར་ཁའི་གངས་རི་ཆེན་པོ་གཅིག་ཡོད་པ་དེ། ཆོས་ཕྱོགས་ནས་བོད་ཡུལ་ལ་ཁའི་ལ་ཐོག་ཏུ་གངས་དཀར་ཤ་མེད་དམ་ལ་བཏགས་ཞེས་ངོས་འཛིན་མཁན་འདུག དེར་དཔའ་མོ་ཐང་ཟེར་བའི་རི་ཐང་མཚམས་སུ་དར་ལྕོག་མང་པོ་ཡོད་ས་གཅིག་འདུག་དེར་དཔའ་མོ་ཐང་གི་སྤ་ཐང་ན་བརྟན་མ་བཅུ་གཉིས་དམ་ལ་བཏགས་ཞེས་བཤད།

  ༼༦༽འབེན་བཟློག་ལས། ཁ་རག་ཁྱུང་བཙུན་དཔལ་གྱི་ཡུལ། གསང་མཚན་འཇིག་རྟེན་སྨན་གཅིག་མ་ཞེས་དང་། བསང་བརྔན་ལས། ཡུལ་ནི་གཙང་གི་རུ་མཚམས་ན། སྲིང་གཅིག་ཁ་རག་ཁྱུང་བཙུན་མ་ཞེས་པས། དབུས་གཙང་གི་རུ་མཚམས་སྣ་དཀར་རྫོང་ཁ་རག་ཤང་ལྷོ་ནུབ་ཀྱི་རྒྱབ་རི་ཇོ་བོ་དང་ཇོ་མོ། བློན་པོ་གངས་རི་བཅས་གསུམ་ཡོད། གནས་ཡུལ་དངོས་ནི། རིན་སྤུངས་རྫོང་བར་ཐང་ཤང་མུན་དཀར་ཨ་ནེ་དགོན་པའི་རྒྱབ་རི་དེ་ཡིན། ད་ལྟ་ཡོངས་གྲགས་སུ་ཇོ་མོ་གངས་སམ་ཁ་རག་གཡས་སྐོར་ཟེར་གཙང་ཁ་རག་རྡོ་ཕུང་ཞེས་པའི་སྔོན་མ་དབུས་གཙང་གི་ས་མཚམས་རྡོ་ཕུང་ཞེས་མིང་ཐོགས་ཡོད་སྲིད། སྔོན་མ་ནི་གངས་རི་ཡིན་ད་ལྟ་གངས་རི་དེ་ཙམ་མེད་པ་ཞུ་བཞིན་འདུག གཙང་ཆུ་ཤུར་ནས་མཐོང་བཞིན་པའི་རི་དེའོ། །

  ༼༧༽འབེན་བཟློག་ལས། སྐྱི་མཐིང་ཤག་གི་ལ་རོ་སྨན། གསང་མཚན་བྱང་གི་སྨན་གཅིག་མ་ཞེས་པས། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ལས། འཕན་ཡུལ་བྱང་གི་ཀྱིན་འཐིང་ལ་རོ་སྨན་ཞེས་གསལ། གནས་ཡུལ་ནི། ལྷ་ས་གྲོང་ཁྱེར་ལྷུན་འགྲུབ་རྫོང་འཕན་པོ་ཁུལ་འཕན་ཡུལ་བྲག་དཀར་ལྷ་རིའི་རི་རྒྱུད་དེ་མིན་ནམ་སྙམ། འཕན་པོ་ཁུལ་དུ་ཡོད་པར་ཐོས་ཀྱང་དངོས་སུ་ངོས་འཛིན་འདི་ཞེས་གཏན་ཁེལ་མ་རྙེད་པས། རྩེད་གཅོད་དགོས།

  ༼༨༽འབེན་བཟློག་ལས། མ་བཙུན་འབྲོག་ཆེན་འཁོར་འདུལ་མ། གསང་མཚན་བྱང་གི་ཡུམ་གཅིག་མ། མ་བཙུན་ཆེན་མོ་ཁྱེད་བཞི་ཡང་ཞེས་དང་། བསང་བརྔན་ལས། ཡུལ་ནི་མར་ཡུལ་ཏིང་པ་ནི། ཆེ་ཞེས་འབྲོག་ཆེན་འཁོར་འདུས་མ་ཞེས་པས། གནས་ཡུལ་ནི། བཤད་སྟངས་ཁག་གཉིས་ཡོད་པས། གཅིག་ནི་ཤེལ་ཚ་གངས་རི་འམ་ཇོ་མོ་རྒྱལ་གོང་གངས་རི་དེ་ངོས་འཛིན་མཁན་འདུག༧ཁ་ཅིག་གིས་མཚོ་གཉིས་རྫོང་ཁུལ་ཤེལ་དབྱེལ་གངས་རི་དེ་འབྲོག་ཆེན་འཁོར་འདུལ་ཡིན་པར་བཤད་པས་དཔྱད་པར་མཛོད། །

  ༼༩༽ཡང་སྨན་ཆེན་མོ་ནི། འབེན་བཟློག་ལས། རྨ་ཏིང་ཤག་གི་འཕྲུལ་མོ་ཆེ། གསང་མཚན་རྨ་ཏིང་ཤག་གི་སྨན་ཞེས་དང་། བསང་བརྔན་ལས། ཡུལ་ནི་རྨ་ཡུལ་ཐང་བརྒྱད་ན། སྲིང་ཅིག་ཏིང་ཏིང་རིང་མོ་བཙུན་ཞེས་གསལ། འདི་ལ་ས་གནས་ངོས་འཛིན་མི་འདྲ་བ་ཁག་གཉིས་སུ་འདུག་པ་སྟེ། མདོ་སྨད་རྨ་རྒྱལ་པོམ་རའི་རི་རྒྱུད་ཉེ་འཁོར་ཕྱོགས་ལ་འདོད་མཁན་གཅིག་དང་། ནག་ཆུ་གཉན་རོང་རྫོང་ཁྲ་འདམ་ཤང་སོག་ཏིང་རྔུལ་བོན་དགོན་ཉེ་འཁོར་བྱང་ངོས་སུ་ཐོག་ཡུ་མ་ཞེས་པའི་རི་རྒྱུད་རྨ་ཤེ་མ་ཞེས་པ་དེ་ཡིན། འཛམ་གླིང་རྨ་ཏིང་ཤག་ཟེར། ཡུལ་མིས་ཐག་ཆོད་ཆོད་དུ་བཤད་འདུག་ནའང་དཔྱད་པར་མཛོད། གཉན་རོང་སོག་དཀར་མོ་ཤང་ཁུལ་སོག་དཀར་མོ་རྨ་རི་ཞེས་པ་དེ། སོག་གཞུང་བརྟན་མ་བཅུ་གཉིས་ཟེར་ནས་གངས་རི་རེ་རེ་བཞིན་བཅུ་གཉིས་བགྲང་རྒྱུ་ཡང་འདུག

