གྲུབ་ཆེན་ཁྱུང་དཀར་ཚངས་པའི་བརྒྱུད་འཛིན་རིམ་བྱུང་བྱོན་ཚུལ།
[ཟླ་ཚེས། 2016-02-26 12:56:26][རྩོམ་པ་པོ། བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
གྲུབ་པའི་འཁོར་བསྒྱུར་ཆེན་པོ་ཁྱུང་དཀར་ཚངས་པའི་བརྒྱུད་འཛིན་རིམ་བྱུང་།
རེབ་གོང་གྲུབ་ཐོབ་རྣམ་པ་གསུམ་གྱི་ནང་ཚན་སྐུ་མཆེད་ཆུང་བ་ནི། གྲུབ་པའི་དབང་ཕྱུག་ཁྱུང་དཀར་ཚངས་པ་ཞེས་མཚན་སྙན་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་གསེར་ལྗོངས་བྱང་ཕྱོགས་ཀྱི་རི་ཁྱུང་ཆེན་དར་མ་མཁའ་ལ་ལྡིང་བ་ལྟ་བུའི་བྱ་རྒྱབ་ཏུ་གཞི་བཟུང་ནས་གདུང་རྒྱུད་སྤེལ་བ་དང་ལྷན་ཅིག་སྒྲུབ་སྡེ་ཁྱད་པར་འཕགས་པའི་དགོན་སྡེ་ཕྱག་བཏབས་པ་ལ་ཁྱུང་བོ་དར་ལྡིང་དགོན་ཞེས་སུ་གྲགས། དེ་ཡང་འདུལ་བའི་སྡེ་མ་ཡིན་ལ། གསང་སྔགས་རིག་པ་འཛིན་པའི་འདུས་སྡེ་རྨད་དུ་བྱུང་བ་ཞིག་ལགས། མི་ལོ་སྟོང་ཕྲག་ལྷག་གི་སྔོན་ནས་བཟུང་། བསྟན་པ་ཕྱི་དར་གྱི་དབུ་བརྙེས་པའི་བར་དུ། གཏེར་དུ་མ་སོང་བའི་དབལ་རམ་འབུམ་གསུམ་གྱི་བསྟན་པ་དང་རྫོགས་ཆེན་སྙན་བརྒྱུད་ཀྱི་བསྟན་པ་ཤིན་ཏུ་དར་ཞིང་ཕྲིན་ལས་འཕེལ་རྒྱས་བྱུང་། གྲུབ་རྗེས་དམ་པ་དེ་ཉིད་ཀྱི་མཛད་རྗེས་དང་ཐུགས་བསྐྱེད་རླབས་བོ་ཆེའི་མཐུ་ལ་བརྟེན་ནས། ཁྱུང་དཀར་གྱི་གདུང་རྒྱུད་ཕྱོགས་སུ་འཕེལ་ཞིང་།ཞྭ་དཀར་འཆང་བའི་གཤེན་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་རྣམས་ཆོས་བརྒྱད་ཀྱི་དྲི་མས་མ་གོས། ཕྱོགས་ལྷུང་གི་གདོན་གྱིས་མ་གཙེས། ཕྲག་དོག་གི་ཚེར་མས་མ་མནར་བར། ཕྱིའི་གནས་གཞི་ལ་གཞན་རྐྱེན་དབང་གིས་འདུས་བྱས་རང་བཞིན་མངོན་ན་ཡང་། ནང་གི་བསྟན་པ་ནི་རི་རབ་བཞིན་དུ་བརྟན། ཉི་ཟླའི་འོད་ལྟར་གསལ། རྒྱ་མཚོའི་རླབས་ལྟར་འཕེལ་ནས་ད་ལྟའི་བར་དུ་གནས་སོ།།
