བསམ་ཡས་དཀོར་གཉེར་གྱིས་བསམ་ཡས་ནས་བོན་གཏེར་བཏོན་པ།

[ཟླ་ཚེས། 2022-02-27 09:14:31][རྩོམ་པ་པོ། ཞང་ཞུང་ཁྱུང་ལུང་རྔུལ་མཁར་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བསམ་ཡས་ཅ་ཏི་མའི་གཏེར་མ་འབྲེལ་བའི་མདོ་འདུས་སོགས་བོན་སྡེའི་མཚམས་སྦྱོར།

  དེའང་ཁྱུང་པོ་བློ་གྲོས་རྒྱལ་མཚན་ཅན《གླེང་གཞི་བསྟན་པའི་འབྱུང་ཁུངས》དང་། སྤ་སྟོན་བསྟན་རྒྱལ་བཟང་པོ་ཅན《བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན》ནས་བཟུང་ད་ལྟའི་གཡུང་དྲུང་བོན་པོ་མཁས་བླུན་བར་མ་ཀུན་གྱིས། གཤེན་ཡུལ་འོལ་མོ་ལུང་རིང་ངོས་འཛིན་བྱེད་པར་ལུང་གི་རྒྱབ་བརྟེན་ཚང་མས་འགྲིན་གཅིག་ཏུ་སྟོན་པ་གཤེན་རབ་ཀྱི་མཛད་མདོ་བསྡུས་གྲགས་པའི་མདོ་འདུས་ཏེ《མདོ་འདུས་པ་རིན་པོ་ཆེའི་རྒྱུད་ཐམས་ཅད་མཁྱེན་པའི་བཀའ་ཚད་མ་བཞུགས་སོ། །》ཞེས་པའི་ལེའུ་གཉིས་པ་དང་ཉེར་གཉིས་པ་ལ་གཏུག་ཡོད་པས་སོ། ཡིན་ནའང་ལུང་གི་དགོངས་དོན་ལེན་སྟངས་མི་འདྲ་བ་འབྱུང་གིན་ཡོད་པའི་རྐྱེན་གྱིས་འོལ་མོ་ལུང་རིང་ངོས་འཛིན་མི་འདྲ་བ་འབྱུང་གིན་ཡོད་པས། འདིར་སྟོན་པའི་མཛད་མདོ་མདོ་འདུས་ཀྱི་དཔེ་ཆ་བྱུང་རབས་དང་འབྲེལ་བའི་མཚམས་སྦྱོར་རོབ་ཞུས་ནས་འོལ་གླིང་ནི་ས་ཆ་གང་ཞིག་ལ་ཡོད་མིན་གྱི་སྐོར་ཁ་གསལ་དུ་འགྲོ་ངེས་པ་ཡིན་ལ། བོན་པོའི་དཔེ་ཆ་གཏེར་མ་ཞེས་པ་མང་པོ་ཞིག་ནི་ཏུང་ཧོང་ཡིག་རྙིང་གི་གནས་བབས་དང་ཆ་འདྲ་བ་ཡིན་པ་ཚོར་ཐུབ།

  དེའང་སྟོན་པའི་མཛད་མདོ་བསྡུས་པ་མདོ་འདུས་ནི་གཡུང་དྲུང་བོན་གྱི་བཀའ་འགྱུར་ནང་དུ་བཞག་ཡོད་ཅིང་། སྒོ་བཞི་མཛོད་ལྔའི་བོན་སྡེའི་ནང་ནས་མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་བོན་སྡེ་ནང་ཚན་མདོ་སྡེ་བཞི་སྟེ། དུས་གསུམ་གཤེན་རབ་འབྱུང་ཁུངས་ཀྱི་མདོ་དང་། ཁམས་གསུམ་སེམས་ཅན་སྐྱེ་འཆིའི་མདོ། སྣོད་རྟེན་འབྱུང་བ་ཆགས་འཇིག་གི་མདོ། བླ་མེད་གོ་འཕང་སྒྲུབ་ཐབས་ཀྱི་མདོ་བཅས་མདོ་སྡེ་བཞིའི་ནང་ཚན་དུ《དུས་གསུམ་གཤེན་རབ་འབྱུང་ཁུངས་ཀྱི་མདོ་འདུས་རིན་པ་ཆེའི་རྒྱུད་ཐམས་ཅད་ནཁྱེན་པའི་བཀའ་ཚད་མ》སྟེ་མདོ་འདུས་ཞེས་པ་འདི་ཡིན་པར་གསུངས། མདོ་བཞི་སོགས་བོན་སྡེ་མང་དག་ཅིག་སྙ་ཆེན་ལི་ཤུ་སྟག་རིང་གིས། སྟག་གཟིག་གི་ཡུལ་དུ་བྱོན་ཏེ་བོན་རིན་པོ་ཆེ་བོད་ཀྱི་སྐད་དུ་བསྒྱུར་བ་དང་། མདོ་བཞི་པོ་སོགས་བོན་སྡེ་འགའ་ཞིག་ནི་སྟག་གཟིག་འོལ་མོ་ལུང་རིང་ནས་དྲངས་ཤིང་ཞང་ཞུང་གི་ཡུལ་དུ་མ་བཞག་ཅིང་བོད་ཡུལ་དབུས་སུ་གཡུང་དྲུང་ལྷའི་སྐད་དམ་སྟག་གཟིག་སྐད་ནས་བོད་སྐད་དུ་བསྒྱུར་བ་ཞིག་ཡིན་པར་གསུངས་པས། མདོ་སྡེ་བཞི་ཀར་དབུའི་ཤོག་ལས་གཡུང་དྲུང་ལྷའི་སྐད་སོགས་བྱུང་བས་དེས་ན་རྟོགས་ནུས་པའང་ཡོད་ཅིང་བོན་སྡེ་འདིའི་མཚམས་སྦྱོར་དང་འབྲེལ་བའི་སྒོ་ནས་དོན་ཚན་བཞིའི་སྒོ་ནས་གླེང་བར་འདོད་པ་ཡིན།

