གྲོས་ཆོད་དང་ལས་གཞི་འབུར་ཐོན་ཅན་ཁག་ཅིག་གི་གནས་ཚུལ་ཡར་ཞུ།

[ཟླ་ཚེས། 2023-09-14 08:16:21][རྩོམ་པ་པོ། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་ཚོགས་འདུ་རིམ་པའི་གྲོས་ཆོད་དང་ལས་གཞི་འབུར་ཐོན་ཅན་ཁག་ཅིག་གི་གནས་ཚུལ་ཡར་ཞུ།
རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།
ས་གནས། སི་ཁྲོན་དཀར་མཛེས་ཁུལ་རོང་བྲག་རྫོང་འདམ་མདོ་དགོན་དཔག་བསམ་ལྗོན་པའི་གླིང་། དུས་ཚོད།༢༠༢༣ལོའི་ཟླ༩ཚེས༨ཉིན།
   བཀུར་པར་འོས་པའི་ཚོགས་གཙོ་རྒན་གཞོན་དང་། མཚན་འཛིན་ཚོགས་གཙོ། བློ་འདྲི་མི་སྣ། དྲུང་ཡིག་ཚན་ཁག རྒྱུན་ལས་ལས་འཛིན། དགོན་སྡེ་སོ་སོ་ནས་ཕེབས་པའི་འཐུས་ཚབ་མི་སྣ། ཤེས་འཇོན་ལྷག་གསུམ་གྱིས་མངོན་པར་ཕྱུག་པའི་རྒྱ་ཆེའི་སེར་སྐྱ་རྣམ་པ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བཀའ་དགོངས་གཙིགས་ཆེན་དུ་བཟུང་བ་ལྟར། རྒྱལ་རོང་གཡུང་དྲུང་ལྷ་སྟེང་དགོན་པའི་དབུ་བླ༧མཆོག་སྤྲུལ་པད་མ་རིན་ཆེན་མཆོག་གི་ཐུགས་བསྐྱེད་བླ་ན་མེད་པའི་འོག་དང། རོང་བྲག་རྫོང་འདམ་མདོ་དགོན་དཔག་བསམ་ལྗོན་པའི་གླིང་གིས་གཙོ་སྒྲུབ་གནང་བའི་མཐུན་རྐྱེན་གྱི་འོག་ཏུ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གསུམ་པ་དེ་རིང་དངོས་སུ་འཚོགས་པ་རེད། བསྟན་དོན་གྱི་བྱ་གཞག་མཉམ་གླེང་བྱེད་སའི་ཚོགས་ཆེན་ཐེངས་གསུམ་པ་འདི་ལྟར་དངོས་སུ་འཚོགས་ཐུབ་པ་བྱུང་བ་འདི་ཡང་། རང་ཅག་ཚང་མས་ཡུན་རིང་ངང་སྒུག་བྱས་པའི་བྱ་གཞག་ཅིག་ལ་དོན་གྱི་འབྲས་བུ་སྨིན་པའི་གནས་ཚུལ་དགའ་འོས་པ་ཞིག་རེད།
དད་འདུན་གྱི་འོ་ཆུ་གཅིག་ཏུ་འདྲེས་པའི་བཀུར་འོས་ལྷན་རྒྱས་ནས། ནམ་ཡིན་རུང་བསྟན་དོན་འབའ་ཞིག་གི་ཆེད་དུ་ཕན་ཚུན་ཕྱར་བ་གྲུ་འདེགས་དང་། བརྩེ་སེམས་ཀྱི་སྙིང་སྟོབས་ཟབ་མོ་རྒྱུན་འཛིན་བྱས་ཏེ་འདི་ལྟར་ཚོགས་འདུ་ལ་ཕེབས་བསྐྱོད་མཛད་པ་མ་ཟད། ཡུལ་ཕྱོགས་འདིར་འཁོད་པའི་སྡེ་དགོན་ཚང་མའི་ངོས་ནས་ཡིན་ནའང་། བསྟན་དོན་མཉམ་གླེང་བྱེད་པའི་འཚོགས་ཆེན་འདི་ལྟར་འཚོགས་པ་ལ། དགའ་དད་སྤྲོ་གསུམ་གྱི་རྣམ་འགྱུར་བཟང་པོ་འདི་ལྟར་ཕྱི་རུ་མངོན་ཡོད་པ་ང་ཚོ་ཚང་མར་མིག་མཐོང་ལག་ཟིན་བྱུང་བ་འདིས། གྱེར་བསྟན་ཐུན་མོང་ལ་དབང་བའི་མཉམ་འབྲེལ་ལྷན་ཚོགས་ནི་མི་སེམས་ཀྱི་མཐུན་ལམ་བསྐུལ་འདེད་ལ་སྤོབས་པའི་སེམས་འགུལ་ཆེན་པོ་སྟེར་བར། བོན་བསྟན་ལོ་རྒྱུས་ཀྱི་ཟིན་ཐོའི་སྟེང་འགོད་འོས་པའི་བསྟན་དོན་གྱི་བྱ་གཞག་རླབས་ཆེ་བ་ཞིག་ཡིན་པ་མཚོན་པར་བྱས། རྒྱུ་མཚན་དེ་དག་གིས་ཕྱིར་ན། གོ་སྐབས་འདི་དང་བསྟུན་ཏེ་ཁོ་བོས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོའི་གོ་ཐོབ་ཀྱི་མིང་ཐོག་ནས་ཚོགས་ཞུགས་མི་སྣ་རྣམ་པ་དང་། བསྟན་པའི་སྦྱིན་བདག་ཏུ་གྱུར་བའི་ཡུལ་འདིའི་ལྷ་འབངས་མི་སྡེ་རྣམ་པ། ཁྱད་པར་དུ་མཆོག་སྤྲུལ་པད་མ་རིན་ཆེན་མཆོག་ཉིད་གཙོས་པའི་བླ་མ་གྲྭ་ཚང་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ཆབས་ཅིག་ཏུ། ལྷན་རྒྱས་ཀྱི་སྐུ་ཁམས་བཙོ་མའི་གསེར་ལྟར་བཟང་ཞིང་། བོན་སྲིད་ལེགས་ཚོགས་ཀྱི་བྱ་གཞག་ཐམས་ཅད་ཡར་ངོའི་ཟླ་བ་དང་། དབྱར་གྱི་ཆུ་གཏེར་བཞིན་འཕེལ་རྒྱས་བླ་མེད་འབྱུང་བའི་ཐུགས་སྨོན་སྐྱབས་འཇུག་ཞུ་རྒྱུ་ཡིན།
   རྣམ་པ་ཚོ། ཆུ་ལམ་ཞུགས་དང་། རྡོ་ལག་བརྒྱུད་ཅེས་པའི་དཔེ་ནང་བཞིན། རང་ཅག་ཚང་མས་མཁྱེན་གསལ་ལྟར། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་ལོ་ངོ་འདི་དག་གི་རིང་ལ་མཚོན་ན། དེ་སྔོན་རྒྱས་འཛོམས་ཚོགས་ཆེན་ཐེངས་མ་གཉིས་དང་། རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་མ་བཞི་ལ་བསྐོང་འཚོགས་བྱས་པའི་མཐའ་དོན་དུ།  