  ༼༡༠༽འབེན་བཟློག་ལས། འདའ་ལ་བཙུན་མོ་བོད་ཁམས་སྐྱོངས། གསང་མཚན་གངས་ཀྱི་གཡུ་བུན་མ་ཞེས་དང་། བསང་བརྔན་ལས། ཡུལ་གཅིག་ནུབ་ཡུལ་དག་མཚམས་ན། སྲིང་གཅིག་གངས་ཀྱི་གཡུ་བུན་མ་ཞེས། གནས་ཡུལ། གཞིས་རྩེ་གྲོང་ཁྱེར་སྐྱིད་རོང་རྫོང་ཁུལ་སྤ་ལ་ཕུག་དགོན་ནས་མཐོང་བཞིན་པའི་ལྷ་མཚོ་སྲིན་མཚོ་གཉིས་སྦྲེལ་གྱི་ཕ་རོལ་ནུབ་ཕྱོགས་སུ་གངས་རི་བཞི་ཡོད་པའི་ནང་ནས། དང་པོ་ལ་གངས་སྐུ་ལྷ་གེར་མཛོད། གཉིས་པ་ལ་ཤ་མེད་གངས་དཀར། གསུམ་པ་ལ་གངས་བུམ་ཆེན་ཟེར་ཆུ་དེ་བུམ་པའི་དབྱིབས་འདྲ་བ་ཞིག་ཡོད་པར་བཤད། བཞི་པ་ལ་ཤི་ཤ་སྦང་མ་འམ་ཕོ་ལྷ་དགོན་ཆེན་ཟེར། གངས་ཀྱི་གཡུ་བུན་མ་ནི་གངས་རི་གཉིས་པ་ཤ་མེད་གངས་དཀར་འབོད་པ་དེ་རང་ཡིན། ༧ཡང་ཁ་གཅིག་གིས་ཀྲེ་པ་ཤང་ཁོངས་སུ་གཏོགས་པའི་གཡུ་རི་ཞེས་པ་དེ་གཡུ་བུན་མ་ཡིན་པར་བཤད།

  ༼༡༡༽འབེན་བཟློག་ལས། གངས་ཀྱི་ཡུམ་གཅིག་གཡུ་སྒྲོན་མ། གསང་མཚན་དཀར་མོ་འོད་འགྱེད་མ་ཞེས་དང་། བསང་བརྔན་ལས། ཡུལ་གཅིག་དབུས་རུ་སྙིང་ཚལ་ན། སྲིང་གཅིག་གངས་ཀྱི་རྡོ་རྗེ་གཡུ་སྒྲོན་མ་ཞེས་པས། གནས་ཡུལ་ནི། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་ཤར་ཕྱོགས་ཀ་ཚལ་དགོན་པའི་རྒྱབ་རི་དེ་ཁོ་ཚོས་བཤད་སྲོལ་ལ་རྡོ་རྗེ་གཡུ་སྒྲོན་མ་ཡིན་ཟེར། ཀ་ཚལ་དགོན་པའི་གསོལ་ཁའི་ནང་དུ། ཡུལ་གཅིག་དབུས་གྱི་སྙིང་ཚལ་ན། སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མ། བསྟན་མ་བཅུ་གཉིས་འཁོར་གྱིས་སྐོར། མ་ལུས་འཁོར་རྗེས་(བཅས)གནས་འདིར་གཤེགས། ཞེས་གསུངས་ཡོད་པར་བཤད་ལ། དབུས་ཀྱི་སྙིང་ཚལ་ནི་ཀ་ཚར་དགོན་པའི་ས་གནས་དེ་རང་ལ་ཟེར་གི་འདུག །ཡང་ཁ་ཅིག་གིས་ཚ་བ་སྒང་སྨད་དུ་སྨུག་མོ་དྲེའུ་དཀར་རམ་རྡོ་རྗེ་གཡུ་སྒྲོན་མ་ཞེས་པ་དེ་ཡིན་པར་བཤད། སྤྲུལ་སྐུ་བློ་ལྡན་གསུང་འབུམ་བརྟན་མ་རྡོ་རྗེ་གཡུ་སྒྲོན་གྱི་ཞུ་ལན་ལས། ལྷོ་ཆེན་ཚ་བ་སྒང་སྟོད་ཀྱི། ཚ་བ་ཁོ་ཤོད་གནས་རི་ཡི། རྡོ་རྗེ་དྲིལ་དཀར་མདུན་ཟུར་དུ། ཞེས། རྔུལ་རྫ་ཟལ་མོའི་སྒང་དཀྱིལ་དུ། ཚ་བ་ལོ་ཤོད་གནས་རི་ཡི། མཚོ་རྒྱལ་གླིང་གི་དབུས་དཀྱིལ་གྱི། བྲག་ནག་སྤུངས་པའི་རི་བོ་ཡི། གཡུ་བུན་ཤེལ་དཀར་ཕོ་བྲང་གི སྲིང་ཅིག་གངས་ཀྱི་གཡུ་སྒྲོན་མ། ཞེས་གསལ། ད་ལྟའང་ཡོངས་གྲགས་སུ་སྨུག་མོ་དེའུ་དཀར་རམ་རྡོ་རྗེ་གཡུ་སྒྲོན་མ་ཞེས་འབོད་པའི་རི་བོ་མཐོ་པོ་དེ་ཡིན་པར་བཤད།