     ༡ སྙ་ཆེན་ལི་ཤུ་སྟག་རིང་འོལ་མོ་ལུང་རིང་དུ་ཕེབས་ཤིང་བོན་སྡེ་དྲངས་པའི་སྐོར་ནི། དེའང་བླ་མ་ལི་ཤུ་སྟག་རིང་གིས་མཛད་པའི་རྫོགས་ཆེན་ཡང་རྩེ་ཀློང་ཆེན་ལས། བླ་མ་སྙ་ཆེན་པོ་ལི་ཤུ་སྟག་རིངས་དེ། དགུང་ལོ་བརྒྱ་དང་བཅུ་གསུམ་དུས་ན། ཞང་ཞུང་སྨར་གྱི་ཡུལ་དུ་བྱོན་ནས། ཞེས་དང་། བླ་མ་ལི་ཤུ་ཉིས་བརྒྱ་ལྔ་བཅུ་ང་བརྒྱད་པའི་དུས་སུ། སྟག་གཟིག་ཡུལ་དུ་བྱོན། འོལ་མོ་ལུང་རིངས་སུ་ཚེ་དབང་ཐོབ་པའི་བླ་མ་ཀུན་འོད་རྒྱལ་པོ་དང་། དམུ་ཙ་ཏྲ་ཧེ་པེ་དང་། མུ་ཆོའི་གདུང་ཚབ་རྒྱལ་བ་དོན་གྲུབ་དང་གསུམ་ལ། དབང་བར་པོ་སོ་བརྒྱད་དུ་ཞུས་། ངོ་སྤྲོད་ཁྲི་སྨོན་རྒྱལ་བཞད་དུ་བཏབ། ལུང་རྣམས་ཤམ་པོ་ལྷ་རྩེར་གཏུགས། ཉམས་གཡུང་དྲུང་དགུ་བརྩེགས་རི་ལ་བསྐྱངས་ནས། བོན་གྱི་བཅུད་ཁྲི་ཕྲག་བཅུ་གཅིག བྱ་རྒོད་དང་། ཀང་ཀ་དང་། ཁྲུང་ཁྲུང་ལ་བཀལ་ནས། གྲོ་ཐེབས་ཙམ་གྱི་ཏི་ཙེར་བྱོན། དེ་ནས་བོད་ཡུལ་དབུས་སུ་བྱོན་ནས་བོན་སྤེལ་ལོ། ཞེས་གསུངས་པས་ཞང་ཞུང་སྨར་གྱི་ཡུལ་དང་སྟག་གཟིག་ཡུལ་འོལ་མོ་ལུང་རིང་གཉིས་ནི་ཡུལ་སོ་སོར་ཡིན་པ་ཁ་གསལ་འཁོད་པ་མ་ཟད་གཡུང་དྲུང་དགུ་བརྩེགས་དང་ཏི་སེ་གཉིས་ཁ་ཁར་གསལ་བས་སོ། །ལྷག་ཏུ་མདོ་སྡེ་བཞི་པོ་འདིའི་ནང་གི་སྣོད་རྟེན་འབྱུང་བ་ཆགས་འཇིག་གི་མདོ་ལས། སྙ་ལི་ཤུ་སྟག་རིང་གིས། བོད་དང་ཞང་ཞུང་གི་ཡུལ་དང་། སྟག་གཟིག་གི་ཡུལ་དུ་བོན་རིན་པོ་ཆེ་འཚོལ་ནས་བོད་ཀྱི་ཡུལ་དུ་བསྟན། བསྟན་པ་སྤེལ་བར་དགོངས་ནས། གླང་པོ་ཆེ་རྟ་མཆོག་གྲང་སེར་ནས་ཆས་སོ། བོད་དང་ཞང་ཞུང་དང་། སྟག་གཟིག་གི་བར་ནས་ལམ་འཕྲང་ཤིན་ཏུ་རྩུབ་པ་དང་། མི་ཐར་བའི་ལམ་འགག་ནི་ཆུ་སྲིན་མ་བུ་དགུ་འདྲོལ་བ་དང་། བདུད་ཁྱབ་པས་གཤེན་རི་ལ་མེ་བསྐྱེལ་པའི་སོལ་བའི་རི་ལ་ཉི་མ་བདུན་སོང་བས། རྐང་མགྱོག་གི་སྒྲུབ་པ་ལྡན་པས་མཆོད་པར་སྟག་གཟིག་གི་ཡུལ་དུ་ཐོན། གྲུབ་པ་བསྙེམས་པའི་བོན་པོ་ནི། ཁ་ནས་གསེར་ཛོ་འཕྲོ་བ། ལག་ནས་ཐོག་འཕོང་བས། ལྷ་སྲིན་བྲན་དུ་འཁོར་བ་མཆོག་ཐུན་མོང་གི་གྲུབ་རྟགས་དུ་མ་དང་ལྡན་པ་རྣམས་ལ། གསེར་ལ་སོགས་པའི་རིན་པོ་ཆེ་ཕུལ་ནས། རྒྱུ་འབྲས་གྱི་བོན་ལ་སོགས་པ་ཐམས་ཅད་ཞུས་ནས། བོད་དུ་ཡོང་བསམ་ནས། བྱ་རྒོད་དང་། བྱ་གླག་ཁྲུང་ཁྲུང་དང་། ཀང་ཀ་བཞི་ལ་བཀལ་ནས་འོང་བས། ཀང་ཀ་ལ་བཀལ་བའི་བོན་ནི། རྒྱ་ནག་གི་ཡུལ་དུ་འཕུར་ཏེ་སོང་ངོ་། རྒྱ་ནག་གི་བོན་པོ་ལེགས་སྟངས་རྨོང་པོའི་ཕྱག་ཏུ་བབས་སོ། ཕྱི་མ་གསུམ་པོ་ལ་བཀལ་བའི་བོན་ནི། བོད་དུ་ཐོན་ན་ད་ལྟ་ཞང་ཞུང་གིས་སྤྱོད་པའི་བོན་རྣམས་སོ། ལི་ཤུ་སྟག་རིང་དབང་མེད་རྗེ་ལ་ཕུལ། ལོ་ཙ་བ་ཡེ་ཤེས་(ཀྱིས་)ཡི་གེ་ཐམས་ཅད་བོན་དུ་བསྒྱུར་ནས། བཙད་པོ་ཁྲི་སྲོང་ལྡེ་བཙན་ལ་ཕུལ་ཏོ། ཞེས་གསུངས་པས་བླ་མ་ལི་ཤུ་དང་ཐོག་བོད་ནས་གླང་ཆེན་དང་རྟ་མཆོག་བཅས་ཐག་རིང་གི་མགྲོན་པོ་ལྟར་སྟག་གཟིག་ཏུ་ཆས་པས། ཞང་ཞུང་དང་སྟག་གཟིག་གི་བར་ནས་ལམ་འཕྲང་ཤིན་ཏུ་རྩུབ་པ་དང་མི་ཐར་བའི་ལམ་འཕྲང་རྩུབ་ཅིང་འགག་པས་ཁོང་ཉིད་འོལ་མོ་ལུང་རིང་དུ་རྐང་མགྱོག་གི་གྲུབ་པ་དང་ལྡན་པས་དེ་ནས་ཉི་མ་བདུན་གྱི་རིང་དུ་འོལ་མོ་ལུང་ཕེབས་གྲུབ་ཅིང་། སྟག་གཟིག་འོལ་མོ་ལུང་རིང་དུ་རིག་འཛིན་གྲུབ་བརྙེས་མང་པོའི་དྲུང་དུ་ཐོས་བསམ་དང་གཡུང་དྲུང་དགུ་བརྩེགས་ཀྱི་རི་ལ་ཉམས་ལེན་བསྐྱངས་མཐར། རྒྱུ་འབྲས་ཀྱི་བོན་བཅུད་ཁྲི་ཕྲག་བྱ་རྒོད་སོགས་བཀལ་ནས་གྲོ་ཐེབས་གཅིག་གིས་ཏི་སེ་ལ་བྱོན་པ་དང་། དེ་ནས་བོད་ཡུལ་དབུས་སུ་བྱོན་ཏེ་བསྟན་པ་སྤེལ་བར་གསལ་བས། དེ་ལྟར་བྱ་རྒོད་དང་ཁྲུང་ཁྲུང་བོན་དཔེ་བཀལ་ཞེས་དངོས་གཙོ་སྨྲ་བ་འགའ་ཞིག་གི་བློ་ལ་ཤོང་བར་དཀའ་མོད། ཡིན་ནའང་བསམ་གཞི་གཏོང་ས་མེད་པ་དང་། གཏོང་རིན་མེད་པ་དེ་འདྲ་ཞིག་ཡིན་པར་མི་སེམས་ཏེ། བྱ་རྒོད་དང་ཁྲུང་ཁྲུང་གཡུང་དུ་བཏུལ་ཞིང་དཔེ་ཆ་ཆུང་ཆུང་རེ་བཀལ་ཞིང་བསྐྱེལ་ཐུབ་སྲིད་པ་ནི་མངོན་གསལ་ཡིན་ཞིང་། ད་ལྟ་བོན་དཔེའི་ཁྲོད་དུ་དཔེ་ཆའི་དཀྱིལ་ཐིག་གི་གཡས་གཡོན་གཉིས་ལ་ཐག་གུ་རྒྱུ་སའི་ཨི་ཁུང་ཕུག་རྗེས་ཀྱི་རི་མོ་གོར་གོར་ཉིན་སྲིབ་ཐད་དྲངས་རེ་རེར་མདུན་རྒྱབ་གཉིས་གཉིས་ཡོད་པ་དེ་བྱ་རྒོད་དང་ཁྲུང་ཁྲུང་བཀལ་བའི་མཚོན་བྱེད་ཡིན་པའི་སྐོར་མེས་པོའི་ངག་རྒྱུན་ཤོད་སྲོལ་མ་ཉམས་པར་གནས་ཡོད་པ་དེ་ལ་རྒྱུ་མཚན་ངེས་ཅན་ལོས་ཡོད། དཀྱིལ་ཐིག་གཡས་གཡོན་གྱི་ཨི་ཁུང་དེ་ཨང་གྲངས་ཀྱི་ཆེད་དུ་དཔེ་ཆ་གོ་འོག་མི་འཁྲུག་པའི་ཆེད་དུ་ཡིན་ངེས་ཀྱང་། ཡིན་ནའང་དཔེ་ཆའི་དཀྱིལ་ཐིག་གཡས་གཡོན་དུ་ཨི་ཁུང་ཕུག་ནས་ཀློག་སྟབས་བདེ་པོ་མེད་པས་ཁྱེར་སྟབས་བདེ་བས་གོང་འོག་མི་འཁྲུགས་པ་གཉིས་ཀའི་ཆེད་དུ་ཡིན་པ་མངོན་གསལ་རེད། གོང་འོག་མི་འཁྲུགས་པ་དང་ཀློག་སྟབས་བདེ་ཐབས་རྐྱང་པ་དགོས་ཚེ་གནའ་བོའི་དུས་སུ་ཤོག་དྲིལ་དང་དེབ་འགོ་ཚེམ་བཟོ་སྲོལ་ཡོད་པ་ཡིན་པས་དཀྱིལ་ཐིག་ལ་ཨི་ཁུང་རྟོལ་དགོས་དོན་དེ་ཙམ་མེད་དོ། །