གྲོས་ཚོགས་སོ་སོའི་ཐོག་སྡོམ་པའི་གྲོས་ཆོད་ཚན་པ་བཞི་བཅུ་ཞེ་ལྔ་བཞག་ཡོད། ཤིན་ཏུ་ནས་སྤོབས་སེམས་ཆེན་པོས་གླེང་རིན་ཡོད་པ་ཞིག་ལ། གོང་སྨོས་གྲོས་ཆོད་དེ་དག་གི་ནང་ནས། གྲོས་ཆོད་ཚན་པ་དྲུག་གི་བརྗོད་དོན་ལེགས་གྲུབ་མ་བྱུང་བ་ཕུད། གཞན་པའི་གྲོས་ཆོད་སུམ་ཅུ་སོ་དགུ་བོ་ཐམས་ཅད་ཡར་ལྡན་ངང་མངོན་འགྱུར་བྱུང་ཡོད། གནས་ཚུལ་འདིས་ཇི་ཞིག་མཚོན་གྱིན་ཡོད་དམ་སྙམ་ན། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ནི་དུས་རབས་ཀྱི་ཁ་ཕྱོགས་གསར་བའི་དགོས་མཁོ་ལྟར་དུ། རྒྱལ་གཤེན་བསྟན་པའི་སྤྱི་དོན་ཉག་ཕྲ་ས་དང་སྟོབས་ཞན་ས་ནས་ཡར་རྒྱས་གཏོང་བར་འཇུ་ཕོད་པའི་བསམ་བློའི་སྙིང་སྟོབས་མེད་པ་ནས་ཡོད་པ་དང་། ཡོད་པ་དེའང་རྨང་གཞི་ཇེ་བརྟན་དུ་གཏོང་བའི་དོ་ཁུར་བླ་ལྷག་བྱེད་ཅིང་། མ་ཚད་འཐུས་སྒོ་ཇེ་ཚང་དང་། ཁྱབ་རྒྱ་ཇེ་ཆེ། ཕན་ནུས་རྒྱུན་ཆད་མེད་པར་མཐོ་རུ་འདེགས་པ་ལ། བརྩོན་འགྲུས་ཀྱི་གོ་ཆ་ལྷུ་རུ་ལེན་པར་དཔའ་བའི་བསྟན་དོན་གྱི་འཕྲིན་ལས་བཟང་པོ་ཞིག་ཡིན་པའི་སྐོར། ལོ་རྒྱུས་རང་སྟེང་ནས་ཁས་ལེན་གྱིས་གདེང་འཇོག་གང་ལེགས་མཛད་ནུས་པ་དེ་གསལ་བཤད་བྱས་ཡོད། གཤམ་ནས་ཁོ་བོས་གོང་ཞུས་གྲོས་ཆོད་སོ་སོའི་གནས་ཚུལ་སྐོར་དང་། གྲོས་ཆོད་དེ་དག་ཏུ་མ་ཚུད་པའི་སྐབས་གཉིས་པའི་རིང་གི་ལས་གཞི་འབུར་ཐོན་ཅན་ཁག་ཅིག་བཅས་ཚོགས་ཆེན་ལ་སྙན་ཞུ་འབུལ་རྒྱུ་ཡིན་པས། དེ་དག་གི་དོན་ལ་མི་འགྲིགས་ས་དང་། གནས་ཚུལ་ངོ་མ་རིས་སུ་བོར་བའི་ཆ་ཐམས་ཅད་ལ་ལྷན་རྒྱས་ནས་སྐྱོན་བརྗོད་དང་སློབ་སྟོན་གནང་བར་མཁྱེན་ཞུ།

ཚན་པ་དང་པོ། སྐབས་གཉིས་པའི་ཚོགས་འདུ་རིམ་པའི་གྲོས་ཆོད།

ཚན་པ་དང་པོ་ལ། ནང་གསེས་དོན་ཚན་བདུན་ཡོད།
དང་པོ། སྟ་གོན་ཚོགས་འདུའི་གྲོས་ཆོད།
ས་གནས། དཀར་མཛེས་རྫོང་། དུས་ཚོད། ༢༠༡༥///
སྐབས་དེར། སྡོམ་པའི་གྲོས་ཆོད་ཚན་པ་བཞི་ཡོད། དེ་དག་གི་ནང་དོན་གཤམ་གསལ་ལྟར།
༡༽ མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཆེན་མོ་དང་། དེ་བཞིན་དྲུང་ཆེ་དང་དྲུང་གཞོན་བཅས་ནི་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་དང་པོའི་སྟེང་། ཁོང་རྣམ་པ་ལ་ལས་བཟུར་དགོངས་ཞུ་བྱེད་ཆོག་པའི་ཐོབ་ཐང་གི་འགན་དབང་སྟེར་རྒྱུ། ༢༽ཚོགས་པའི་རྒྱབ་རྟེན་འགངས་ཆེན་མཚན་འཛིན་ཚོགས་གཙོའི་དཔུང་ཁག་གསར་དུ་འཛུགས་རྒྱུ། ༣༽མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གཉིས་པའི་ཚོགས་གཙོ་སོགས་ལ་གདམ་བྱ་འོས་མིའི་མཚན་ཐོ་ཚོགས་ཆེན་ལ་འབུལ་གནང་ཡོད་པ་ཞུས་ཏེ། ཚོགས་ཆེན་སྟེང་འོས་ཤོག་གི་མང་ཉུང་ལྟར་ལས་སྣ་གསར་པ་བསྐོ་བཞག་བྱེད་རྒྱུ། ༤༽ཚོགས་པ་འདི་ཉིད་བླ་སེར་རྐྱང་བ་ཙམ་མཉམ་འདུ་བྱེད་སའི་སྟེགས་བུ་ཡན་གར་བ་ཞིག་མ་ཡིན་པར། ཚོགས་པ་འདི་ལ་སྟོན་འཁོར་རྣམ་བཞིའི་འཐུས་ཚབ་འཛོམས་པ་བྱེད་རྒྱུ་བཅས་སོ། །
མཇུག་འབྲས། གོང་སྨོས་གྲོས་ཆོད་ཚང་མའི་ནང་དོན་མངོན་འགྱུར་བྱུང་ཟིན།
གཉིས་པ། རྒྱས་འཛོམས་ཚོགས་ཆེན་ཐེངས་དང་པོའི་གྲོས་ཆོད།
ས་གནས། ཤར་རྫའི་རི་ཁྲོད། དུས་ཚོད། ༢༠༡༥///
སྐབས་དེར། སྡོམ་པའི་གྲོས་ཆོད་ཚན་པ་དྲུག་ཡོད། དེ་དག་གི་ནང་དོན་གཤམ་གསལ་ལྟར།
བོན་བསྟན་ཤེས་རིག་སྔར་ལས་ལྷག་པར་འཛིན་སྐྱོང་གང་ལེགས་ཡོང་ཐབས་བྱ་ཆེད། ས་གནས་སོ་སོ་ནས་སློབ་གསོའི་ལས་དོན་དམངས་ཁྲོད་ལ་ཁྱབ་སྤེལ་གཏོང་བར་འབད་འབུངས་ལྷོད་མེད་ཡོང་བ་བྱེད་རྒྱུ། ༢༽ལྷན་ཚོགས་ཆེན་མོར་སྲིད་གཞུང་ནས་ངོས་ལེན་ཡོད་པའི་ཆོག་མཆན་དཔང་ཡིག་ཐོབ་ཐབས་ལ། ནམ་ཡང་སེམས་ཀྱི་དཔའ་མི་ཞུམ་པའི་ཐོག་འབད་བརྩོན་ལྷོད་མེད་གནང་རྒྱུ། ༣༽༢༠༡༦ལོར། མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོ་དེ། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དགེ་རྫོང་ཁམས་ཐར་བདེ་དགོན་ལ་བསྡུ་རྒྱུ། ༤༽ཚོགས་གཞོན་རག་ཤི་ཀུན་གསལ་སྙིང་པོ་ལགས་ཀྱིས་གཡུང་དྲུང་བོན་གྱི་བཀའ་རིན་པོ་ཆེ་དེབ་གཟུགས་སུ་དཔར་བཞེངས་གནང་བའི་ལས་གཞི་ལ། དགོས་པ་སྐབས་བསྟུན་ལྟར་ཚོགས་པའི་ངོས་ནས་རོགས་མགོན་ཞབས་འདེགས་གང་དགོས་དོན་འཁྱོལ་གནང་བ་མཛད་རྒྱུ། ༥༽བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་ཚན་ཆུང་གིས་རྒྱ་ཡིག་ཏུ་བསྒྱུར་བཞིན་པའི་བོད་རྒྱ་སྐད་གཉིས་ཤན་སྦྱར་གྱི《སངས་རྒྱས་གཡུང་དྲུང་བོན་གྱི་ཞལ་འདོན》དེ་ཉིད་ཡོངས་སུ་བསྒྱུར་ཚར་བ་བྱས་ཐོག་དཔར་བསྐྲུན་འགྲེམ་སྤེལ་བྱེད་རྒྱུ། ༦༽༢༠༡༧ལོར། མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གཉིས་པ་དེ། ཀན་སུའུ་ཐེ་བོ་རྫོང་ལེགས་ལུང་གཙོ་ཚང་དགོན་ལ་འཚོག་རྒྱུ་བཅས་སོ། །