ཁྱུང་དཀར་ཚངས་པའི་སྡེ་ཆེན་པོར་འཕེལ་ནས། ཁྱུང་བོ་ལ་སྟེང་འོག་གཉིས་སུ་ཆད་དེ་སྡེ་མིང་ལ་ཁྱུང་བོ་ལ་ཁ་དང་ཁྱུང་བོ་ཐང་ཞེས་སུ་གྲགས། དེར་མ་ཟད་གླིང་བརྒྱའི་བོན་ཚང་མ་དང་སྡོང་སྐམ། མག་སར་སོགས་སུའང་ཁྱུང་དཀར་ཀྱི་གདུང་རྒྱུད་མཆེད་པ་ཡིན་ནོ། །དེ་ལས་ཁྱུང་བོ་ཐང་གི་བརྒྱུད་འཛིན་གཤེན་པོ་ཇི་ལྟར་བྱོན་ཚུལ་རགས་ཙམ་ནི། རབ་བྱུང་ལྔ་བའི་སྔོན་གྱི་དུས་སྐབས་སུ་མདོ་སྨད་ཀྱི་བོན་དགོན་རྣམས་ལ་ཇིང་གུར་རྒྱལ་རབས་ཀྱིས་གནོད་འཚེ་ཆེན་པོ་བྱས་ཏེ་ཉམས་ཉེས་བྱུང་བས་ཁྱུང་བོ་དར་ལྡིང་དགོན་པ་ཡང་འཇིག་ནས་འདུས་བྱས་རང་བཞིན་མངོན། འོན་ཀྱང་ཁྱུང་དཀར་ཚངས་པའི་རྣམ་སྤྲུལ་ཁྱུང་བོ་གཡུ་ཐོག་འབར་བ་བྱོན་ནས། སྨད་པ་ཁྱུང་བོ་ཐང་། གསེར་གཞོང་ཁུག་ཏུ་མཆོག་གསུམ་མཆོད་པའི་ལྷ་ཁང་རྒྱ་ཕིབས་གཡུ་ཐོག་ཅན་བཞེངས། ནང་དུ་གྲུབ་དབང་གོང་མ་ཁྱུང་དཀར་ཚངས་པས་གདུག་པའི་ཤིང་ལ་ཡི་དམ་ཁྲོ་བོ་གཙོ་མཆོག་གི་སྐུ་བཞེངས་པ་སོགས་རྟེན་གཙོ་ཁ་ཤས་དང་། ཕུར་སྐུ་མང་པོ་རྔ་གཤང་ཕྱག་ཆ་གླེགས་བམ་སོགས་སོ་སོ་བགོས་ཏེ་སྡེ་གཉིས་སུ་གྱེས་པ་ནི་ཁྱུང་དཀར་གདན་ས་གོང་འགབ་གཉིས་ཏེ། ད་ལྟ་ཁྱུང་བོ་ལ་སྟེང་འོག་གཉིས་ཞེས་ཁྱིམ་གྲངས་ཉིས་བརྒྱ་ལྷག་ཡོད་པ་འདི་ཡིན་ནོ།། ཁ་ཅིག་ཁྱུང་བོའི་གསས་ཁང་ནི་སློབ་དཔོན་དྲན་པ་ནམ་མཁས་བཏབས་ཟེར་བ་ནི་མ་ཡིན་ཏེ། དྲན་པ་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་བཙན་དབང་གིས་ནན་བན་བྱས་མཐར། རྒྱལ་བོས་བློ་རྩེ་གཏད་ནས་བླ་མར་བསྟེན་ཏེ་སྦས་པའི་ཚུལ་དུ་རྫོགས་ཆེན་ཞུས་ལུང་བསྟན་གནང་ཚུལ་སོགས་གོང་གི་རྒྱལ་རབས་སྐབས་སུའང་བཤད་ཟིན་ལ་རྗེས་སུ་རྗེ་འབངས་ཉེར་ལྔའི་གྲས་སུ་བཞུགས་པ་དེ་ཡིན་ལ་