  ༢ བླ་མ་ལི་ཤུ་སྟག་རིང་འབྲེལ་བའི་སྔ་ཕྱིའི་ཡིག་ཚང་གི་སྐོར། ཡང་བླ་མེད་གོ་འཕང་སྒྲུབ་ཐབས་ཀྱི་མདོ་ལས། སྟག་གཟིག་ཡུལ་འོལ་མོ་ལུང་རིང་ན། རང་བྱུང་གི་མཆོད་རྟེན་རྩ་བ་ནས། སྙ་ལི་ཤུ་སྟག་རིང་འོངས་ནས། ལོ་ཙྭ་བ་སྟག་རིང་གིས་བོད་སྐད་དུ་བསྒྱུར་ནས། བཙད་པོ་ཁྲི་སྲོང་ལྡེའུ་བཙན་ལ་ཕུལ་ནས། བསམ་ཡས་གླིང་གི་ཁྲི་ཐང་དུར་ཁྲོད་ཀྱི་ཙར་ཅ་ཏི་དམར་པོར་སྦས་པའོ། ཞེས་གསུངས་པ་ཚིག་འདི་ལ་དཔྱད་རིན་ཆེ་བ་ཡིན་ཏེ། རྫོགས་ཆེན་ཡང་རྩེ་ཀློང་ཆེན་དང་བསྒྲགས་པ་སྐོར་གསུམ་སོགས་ནས་བླ་མ་ལི་ཤུ་སྟག་རིང་གི་སྐོར་མང་པོ་འཁོད་ཡོད་པས་འདིར་ཡིག་ཚོགས་དོག་པ་ལུང་འདྲེན་མང་པོ་མི་མོད། དེ་ཚོའི་ནང་དུ་ཁོང་ཉིད་ཚེ་ལ་རང་དབང་ཐོབ་ཅིང་ལོ་གཉིས་སྟོང་ལྔ་བརྒྱའི་དུས་སུ་སྤུ་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བོན་བསྣུབས་པའི་སྐོར་གསལ་ཞིང་བོན་གྱི་ལོ་རྒྱུས་སྨྲ་བ་ཚོས་དེའི་རྗེས་སུ་འབྲངས་ཏེ་བླ་མ་ལོ་གཉིས་སྟོང་ལྔ་བརྒྱ་བཞུགས་ཞེས་པ་དེ་ཡོངས་གྲགས་ལྟ་བུར་ཆགས་ཡོད་མོད། ཡིན་ནའང་བསམ་གཞིག་ཅིག་གཏོང་དགོས་ངེས་སུ་སྙམ་སྟེ། གོང་གི་ལུང་དེར། སྙ་ལི་ཤུ་སྟག་རིང་འོངས་ནས། ལོ་ཙྭ་སྟག་རིང་ཞེས་བསྐྱར་ཟློས་བྱས་འདུག་པས་འདི་ནི་ལི་ཤུ་སྟག་རིང་མི་སྣ་མི་འདྲ་བ་གཉིས་ཡིན་སྲིད་དེ། གངས་རིའི་དཀར་ཆག་ཚང་དབྱངས་ཡིད་འཕྲོག་ལས། ཞང་ཞུང་གི་བླ་ཆེན་དྲན་པ་དང་། བོད་ཡུལ་གྱི་ཁྱེའུ་དྲན་པ་གཉིས། མིང་འདྲ་འདྲ་ཟེར་བའི་ནོར་དོག་ཡོད། ཨུ་རྒྱན་གྱི་རིག་འཛིན་པད་འབྱུང་དང་། རྒྱ་གར་གྱི་གུ་རུ་པད་འབྱུང་གཉིས། མིང་འདྲ་འདྲ་ཟེར་བའི་ནོར་དོག་ཡོད། ཞང་ཞུང་གི་སྟོང་རྒྱུང་མཐུ་ཆེན་དང་། བོད་ཡུལ་གྱི་ཐང་ནག་བོན་པོ་གཉིས། མིང་འདྲ་འདྲ་ཟེར་བའི་ནོར་དོག་ཡོད། སྙན་ཆེན་གྱི་ལི་ཤུ་སྟག་རིང་དང་། བོད་ཡུལ་གྱི་སྙ་སྟག་ཆེན་པོ་གཉིས། མིང་འདྲ་འདྲ་ཟེར་བའི་ནོར་དོག་ཡོད། ཅེས་གསུངས་པས་དཔེར་ན། བསྒྲགས་པ་རིན་ཆེན་གླེང་གྲགས་དང་། སྲིད་པ་རྒྱུད་ཀྱི་ཁ་བྱང་། སྤྲུལ་སྐུ་རྣམ་བཞིའི་གཏེར་དང་སྙན་རྒྱུད་ཁག་ལས། ཞང་ཞུང་དམུ་གཤེན་རྒྱུང་ཡར་གྱི་བླ་ཆེན་དྲན་པ་ནམ་མཁའ་དང་། དྭགས་པོ་དམུ་གཤེན་དག་པའི་དྲན་པ་ནམ་མཁའ་གཉིས་དབྱེ་བ་གསལ་པོ་མེད་པས་བོན་གྱི་ལོ་རྒྱུ་སྨྲ་བ་ཚོས་དེ་གཉིས་གཅིག་ཏུ་ངོས་འཛིན་མཁན་མང་པོ་ཡོད་པ་ཡིན་པས། དཔེ་དེ་བཞིན་དུ་སྟོང་རྒྱུང་དང་ལི་ཤུ་སོགས་དེ་ལྟར་དུ་ངོས་འཛིན་བྱེད་སྲོལ་བྱུང་ཡོད་ངེས། དེ་ལྟར་སྟོང་རྒྱུང་དང་ལི་ཤུ་དྲན་པ་སོགས་མཚན་རྒྱུན་མཐུད་པར་རྒྱུ་མཚན་ཞིག་ཡོད་དེ། གནའ་བོའི་དུས་སུ་རི་བོ་གངས་ཅན་པའི་རིང་ལུགས་གལ་ཆེན་ཞིག་ནི་ཡིག་ཚང་ཞེས་པ་དེ་ཡིན། ཡིག་ཚང་ཞེས་པ་ནི་དེང་ལྟར་ན་སོ་སོའི་བདག་དབང་དང་འདྲ་པོ་ཡིན། རིག་གནས། གྲུབ་མཐའ། ཆབ་སྲིད། གོ་གནས། ལག་རྩལ་སོགས་གསང་བ་དམ་པོ་བྱེད་དེ་མི་རབས་དང་མི་རབས་ནས་སོ་སོའི་རྒྱུན་འཛིན་བྱེད་པའི་སྲོལ་ཡོད་པས། ཅི་ཙམ་གྱིས་བཀའ་ཟབ་པོ་ཡོད་ན་དེ་ཙམ་གྱིས་གསང་བ་དམ་པོ་བྱེད་སྲོལ་ཡོད་པས་རྫོགས་ཆེན་དང་གསང་སྔགས་ཀྱི་སྐོར་ལ་གཟིགས་དང་། སྣོད་ལྡན་སློབ་མ་གསོ་སྐྱོངས་ཡག་པོ་བྱེད་དེ་བརྒྱུད་པ་སྐྱོངས་སུ་འཇུག་པ་ལས་ག་ཐོད་ཐོད་དུ་གནང་གི་མེད་པས་ཡོངས་གྲགས་ཡིན་པས་སོ། །དེ་བཞིན་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་ཡིག་ཚང་གྱི་སྐོར་ག་འདྲ་ཡིན་མིན་དེ་ཀུན་གྱི་མཁྱེན་གསལ་ལྟར་རེད། དེ་ལྟར་དུ་བཙན་པོ་རིམ་བྱོན་ཞེས་པ་ལྟར་གྲགས་ཆེ་བའི་བླ་ཆེན་ཁག་ལ་དེ་ལྟར་དུ་སོ་སོའི་ཡིག་ཚང་དང་ཐོབ་དང་གོ་གནས་རྒྱུན་འཛིན་བྱེད་སྲོལ་ནི་ཡོད་ངེས་པ་འདྲ། དཔེར་ན་བོན་གྱི་ལོ་རྒྱུས་ཁྲོད་དུ་སྟག་ཝེར་ལི་ཝེར་དང་ལི་ཤུ་སྟག་རིང་གཅིག་པར་ངོས་འཛིན་གནང་མཁན་ཡང་ཡོད་པས། སྟག་ཝེར་ལི་ཝེར་ནི་ལོ་སུམ་བརྒྱ་བོན་གྱི་འཁོར་ལོ་བསྐོར་ནས། ཏི་སེའི་འགུལ་དུ་ཁྱུང་དུ་སྤྲུལ་ནས་དབྱིངས་སུ་གཤེགས་པའི་ཚུལ་དང་། མཁས་པ་མི་བཞིའི་ཡ་གྱལ་རིག་འཛིན་གཙོ་བོ་སྟོང་རྒྱུང་ནི་སྤུ་རྒྱལ་གྲི་གུམ་བཙན་པོའི་སྐབས་སུ་བཞུགས་ཡོད་ཅིང་ཁོང་ནི། དགུང་ལོ་ལྔ་བརྒྱ་སུམ་ཅུ་རྩ་བདུན་ནས་འདས་ཚུལ་བསྟན་པ་རིག་པའི་ཐུགས་རྒྱུད་ལས་གསལ་བས་འཁོད་ཡོད། ཞང་ཞུང་གི་བླ་མ་ལི་ཤུ་དང་སྟོང་རྒྱུང་དང་དྲན་པ་ནི་སྤུ་ལྡེ་གུང་རྒྱལ་གོང་གི་མི་སྣ་ཞིག་ཡིན་པས་དུས་རབས་བརྒྱད་པའི་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བཞུགས་ཡོད་པ་ནི་ཁས་ལེན་དཀའ་བ་ཞིག་རེད། འོ་ན། ལི་ཤུ་སྟག་རིང་དགུང་ལོ་གཉིས་སྟོང་ལྔ་བརྒྱའི་དུས་སུ་ཁྲི་སྲོང་ལྡེ་བཙན་གྱིས་བོན་བསྣུབས་ཞེས་པ་དེ་ལ་གོ་བ་ག་འདྲ་ཞིག་ལེན་དགོས་སམ་ཞེ་ན། ཁོ་བོས་འདིར་ཇི་བཞིན་ཞིག་དུ་ཤོད་པར་དཀའ་ཞིང་ཡིན་ནའང་རྒྱུ་མཚན་འགའ་ཞིག་བཤད་ན། ཞང་ཞུང་སྟག་སྣ་གཟི་བརྗིད་རྒྱལ་པོའི་སྲས་སྐལ་གཉན་ཆེན་ནམ་སྙ་ཆེན་ལི་ཤུ་སྟག་རིང་ནས་གོང་དུ་ལོ་ཙྭ་བ་སྟག་རིང་སྟེ་གངས་རིའི་དཀར་ཆག་ཚངས་དབྱངས་ཀྱི་དགོངས་པ་ལྟར་བོད་ཡུལ་གྱི་སྙ་སྟག་ཆེན་པོའི་བར་དུ་ཡིན་པར་སེམས། དེ་ལྟར་ན་སྙ་ཆེན་ལི་ཤུ་སྟག་རིང་གི་ཡིག་ཚང་ངམ་ཐོབ་ཐང་ནི་བོད་ཡུལ་གྱི་སྙ་སྟག་ཆེན་པོ་ལ་ཐོབ་ཡོད་པར་ངེས། དེ་ལྟ་བུའི་དཔེ་མཚོན་ཞིག་ནི་བསྒྲགས་གླེང་ལས། བླ་ཆེན་ཁོད་སྤུངས་དགུང་ལོ་བརྒྱ་དང་ལྔ་བཅུ་རྩ་བདུན་བཞེས་དུས་སློབ་དཔོན་སྟོང་རྒྱུང་གྲོངས་པ་དང་། དེ་ནི་སྟོང་རྒྱུང་སྐྱེ་བ་བརྒྱ་རྩ་བརྒྱད་པ་ཡིན་པར་གསུངས་ཡོད་པས་སོ། དེས་ན་དེ་བཞིན་དུ་ཞང་ཞུང་གི་སྟོང་རྒྱུང་མཐུ་ཆེན་གྱི་ཡིག་ཚང་ནི་བོད་ཡུལ་གྱི་ཐང་ནག་བོན་པོ་ལ་དང་། ཞང་ཞུང་གི་བླ་ཆེན་ཁོད་སྤུངས་དྲན་ནམ་མཁའི་ཡིག་ཚང་ནི་བོད་ཡུལ་དྭགས་པོའི་དྲན་པ་ལ་ཐོབ་ཡོད་པར་ངེས། མ་ཟད་དེ་ནི་ཕྱིས་ཀྱི་བོད་བཙན་པོའི་སྐབས་སུ་ཡིག་ཚང་དང་སྒྲིག་གཞི་མང་པོ་ཞིག་ནི་ཞང་ཞུང་རྒྱལ་རབས་སྐབས་ཀྱི་ཡིག་ཚང་ངམ་སྲིད་ཇུས་སྒྲིག་གཞི་ལྟར་བྱས་ཡོད་པ་མངོན་གསལ་ཡིན་པའི་དཔེ་མཚོན་ཞིག་ཏུ་འདོད་པ་ཡིན་ནོ། །