  ༼༡༢༽འབེན་བཟློག་ལས། རྨ་རི་རབ་འབྱམས་དྲག་མོ་བདུན། གསང་མཚན་རྨ་བཙུན་ཕྱག་མོ་བསིལ། ཡང་སྨན་མོ་ཆེ་ཁྱེད་བཞི་ཡང་ཞེས་གསལ། གནས་ཡུལ་ནི། མདོ་སྨད་མགོ་ལོག་ཁུལ་རྨ་ཆེན་རྫོང་རྨ་རྒྱལ་པོམ་རའི་ཉེ་འཁོར་གྱི་ནུབ་ངོས་སུ་རྟ་བེའུ་ཞོལ་ཤང་དུ་ཡོད་པའི་ཡུམ་ཨ་ནེ་བན་རི་འམ་རྡོ་རྗེ་དྲག་མོ་ཞེས་པའི་རི་དེ་ཡིན་ཟེར་བ་དྲྭ་ལམ་བརྒྱུད་ནས་མཐོང་སོང་། ཁྱུང་ལུང་དངུལ་མཁར་བ་ཁོང་གིས་བྲིས་གནང་བའི་བསྟན་མ་བཅུ་གཉིས་ཀྱི་སྐོར་གཅིག་འདུག དེར་ནང་དུ་དེ་འདྲ་མོ་གཅིག་མཐོང་སོང་། རང་ཉིད་ཀྱིས་འདི་ཞེས་བྱ་བ་མ་རྙེད། དེ་ལྟར་བརྟན་མ་བཅུ་གཉིས་ཀྱི་སྐོར་ལ་དཔྱད་གཞི་ཚུལ་དུ་རོབ་ཙམ་ཞིག་ཞུས་པ་ལགས་སོ། །

རྗེ་ཡི་མགུལ་ལྷ་བཅུ་གསུམ་གྱི་སྐོར།

  ༧སྲིད་པའི་ལྷ་རྒོད་དྲག་བདར་གྱི་དགོངས་དོན་གཞིར་བཞག་ཐོག་འཆད་པ་ལ།

  ༼༡༽ ལྷ་རྒོད་དྲག་བདར་ལས། ཡུལ་ནི་ཁ་ལེ་གཙང་སྟོད་ན། གཙང་ལྷ་ཕུ་དར་གཉན་པོ་ནི། གཙང་སྟོད་གཉན་གྱི་ལྷ་རུ་ཆེ་ཞེས། གནས་ཡུལ་དངོས་ནི། གཞིས་རྩེ་གྲོང་ཁྱེར་གཉའ་གནང་རྫོང་མེ་ཕུ་ཤང་ཁོངས་སུ་ཡོད་པར་བཤད། རང་ཉིད་དེར་དངོས་སུ་མ་སླེབས།

  ༼༢༽ ལྷ་རྒོད་དྲག་བདར་ལས། ཡུལ་ནི་ཡར་ལུང་སོ་ཀ་ན། ཡར་ལྷ་ཤམ་པོ་གཉན་དགུ་ནི། ཡར་ལུང་སྟོད་གྱི་ལྷ་རུ་ཆེ་ཞེས། གནས་ཡུལ་དངོས་ནི། ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཁོངས། ཡར་མོ་ཀླུང་གི་ཕུ་ལ་གནས་ཡོད་ཅིང་། ཡུལ་ཡར་ལུང་དུ་ལྷ་ཡར་ལྷ་ཞེས་ཡོངས་གྲགས་སུ་ཡར་ལྷ་ཤམ་པོ་རྩེ་དགུ་ཞེས་པ་དེ་ཡིན། ཨ་ཁྲིད་ལས། ཡར་ལྷ་ཤམ་པོ་གངས་ཀྱི་སྒྲུབ་གནས་སུ། སུམ་ལྡན་གཡོ་པོ་མེ་དཔལ་ལ་གསོལ་བ་འདེབས་ཞེས་པའི་གནས་དེའོ། །

  ༼༣༽ དྲག་བདར་ལས། ཡུལ་ནི་སྟོད་ལུང་རལ་གསུམ་ན། སྟོད་ལྷ་ཟེ་ཟེ་གཉན་པོ་ནི། སྟོད་རྗེ་གཉན་གྱི་ལྷ་རུ་ཆེ་ཞེས། ཏུན་ཧོང་གཏེར་ཡིག་ལས། ཡུལ་སྟོད་རོ་ལུང་གསུམ། སྟོད་ལྷ་འི་ཟེཟེ་རྗེ་འབྲོང་ལོམ། ཞེས། གནས་ཡུལ་དངོས་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་རྫོང་ཁོངས་འབྲི་ལུང་དགོན་པའི་རྒྱབ་རི་ཟེ་ཟེ་མའམ་ཐང་ལྷ་ཟེ་ཟེ་འབོད་པ་དེ་ཡིན། རི་མིང་རེ་རེ་བཞིན་གོང་ནས་ཞུས་ཚར། འབྲི་ལུང་དགོན་ཤུལ་ནི་ཞང་སྟོན་དམ་པ་ཚུལ་ཤེས་ཀྱི་གདན་ས་འདུ་གནས་དབུས་རུ་བཅུ་གསུམ་གྱི་ནང་ཚན་ཡིན།

  ༼༤༽ དྲག་བདར་ལས། ཡུལ་ནི་སྐྱིད་རོ་ལྗོང་སྔོན་ན། སྐྱི་ལྷ་བྱང་རྨང་གཉན་པོ་ནི། སྐྱི་རྗེ་གཉན་པོ་ལྷ་རུ་ཆེ་ཞེས། ཏུན་ཧོང་ཡིག་རྙིང་ལས། ཡུལ་སྐྱི་རོའི་ལྗང་སྔོན། ན། རྗེ་སྐྱི་རྗེའི་མང་པོ། མཁར་ཟོ་ཡོང་སྔོན་འབུའི། ནང་ནའ། ལྷ་སྐྱིབས་ལ་བྱ་མང་། ཞེས། གནས་ཡུལ་དངོས་ནི་མ་རྙེད། བཤད་སྟངས་ལ་ལྷ་སའི་ཁོངས་ཀྱི་མལ་གྲོ་གུང་དཀར་དང་ཆུ་ཤུར་རྫོང་སྤྱི་ནག་གི་བར་དུ་ཡོད་དགོས་སྙམ། རུས་མཛོད་དེབ་ཐེར་ནག་པོ་ལས། སྤྱི་རི་བྱ་བའི་རི་དང་། ལྗོང་བུ་ཞེས་པའི་ཡུལ་སྡེ་དེང་སང་ཡོད་པར་བཤད་པས། སྤྱི་རོ་ལྗོང་སྔོན་གྱི་མཁར་རྫོང་ལྟེ་བ་དེར་ཡོད་པ་དང་། ཞེས་བྲིས་འདུག ཕྲན་ནས་དངོས་སུ་འདི་ཞེས་ཟེར་བའི་མཛུབ་མོ་བཙུགས་ས་མ་རྙེད་པས་དེ་ཙམ་དུ་ལུས། དེ་ལྟར་བརྩད་གཅོད་དགོས།