དེ་ཉིད་རྒྱ་གར་དུ་ལན་གྲངས་མང་པོར་བྱོན་ནས་རྫོགས་ཆེན་སྤེལ་ཚུལ་ཀྱང་ཡོད་པས་མཛད་རྣམ་བརྗོད་ལས་འདས་པ་ཞིག་ཡིན། དེ་ཕྱིར་སློབ་དཔོན་དྲན་པས་ཨ་ཝ་ངོས་བཟང་གི་དགོན་སྡེ་བཏབས་པ་དང་། སྤྱི་ཁྱུང་ངོ་གསུམ་གྱི་གདན་ས་གཉིས་ཀྱི་བར་ཁྱད་ལོ་བརྒྱ་ལྷག་ཡོད་དེ། གྲུབ་ཐོབ་རྣམ་གསུམ་ནི་ལྷ་སྲས་དར་མའི་དུས་བྲོས་བྱོལ་ཚུལ་དུ་བྱོན་པས་སོ།།
དེས་ན་གྲུབ་ཆེན་དྲན་པ་ཡབ་སྲས་དང་། གྲུབ་ཐོབ་རྣམ་གསུམ་སོགས་ཀྱི་སྔོན་ལ་ཁྲི་ཀ་རེབ་གོང་ཕྱོགས་འདིར་བོན་བསྟན་དར་ཨེ་ཡོད་ཅེ་ན། མེད་ཟེར་མི་འོས་ཏེ། གོང་དུ་བཤད་པའི་གདུང་སོབ་མུ་ཆོའི་དངོས་སློབ་ཕྲོམ་མཁས་པ་གསེར་ཐོག་ལྕེ་འབྱམས་དང་། ཕྲོམ་གཤེན་རྔམ་པ་ལྕེ་རིང་། ཀ་ཆུའི་གཙུག་ཕུད་རྒྱལ་བ། མཁན་ཆེན་མུ་ཟི་གསལ་བཟང་སོགས་ཕྱོགས་འདིར་བྱོན་པ་ནི། གནམ་གྱི་ཁྲི་བདུན་གྱི་རིང་ཡིན་པས་ཤེས་པར་སླའོ། །དེ་བས་ན་བོད་རྒྱལ་ཐོག་མའི་རིང་ནས་བཟུང་བོན་བསྟན་དར་ཡོད་པ་མ་ཟད། ལྷག་པར་གྲི་གུམ་སྐབས་ཕྱོགས་འདིར་གནོད་པ་མ་བྱུང་ཞིང་། ཕྲོམ་དང་། མེ་ཉག སུམ་པ། ཞང་ཞུང་། སེ་བོན་སོགས་ཀྱི་གྲུབ་ཆེན་དུ་མ་ཕྱོགས་འདིར་བྱོན་ནས་བསྟན་པ་སྤེལ་བ་ལ། དབུས་ན་ནུབ་ཀྱང་མཐའ་ན་དར། ཟེར་བའི་ཐ་སྙད་ཡོད་དོ། །དམ་པ་དེ་རྣམས་ཀྱི་བཀའ་དྲིན་ལས་ཐོག་མཐའ་བར་གསུམ་དུ་སྒྲུབ་རྒྱུད་ཀྱི་བསྟན་པའི་སྲོལ་མ་ཉམས་པར་གནས་པ་ཡིན་ནོ། །སློབ་དཔོན་དྲན་པ་ནས་གྲུབ་ཐོབ་རྣམས་གསུམ་བར་གྱི་ལོ་བརྒྱ་ལྷག་གི་བར་ལ་བོན་གྱི་དགོན་སྡེ་ཆེན་པོ་དར་བ་གོང་དུ་བཤད་པ་ལྟར་ལ། གྲུབ་ཐོབ་གསུམ་བྱོན་ནས་ལོ་ཉིས་བརྒྱ་ཙམ་དུ་དགོན་སྡེ་དང་གྲོང་སྡེ་དར་རྒྱས་བྱུང་བ་ཡིན། དེ་ནས་རྐྱེན་དང་དུས་ཀྱི་དབང་གིས་ཉམས་གུད་ཆེན་པོ་བྱུང་།