མཇུག་འབྲས། གྲོས་ཆོད་ཚན་པ་གཉིས་པ་དེ་འགྲུབ་མེད།
གསུམ་པ། སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོའི་གྲོས་ཆོད།
ས་གནས།  ཁམས་ཐར་བདེ་དགོན། དུས་ཚོད།༢༠༡༦//༢༠/
སྐབས་དེར། གྲོས་ཆོད་ཚན་པ་བརྒྱད་ཡོད། དེ་དག་གི་ནང་དོན་གཤམ་གསལ་ལྟར།
༡༽ གཡས་རུའི་འཆད་རྩོད་ཆེན་མོར་ཕེབས་པའི་སློབ་གཉེར་བ་ཕུལ་བྱུང་ཚབ་མཚོན་རང་བཞིན་ཅན་ཁ་ཤས་ལ། གཞན་གྱིས་སློབ་སྦྱོང་གི་མིག་དཔེ་བལྟ་སར་གསེར་དངུལ་ཟངས་གསུམ་གྱི་གཟེངས་རྟགས་སྤྲོད་པའི་ལམ་ལུགས་གཉེར་རྒྱུ། ༢༽གཡས་རུའི་འཆད་རྩོད་ཆེན་མོ་འཚོགས་པའི་སྐབས་དང་སྒོ་བསྟུན་ཏེ། གཡུང་དྲུང་བོན་གྱི་གཞུང་བརྒྱའི་བགྲོ་གླེང་གི་མཛད་སྒོ་བསྡུ་རྒྱུ། ༣༽བསྟན་ལ་ཕྱག་རྗེས་བླ་ལྷག་གིས་ཆེ་ཞིང་། དགུང་ལོ་བརྒྱད་ཅུའི་སོ་མཚམས་ནས་བརྒལ་བའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པའི་རིགས་ལ། སྐུ་དྲིན་ལེགས་མཚོན་གྱི་གཟི་བརྗིད་དཔང་ཡིག་དང་མཎྚལ་མཆོད་སྤྲིན་འབུལ་རྒྱུ། ༤༽སྐྱབས་རྗེ་རྒྱལ་བ་གཤེན་སྲས་ཆེན་པོས་བཀའ་ལུང་ནན་བསྩལ་གནང་བ་ལྟར་དུ། མཉམ་འབྲེལ་ལྷན་ཚོགས་ནས་རང་ནུས་ཅི་ཡོད་ཀྱིས་ཤུགས་བསྣན་ཏེ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་མ་ཕྱི་གཏན་འབེབས་གཅིག་གྱུར་བཟོ་རྒྱུ། ༥༽མཉམ་འབྲེལ་ལྷན་ཚོགས་ཀྱི་མི་སྣའི་གྲས་སུ། ད་དུང་གལ་འགངས་ཆེ་བའི་མི་སྣ་སྐོར་ཞིག་ཁ་སྣོན་བྱེད་རྒྱུ། ༦༽རང་གཞན་ཤི་གསོན་ཡོངས་ལ་ཐར་བ་དང་། ཐམས་ཅད་མཁྱེན་པའི་དགེ་རྩ་བླ་མེད་འབྱུང་ཆེད། མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུ་ཆེ་ཆུང་བསྡུ་བའི་ས་གནས་དེར། གཡུང་དྲུང་བོན་གྱི་ཞི་བདེ་སྨོན་ལམ་ཆེན་མོ་ལོ་རེ་བཞིན་དུ་འཚོག་རྒྱུ། ༧༽མེ་ཏོག་ཆུང་རུང་མཆོད་རྫས་ཀྱི་དཔེ་ལྟར། གཡུང་དྲུང་བོན་གྱི་ཞི་བདེ་སྨོན་ལམ་ཆེན་མོའི་ཐེབས་རྩ་རུ། དོན་དེར་ཐུགས་སྣང་ཡོད་པའི་བོན་དད་མང་ཚོགས་མི་རེ་ནས། ལོ་རེ་བཞིན་དུ་རང་དབང་རང་འཐད་ཀྱིས་སྒོར་གཉིས་རེ་འབྲེལ་འཇོག་ཡོད་པའི་འབོད་སྐུལ་ཞུ་རྒྱུ། ༨༽ཞང་བོད་ཤེས་རིག་ཞིབ་འཇུག་ཏུ་འཁོད་པའི་རྩོམ་ཡིག་རྣམས་ལ། མཉམ་འབྲེལ་ལྷན་ཚོགས་ཀྱི་མིང་ཐོག་ནས་རྩོམ་ཡོན་གང་འཚམ་འབུལ་ཐུབ་པ་བྱེད་རྒྱུ་བཅས་སོ། །
མཇུག་འབྲས། གྲོས་ཆོད་ཚན་པ་དང་པོ་རྩིས་མེད་དུ་བཏང་བ་ཕུད། ཚན་པ་བརྒྱད་པ་དེ་འགྲུབ་མེད།
དང་པོའི་གསལ་བཤད། འདི་ལྟར་བསྒྲུབས་ན་ནང་ཁུལ་གྱི་མཐུན་ལམ་སྐོར་ལ་བཟང་ངན་གྱི་ཤུགས་རྐྱེན་གང་འདྲ་འབྱུང་མིན་ཐད་རིམ་བཞིན་དགོངས་ཚུལ་མི་འདྲ་བ་ཁ་ཤས་བྱུང་བས། གྲོས་ཆོད་འདི་གནས་སྐབས་སུ་རྩིས་མེད་བཏང་།
བཞི་པ། སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གཉིས་པའི་གྲོས་ཆོད།
ས་གནས། ཀན་སུའུ་ཐེ་བོ་རྫོང་གཙོ་ཚང་དགོན། དུས་ཚོད། ༢༠༡༧/༡༢/༡༠/
སྐབས་དེར། གྲོས་ཆོད་ཚན་པ་དགུ་ཡོད། དེ་དག་གི་ནང་དོན་གཤམ་གསལ་ལྟར།
༡༽གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་གི་སྒྲུབ་ཁང་བླ་མ་ནི་ཚོགས་གཞོན་ཉེར་གསུམ་ནང་ནས་འགོ་ནས་རིམ་བཞིན་ཟླ་བ་གཅིག་ལྷག་ཙམ་འགན་ཁུར་རྒྱུ། གལ་སྲིད་རང་ཉིད་ཡོང་མ་ཐུབ་ན་སྐུ་ཚབ་འོས་མི་དེ་འགན་ཆ་ཚང་ཁུར་ཐུབ་མཁན་ཞིག་དགོས་རྒྱུ། ལྷག་པར་དུ་སྒྲུབ་ཁང་བླ་མའི་ལས་འགན་སྒྲིག་ཡིག་ལྟར་བསྒྲུབ་རྒྱུ། ༢༽མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་གི་འགན་འཛིན་པ་དྲུང་ཡིག་རྒན་གཞོན་གཉིས་ཀྱིས་འགན་ཁུར་རྒྱུ་དང་། སྤྲུལ་སྐུ་པད་མ་རིན་ཆེན་དང་སྔགས་འཆང་བསོད་ནམས་ཚེ་རིང་རྣམ་གཉིས་ནས་གཞུང་ལས་ཁང་གི་ཀྲུའུ་རིན་གཉིས་ལ་དཔལ་འབྱོར་ཐད་རྒྱབ་སྐྱོར་གནང་རྒྱུ། ༣༽གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲུབ་བཞིན་པའི་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་བོན་གྱི་བཀའ་འགྱུར་སྒྲིག་ཞུའི་མ་ཕྱིའི་དཔེ་རྙིང་འཚོལ་བསྡུ་ཚོགས་ཆུང་། དེའི་གཙོ་འགན་པ་ཚོགས་གཞོན་སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། དྲུང་ཡིག་པ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ། རྒྱུན་ལས་ལས་འཛིན་པ་གོ་ལམ་གཡུང་དྲུང་གླིང་གི་བླ་མ་ཚེ་དབང་དངོས་གྲུབ། ༼མ་ཕྱི་འཚོལ་བསྡུའི་གཞི་རྩ་རྒྱལ་རོང་ཁྲོ་སྐྱབས་དཔར་མའི་སྐོར་དང་། ཨ་གཡུང་པར་མ། བོན་བློན་པར་མ་རྣམས་གཙོས་གཞན་མ་ཕྱི་དཔེ་རྙིང་འཚོལ་བསྡུ་གང་ཐུབ་གནང་རྒྱུ།༽ ༤༽གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཐེབས་རྩ་བསྡུ་གཉེར་འགན་འཛིན་ཚན་ཁག་གི་ཚན་གཙོ། ལི་ཤུ་གཤེན་རྒྱལ་བསྟན་འཛིན། ཚན་གཙོ་གཞོན་པའི་འགན། སྤྲུལ་སྐུ་འཆི་མེད་གཡུང་དྲུང་ནས་ཁུར་རྒྱུ། ༥༽མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་མི་སྣ་ཁ་སྣོན་བྱ་རྒྱུའི་ཐད། རྒྱུན་ལས་ལས་འཛིན་པ་ཁ་སྣོན། ཟི་ཁྲོན་ལན་ཧྲན་ཁུལ་མན་ལིང་རྫོང་གཤེན་བསྟན་མི་ནུབ་དགོན་པའི་འགན་ཁུར་བ་ཀུན་དགའ་བསྟན་འཛིན། ལྷ་སའི་ཁྲིམས་རྩོད་པ་ལྷ་མོ། སྟོད་པོ་ཕྱོགས་ཀྱི་ལས་དོན་འགན་ཁུར་བ་དགེ་བཤེས་ཁ་དྲག་བཙན་དབང་། དཀར་མཛེས་རྟའུ་རྫོང་སྤྲུལ་བསྟན་འཛིན་རྣམ་རྒྱལ། དཀར་མཛེས་རྟའུ་རྫོང་སྤྲུལ་རིག་སྔགས། གཞིས་རྩེ་ས་ཁུལ་རྒྱལ་རྩེ་རྫོང་ཞུ་རི་ཞིང་དགོན་པའི་ཞུ་བླ་བློ་གྲོས་སྙིང་པོ་བཅས་ཁ་སྣོན་བྱས། ༦༽ཚོགས་འདུ་བཀོད་སྒྲིག་བྱ་བའི་འགན་འཛིན་ཚན་ཆུང་ལ། དྲུང་ཡིག་རྒན་གཞོན་གཙོ་འགན་འོག་དྲུང་ཡིག་པ་རྣམས་ཀྱིས་ཚོགས་འདུ་སྒྲིག་བཀོད་བྱ་གཞག་འགན་འཛིན་གནང་རྒྱུ། ༧༽ཚོགས་འདུའི་གསར་འགྱུར་འགན་འཛིན་ཚན་ཁག་ལ། གངས་ལྗོངས་བོན་དྲ་བའི་རྩོམ་སྒྲིག་ཚན་ཁག་གི་འགན་འཛིན་བྱེད་པའི་འོག རྒྱུན་ལས་ལས་འཛིན་པ། ཁྲི་བསོད་བསྟན་དང་། དགེ་བཤེས་ཁ་དྲག་བཙན་དབང་གཉིས་ནས་ཁུར་རྒྱུ། ༨༽༢༠༡༩ལོའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པ་རྔ་བ་ཟིང་ཆུ་རྫོང་རིན་སྤུངས་དགོན་དུ་འཚོགས་རྒྱུ། ༩༽ ༢༠༢༠ལོའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་བ་མཚོ་སྔོན་དུང་དཀར་དགོན་དུ་འཚོགས་རྒྱུ་བཅས་སོ། །
མཇུག་འབྲས། གྲོས་ཆོད་ཚན་པ་བཞི་བ་དེ་འགྲུབ་མེད།
ལྔ་པ། སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པའི་གྲོས་ཆོད།
ས་གནས།  རྔ་ཡུལ་སྣང་ཞིག་དགོན་ཆེན།   དུས་ཚོད།  ༢༠༡༨/༩/༢༥/
སྐབས་དེར། གྲོས་ཆོད་ཚན་པ་བརྒྱད་ཡོད། དེ་དག་གི་ནང་དོན་གཤམ་གསལ་ལྟར།
༡༽གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་ལས་དོན་གཙོ་བོ་རྒྱལ་བའི་བཀའ་འགྱུར་ལས་གཞི་ལ་ཤུགས་སྣོན་རྒྱག་རྒྱུ། ༢༽མཐའ་མཚམས་ས་ཁུལ་གྱི་བོན་གྱི་ལྷ་སྡེ་ལ་འབྲེལ་ཡོད་དགོན་སྡེ་ཁག་གིས་ལྟ་སྐུལ་དང་བདག་སྐྱོང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ། ༣༽བོན་གྱི་དད་ལྡན་མང་ཚོགས་ལ་བོན་གྱི་ངོ་བོ་མཚོན་ཐུབ་པའི་སྐེ་འདོགས་སམ་ལག་རྟགས་ལྷན་ཚོགས་ཀྱིས་བཟོ་རྒྱུ། ༤༽ཚོགས་འདུ་ཆེ་ཆུང་གང་གི་སྐབས་སུ་ཚོགས་འདུའི་སྒྲིག་ལམ་དོ་དམ་ཚགས་ཚུད་དཔེ་མེད་གནང་རྒྱུ། ༥༽ལོ་རེའི་ཡིག་སྒྱུར་ཚོགས་འདུའི་སྐབས་མིང་དོན་མཚུངས་པའི་ཤེས་ལྡན་མི་སྣ་མ་གཏོགས་གནས་ཚད་ཡོད་མེད་ལ་མ་ལྟོས་པའི་མི་སྣ་གང་བྱུང་ཚོགས་ཞུགས་མི་མཛད་རྒྱུ། ༦༽ བོད་ལྗོངས་སྦྲ་ཆེན་ཕྱོགས་སུ་དཔེ་རྙིང་འཚོལ་བསྡུའི་མི་སྣ་བསྐོ་བཞག་བྱ་རྒྱུ། ༧༽བོན་གྱི་བརྟེན་འགྱུར་ལུང་རྒྱུན་གལ་ཆེ་བས་བརྟེན་འགྱུར་ལུང་རྒྱུན་རྩ་འཛུགས་ཚན་ཁག་ཅིག་འཛུགས་ཐབས་གནང་རྒྱུ། ༨༽ ལོ་རེ་བཞིན་རྒྱལ་བའི་བཀའ་འགྱུར་དག་འདོན་བཀོད་སྒྲིག་ཚན་ཁག་འཛུགས་རྒྱུ།
མཇུག་འབྲས། ཚན་པ་བདུན་པ་དེ་འགྲུབ་མེད།
དྲུག་པ། སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པའི་གྲོས་ཆོད།
ས་གནས། ཟིང་ཆུ་རྫོང་རིན་སྤུངས་དགོན། དུས་ཚོད། ༢༠༡༩/༨/༢༥/
སྐབས་དེར། གྲོས་ཆོད་ཚན་པ་དྲུག་ཡོད། དེ་དག་གི་ནང་དོན་གཤམ་གསལ་ལྟར།