  ༣ བསམ་ཡས་ཅ་ཏི་མ་ལས་མདོ་སྡེ་བཞི་སོགས་བོན་གཏེར་དྲངས་པའི་སྐོར། བླ་མེད་གོ་འཕང་སྒྲུབ་ཐབས་ཀྱི་མདོ་ལས། ལོ་ཙྭ་བ་སྟག་རིང་གིས་བོད་སྐད་དུ་བསྒྱུར་ནས། བཙད་པོ་ཁྲི་སྲོང་ལྡེའུ་བཙན་ལ་ཕུལ་ནས། བསམ་ཡས་གླིང་གི་ཁྲི་ཐང་དུར་ཁྲོད་ཀྱི་ཙར་ཅ་ཏི་དམར་པོར་སྦས་པའོ། ཞེས་གསུངས་པ་དང་། དར་རྒྱས་གསལ་སྒྲོན་ལས། དེ་ནས་ལོ་ཙཱ་བ་ལི་ཤུ་སྟག་རིང་དང་། བ་གོར་བཻ་རོ་ཙ་ན་གཉིས་ཀྱིས། བསམ་ཡས་གླིང་གི་ལྷོ་ནུབ། ཁྲི་དང་དུར་ཁྲོད་སྲིན་པོའི་ཁ་གནོན། སྒོ་མང་མཆོད་རྟེན་དམར་པོ་ལ་སྦས་ཏེ། རིན་པོ་ཆེའི་བསེ་སྒྲོམ་ཆུ་སྲིན་ཁ་སྤྲོད་བྲིས་པའི་ནང་དུ་བཅུག་ནས་སྦས། གཏེར་སྲུང་རྨ་པོམ་ར་གསང་བ་བཅོལ། དེ་ནས་ཐོན་ལུགས་ནི། མཆོད་རྟེན་དམར་པོའི་ཕག་གོག་པ་ནས། ཤོག་དྲིལ་འདྲ་བྱུང་ནས་བལྟས་པས། བོན་དུ་འདུག་ནས་མེ་ལ་བསྲེག་པས། མི་རུང་བ་སྣ་ཚོགས་བྱུང་སྐད། ཡང་སང་ཕོད་ལྕགས་མོ་བྱ་ཡི་ལོ་ལ། སོ་ཕག་གོག་ནས་ཞིག་གསོ་བྱས་པས། སྒྲོམ་གཅིག་བྱུང་བ་བལྟས་པས། ཤོག་དྲིལ་མང་བར་བྱུང་བ་ཡང་བོན་དུ་འདུག དེར་ན་ནིང་མ་རུངས་པས། མ་སྲེག་པར་བསམ་ཡས་ལྷ་ཁང་ལྡེར་བཟོའི་རྒྱབ་ཏུ་སྦས་པ། ཏྲི་རྒྱ་ཀ་ར་ཛ་དང་། སད་གུ་རིན་ཆེན་གྲགས་གཉིས་དཀོར་གཉེར་བྱས་པས་བཏོན་ཏེ། ནུབ་མོ་རྟ་ལ་ཁལ་བཀལ་ནས། རྐང་པོའི་ཡུལ་ཤེད་ལ་ལམ་ཕྱུང་སྟེ། ཁམས་ཀྱི་ལྷོར་བྱོན་པས། ཞེས་སོགས་གསུངས་པས་ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་ལོ་ཙྭ་སྟག་རིང་ཞེས་ལི་ཤུ་སྟག་རིང་ཕྱི་མར་འདོད་ཅིང་དེའི་སྐབས་སུ་གཏེར་སྦས་པར་གསལ། དེ་ནས་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་བརྩམས་པའི་གཏེར་གྱི་ཁ་བྱང་ཞེས་པ་ལ་བོན་སྡེ་འདིའི་སྐོར་ལུང་འདྲེན་ཆ་ཚང་ཞིག་བྱས་ན་ཁ་གསལ་འདུག་པས་འདི་ལྟར་ཏེ།