  ༼༥༽དྲག་བདར་ལས། ཡུལ་ནི་དབྱི་མོ་ཡུལ་དྲུག་ན། དབྱི་ལྷ་སྤྱི་བསང་གཉན་པོ་ནི། སྤྱི་རྗེ་གཉན་གྱི་ལྷ་རུ་ཆེ་ཞེས། ཏུན་ཧོང་ཡིག་རྙིང་ལས། དབྱེ་མོ་ཡུལ་དུག་(ཡུལ་དྲུག)ནའ་རྗེ་དབྱེ་རྗེ་མཁར་པའ། ལྷ་དབྱེ་བླ་སྤྱི་བགངས། ཞེས། གནས་ཡུལ་དངོས་ནི། ཆུ་གསུམ་རྫོང་ཨེ་ལྷ་རྒྱལ་རི་རྫོང་གི་ཤར་ཕྱོགས་སུ་མཐོང་བཞིན་ཡོད། ཡུལ་མིས་ཨེ་ལྷ་སྤྱི་དཀར་ཟེར་བ་དེ་ཡིན་པར་ངེས། མདུན་དུ་འགྲོ་མྱོང་མེད།

  ༼༦༽དྲག་བདར་ལས། ཡུལ་ནི་འོལ་ཡུལ་འོལ་མཁར་ན། ལྷ་ནི་འོལ་ལྷ་རྒྱལ་བཟང་སྟེ། འོལ་མཁར་གཉན་གྱི་ལྷ་རུ་ཆེ་ཞེས། གནས་ཡུལ་ནི། ལྷོ་ཁ་ས་ཁུལ་བཟང་རི་རྫོང་རྫིང་ཕྱི་ཤང་ཁོངས་སུ་གོང་བཤད་ལྟར་འདུ་གནས་འོལ་ཁ་ཤུག་གཅིག་གི་ལྷོ་ཕྱོགས་ཆུ་ལུང་མགོན་པོ་དགོན་པའི་ལ་ཕར་རྒྱབ་ན་གངས་རི་ཆེན་པོ་ལྷ་རི་འོད་དེ་གུང་རྒྱལ་འབོད་པ་དེ་ཡིན་པར་ངེས། རྒྱལ་ཕྲན་གྱི་དབང་དུ་བྱས་པ་ཡིན་ན་འོ་ལྷ་རྒྱལ་བཟང་ཞེས་པ་དེ་ཡིན་པར་སེམས། དེང་སྐབས་ཡོངས་གྲགས་སུ་གྲྭ་ས་འོག་མ་གཙང་གཡུང་དྲུང་གླིང་གི་རྒྱབ་རི་དེ་ལ་འོལ་ལྷ་རྒྱལ་བཟང་ཞེས་ངོས་འཛིན་གནང་མཁན་ཡང་འདུག དེ་ལྟར་དཔྱད་པར་གྱིས།

  ༼༧༽དྲག་བདར་ལས། ཡུལ་ནི་ནུབ་ཡུལ་གླིང་དྲུག་ན། ནུབ་ལྷ་རྟེན་དྲུག་གཉན་པོ་ནི། ནུབ་རྗེ་གཉན་གྱི་ལྷ་རུ་ཆེ། ཞེས་དང་། ཏུན་ཧོང་ཡིག་རྙིང་ལས། གནུབས་གྱྀ་གླིང་དགུའ་ན། རྗེ་གནུབས་རྗེའྀ་སྲིས་པ་སོགས་གསུངས། གནས་ཡུལ་ནི། རི་སྤུངས་རྫོང་ཁོངས། གཙང་རོང་འགག་གཡུང་དྲུང་གླིང་ནས་མར་ཡོང་སའི་རི་རྒྱུད་དེ་ཡིན་པར་བཤད། སྣུབས་ཡུལ་གླིང་དགུ་ཡང་ཟེར། ཡང་ཁ་ཅིག་གིས་ཡར་འབྲོག་ཕྱོགས་ལ་ཡིན་པར་བཤད་འདུག

  ༼༨༽དྲག་བདར་ལས། ཡུལ་ནི་ཐང་ཡུལ་རལ་གསུམ་ན། གཉན་ཆེན་ཐང་ལྷ་ཡར་བཞུགས་ནི། ཅོ་རོ་གཉན་གྱི་ལྷ་རུ་ཆེ་ཞེས་གསུངས། གནས་ཡུལ་ནི། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྙིང་དྲུང་ཤང་ཁོངས་སུ་ཡོད་པའི་གཉན་ཆེན་ཐང་ལྷ་ཞེས་པའི་གངས་རི་འདམ་གཞུང་དུ་ཟུག་པ་དེ་ཡིན། ཡོངས་སུ་གྲགས་པའི་གཉན་ཆེན་ཐང་ལྷ་དེ་འོ། །

  ༼༩༽ དྲག་བདར་ལས། ཡུལ་ནི་རྔག་ཡུལ་གླིང་དྲུག་ན། རྔག་ལྷ་རྟེན་དྲུག་གཉན་པོ་ནི། རྔག་རྗེ་གཉན་གྱི་ལྷ་རུ་ཆེ་ཞེས། གནས་ཡུལ་ནི། དབང་ཆེན་རྡོ་རྗེ་མཆོག་ནས། ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བོད་བཙན་པོའི་རྒྱལ་རབས་ལས་དྭགས་ཀོང་མཚམས་སུ་རྟག་རྒྱབ་འདུག་ཅིང་། སྣང་རྫོང་ཁུལ་ལའང་གཉགས་གྲོང་ཚོ་ཞེས་འདུག་པར་བདེན་སྙམ། ཞེས་ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བོད་བཙན་པོའི་རྒྱལ་རབས་ཀྱི་འཆན་འགྲེལ་དུ་གཉའ་ཁྲི་བཙན་པོ་ཞིབ་འཇུག་ལས་བཏུས། ཀོང་པོ་དང་དྭགས་པོ་ཁོངས་སུ་ཡོད་དགོས་པའི་ཁུལ་འདྲ་འདུག འདི་ཞེས་ཟེར་ནས་ཞུ་མ་སྤོབས།