༡༽བཀའ་འགྱུར་སྒྲིག་རིམ་གྱིས་མཚོན་པའི་དཀར་ཆག་གཏན་འབེབས་ལ་ཆེད་མཁས་མི་སྣའི་འགན་འཛིན་ཚན་གཙོ་ཚོགས་གཞོན་སེང་སྤྲུལ་རིག་འཛིན་ཉི་མ་མཆོག་དང་།   དྲུང་ཡིག་པ་སྙན་བཟང་བསོད་ནམས་གཡུང་དྲུང་སོགས་ཀྱིས་འགན་ཁུར་རྒྱུ། ༢༽མདོ་འབུམ་རྒྱུད་མཛོད་ཀྱི་རྣམ་བཤད་དང་ནང་དོན་གནད་བསྡུས།  བཀའ་འགྱུར་ལས་གཞིའི་རྒྱུད་རིམ།  དཔྱད་རྩོམ་ཕྱོགས་བསྒྲིགས། བཀའ་འགྱུར་པར་བསྐྲུན་ལ་མཁོ་བའི་དཔེ་དེབ་རྩོམ་སྒྲིག་ཚན་པའི་འགན་འཛིན་ཚོགས་གཞོན་མང་སྤྲུལ་བསོད་ནམས་གཡུང་དྲུང་མཆོག་དང་། དྲུང་ཡིག་པ་སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ།  མདོ་འབུམ་རྒྱུད་མཛོད་སོགས་ཀྱི་ལག་བསྟར་རྩོམ་སྒྲིག་པ་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་བཅས་ཀྱིས་འགན་ཁུར་རྒྱུ། ༣༽བཀའ་འགྱུར་གྱི་པོད་སོ་སོའི་ནང་གི་ལྷ་སྐུ་གཏེར་རྟགས་སོགས་རི་མོ་འབྲི་བཞེངས་ཚན་པའི་འགན་འཛིན་ཚོགས་གཞོན་པཎ་ཙ་སྤྲུལ་སྐུ་བསྟན་འཛིན་དར་རྒྱས་མཆོག་དང་།   དྲུང་ཡིག་པ་དགེ་བཤེས་ཨ་ཀུན་གསལ་ཟླ་བ་སོགས་ཀྱིས་འགན་ཁུར་གནང་རྒྱུ། ༤༽བཀའ་འགྱུར་དཔེ་གཟུགས་ཇུས་འགོད་ཀྱིས་མཚོན་པའི་པར་སྐྲུན་ཡུལ་དངོས་ལས་གཉེར་ཚན་པའི་འགན་འཛིན་ཚན་ཁག་གི་འགོ་ཁྲིད་ཚོགས་གཞོན་ཉག་སྤྲུལ་བསོད་ནམས་རྒྱ་མཚོ་མཆོག་དང་།  དྲུང་ཡིག་པ་ལུང་དཀར་གཡུང་དྲུང་བསྟན་འཛིན། ཁོང་མི་ཨ་དཔལ་བཟང་།    རྒྱུན་ལས་ལས་འཛིན་ཀུན་ཐར་མཚོ་བཅས་ཀྱིས་འགན་ཁུར་རྒྱུ།  ༥༽   གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གསུམ་པ་འཚོགས་ས་རྟོགས་ལྡན་དགོན་ཆེན་ལ་ཡར་ཞུ་འབུལ་རྒྱུ། ༦༽   གཤེན་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཆེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་བརྟན་བཞུགས་མཎྚལ་སྐུ་གསུང་ཐུགས་རྟེན་ལྕགས་བྱི་སྟེ། སྤྱི་ལོ། ༢༠༢༠ལོར་ཟླ་ཚེས་གང་བཟང་ལ་འབུལ་རྒྱུ།
མཇུག་འབྲས། ཚང་མ་འགྲུབ་ཡོད།
བདུན་པ། སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་བའི་གྲོས་ཆོད།
ས་གནས། མཚོ་སྔོན་དུང་དཀར་དགོན། དུས་ཚོད། ༢༠༢༠/༩/༡༠/
སྐབས་དེར། གྲོས་ཆོད་ཚན་པ་བཞི་ཡོད། དེ་དག་གི་ནང་དོན་གཤམ་གསལ་ལྟར།
༡༽ བཀའ་འགྱུར་སྒྲིག་ཞུ་བ་དག་གིས་བྲིས་པའི་བཀའ་འགྱུར་སྐོར་གྱི་དཔྱད་རྩོམ་སྐོར་ཞང་ཞུང་ཤེས་རིག་ཞིབ་འཇུག་སྟེང་དུ་འགོད་རྒྱུ། ༢༽ ཚོགས་གཞོན་པད་མ་རིན་ཆེན་གྱིས་གཙོ་འགན་བཞེས་པ་བརྒྱུད། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གསུམ་པའི་ཚོགས་ཆེན་ཐེངས་དང་པོའི་ཚོགས་འདུ་དཀར་མཛེས་ཁུལ་རོང་བྲག་རྫོང་འདམ་མདོ་དགོན་དཔག་བསམ་ལྗོན་པའི་གླིང་ལ་འཚོག་རྒྱུ། ༣༽ ཚོགས་གཞོན་ལི་ཤུ་གཤེན་རྒྱལ་བསྟན་འཛིན་གྱིས་གཙོ་འགན་བཞེས་པའི་འོག གཡུང་དྲུང་བོན་གྱི་བཀའ་འགྱུར་རྗེས་ཤུལ་འཚོལ་བའི་ཡུལ་དངོས་རིག་གཞུང་དཔྱད་གླེང་གི་མཛད་སྒོ་སྤེལ་བ་ལ། སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པས་དྲུང་ཡིག་དང་། ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ཀྱིས་རྒྱུན་ལས་ཀྱི་འགན་བཞེས་རྒྱུ། ༤༽  རྒྱུན་ལས་ཚོགས་གཞོན་མཁན་རིག་འཛིན་དབང་རྒྱལ་དང་ཚོགས་གཞོན་དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་གཉིས་ནས་དབལ་ཁྱུང་དགོན་པའི་བཀའ་འགྱུར་ལྷ་ཁང་བཞེངས་བཀོད་འཆར་འགོད་འགན་བཞེས་གནང་རྒྱུ་བཅས་སོ། །
མཇུག་འབྲས། ཚན་པ་གསུམ་པ་འགྲུབ་མེད།
གསལ་བཤད། གོང་སྨོས་གྲོས་ཆོད་བཞི་བཅུ་ཞེ་ལྔའི་ནང་ནས། ལྷན་ཚོགས་ལ་སྲིད་གཞུང་ནས་ངོས་ལེན་ཡོད་པའི་ཆོག་མཆན་དཔང་ཡིག་ལེན་རྒྱུ་སོགས་གྲོས་ཆོད་ཚན་པ་དྲུག་གི་བརྗོད་དོན་མངོན་འགྱུར་བྱུང་མེད་པ་ཕུད། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་མ་ཕྱི་གཏན་འབེབས་ཀྱི་བྱ་གཞག་རླབས་པོ་ཆེ་མཚོན་དཔེར་བྱས་པའི། གཡས་རུའི་འཆད་རྩོད་ཆེན་མོ་སྐབས་གཉིས་པའི་འདུ་འཛོམས་སོགས་གཞན་པའི་གྲོས་ཆོད་སུམ་ཅུ་སོ་དགུ་བོ་ཐམས་ཅད་མངོན་འགྱུར་བྱུང་ཟིན་པ་ཤ་སྟག་ཡིན་ནོ། །

ཚན་པ་གཉིས་པ། ལས་གཞི་འབུར་ཐོན་ཁག་ཅིག་གི་གནས་ཚུལ།

ཚན་པ་གཉིས་པ་ལ། ནང་གསེས་དོན་ཚན་བཅུ་ཐམ་པ་ཡོད།
༡ རྒྱུ་ཚེགས་སྙིང་སྟོབས་སུམ་སྒྲིལ་གྱི་ངལ་བ་ཐོད་དུ་བསུས་ཏེ་གཞུང་ལས་ཁང་ཁྲིན་ཏུའུ་གྲོང་ཁྱེར་དུ་བཙུགས་པ།