དེ་ནས་ཁྱུང་དཀར་ཚངས་པའི་རྣམ་སྤྲུལ་ཁྱུང་པོ་གཡུ་ཐོག་འབར་བ་བྱོན་ནས་བརྒྱུད་འཛིན་གྱི་གཤེན་པོ་བྱོན་པའི་ཚུལ་མདོ་ཙམ་ནི་གདུལ་བྱའི་ལས་དང་བསོད་ནམས་ཀྱི་དབང་བརྩན་པས་བསྟན་པ་ལ་འཚེ་བ་ཇི་ལྟར་བྱུང་ཡང་གྲུབ་དབང་དམ་པ་གོང་མ་རྣམས་ཀྱི་ཐུགས་བསྐྱེད་སྨོན་ལམ་གྱིས། སླར་ཡང་བརྒྱུད་འཛིན་གྱི་གཤེན་པོ་བར་མ་ཆད་པར་བྱོན་པས། སྒྲུབ་རྒྱུད་ཀྱི་བསྟན་པའི་སྲོལ་མ་ཉམས་པར་ངེས། དེ་ཡང་ཁྱུང་དཀར་གཡུ་ཐོག་འབར་བ་ནི། ཆུང་ངུའི་དུས་ནས་སྐྱེས་སྟོབས་ཀྱི་དཔའ་འབར་བས་ཐེག་ཆེན་ཐུན་མོང་མ་ཡིན་པ་གསང་སྔགས་བླ་མེད་ཀྱི་སྒོ་ནས་རིམ་གཉིས་ཟབ་མོའི་ཉམས་ལེན་མཐར་ཕྱིན། ལྟ་སྒོམ་སྤྱོད་གསུམ་དང་། དམ་ཚིག་དང་ཕྲིན་ལས་འབྲས་བུ་མངོན་དུ་གྱུར་ནས་གཞི་དྲུག་དབྱིངས་སུ་གྲུབ་པའི་རིག་འཛིན་ཆེན་པོའི་གོ་འཕང་བརྙེས། ཁྱད་པར་ཁྲོ་ཕུར་ཞང་གསུམ་དང་དབལ་རམ་འབུམ་གསུམ་སོགས་མཆོག་ལྔ་ཀློང་དགུའི་ཡི་དམ་ལྷ་ཚོགས་ཀྱི་རྒྱུད་སྡེ་སྒྲུབ་སྐོར་བཀའ་གཏེར་ཚད་ལྡན་རྣམས་ཀྱི་དགོངས་དོན་ཅི་བཞིན་བསྙེན་སྒྲུབ་ལས་གསུམ་གྱི་ཕྱག་ལེན་རྐང་ཚུགས་པར་མཛད། སྲུང་མ་མ་བདུད་བཙན་གསུམ་དང་སྒྲ་ལྷའི་རྒྱལ་མོ་སྐྱེས་བུ་གནམ་ལྷ་སོགས་མ་སྒྲུབ་རང་འཁོར་གྱི་ཚུལ་དུ་མི་དང་མི་གཏམས་པ་བཞིན་ཅི་བཅོལ་ལས་ལ་ཐོགས་ཆགས་མེད་པ་ནི། ཡི་དམ་ལྷའི་རྣལ་འབྱོར་ལ་གནས་པའི་ནུས་པ་ཡིན་པར་གསུངས། རྗེས་འཇུག་བུ་སློབ་རྣམས་ལ་དབང་ལུང་ཁྲིད་གསུམ་དང་གདམས་པ་མན་ངག་དང་བཅས་པ་གནང་ནས་བརྒྱུད་འཛིན་གྱི་སྒྲུབ་གཤེན་བར་མ་ཆད་པར་འབྱུང་བའི་ཐུགས་བཀོད་དང་སྨོན་འདུན་ཟབ་མོ་གནང་། ལོ་དུས་ཀྱི་སྒྲུབ་མཆོད་ཆེ་ཆུང་གི་རིམ་པ་ཡང་། དཔྱིད་ཟླ་དང་པོའི་ནང་། བླ་མ་ཚེ་དབང་དང་ཡི་དམ་ཞི་བ་ཀུན་བཟང་གི་གཞི་བཟུང་ནས། ཁྲོ་བོ་དབང་ཆེན་འབུམ་