བསམ་ཡས་བྱང་གཏེར་དབུ་མཆོད་མའི་ལོ་རྒྱུས་དང་བོན་གཏེར་གྱི་སྐོར།

  བསམ་ཡས་བྱང་གཏེར་དབུ་མཆོད་མའི་ལོ་རྒྱུས་དང་ཐེམས་ལ། དང་པོ་ལོ་ཙཱས་ཇི་ལྟར་བསྒྱུར་བ། བར་དུ་ཇི་ལྟར་བསྣུབས་པ། མཐའ་མ་དར་ལུགས་དང་གསུམ་མོ། །དང་པོ་སློབ་དཔོན་ཆེན་པོ་གཉན་ལི་ཤུ་སྟག་རིངས་ཀྱིས། མངའ་རིས་ཞང་ཞུང་བོན་གྱི་ཡུལ་ན། གསེར་གླང་པོའི་རྣ་བ་གང་ཁྱེར་ནས། མི་རྣམས་ལ་ཕན་གདག་པར་བྱ་བའི་ཕྱིར། སྟག་གཟིག་ཡུལ་དུ་བྱོན་ཏེ། བོད་ཀྱི་ཆུ་འགོ་མཚོ་ནག་འཁྱིལ་པ་ན། ཀླུ་སྡིག་པ་གླང་མགོ་སྟོབས་ཆེན་བརྒྱས་ཉམས་སོད་བྱས། རི་བོ་པད་མ་ལྡན་གྱི་བྲག་ཕུག་ནས་ཆས་ནས། གས་ཀྱི་བཙན་རི་དགུ་སྒྲིལ་ལ་ལམ་བྱུང༌་། རྒྱ་མཚོ་བདལ་མོ་འཁྱིལ་ཆེན་ལ་འབྱུང་བ་རླུང་གི་ཁྲི་བྱས། གེ་ཁོད་གཉན་ལུང་ལ་ཞག་འདུག་བྱས། མཚོ་ཕ་གིར་ཕྱིན་ཙམ་ན། བདུད་ཁྱབ་པ་ལག་རིང་གིས། བོན་རི་གཡུང་དྲུང་ལ་མེ་བཏང་བས་སོལ་བའི་རི་ཡང་འདུག་སྐད། བྱེ་མའི་རི་ལ་ཉི་མ་དགུ་ཕྱིན། ཆུ་བོ་ཆེན་པོ་དགུ་བརྒལ། གངས་རི་དཀར་པོའི་རྩར་ཕྱིན། སེང་གེ་མང་པོ་བྱུང་བས་ཟ་མ་ནུས་སྐད། རི་གསུམ་བརྒལ་ནས་བྱོན། ལྷ་མ་ཡིན་གྱི་དམག་མང་པོ་བྱུང༌་། སྒྲིབ་ཤིང་བྱས་པས་བར་ཆོད་མ་བྱུང༌་། དེ་ནས་ཆུ་བོ་ཆེན་པོ་སིན་དྷུ་ལ། ཆུ་སྲིན་མང་པོས་སེམས་ཅན་མཐོང་ཚད་ཟ་ཡིན་འདུག་པོས་བར་དུ་མ་ཆོད། བྱེ་མའི་མྱ་ངམས་ལ་བྱུ་རུའི་གླིང་འདུག །ཤིང་ལ་ནོར་བུའི་འཕྲེང་བ་སྐྱེས་འདུག །མཚོའི་འགྲམ་ལ་ཉ་ཕྱིས་དང་མུ་ཏིག་གི་མཆོད་པ་འདུག །གསས་མཁར་རི་རབ་དཔེ་བཞག ཤམ་པོ་ལྷ་རྩེ་དང༌་། ཁོང་མ་ནེའུ་ཆུང་གི་གསས་མཁར་འདུག ནུབ་ཕྱོགས་ཀྱི་གླིང་ལ། གསང་སྔགས་ཀྱི་གྲུབ་ཐོབ་དང༌་། ཕྱི་རྒྱུད་ཀྱི་གྲུབ་ཐོབ་མང་པོ་འདུག ལག་ན་ཐོག་འཕེན་པ། ཁ་ནས་སེར་འཕྲོ་བ༑ རྫུ་འཕྲུལ་དུ་མ་དང་ལྡན་པ་མང་པོ་འདུག་སྐད། དམུ་ཙོ་ཏིང་རུམ། དམུ་སླང་དོན་དང༌་། དམུ་མཁའ་ལྡིང་དང༌་། དམུ་རྗེ་སྤྲུལ་སྐུ་དང་ལ། ལི་ཤུ་སྟག་རིང་གིས་བོན་སྒོ་བསམ་གྱིས་མི་ཁྱབ་པ་ཞུས་ནས། བོད་ཡུལ་དུ་སྒྲ་སྐད་མང་པོ་བསྒྱུར། དབུས་ཀྱི་བསམ་ཡས་སུ་བྱོན་ནས། བོན་རིན་པོ་ཆེར་སྤྱོད་ཅིང་ཡོད་པའི་དུས་ན། ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་ནས། པད་མ་སམ་བྷ་བ་དེ། ཁྲི་སྲོང་སྡེ་བཙན་གྱི་མཆོད་གནས་སུ་སྤྱན་དྲངས་ཡོད་པས། དེའི་དུས་ན། ཡུམ་མཁར་ཆེན་ཟ་མཚོ་རྒྱལ། དེའི་བློན་པོ་ཁྲི་བཟང་ཡབ་ལྷག་དང༌་། ཞང་ལྡོ་ཟ་ཁྲོམས་སྐྱེས་ལ་སོགས་པས། བོན་འཕྲུལ་ངག་བདེན་པ་འདི་བསྣུབས་པར་བྱས་ཏེ། གཉན་ལི་ཤུ་སྟག་རིང་དང༌་། རྒྱ་ནག་གི་སློབ་དཔོན་དཔལ་གེ་ཞེས་ཀྱང་བྱ། བ་གོར་བྷེ་རོ་ཙ་ན་ཞེས་ཀྱང་བྱ། ལོ་ཙཱ་བ་ལེགས་བཏང་རྨང་པོ་ཞེས་ཀྱང་བྱ་བ་དེ་ཚེ་འཕོས་གཉིས་ཀྱིས། བོན་རིན་པོ་ཆེར་སྒོ་དགུ་ནི། བཙད་པོ་ཡབ་ཡུམ་དང༌་། སློབ་དཔོན་པད་མ་གསུམ་ལ་ཕུལ་བས། ནུབ་ལུགས་ནི། བསམ་ཡས་ཀྱི་གླིང་ལྷོ་ནུབ། ཁྲི་དང་དུར་ཁྲོད་སྲིན་པོའི་མགོ་གནོན། ལྕ་ཏི་སྒོ་མང་མཆོད་རྟེན་དམར་པོར་སྦས་ཏེ། རིན་པོ་ཆེའི་བསེ་སྒྲོམས་ཆུ་སྲིན་ཁ་སྤྲོད་བྱ་བའི་ནང་དུ་སྦས། ཙན་དན་སོལ་བ་དང༌་། དྲི་བཟང་རྒས་མེད། ཆུ་ཚས་གསེར་སྐུས་སྦས། གསུང་རབ་གླིང་སྐོས་དང༌་། གླིང་མཚོ་རྒྱུད་ཆེ་ཆུང༌་། འཁོར་བ་ལ་ཟའི་རྒྱུད་ལ་སོགས་པ་གསུམ་མོ། རིན་པོ་ཆེའི་བདུད་ཕོ་རྩི། ལྷ་བྱང་ཆུབ་ལ་གཏད་དོ། །གཡུང་དྲུང་ཆབ་དཀར་སྒོ་པ་བར་པ་གཡུང་དྲུང་བདེ་སྤྱོད་དང༌་། ཐེག་པ་དགུའི་ལུགས་ཀྱི་བོན་ལ་སོགས་པ། གནམ་མཚོ་ཕྱུག་མོའི་གོང་པ་བོང་ཆུང་རྩེའི་ཤར་ཕྱོགས། སེང་གེ་ཁ་ཡེལ་གྱི་ཞབས་སུ་སྦས། དེ་ནུབ་ལུགས་སོ། །