   ༢༠༡༧ལོའི་ཟླ༥ཚེས༢ཉིན་གཞུང་ལས་ཁང་ལེགས་འགྲུབ་རབ་གནས་མཛད་སྒོ་སྤེལ་བ་རེད། གཞུང་ལས་ཁང་ནི་བསྟན་པ་ལ་ཤ་ཞེན་ཆེ་བའི་མི་བུ་ལྷག་བསམ་ཅན་ཁག་ཅིག་གིས་། དོན་འདིར་བརྩེ་སེམས་གྲོན་དངུལ་གྱི་ཞལ་འདེབས་སམ་རོགས་མགོན་ཕོན་ཆེན་གནང་བའི་བྱེད་ལས་ལ་བརྟེན་ནས། ཁྲིན་ཏུའུ་གྲོང་ཁྱེར་ལ་ཉོ་ཐུབ་པ་བྱུང་བ་ཡིན་ཞིང་། དོན་འདིས་མཉམ་འབྲེལ་ལྷན་ཚོགས་ཀྱི་དགོངས་དོན་བསྐུལ་འདེད་བྱེད་པར་མཁོ་ངེས་ཀྱི་ཆ་རྐྱེན་སྔར་བས་བཟང་དུ་བསྐྲུན་ཡོད།
༢ ཞང་ཞུང་ཤེས་རིག་ཞིབ་འཇུག་ཅེས་པའི་དཔྱད་དེབ་ཐེངས་གཉིས་ལ་པར་དུ་བསྐྲུན་པ།
   ༢༠༡༥ལོར་ཚོགས་གཞོན་ཉག་སྤྲུལ་བསོད་ནམས་རྒྱ་མཚོ་གཙོ་འགན་ཡིན་པའི་ཞང་ཞུང་ཤེས་རིག་ཞིབ་འཇུག་དཔྱད་དེབ་རྩོམ་སྒྲིག་ཚན་ཆུང་དབུ་བརྙེས་སུ། རྩོམ་ཡིག་གི་ནང་དོན་ཐད་ནས་མདོ་སྔགས་རྫོགས་གསུམ་སོགས་ཀྱི་ཐེག་པའི་ལྟ་གྲུབ་ཐུན་མོང་མ་ཡིན་པའི་སྐོར་སྲོག་ཤིང་དུ་འགོད་པར་བྱས་ཐོག ཞང་བོད་ཀྱི་ལོ་རྒྱུས་དང་རིག་གནས་ཞིབ་འཇུག ཡིག་རྙིང་གསེད་བཀྲོལ། དགོན་སྡེ་བརྟག་དཔྱད། གསོ་རིག་སྨན་རྩིས། གཏན་ཚིགས་རིག་པའི་སྐོར་སོགས་ལ་དཔྱད་ཞིབ་གནང་ཡོད་པའི་རྩོམ་དེབ་གཉིས་སྔ་ཕྱི་བརྒྱུད་དེ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམ་སྤེལ་བྱས་ཡོད། དོན་འདིས་ཀྱང་། བོད་ཀྱི་ཆོས་རིག་ལོ་རྒྱུས་ཁྱོན་ཡོངས་ནས་ཁ་ཇེ་གསལ་དང་འཕེལ་རྒྱས་འགྲོ་རྒྱུར་གཞོགས་འདེགས་ནུས་ལྡན་ཐོན་པར་གདོན་མི་ཟ་བའོ། །
༣ ཁྲི་འཛིན་སོ་གསུམ་པའི་སྐུ་གདུང་སྨན་རིར་བཞུགས་གསོལ་གནང་སྟེ་རི་ལྟར་ལྗིད་པའི་ཁོང་གི་སྐུ་དྲིན་ལ་གདུང་ཚོར་ཟབ་མོས་དྲན་གསོ་ཞུས་པ།
   ༢༠༡༧ལོའི་ཟླ༡༡ཚེས༤ཉིན། བོན་གྱི་གནད་ཡོད་མི་སྣ་སུམ་ཅུ་ལྷག་མཉམ་འཛོམས་ཀྱི་སྒོ་ནས། ཁྲི་འཛིན༣༣པ་ཆེན་པོའི་སྐུ་གདུང་གསར་དུ་བཞེངས་པ་དེ་ཉིད། གཙང་བཀྲ་ཤིས་སྨན་རི་ལ་གདན་འདྲེན་བཞུགས་གསོལ་བྱས་པ་མ་ཟད། གཡུང་དྲུང་བོན་གྱི་གདན་ས་གོང་མ་དཔལ་ལྡན་བཀྲ་ཤིས་སྨན་རི་དང་། གདན་ས་བར་མ་གཡས་རུ་མཁར་སྣ་བསམ་གཏན་གླིང་། གདན་ས་འོག་མ་རུ་ལག་གཡུང་དྲུང་གླིང་བཅས་ལ་ཐུགས་གསོ་འཚམས་འདྲིའི་ལྷ་དར་དང་སྐུ་འགྱེད་བཅས་འབུལ་ལམ་ཞུས་ཏེ། ཁྲི་འཛིན༣༣པ་ཆེན་པོ་གཙོས་པའི་གྲྭ་ས་གོང་འོག་བར་གསུམ་ལ་ཆེས་མཐོའི་གོང་བཀུར་ཡོད་པའི་སྲོལ་རྒྱུན་འབྲེལ་མཐུད་ཀྱི་བྱ་བར་ཤུགས་སྣོན་གང་ལེགས་རྒྱབ་པ་མཚོན་པར་བྱས།
༤ དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེས་བོད་དུ་ཕེབས་པ་ལ་འཚམས་འདྲི་ཞུ་བར་བསྐྱོད་པ།
    ༢༠༡༨ལོའི་ཟླ༧ཚེས༡༨ཉིན། ཚོགས་གཙོ་རྒན་གཞོན་གཉིས་དང་། དྲུང་ཆེ་བཅས་ནས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ། རྒྱལ་བ་སྨན་རིའི་༧དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་བོད་དུ་ཕེབས་པར་ལྷ་སར་ཆེད་བཅར་གྱིས་མཇལ་ཁ་ཞུས་ཐོག ཁོང་ལ་གུས་འདུད་མཚོན་པའི་འཚམས་འདྲིའི་ལྷ་དར་དང་མཎྚལ་འདེགས་འབུལ་མཛད།  རིན་པོ་ཆེ་མཆོག་གིས། གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ལ་སྨན་པའི་ཉམས་མྱོང་གི་བཀའ་མོལ་ཟབ་རྒྱས་བསྩལ་བ་མ་ཟད། རིན་པོ་ཆེ་མཆོག་གིས། མཉམ་འབྲེལ་ལྷན་ཚོགས་ནི་སྤྱི་ཚོགས་ཀྱི་གནས་སྟེང་འོག་མར་ལྷུང་ཡོད་པའི་བོན་གྱི་གནས་བབ་གྱེན་དུ་འདེགས་པའི་སྔར་མེད་ཀྱི་མཐུན་རྐྱེན་བཟང་པོ་ཞིག་པའི་གདེང་འཇོག་གང་ལེགས་གནང་བ་དང་། ཁོ་བོ་ཅག་གིས་ཀྱང་རིན་པོ་ཆེ་རྒྱལ་བ་སྨན་རིའི་དཔོན་སློབ་གྱི་ཁྲིར་བཞུགས་པ་ནས་བཟུང་། ཁྲི་འཛིན་རིན་པོ་ཆེ་བཀའ་དགོངས་འཁྲུལ་མེད་འོག ད་ལྟའི་བར་ཁོང་གི་ལུས་ངག་ཡིད་གསུམ་ཐམས་ཅད་བསྟན་དོན་འབའ་ཞིག་གི་ཆེད་དུ་བསྟིམས་གནང་མཛད་དེ། སྟག་སེང་ཁ་སྤྲོད་ལྟ་བུའི་བོན་གྱི་དགེ་བཤེས་འབོར་ཆེན་གསོ་སྐྱོང་བྱས་དང་བྱེད་བཞིན་པ་སོགས་ལ་བསྔགས་འོས་ལེགས་མཚོན་གྱི་མཎྚལ་འབུལ་འདེགས་བྱས་པ་བཅས་ཡིན།
༥  ཁྲི་འཛིན༣༤པའི་འཁྲུངས་གཞིས་སུ་ལེགས་གསོལ་འཚམས་འདྲིའི་ལྷ་དར་སྒྲོན་པར་ཕེབས་པ།