  ༼༡༠༽དྲག་བདར་ལས། ཡུལ་ནི་དྭགས་ཡུལ་དབྱི་སྣང་ན། དྭགས་སྣ་གཉན་ཆེན་སྒམ་པོ་ནི། དྭགས་རྗེ་གཉན་གྱི་ལྷ་རུ་ཆེ། ཞེས་གསལ། གནས་ཡུལ་ནི། རྒྱ་ཚ་རྫོང་རྫི་ལུང་ཤང་གི་ཁོངས་གཏོགས་དྭགས་ལྷ་སྒམ་པོ་ཟེར་བ་དྭགས་པོ་བཀའ་རྒྱུད་པ་བཤད་སྒྲུབ་གླིང་དགོན་པའི་རྒྱབ་རི་དེ་ཡིན། ནམ་རྒྱུན་དམངས་ཁྲོད་དུ་ཀོང་སྟོད་དྭགས་ལྷ་སྒམ་པོ། ཀོང་སྨད་རྒྱ་ལ་སེང་གདོང་ཟེར་ནས་ཤོད་སྲོལ་ཡོད།

  ༼༡༡༽དྲག་བདར་ལས། ཡུལ་ནི་ཆིབས་ཡུལ་གོང་གསུམ་ན། ཆིབས་ལྷ་བྱང་རྨང་གཉན་པོ་ནི། ཆིབས་རྗེ་གཉན་གྱི་ལྷ་རུ་ཆེ་ཞེས་དང་། ཏུན་ཧོང་ཡིག་རྙིང་ལས། ཡུལ་མཆྀམས་ཡུལ་དགུ་སུལ་ན། ལྷ་མཆིམས་ལ་འི་ཐན་འཚོ། རྗེ་མཆྀམས་རྗེ་ནེའུ། བློན་པོ་དང་། ཞེས་གསུངས་པས། སྤོ་སྤོ་ནང་གངས་རི་འམ་མཆིམས་ལྷ་གངས་རི་ཞེས། གནས་ཡུལ་དངོས་ནི། ཉིང་ཁྲི་ས་ཁུལ་སྣང་རྫོང་ཁོངས་མཆིམས་ལྷ་ཐན་འཚོ་ཟེར་བའི་གངས་རི་མཐོ་པོ་གཅིག་ཡོད་པ་དེ་ཡིན། ཡང་ཁ་ཅིག་གིས་བསམ་ཡས་མཆིམས་ཕུའི་རྒྱབ་རི་དེ་ལ་ངོས་འཛིན་མཁན་ཡང་འདུག

  ༼༡༢༽དྲག་བདར་ལས། ཡུལ་ནི་མྱང་ཡུལ་ཤིང་ནགས་ན། མྱང་ལྷ་ཕུ་དར་གཉན་པོ་ནི། མྱང་བཙན་གཉན་གྱི་ལྷ་རུ་ཆེ་ཞེས་དང་། ཏུན་ཧོང་ཡིག་རྙིང་ལས། ཡུལ་མྱང་ཡུལ་གྱྀ་ཤིང་ནགས་ན་ལྷ་མྱང་ལྷ་འི་བོ་མོ། རྗེ་མྱང་ཙུན་གྱི་རྒྱ་པོ། ཞེས་གསལ། གནས་ཡུལ་དངོས་ནི། ཀོང་པོ་རྒྱ་མདའ་རྫོང་རྙིང་པ་ནས་ཉང་ཕུ་ཤང་། སྟག་ཟམ་ཁ་ཟེར་བའི་ལྕགས་ཟམ་གྱི་གཡས་ཟུར་དུ་རི་གདོང་ཞིག་ལ་དར་ལྕོག་དང་བསང་ཁྲི་བཅས་ཡོད་ས་དེར། ཉང་ཕུ་གྲོང་ཚོས་ཉང་ལྷ་བསམ་འགྲུབ་གསོལ་ས་རེད་ཟེར་གིན་འདུག ཉང་ལྷ་བསམ་འགྲུབ་བམ་ཉང་ལྷ་བུ་མོ་ཡང་ཟེར། གཙང་ལྷ་ཕུ་དར་རམ་མྱང་ལྷ་ཕུ་དར་ནི་ཉང་ལྷ་བསམ་འགྲུབ་ཀྱི་རི་རྒྱུད་ཕུགས་ཀྱི་གངས་རི་དེ་ཡིན་པར་ངེས།

  ༼༡༣༽དྲག་བདར་ལས། ཡུལ་ནི་དྲང་ཡུལ་དྲང་སྟོན་ན། དྲང་ལྷ་དྲང་རྗེ་གཉན་པོ་བསྭོ། དྲང་རྗེ་གཉན་གྱི་ལྷ་རུ་ཆེ་ཞེས་དང་། ཏུན་ཧོང་ཡིག་རྙིང་ལས། ཡུལ་སྲིབས་ཡུལ་གྱི་རོལ་མོ་གོང་ན། རྗེ་དྲང་རྗེའྀ་རྣོལ་ནམ་ཞེས་པས། གནས་ཡུལ་ནི། ལྷོ་ཁ་འཕྱོང་རྒྱས་རྫོང་ཁོངས་འཕྱོང་ཆུས་རོལ་མོ་སྒང་ཟེར་བའི་གྲོང་ཚོ་གཅིག་དང་སྲོང་བཙན་སྒམ་པོ་གཙོས་པའི་བང་སོ་མང་པོ་ཡོད་སའི་ཕྱོགས་ཀྱི་རི་རྒྱུད་འདིར་ཡིན་ནམ། ཡང་ན་སྣེ་གདོང་རྫོང་རས་ཆུང་མཁའ་འགྲོའི་སྒྲུབ་ཕུག་ཞེས་པའི་གཡའ་མའི་རི་རྒྱུད་གཉིས་གང་ཡིན་འདི་ཞེས་ཞུ་སྤོབས་མ་རྙེད་པས་དེ་ལྟར་དཔྱད་པར་མཛོད། རྗེ་ཡི་མགུལ་ལྷ་བཅུ་གསུམ་དཔྱད་གཞིའི་ཚུལ་དུ་ཞུས་ཟིན་པའོ། །