  གཏེར་ནས་ཐོན་ལུགས་ནི། མཆོད་རྟེན་དམར་པོའི་སོ་ཕག་གོག་པ་ནས། ཤོག་དྲིལ་མང་པོ་བྱུང་ནས་བལྟས་པས། བོན་དུ་འདུག་ནས་མེར་བསྲེགས་པས། མི་རུང་པ་སྣ་ཚོགས་བྱུང༌། ལྕགས་མོ་བྱའི་ལོ་ལ(སྤྱི་ལོ་༡༠༢༡)། སོ་ཕག་མང་པོ་གོག་པས། ཤོག་དྲིལ་མང་པོ་བྱུང་ནས། བལྟས་པས་བོན་དུ་འདུག །དེ་མི་རུང་བ་བྱུང་བས་མ་བསྲེགས་པར། བསམ་ཡས་ལྷ་ཁང་ལྡེར་སོའི་འོག་ཏུ་སྦས། ལོ་བཞི་བཅུ་ཞེ་དགུ་ནས། སད་གུ་རིན་ཆེན་གྲགས་པ་དང༌་། ཏྲེ་རྒྱལ་ར་ཙ་གཉིས་བཀོར་གཉེར་བྱས་པས། ལྡེར་སོའི་རྒྱབ་ནས་རྙེད་ནས། ནུབ་མོ་རྟ་དང་དྲེའུ་ལ་བཀལ་ནས། རྐོང་པོའི་ཡུལ་ནས་ཁམས་ལྷོར་བྱོན། ཁམས་པ་དབུས་གཙང་དུ་སློབ་གཉེར་སྔ་ཤོས་ཏིར་གྱི་ཨུ་སྟོན་བྱ་བ། ཞུ་གཡས་ཀྱི་སློབ་མ་ཞིག་ཡོད་པ་དེར་ཕྱིན་ནས། ངེད་ལ་ཤོག་སེར་ཡོད་པས་བྱིན་ནམ་བྱས་པས། ཁོང་མ་ན་རེ། ངས་དབུས་གཙང་དུ་ཕྱིན་པས། བླ་མ་གཤེན་སྒུར་གྱིས་ཐོན་པའི་ཤོག་སེར་ཁྱེར་དུ་མ་བཏུབ། དེ་མིན་ཁྱེད་ལ་མེད་ལས་ཆེ་ཟེར། ཟ་མ་དྲངས་ནས་གཏེར་ཤོག་ཡོད་ན་འདོད་སྐད། དེའི་དུས་ན། གུར་ཞོག་དང་རྒྱ་ཁྲི་རྗེའི་སློབ་མ། ཁམས་ཀྱི་གྲྭ་པ་ལ་སྔ་ཤོས་སུམ་པ་རྟ་སྟོན་བྱ་བ། ཁམས་པ་ཡུལ་དུ་བྱོན་པ་ཞིག ལྷོ་ངོས་ཀྱི་ཡུལ་ཤོད། གཡུང་དྲུང་ཀློང་ཆེན་གྱི་ཆུ་དཀར་བྱ་ལམ་དཀར་ཤོལ་ན། མཆོད་གནས་བྱེད་ཀྱིན་ཡོད་པ་དེ་ལ་བོན་བསྟན་ནས། སྦྱིན་ནམ་བྱས་པས། རུང་ན་རུང་གསུངས་ནས། ཞལ་ཟས་དྲངས། མི་གཞན་ལ་མ་སྟོན་ཅིག །ངེད་ཀྱི་ཕ་ཡུལ་དུ་ཕྱིན་ན་བོན་སྤེལ། ཁྱེད་གཉིས་ཀྱང་ཆེ་སར་བཞག་གསུངས། རླང་སུམ་པ་ལྷོ་སྟོན་གྱི་ཕྱག་ཏུ་གཏད་པས། གཏེར་ཤོག་སྒྲོ་དྲུག་བྱུང་སྐད། དེར་ལྷོ་སྟོན་གྱིས་ཡོན་བདག་གཅིག་ལ་བཅོལ། དེའི་དུས་ན་བྲེ་དང༌། སད་ཀུ་གཉིས་པར་བུའི་མོ་འདེབས་ཅིང་ཡུལ་གཞན་དུ་སོང་བ་དང༌་། དུས་དེ་ཙམ་ན། ཡུལ་དེར་ཚོང་པ་མང་པོ་བྱུང་བས་ཡུལ་པས་བཀག སྐྱེལ་མ་དང་ཡུལ་པ་གཉིས་རྡོ་འཐབ་བྱས་པས། རྡོ་སྟོན་གྱིས་བར་དུ་ཤུགས་མ་བྱས་པས། རྡོ་སྟོན་དབུ་ལ་རྡོ་ཕོག་ནས་གྲོངས། དེར་སྔར་གཏེར་སྒྲོ་བཅོལ་བའི་ཡོན་བདག་མོ་སྐས་ལ་ལྷུང་ནས་མགོ་ཆག །དེར་དབུ་མཆོད་རྟེན་ཕུར་ནག་འབར་བྱ་བས། བོན་པོ་སྨན་ཤེས་པ་ཞོག་བོས་ནས། ཁྲབ་སྟེར་བས་མགོ་འདི་འཆོས་པར་ཞུ་བྱས་པས། དབུ་མཆོད་ན་རེ། ཡོན་བདག་མགོ་དྲག་པར་བྱ་ཡིས། ཁྲབ་ཁྱེད་རང་གྱིས་ལ། སློབ་དཔོན་གྱིས་གཏེར་སྒྲོ་བཅོལ་བ་རྣམས་ང་ལ་སླང་ཟེར། ཡོན་བདག་མོ་དགའ་ཆེ་ནས། ཁྲབ་བཟུང་ནས། གཏེར་སྒྲོ་དྲུག་པོ་བྱིན་སྐད། དུས་དེ་ཙམ་ན། པར་བུ་སྡེབས་པ་གཉིས་པོ་བྱུང་ནས། རྡོ་སྟོན་གྲོངས། དཔེ་ཆའི་རྩ་ར་བཅད་པས་མ་ཆོད། མོ་བཏབ་པས་དབུ་མཆོད་གན་དུ་བྱུང་སྟེ། ཁྱོད་ལ་ཡོད་པས་འདོད་ཟེར། ང་ལ་མེད་བྱས་པས་ཅིས་ཀྱང་ཡོད་པས་འདོད་ཟེར། དེར་ཟ་མ་དྲངས་ནས། ང་ལ་ཡོད་པ་མི་ལ་མ་སྟོན་ཅིག །ང་ཡང་ཞུ། ཁྱེད་རང་ཡང་སྤྱོད་དུ་ཞུ་གསུངས། དཔེ་འདྲ་བ་བསྟན། ཞག་འགའ་བསྡད་པས་མོ་མ་གཉིས་པོ་མེད་སྐད། དུས་དེར་དབུ་ཏིར་ཨུ་སྟོན་ཆེན་པོ་འདས། དེའི་ཚའོ། ཏིང་གྱི་སྟོན་བཙུན་བྱ་བ་ཡོད་པ། ཨུ་མཆོད་གམ་དུ་ཕྱིན་ནས། ཁྱོད་ལ་གཏེར་ཤོག་ཡོད་པར་འདུག་པས། ངེད་ཀྱང་ཞུ་བྱས་པས། ང་ལ་མེད་གསུངས། ཁྱེད་ལ་ཡོད་པ་མི་སྟེར་པ་ཡིན་ན། ཁྱོད་རང་ངའི་སྐོར་དུ་མ་སྡོད་བྱས་པས། དབུ་མཆོད་ན་རེ། དེ་སྐད་མ་གསུང་ང་ལ་ཡོད་པས། རྣལ་འབྱོར་གཉིས་པོ་ཡང་འོང་དུ་རེ་ནས་དེས་གསང་བ་ཡིན་ཟེར། དེར་ཏིར་གྱིས་འཇམ་སྐོལ་ནས། མི་བསོགས་རྟ་བཟང་ཞིག་ལ་དར་ཡུག་གིས་མཐུར་མདའ་བྱས་ནས་དབུ་མཆོད་ལ་ཕུལ། དུས་དེ་རིང་ནས་འདི་གཏེར་བདག་ཡིན་ནོ། །བོན་པོ་རྣམས་ཀྱིས་དཔོན་དུ་ཁུར་ཅིག་ཟེར། རྣལ་འབྱོར་གཉིས་པོ་འདི་ནས་འདུག་བྱ་བ། འདིར་སོང་བྱ་བ་ཡང་མ་བྱུང༌་། ལ་ལ་ན་རེ་དབུ་མཆོད་ཀྱིས་བསད་པ་ཡིན། དེའི་རྟགས་སུ་དམ་ཚིག་ཉམས་པས། བུ་ཡང་ལྐུགས་པ་སྦལ་སྦྲུལ་ཟ་བ་ཞིག་འདུག་ཟེར། དབུ་མཆོད་ན་རེ། གཏེར་ཤོག་དྲིལ་ཤིང༌། གཟེ་སྙིང་དང་མཚུང་རྒྱ་ལ་བསྒྱུར་དུ་སོང་ཟེར། གཉིས་པོ་མ་ལོག་རོ་ལ་ཐོང་པ་ཡང་གཅིག་མེད། ཕྱིས་གྲགས་པ་རྒྱ་ཡུལ་ན་དམར་བཤལ་གྱིས་གྲོངས་སྐད། དབུ་མཆོད་ལ། སྙ་ལི་ཤུ་སྟག་རིང་གྱི་སྒྲིབ་ཤིང་ཡོད་པས་མི་མཐོང་པ་དང༌་། དཔེ་ཆ་གར་བཞག་ཀྱང་མི་རྙེད་པ་ལ་སོགས་གདའ་སྐད། དེའི་བོན་སྡེ་ལ་བརྒྱད་དེ། གསུང་རབ་ཀྱི་སྡེ་དང་གཅིག མདོ་སྡེ་དང་གཉིས། སྔགས་ནང་གི་སྡེ་དང་གསུམ། གསོ་དཔྱད་སྨན་གྱི་སྡེ་དང་བཞི། བསྒྲུབ་ཐབས་སྔགས་ཀྱི་སྡེ་དང་ལྔ། ངན་སྔགས་ལས་སྦྱོར་གྱི་སྡེ་དང་དྲུག །ཕན་བྱ་གསོན་བོན་གྱི་སྡེ་དང་བདུན། པྲ་ཐབས་ལྟས་ངན་གྱི་སྡེ་དང་བརྒྱད་དོ། །དེ་ལ་གསུང་རབ་བྱེ་མ་ཉི་ཁྲི་ཆུ་རྒྱུན་གྱི་བོན་ལ། དུམ་བུ་སུམ་ཅུ་སོ་གཉིས། འཁོར་ཞུ་བ་པོ་བཅུ་དྲུག་གིས་ཞུས་པ་བཞུགས་སོ། །