   ༢༠༡༩ལོའི་ཟླ༨ཚེས་༢༣ཉིན། སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན༣༤པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེའི་འཁྲུངས་གཞིས་སུ། མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྒན་གཞོན་དང་། བློ་འདྲི་མི་སྣ། དྲུང་ཆེ་སོགས་མི་བཅོ་ལྔ་ཙམ་ཕྱག་ཕེབས་གནང་སྟེ། ཁྲི་འཛིན༣༤པ་ཆེན་པོ་མཆོག་གི་སྐུ་ཚེ་རྒྱལ་མཚན་མི་ཤིགས་གཡུང་དྲུང་འབར་བའི་ངོ་བོ་རུ་བརྟན་པ་དང་། ཟབ་རྒྱས་བོན་གྱི་འཁོར་ལོ་ཡུན་ནས་ཡུན་དུ་བསྐོར་བའི་རྟེན་འབྲེལ་གྱི་བརྡ་དོན་མཚོན་བྱེད་ལ། མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་རྒྱལ་བའི་བཀའ་རིན་པོ་ཆེ་ཚར་གཅིག་འདེགས་འབུལ་མཛད་པ་མ་ཟད། ཡབ་ཡུམ་གཉིས་ལ་ལེགས་གསོལ་འཚམས་འདྲིའི་ལྷ་དར་སྲིད་ན་རིང་བསྒྲོན་པར་མཛད་ཡོད།
༦ དབལ་ཁྱུང་དགོན་པའི་བཀའ་འགྱུར་ལྷ་ཁང་གསར་བཞེངས་ལ་སྒོར་ཁྲི་ཉི་ཤུའི་ཞལ་འདེབས་ཕུལ་བ།
   ༢༠༡༩ལོའི་ཟླ༨ཚེས༢༣ཉིན། མཁས་པའི་དབང་པོ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེས་གཏོང་ཕོད་ཀྱི་ཕྱག་ཟུང་ཡངས་པོར་ཕྱེས་པ་ལྟར། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚན་ཐོག་ནས། ཉག་རོང་དབལ་ཁྱུང་དགོན་པའི་བཀའ་འགྱུར་ལྷ་ཁང་གསར་བཞེངས་ལ་སྒོར་ཁྲི་ཉི་ཤུ་ཐམ་པའི་ཞལ་འདེབས་ཕུལ་བ་ཡིན། དེ་ཡང་། བོད་བརྒྱུད་ནང་བསྟན་གྱི་ཉེ་བའི་ལོ་རྒྱུས་ཐོག་ཏུ། དབལ་ཁྱུང་བཀའ་འགྱུར་ཞེས་བོན་གྱི་བཀའ་འགྱུར་གྱི་མ་ཕྱི་ཆ་ཚང་གཅིག་གནས་ཐུབ་པ་བྱུང་བ་དེ་ནི། ཉག་རོང་དབལ་ཁྱུང་དགོན་པའི་བླ་གྲྭ་སེར་སྐྱ་མི་མང་ཡོངས་ཀྱི་བཀའ་དྲིན་འབའ་ཞིག་ལ་བརྟེན་ཡོད་པས་ན། ང་ཚོས་འདི་ལྟར་བསྒྲུབ་རྒྱུ་བྱུང་བ་ཡང་ལོ་རྒྱུས་ཀྱི་རིན་ཐང་ལ་རྩིས་འཇོག་པའི་དྲིན་གཟོའི་གཏང་རག་ཅིག་གི་དོད་དུ་ཡིན་པ་དེའོ། །
༧ དབལ་ཁྱུང་བཀའ་འགྱུར་མཚོན་དཔེར་བྱས་པའི་བོན་གྱི་ཡིག་རྙིང་པོ་ཏི་སྟོང་ཕྲག་ལྷག་ལས་བརྒལ་བ་གློག་ཀླད་ནང་བཤེར་འབེབས་ཞུས་པ།
   ༢༠༢༠ལོའི་ཟླ༨ཚེས༡ཉིན་ནས་བཟུང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲོས་གཞི་ལྟར། དྲུང་གཞོན་རིན་སྤུངས་ཚུལ་བསྟན་ལགས་ཀྱིས་སྣེ་ཁྲིད་དེ་དཔལ་ཁྱུང་དགོན་པའི་བཀའ་ཡོངས་རྫོགས། མ་དཔེ་ཇི་མ་ཇི་བཞིན་ཡུལ་དངོས་ནས་གློག་ཀླད་ནང་བཤེར་འབེབས་བྱས། དེས་མ་ཚད། མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་དང་། ཡིག་རྙིང་འཚོལ་བསྡུ་ཚན་ཁག་གཉིས་ཀྱིས་མྱུར་སྐྱོབ་འཚོལ་བསྡུ་བྱས་ཤིང་པར་སློག་ཏུ་བརྒྱབ་པའི་ཡིག་རྙིང་སྐོར་ལ། ཨ་གཡུང་བཀའ་འགྱུར་དང་། ལྷ་སྲས་བཀའ་འགྱུར། བོན་བློན་བཀའ་འགྱུར། སྟེང་ཆེན་བཀའ་འགྱུར། གྱེར་བསྟན་གླིང་གི་བཀའ་འགྱུར། བསྟན་པའི་ཉི་མས་བཞེངས་པའི་བོན་གྱི་བཀའ་བརྟེན་ཆེན་མོ་ཆ་ཚང་། དེ་བཞིན་ལོ་རྒྱུས་སྟེང་གི་ཁྲོ་སྐྱབས་ཤིང་པར་དང་། ཆུ་ཆེན་ཟངས་པར་གཉིས་ཀྱི་བཀའ་རིན་པོ་ཆེ་གླེགས་བམ་གང་རྙེད་ཀྱིས་མཚོན། མདོར་ན། ཟངས་པར་དང་། ཤིང་པར། ལག་བྲིས། འཕྲུལ་པར། གནའ་རྩོམ། དེང་རྩོམ་སོགས་ཀྱིས་གྲུབ་པའི་བོན་གྱི་ཡིག་རྙིང་པོ་ཏི་སྟོང་ཕྲག་ལྷག་ལས་བརྒལ་བ་གློག་ཀླད་ནང་བཤེར་འབེབས་ཞུས་ཡོད། དོན་འདི་ནི་བོད་ཀྱི་སྐད་ཡིག་དང་ཆོས་རིག་ལོ་རྒྱུས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་པ་ལ། གཞུང་སྒེར་གང་དང་སྐྱེ་བོ་སུ་ཞིག་ཡིན་རུང་དོན་དེར་རམ་འདེགས་བྱེད་དགོས་པ་མཚོན་ཚུལ་གྱི་དཔེ་བཟང་པོ་ཞིག་ཏུ་བརྩི་ཆོག་ཆོག་ལྟར་ཡིན།
༨ བསམ་བཞིན་བསྟན་འགྲོའི་དོན་དུ་རྒྱལ་སྲས་གཡུང་དྲུང་སེམས་དཔའི་མཛད་པ་སྐྱོང་བཞིན་པའི་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དགུང་གྲངས་གོ་ལྔ་བཞེས་པའི་དུས་སྟོན་བརྟན་བཞུགས་མཎྚལ་འདེགས་འབུལ་མཛད་སྒོ་སྤེལ་པ།
   ༢༠༢༠ལོའི་ཟླ༡ཚེས༡༡ཉིན། སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དགུང་གྲངས་གོ་ལྔ་བཞེས་པའི་དུས་སྟོན་བརྟན་བཞུགས་མཎྚལ་འདེགས་འབུལ་མཛད་སྒོ་ཁྲིན་ཏུའུ་གྲོང་ཁྱེར་ལ་སྤེལ། དངོས་གཞི་བརྟན་བཞུགས་མཛད་སྒོའི་སྐབས་སུ། མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་འཕང་སྟེང་། རིན་པོ་ཆེ་སྐུ་པར་མཐོང་བ་དོན་ལྡན་གདན་ཞུས་བཞུགས་གསོལ་མཛད་ཅིང་། མནྡལ་སྐུ་གསུང་ཐུགས་རྟེན་དང་། གཡུང་དྲུང་ཆགས་ཤིང་། མཆོད་པ་རྣམ་ལྔ། བཀྲ་ཤིས་རྟགས་བརྒྱད། རིན་ཆེན་ནོར་བདུན། ན་བཟའ་གོས་དྲུག་སོགས་འབུལ་ཚན་གྱི་རིགས་རྣམས། བླ་མ་མཆོད་པའི་ཆོག་ཁྲིགས་རྣམ་དག་འགྱུར་མེད་ཀྱི་ཚིག་བཤད་ལྟར་འདེགས་འབུལ་མཛད། བོན་གྱི་ཐ་སྙད་རྒྱ་ཡིག་སྟེང་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་བའི་ཚོགས་ཞུགས་མི་སྣ་ལྷན་རྒྱས་གཙོར་བྱས་ཐོག ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་སྒྲིག་ཞུའི་མཁས་དབང་རྣམ་པ་ཡང་ཐེངས་འདིར་མཉམ་ཞུགས་བྱས་ཡོད།