སྲིད་པའི་གངས་རི་ཆེ་བདུན་གྱི་སྐོར།

  ༧སྟོན་པས་གཡུང་དྲུང་བོན་མི་འགྱུར་བའི་བཀའ་རྟགས་སྲིད་པའི་གངས་རི་ཆེ་བདུན་ནི། སྤུ་རྒྱལ་གནས་ཀྱི་དཀར་ཆག་དོན་གསལ་སྒྲོན་མ་ལས། གངས་ཆེན་རི་བོ་ཆེན་པོ་གནས་ཆེན་བདུན། གངས་རྒྱལ་སྤུ་རྒྱལ་རྨ་རྒྱལ་རི་བོ་གསུམ། ཤམ་པོ་རྡོ་ཐི་རུ་དོམ་ཟིལ་ཕྲོམ་གསུམ། ཁ་བ་གླང་རི་ལ་སོགས་གངས་དཀར་དབུས། གཡུང་དྲུང་བོན་གྱི་བསྟན་པ་མི་འགྱུར་ཕྱིར། དབྱར་ལ་མི་ཞུ་དགུན་ལ་མི་གྲང་བ། རྒྱ་ཡིས་བཏབ་ནས་གནས་ཀྱི་མཆོག་ཏུ་སྡོམ། ཞེས་གསུངས་པ་ལྟར།

  ༼༡༽གངས་དཀར་ཏི་སེའམ་གངས་རིན་པོ་ཆེ་ནི། ཡི་དམ་དབལ་ཆེན་གེ་ཁོད་ཀྱི་བྱིན་གྱིས་རླབས་པའི་གནས་རི་ཡིན་ཞིང་། བོད་ལྗོངས་མངའ་རིས་ས་ཁུལ་པུ་ཧྲེང་རྫོང་བ་ག་ཤང་ཁོངས་སུ་གནས། མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི༦༦༥༦ཙམ་ཡོད། ཚངས་དབྱངས་ཡིད་འཕྲོག་ལས། ཡུལ་ཆེན་བཅོ་བརྒྱད་ཀྱི་སྙིང་པོ་ཞང་ཞུང་ཡུལ། བོད་ཀྱི་ཆུ་བོ་བཞི་འདུས་དབུས་ཀྱི་རི། རི་བོ་གངས་རྒྱལ་ཏི་སེའི་རྩེ་མོ་ཡི། ཤེལ་གྱི་པད་མ་འདབ་བརྒྱད་ལྟེ་བར་བབས། ཞེས་དང་། སངས་རྒྱས་སྟོན་པའི་གཙོ་བོ་དེས། གངས་གཉན་ཡ་བག་ཤ་ར་ལ། གངས་དཀར་ཏི་སེ་བྱ་བ་བཏགས། ཞེས་དང་། ཟུར་བྱང་ལས། འཛམ་གླིང་ལྟེ་བ་གངས་ཏི་སེ། གང་མཇལ་སྐྱེ་བ་གསུམ་ལས་ཐར། ཞེས་གསུངས་ལ། གངས་རིའི་གནས་འདི་ནི་གོམ་པ་སྤོས་ཆོག་བྱང་ཆུབ་རི། ཞལ་ལ་མཇལ་ཆོག་མཐོང་གྲོལ་རི། ཐོད་པ་བོར་ཆོག་འཕོ་བ་རི། ཁ་ལ་རག་ཆོག་མྱོང་གྲོལ་མཚོ་ཞེས་པ་ཡིན། སྒོམ་སྒྲུབ་ཕྱག་སྐོར་སོགས་གང་བྱས་དུང་ཕྱུར་བཅོ་བརྒྱད་ཀྱི་འགྱུར་ཡོད་པར་གསུངས། རྒྱས་པ་དཀར་ཆག་ལས་གསལ།

  ༼༢༽སྤུ་རྒྱལ་གངས་དཀར་རམ་སྤུ་རྒྱལ་གཡུང་དྲུང་ལྷ་རྩེ་ནི། སྟོང་རྒྱུང་ལ་སོགས་མཁས་པ་མི་བཞི་དང་། བླ་ཆེན་ཡབ་སྲས་རྣམ་གསུམ་བཅས་སྔོན་བྱོན་གྲུབ་ཐོབ་རིག་འཛིན་དུ་མའི་སྒྲུབ་གནས་ཡིན། རྒྱས་བཤད་དགོས་ཚེ་སྤུ་རྒྱལ་དཀར་ཆག་ལས་གསལ། གནས་ཡུལ་ནི། བོད་ལྗོངས་སྦྲ་ཆེན་རྫོང་དང་སྟེང་ཆེན་རྫོང་གཉིས་ཀྱི་སྦྲེལ་མཚམས་སུ་ཡོད། མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི༦༣༢༨ཙམ་ཡོད།

  ༼༣༽རྨ་ཆེན་གངས་རི་འམ་རྨ་རྒྱལ་སྤོམ་ར་ནི། གཏེར་བློན་སོ་བདུན་བོན་སྡེ་དུ་མ་གཏེར་དུ་གཟིམས་པའི་གནས་ཁྱད་པར་ཅན་དང་། ཀུན་བཟང་གཤེན་ལྷའི་གནས་རི་ཡིན། ཟུར་བྱང་ལས། རི་མཆོག་པོམ་ར་ཤེལ་བྲག་ལ། ཞི་ཁྲོ་ཕྱྭ་གཡང་མྱུར་དུ་འགྲུབ། ཅེས་གསུངས། གནས་ཡུལ་ནི། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་ཡོད། མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི༦༢༨༢ཙམ་ཡོད།

  ༼༤༽ཤམ་པོ་གངས་དཀར་རམ་ཡར་ལྷ་ཤམ་པོ་ནི། བོན་གྱི་སྒྲུབ་གནས་སོ་དྲུག་གཏེར་གྱི་བློན་པོ་སོ་བདུན་སྦས་གནས་སོགས་ཀྱི་ནང་ཡར་ལྷ་ཤམ་པོ་གངས་ཞེས་པ་དེ་ཡིན། སུམ་ལྡན་གཡོར་པོ་མེ་དཔལ་དང་། སྤེ་བོན་ཐོག་རྩེ་བཅས་ཀྱི་སྒྲུབ་གནས་མཛད། གནས་ཡུལ་ནི། བོད་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཁོངས་སུ་ཡོད། མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི༦༠༠༠ཙམ་ཡོད།