  གཉིས་པ་མདོ་སྡེ་ཆེན་པོ་བཞི། མདོ་ཕྲན་ཉི་ཤུ་རྩ་གཉིས། མདོ་ཆེན་པོ་བཞི་ལ༑ དུས་གསུམ་གཤེན་རབ་བྱུང་ཁུངས་ཀྱི་མདོ་དང་གཅིག །ཁམས་གསུམ་སེམས་ཅན་སྐྱེ་འཆིའི་མདོ་དང་གཉིས། སྣོད་རྟེན་འབྱུང་བ་ཆགས་འཇིག་གི་མདོ་དང་གསུམ། བླ་མེད་གོ་འཕང་སྒྲུབ་ཐབས་ཀྱི་མདོ་དང་བཞིའོ། །དེའི་ཆ་ལག་ལ་ཟད་པ་མེད་དོ། མདོ་ཕྲན་ལ་གཙོ་བོ་ལ་བསྟོད་པ། མདོ་གཉིས་གཉིས་བརྒྱད། ཐིག་ལེའི་མདོ། ཡི་གེ་བརྒྱ་པའི་མདོ། ལྟུང་བཤགས་ཀྱི་མདོ། སྔགས་མདོ། ལྟས་ངན་བསྒྱུར་ཆོག་གི་མདོ། ས་དང་ལམ་གྱི་མདོ་ལས་སོགས་པ་སྲ་གཉིས་སོ། །