༩ མི་ཡུལ་ན་བརྩེ་སེམས་ཡོད་པ་མཚོན་ཕྱིར་ཏོག་དབྱིབས་ནད་དུག་སྔོན་འགོག་ལ་སྒོར་ཁྲི་བཅུ་ཞལ་འདེབས་ཕུལ་བ།
   ༢༠༢༠ལོའི་ཟླ༢ཚེས༡༢ཉིན། མཉམ་འབྲེལ་ལྷན་ཚོགས་ཞི་བདེ་སྨོན་ལམ་ཚན་ཁག་ནས། ཕྱོགས་གཅིག་ལ་གནོད་འཚེ་བྱུང་ན། ཕྱོགས་སོ་སོས་སྟོབས་ཤུགས་མཉམ་འདོན་དང་རྒྱབ་སྐྱོར་གང་ནུས་གནང་དགོས་པའི་ཕྱག་རྒྱུན་བཟང་པོ་ལྟར།  ཧུའུ་པེ་སྙིང་རྗེ་རོགས་སྐྱོར་ཚོགས་པར་དམངས་སྒོར་འབུམ་ཕྲག་གཅིག་གི་ཞལ་འདེབས་ཕུལ་ཏེ། ཝུའུ་ཧན་ས་ཆའི་ནད་པ་རྣམས་མྱུར་དུ་གློ་ཚད་ནད་དུག་ལས་གྲོལ་བའི་ཆ་རྐྱེན་དུ་གདུང་སེམས་མཉམ་སྐྱེད་ཞུས་པ་དང་། ཧུའུ་པེ་ཞིང་ཆེན་སྙིང་རྗེ་རོགས་སྐྱོར་ཚོགས་པའི་ངོས་ནས་ཀྱང་། ཐེངས་འདིར་དམངས་སྒོར་འབུམ་ཕྲག་གཅིག་གི་ཞལ་འདེབས་བྱུང་བར་ཐུགས་རྗེ་ཆེ་ཞུའི་འབྱོར་འཛིན་དང་། ཞལ་འདེབས་གཟི་བརྗིད་དཔང་ཡིག་ཀྱང་ལྷན་ཚོགས་ཀྱི་གཞུང་སྒྲུབ་ཁང་ལ་བསྩལ་ཡོད།
༡༠ གཤེན་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་ལ་ཁྲི་བརྟན་ནོར་བུ་རྩེར་ཕེབས་བསྐྱོད་མཛད་པ།
   ༢༠༢༢ལོའི་ཟླ༢ཚེས༡༠ཉིན། སྐྱོ་གདུང་ལ་ཚད་མེད་ཅིང་། སེམས་པ་མིག་ཆུས་ཡོངས་སུ་བརླན་ཞེས་པའི་དཔེ་ལྟར། འཛམ་གླིང་གདུང་རྒྱུད་རྒྱལ་བོ་སྡེ་དྲུག་གི་ཡ་གྱལ། དམུ་རིགས་ཀུན་བཟང་གཤེན་ལྷའི་གདུང་རྒྱུད་འཛིན་པ་ཆེན་པོ༧སྐྱབས་རྗེ་རྒྱལ་བ་གཤེན་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་མཛད་པ་དང་། ཁོང་གི་རྒྱ་ཆེའི་རྒྱང་རིང་གི་ཐུགས་དགོངས་བླ་མེད་གདུང་ཚོར་དྲག་པོས་ཡིད་ལ་གཏན་དུ་དྲན་ཕྱིར། ཚོགས་པའི་ངོས་ནས་བཀུར་འོས་སྐྱེས་ཆེན་མང་པོ་ཞིག་ལྷ་ས་དང་ཁྲི་བརྟན་ནོར་བུ་རྩེར་བསྐྱོད་ནས། ཐབས་མང་མཉམ་སྤྱོད་ཀྱི་སྟོབས་ཤུགས་བསྣན་པ་སྟེ། གདུང་སེམས་མཉམ་སྐྱེ་ཞུ་བའི་ལོ་རྒྱུས་ཀྱི་འགན་འདྲི་ཁུར་དུ་ལེན་པའི་ཆ་ལ་ཡུལ་དུས་གནས་བབ་དང་བསྟུན་པའི་ཞབས་འདེགས་ཕུལ་བར་བྱས།
   གོང་ཞུས་ལས་གཞི་རེ་རེའི་ལེགས་འགྲུབ་བྱུང་བའི་ལོ་རྒྱུས་ཀྱི་རྒྱབ་ལོག་ཏུ། སོ་སོའི་གོ་ཐོབ་དང་སྙན་གྲགས་ཆེ་མིན་ལ་མ་ལྟོས་པའི་མི་བུ་ལྷག་བསམ་ཅན་མང་པོའི་བསམ་བློའི་འདུ་ཤེས་འཛིན་སྟངས་དང་། སྤྱིའི་ལས་དོན་སྒེར་གྱི་ཕྲག་པར་འཁྱེར་བའི་རྔུལ་ཆུའི་གཏམ་རྒྱུད་རིང་མོ་གཅིག་རྗེས་གཉིས་མཐུད་དུ་སྦས་ཡོད་པ་སྨོས་ཅི་ལ་དགོས། འདིར་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྟན་དོན་ལ་དམིགས་ནས་བཞག་པའི་གྲོས་ཆོད་རེ་རེའི་ནང་དོན་ལེགས་འགྲུབ་བྱུང་ཡོད་མེད་ཀྱི་གནས་ཚུལ་སྐོར། གང་ལྟར་དྲང་པོའི་ངག་གིས་ཕྱི་གསལ་ནང་གསལ་དུ་རྩིས་སྤྲོད་སྙན་འབུལ་བྱས་པ་འདི་ཡང་། ཐུན་མོང་གི་སྤྱི་དོན་ལ་ལས་ཀྱི་སྣེ་མོ་བ་དག་གིས་རུས་ཀྱི་ཚ་ས་དང་། རྐང་གི་སྣུམ་ས་ནས་ཤ་ཚ་ཞིང་གློ་བ་ཉེ་ཁུལ་བྱས་པའི་སྒོ་གསུམ་གྱི་རྣམ་འགྱུར་གཙང་མ་གཙང་རྐྱང་ཡིན་པའི་དོད་ཙམ་ཡིན།
   གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དབུ་བརྙེས་པ་ནི། བོན་བསྟན་ཤེས་རིག་འཛིན་སྐྱོང་སྤེལ་གསུམ་གནང་བར་བརྩོན་པའི་མི་སྣ་ཁྱད་པར་པ་རྣམས་ཀྱིས། བསྟན་དོན་ལ་བཅིང་བའི་ཐུགས་སྟོབས་མཉམ་གནས་ཀྱི་ལྟ་བ་དང་། གཡས་གཞིག་གཡོན་འདེགས་བྱེད་པའི་སྤོབས་སེམས། བློ་བརྟན་ཁོག་ཡངས་ཀྱི་མཛེས་སྡུག སྟོབས་ཤུགས་གཅིག་སྒྲིལ་གྱི་ལྷག་བསམ། ཕན་ཚུན་མཉམ་གནས་ཀྱི་རིན་ཐང་། ཤེས་རབ་བླ་མེད་ཀྱི་དགོངས་སྙིང་སོགས་བསམ་བློའི་སྟོབས་ཤུགས་ཀྱི་ནོར་བུ་འོད་སྟོང་འབར་བ་ཞིག་ཏུ་འདོད་དོ། །
ཐ་ཚན་མུ་ཙུག་སྨར་རོ། །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།