  ༼༥༽རྡོ་ཐི་གངས་དཀར་རམ་རྡོ་ཏི་གངས་དཀར་ནི། མཚོ་སྔོན་ཞིང་ཆེན་སྐྱེ་དགུ་རྫོང་དམར་ཡག་ཤང་རྒྱམ་གཞུང་གྲོང་གི་ཉེ་ཕྱོགས་སུ་གནས་ཡོད། གཡས་གཡོན་དུ་མཚོ་ནག་མ་དང་། བསུས་འོ་མཚོ་བཅས་དྭངས་གཙང་གི་མཚོ་མོ་དུ་མས་བསྐོར་ཞིང་། མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི༥༧༢༥ཙམ་ཡོད།

  ༼༦༽རུ་དོམ་ཟིལ་ཁྲོམ་མམ་ཁྲོ་ཟིལ་ཕྲོམ་ནི། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དགེ་རྫོང་ཁོངས་སྡེ་དགེ་རྫོགས་ཆེན་དགོན་པའི་རྒྱབ་རི་དེ་ཡིན། མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི༦༡༦༨ཙམ་ཡོད།

  ༼༧༽ཁ་བ་གླུང་རིའམ་ཁ་བ་ལུང་རིང་ནི། བླ་ཆེན་དྲན་པ་ནམ་མཁའི་སྒྲུབ་གནས་ཡིན་ཞིང་། སྐུ་གསུང་ཐུགས་ཀྱི་གནས་མཆོག་རྣམ་གསུམ་ལས། རྣམ་སྣང་སྐུ་ཡི་གནས་ཆེན་ཁ་བ་ལུང་རིང་ངམ་གནས་ཆེན་གཡུང་རྒྱལ་ནི། གནས་ཡུལ། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཉག་རོང་རྫོང་ཉག་ཤོད་ཨ་འཛི་རོང་གི་ཁོངས་སུ་གནས་ཡོད། འདི་རྣམས་དབྱར་ལ་མི་ཞུ་དགུན་ལ་མི་གྲང་བའི་སྲིད་པའི་གངས་ཆེན་ཆེ་བདུན་གཡུང་དྲུང་བོན་མི་འགྱུར་བའི་བཀའ་རྟགས་ཡིན་པ་བོན་གྱི་གཞུང་དུ་མ་ནས་གསལ།

གཏེར་བདག་ཡུམ་སྲས་སྡེ་ལྔའི་གནས་ཀྱི་སྐོར།

  ༡ གནམ་མཚོ་ནི། ཡུམ་སྲས་བསྟོད་བསྐུལ་ལས། དབུས་སུ་མ་བདུད་སྲིད་རྒྱལ་གནས། བཀའ་ཉན་ལས་བྱེད་ཕོ་ཉ་བཞི། ཞེས་པས་དབུས་ཀྱི་གནམ་མཚོ་ཕྱུག་མོ་ནི་ངོས་འཛིན་སླ། གནས་ཡུལ། འདམ་གཞུང་རྫོང་ནས་བྱང་དུ་ལ་རྒན་ལ་ཟེར་བ་དེ་བརྒལ་ནས་སོང་ན། ཡུམ་སྲས་ཀྱི་གནས་རི་བྱང་གི་གནམ་མཚོ་ཕྱུག་མོ་མཇལ། མཁའ་འགྲོ་ཀྱེ་མ་འོད་མཚོའི་བྱིན་གྱིས་བརླབས་པའི་གནས་ཡིན།

  ༢ ལྷ་རྒོད་སྙིང་ཕྲོམ་ནི། ཡུམ་སྲས་བསྟོད་བསྐུལ་ལས། ཡུམ་གྱི་སྔུན་ནས་སྣ་འདྲེན་པ། དྲེགས་པ་ལྷ་རྒོད་སྙིང་ཕྲོམ་ནི། ནག་ཆུ་ནས་ལྷ་སར་འགྲོ་བའི་ལམ་བར་བསམ་གཏན་གངས་བཟང་ཀྱི་རི་རྒྱུད་གཅིག་དུ་བསྒྲིལ་བའི་བྱང་ནུབ་ཕྱོགས་ནས་མཐོང་བཞིན་པའི་གངས་རི་མདུང་རྩེ་འདྲ་བ་དེ་ཡིན། རི་དེའི་མིང་ལ་ཡུལ་དེ་གའི་དམངས་ཁྲོད་དུ་ལྷ་རྒོད་སྙིང་ཕྲོམ་ཞེས་འབོད། རི་ཞོལ་དེར་ཆགས་པའི་འབའ་རོམ་གྱི་དགོན་ས་ད་སྐབས་བཀའ་རྒྱུད་པའི་དགོན་པ་དེའི་ནང་། རི་དེའི་བསང་ཡིག་ལས་ལྷ་རྒོད་སྙིང་ཕྲོམ་ཞེས་འཁོད་འདུག་པས་དེ་ལྟར་བདེན་པ་རུ་གྲུབ་ཅེས་བཤད། གནམ་མཚོ་ནས་ཤར་དུ་བལྟས་ན་ལྷ་རྒོད་མདུང་རྩེ་འམ་ལྷ་རྒོད་སྙིང་ཕྲོམ་དེ་གངས་རི་མཐོ་ལ་རྩེ་མོ་རྣོ་བ་ཞིག་ཡོད།

  ༣ ཀླུ་བདུད་ཐང་ལྷ་ནི། ཡུམ་སྲས་བསྟོད་བསྐུལ་ལས། ཡུམ་གྱི་གཡས་ནས་རུ་འདྲེན་པ། ཀླུ་བདུད་ཐང་ལྷ་གཉན་སྲས་ནི། ཞེས་པ་ཡོངས་གྲགས་ཀྱི་གཉན་ཆེན་ཐང་ལྷ་དེའོ། །

  ༤ མི་བདུད་འབྱམས་པ་ནི། ཡུམ་སྲས་བསྟོད་བསྐུལ་ལས། ཡུམ་གྱི་གཡོན་ནས་རུ་འདྲེན་པ། མི་བདུད་འབྱམས་པ་ཁྲག་མགོ་ནི། ཞེས་པས། མི་བདུད་ཀྱི་གནས་རི་དེ་ནི། ནག་ཆུ་ས་ཁུལ་གསེར་རྙེད་ཆུས། ན་དམར་ཆེ་ཡུལ་གྱི་ཡུལ་ལྷ་དང་རྒྱབ་རི་ཡིན་པའི་ལྷ་བཙན་ཇོ་བོའམ་ནམ་ར་བན་རྒན་ཞེས་པ་དེ་ཡིན།