  གསུམ་པ་སྔགས་ནང་ལ། ཁྲོ་བོ་ལ་རྒྱུད་སྡེ་ལྔ། ཕུར་པ་ལ་རྒྱུད་སྡེ་དགུ། གེ་ཁོད་ལ་རྒྱུད་གསུམ། ཁྲོ་བོ་རྒྱུད་ལྔ་ལ། ཁྲོ་གསས་མཁའ་འགྱིང་རི་རབ་གཡོ་འགུལ་གྱི་རྒྱུད། རྔམས་གསས་མཁའ་འགྱིང་རླུང་ནག་འཚུབ་མའི་རྒྱུད། དབལ་གསས་མཁའ་འགྱིང་མེ་དཔུང་འབར་བའི་རྒྱུད། གཏུམ་གསས་མཁའ་འགྱིང་ཆུ་བོ་རྦ་ཀློང་གི་རྒྱུད། གཙོ་མཆོག་མཁའ་འགྱིང་ནམ་མཁའ་གསལ་བྱེད་ཀྱི་རྒྱུད། དེ་ལ་བསྒྲུབ་ཐབས་རེ་རེ་གཤམས་ན་ཡོད། ཕུར་པ་རྒྱུད་དགུ་ལ་བསྒྲུབ་ཐབས་རེ་རེ་བྱུང༌་། གེ་ཁོད་རྒྱུད་གསུམ་ལ། ཁྲོ་བོ་གནམ་ལྕགས་ཐོག་མདའི་རྒྱུད། མུ་དམར་གསེར་ཙྭ་ཞུན་མའི་རྒྱུད། མངའ་བདག་མེ་ལྕེ་འཕྲེང་བའི་རྒྱུད་དང་གསུམ་མོ། །གནམ་ལྕགས་ཐོག་མདའ་ལ། ཁྲོ་བོ་དགུ་ལ། ཡེ་ཤེས་ཀྱི་ཁྲོ་བོ་བདུན། འཇིག་རྟེན་པའི་ཁྲོ་བོ་གཉིས་ཏེ་དགུ། མུ་མར་གསེར་བཙོ་ལ། མེ་རི་དང་གེ་ཁོད་དབང་རྒྱལ་དང་གསུམ་མོ། །སྔགས་བདག་ལ་ཨ་ཏི་མུ་ཝེར་རྩ་འགྲེལ་དང༌་། གཞུང་གསུམ་ཁུངས་དང་བཞི་བྱུང་ངོ༌། །

  བཞི་པ་གསོ་དཔྱད་ལ། རྩ་འགྲེལ་གཉིས། ལག་ལེན་ལ་ཤིང་སྦྱོར་གཉིས། སྔོ་སྦྱོར་ལྡུམ་བཅོས་གསུམ། དཔྱད་བུ་ཁྲི་ཤེས་ཀྱི་སྨན་མདོ་བྱུང་ངོ༌་། །

  ལྔ་པ་བསྒྲུབ་པ་ངན་སྔགས་ཀྱི་སྡེ་ལ་གསུམ། དགྲ་ལྷ་མོ་དང༌་། གས་བཙན་བསྒྲུབ་ཐབས་སྤྱི་གསུམ་མོ། །དགྲ་ལྷ་མོ་ལ་རྒྱུད་བཞི། བསྒྲུབ་ཐབས་བརྒྱ་དང་བརྒྱད་ཅུ་རྩ་གཉིས། དམག་དཔོན་གས་བཙན་ལ་རྒྱུད་སྡེ་དགུ་སྟེ། རྒྱུད་ཆེ་བ་གསུམ། རྒྱུད་ཆུང་བ་དྲུག་དང་དགུའོ། །སྤྱི་བསྒྲུབ་ལ་ལྷ་མ་སྲིན་སྡེ་བརྒྱད་ཀྱི་བསྒྲུབ་ཐབས་དང་དགུ་བྱུང་ངོ༌་། །

  དྲུག་པ་ངན་ཐབས་བཅའ་སྦྱོར་ལ། སྐྱོགས་ལུགས་གསུམ། ཆུ་སྐྱོགས་ཐལ་སྐྱོགས་གཉིས་ཏེ་ལྔའོ། །ཆུ་གྱེན་ལ་དྲང་ཐབས་དང་དྲུག་གོ །བདུན་པ་གསོན་བོན་ལ། རྒྱལ་ཕུང་དས་ཆད། ཤྭ་རུ་རང་འགྲོས། ཐོད་པ་རང་འགྲོས། འདོས་རང་འགྲོས། རྗེ་སྐུ་གླུད་རང་འགྲོས་ལ་སོགས་པ་མང་ངོ༌་། །བརྒྱད་པ་ལྟས་ངན་ལ། ཁང་པ་ཚིག་པ། ཆུ་གལ་བསྒྱུར། མཁར་བསྒྱིལ་བ། ཁང་པར་བྱ་ནག་དབབ་པའོ། །བསམ་ཡས་ཅ་ཏི་མའི་ཁ་བྱང་ཚར་རོ། །ཞེས་གསུངས་པས་བོན་གྱི་དཔེ་ཆ་གཏེར་མ་འདི་དག་ལ་ཕྱིས་སུ་མཁས་པ་ཚོས་དུས་རབས་བསྟུན་པའི་ཚིག་སྦྱོར་སྐོར་ལ་དག་བཅོས་མང་པོ་ཐེབས་ཡོད་པ་ནི་མངོན་གསལ་ཡིན་མོད་དེ་རྩ་བའི་རྨང་གཞི་དང་ལོ་རྒྱུས་ཀྱི་གནས་བབས་ནི། ཏུང་ཧོང་གི་ཡིག་རྙིང་གི་གནས་ཚུལ་གཉིས་པོ་ནི་ཕྱོགས་ཡོངས་སུ་མཚུངས་པ་ཞིག་ཡིན་འདུག་པས་ལོ་རྒྱུས་རིང་རྩི་ཆོག་པར་ངེས། གཤེན་ཀླུ་དགས་བཏོན་པའི་གཏེར་མ་སོགས་བོན་དཔེ་མང་པོ་ཞིག་སྤུ་རྒྱལ་གྲི་གུམ་བཙན་པོའི་སྐབས་སུ་སྦས་པ་དང་། ཕར་ཆེ་བ་དེ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་སྦས་ཤིང་ཕྱིས་སུ་བཏོན་པར་ངེས་མོད། བོན་གྱི་བླ་མ་མཁས་པ་ཚོས་དུས་རབས་དང་མཐུན་པའི་བརྡ་དག་གི་འགྲོས་དང་བསྟུན་པ་དང་། འགའ་ཞིག་ནི་སྔོན་གྱི་བརྡ་རྙིང་དག་བཀྲལ་ནོར་ཤོར་བ་སོགས་བྱུང་ཡོད་སྲིད་པ་སོགས་ད་ལྟ་བོན་གྱི་དཔེ་ཆ་བཀའ་དང་བཀའ་བརྟེན་གང་ཡིན་ཡང་། བོད་ཀྱི་རྡོ་རིང་ཡི་གེ། ཏུང་ཧོང་ཡིག་རྙིང་ལྟ་བུ་བོད་སྔ་མོའི་བརྡ་དག་དང་ཚིག་སྦྱོར་བྱེད་སྟངས་སོགས་གནའ་དཔེའི་གསོན་ཉམས་མི་ལྡན་པར་ཡོང་བའི་རྒྱུ་མཚན་འདི་ལྟ་བུ་ཞིག་ལས་བྱུང་བར་ངེས། འདིར་སྟོན་པའི་མཛད་མདོ་མདོ་འདུས་ལ་དག་བཅོས་བྱས་པའི་སྐོར་དཔེ་མཚོན་ཙམ་བཤད་ནས། བླ་མ་ཡར་འབྲོག་པའི་རྣམ་ཐར་ལས། མདོ་འདུས་ཚིགས་སུ་བཅད་པ་ལ་སོགས་ཀྱི་སྡེབས་སྦྱོར་མཛད། ཅེས་གསུངས་པས་བླ་མ་ཡར་འབྲོག་པ་ཤེས་རབ་འོད་ཟེར་རྣམ་ཐར་མཛད་པ་པོ་ནི་ཁོང་གིས་སློབ་མ་གཤེན་སྟོན་ནམ་མཁའ་རྒྱལ་མཚན་ཡིན་འདུག་པས་མདོ་འདུས་ནི་དང་ཐོག་གནའ་བོའི་དཔེ་རྙིང་ལྟར་ཚིག་བཅད་ལྷུག་སྤེལ་མ་ལྟར་ཡིན་ནམ་ཁོང་གིས་ཚིག་མང་པོ་ཞིག་སྡེབས་སྦྱོར་མཛད་དེ་ཚིག་བཅད་དུ་མཛད་པར་ཡིན་ནམ་སེམས་སོ། །

  ཞང་ཞུང་ཁྱུང་ལུང་རྔུལ་མཁར་བས་དགེ་སྦྱོར་སྒྲུབ་པའི་ཐུན་མཚམས་སུ་ཟིན་བྲིས་སུ་བཏབ་པའོ། །༢༠༢༢-༢༢-༢-༢༥ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།