  ༥ བཙན་རྒོད་ཧུར་པ་ནི། ཡུམ་སྲས་བསྟོད་བསྐུལ་ལས། ཡུམ་གྱི་སླད་ནས་རྗེས་འགེབ་པ། བཙན་རྒོད་ཧུར་པ་བསོད་སྐྱེན་ནི། ཞེས་པ་ཀྱུང་ཟེར་བའི་རྫ་རི་དམར་པོ་དེ་ནི་ཀྱུང་མོ་བྱ་ནག་དབང་རྒྱལ་གྱི་བླ་རི་ཡིན། གཅུང་བཙན་སྲིན་ཚ་དམར་པོ་འམ་གཅུང་རི་ཟེར་བ་དེ་ཡིན་ཚུལ་དང་། ཡང་བཙན་བདུད་ཧུར་པ་ནི། གནམ་མཚོའི་ནུབ་ཕྱོགས་གཤེན་སྒེར་ཡུལ་ཤོག་ལུག་པོ་གྲོང་ཚོར་ཡོད་པའི་རྫ་རི་དམར་པོ་དེ་བཙན་རྒོད་ཁང་རྗེའམ་ཁོང་ཁྱིམ་ཞལ་དཀར་ཟེར་བ་དེ་བཙན་ཧུར་པའི་གནས་ཡིན་པར་བཤད་པ་གཉིས་སྣང་། ཡོངས་འཛིན་རིན་པོ་ཆེའི་བོད་ཡུལ་གནས་ཀྱི་ལམ་ཡིག་ལས། བ་ཉལ་སྲང་གི་དམ་ཅན་ལྕགས་རྡོ་ལ་དང་འབྲེལ་བའི་ནུབ་ཀྱི་རྫ་རི་དམར་རྔམ་དེ་བཙན་ཧུར་པའི་གནས་ཡིན་པར་གསུངས།

  འདི་ནི་ཐོག་མར་རང་ཉིད་ལོ་མང་རིང་ས་གནས་དངོས་ལ་མཇལ་སྐོར་སོང་བའི་ཉམས་མྱོང་གང་ཡོད་༧ཡོངས་འཛིན་རིན་པོ་ཆེའི་བོད་ཡུལ་གནས་གྱི་ལམ་ཡིག་གི་ཟུར་རྒྱན་ཚུལ་དུ་ཟིན་ཐོ་བཀོད་པ་དེར་གཞི་བཟུང་སྟེ། ལྗང་ཤེར་བསྟན་ལགས་ཀྱིས་གློག་ཀླད་དུ་བཏགས་ཤིང་དེབ་གཟུགས་པར་རིས་སྦྲག་མ་བཟོ་རྒྱུར་བཀའ་དྲིན་བླ་ལྷག་ཏུ་བསྐྱངས་ནས་བརྩམས་བསྒྲིགས་བྱས་པའི༼གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད༽ཅེས་པ། སྤྱི་ལོ་༢༠༡༤ལོར་པར་སྐྲུན་ཐོབ་པ་དེ་ཉིད་དེང་སྐབས་གནས་སྐོར་བ་རྣམས་ཀྱིས་ཡོངས་གྲགས་སུ་བེད་སྤྱོད་བྱ་དང་བྱེད་བཞིན་པ་ཡིན་ནའང་དེའི་ནང་དུ་འདུ་གནས་སུམ་ཅུ་རྩ་བདུན་སོགས་སྒྲུབ་གནས་ཆ་ཚང་བཀོད་ཐུབ་ཡོད་མ་རེད། རྒྱུ་མཚན་དེས་དབང་གིས་ཞང་ཞུང་སྒོ་པའི་ལྟེ་གནས་སུམ་པ་གླང་གི་གྱིམ་ཤོད་ཁྱུང་པོ་རི་བོ་རྩེ་དྲུག་དགོན་གྱི་དཔོན་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན་གཙོས་བོན་གྲོགས་མི་ཉུང་བ་ཞིག་གིས་སངས་རྒྱས་གཡུང་དྲུང་བོན་གྱི་ཡོངས་སུ་གྲགས་པའི་འདུ་གནས་སོ་བདུན་དང་སྒྲུབ་སྡེ་སོ་དྲུག་གམ་སོ་བདུན། མ་རྒྱུད་གནས་ཆེན་ཉེར་བཞི། རྗེ་ཡི་མགུལ་ལྷ་བཅུ་གསུམ། སྲིད་རྒྱལ་ཐུགས་ལས་སྤྲུལ་པའི་དབལ་མོ་ཉི་ཤུ་རྩ་བདུན། ཡང་སྤྲུལ་བརྟན་མ་བཅུ་གཉིས་བཅས་ཀྱི་གནས་རི་ཁག་ངོས་འཛིན་དགོས་པའི་བསྐུལ་མ་ཡང་ནས་ཡང་དུ་གནང་བར་བརྟེན། རྒྱས་བཤད་ཚིག་གི་སྤྲོས་པ་མེད་པར་ངོ་མི་ལྡོག་ཙམ་མམ་གནས་སྐབས་སྟབས་བདེའི་ཚུལ་དུ། རྩེ་དྲུག་ནམ་མཁའ་མཐོང་གསལ་ནས་བྲིས། ཞིབ་རྒྱས་གནས་ཀྱི་ལོ་རྒྱུས་དགོས་ཚེ་དགེན་བསམ་གཏན་འགྱུར་མེད་ལགས་ཀྱིས་དཔྱད་པ་གསུམ་གྱིས་དག་ཐེར་གནང་བའི་གནས་ཡིག་ཁ་གསལ་གོ་བདེ་ཞིག་ལོ་རྗེས་མའི་ནང་ཐོན་ཡོང་གི་ཡོད་པས། དེར་གཟིགས་པར་མཛོད། འགལ་འཁྲུལ་ཅི་འཆིས་མཁྱེན་ལྡན་ཡོངས་ཀྱིས་སྐྱོན་བརྗོད་དང་ཡོ་བསྲང་ཡོད་པར་ཞུ། དགེ་བས་འགྲོ་ཀུན་སངས་རྒྱས་ས་ཐོབ་ཤོག བཀྲ་ཤིས། དགེའོ། །དགེའོ། །ཞུས་སོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།