པའི་སྒྲུབ་པ་ཆེན་མོའི་གཞུང་བསྲང་། ཁྲག་འཐུང་རོལ་བ་དང་རམ་པ་གང་རུང་གི་ཟློག་པ་སོགས་ལས་མཐའ་གར་འཆམས་དང་བཅས་པས་མཐར་ཕྱིན་པར་བྱེད། ཟླ་བ་གཉིས་པར་རང་རང་ཕྱོགས་ན། ཚོགས་འཁོར་སྒྲིབ་སྦྱོང་རིམ་གྲོ་ཅི་ཐུབ་བྱ། ཟླ་བ་གསུམ་པའི་ནང་། ཁྱད་པར་ཁྱུང་བོ་ལ་སྟེང་འོག་གཉིས་སུ་ཁྲོ་བོ་ངོ་མཚར་རྒྱས་པའི་བསྙེན་སྒྲུབ་ཟབ་མོའི་ནང་ཁྲོ་བོ་བརྒྱ་འདོན་དང་གཟེ་མ་སྟོང་འདོན་བྱེད། ཟླ་བ་བཞི་བའི་ནང་སྔོན་འགྲོ་བསགས་སྦྱང་དང་བསྙེན་སྒྲུབ་སྔོན་སོང་གི་སྒྲུབ་གཤེན་པ་རྣམས་མཁའ་འགྲོ་གསང་གཅོད་ཡིད་བཞིན་ནོར་བུའི་སྒྲུབ་སྐོར་དང་དམིགས་སྐོར་ཚང་བར་འགྲོ་ཞིང་ཟབ་མོ་གཅོད་གདམས་ལ་བརྟེན་ནས་བསྟན་པ་དང་འགྲོ་བའི་དོན་དུ་གང་ཕན་མཛད། ཟླ་བ་ལྔ་བར་བླ་མ་རྣམས་ཀྱི་དུས་མཆོད་ཆགས་མེད་པ་དང་། ཟླ་བ་བཅུ་བར་ཡི་དམ་དབལ་གསས་རྔམ་པའི་སྒྲུབ་ཆེན་སྲུང་ཟློག་བསད་གསུམ་ལས་མཐའ་གར་འཆམས་དང་བཅས་པ། ཟླ་བ་བཅུ་གཅིག་པ་དང་བཅུ་གཉིས་པར་རང་རང་གི་བསྙེན་ཁང་ཆུང་ངུ་རེ་ནས་བསྙེན་སྒྲུབ་ཉམས་ལེན་བྱེད་པའི་སྲོལ་བཙུགས་པ་ནི་ད་ལྟའི་བར་དུ་མ་ཉམས་པར་གནས་པར་གནས་པ་འདི་ལྟར་རོ། །
སྒྲུབ་སྡེ་ཉི་ཤུ་འམ་ད་ལྟ་དངོས་ཡོད་ཀྱི་སྒྲུབ་སྡེ་བཅོ་བརྒྱད་དག་ལ་གསས་ཁང་རྟེན་བརྟེན་པ་གཞུང་སྤྱིའི་ཕྱག་ལེན་དང་། གཞུང་སོ་སོའི་སྤྱི་སྒེར་གྱི་སྒྲིགས་ལམ་མཐའ་དག་ནི། ལོ་སྟོང་ཕྲག་སྔོན་གྱི་གྲུབ་ཐོབ་ཆེན་པོ། སློབ་དཔོན་དྲན་པ་ནམ་མཁའ་དང་། ངོ་སྤྱི་ཁྱུང་གསུམ་གྱི་མེས་པོ་དག་གི་དགོངས་པ་ལྟར། ཕྱིས་ཀྱི་ཁྱུང་དཀར་གཡུ་ཐོག་པ་དང་། སྤྱི་སྟོན་འཁོར་ལོ་དང་། སྤྱི་བླ་རིག་འཛིན་རྣམ་གྲོལ། གྱང་རིའི་ཅང་ཤེས་དང་། གྲུབ་ཆེན་ཐུགས་རྗེ་དབང་འབུམ་སོགས་ཀྱི་བཀའ་དྲིན་ཀྱིས་བསྐྱངས་ནས་གནས་པ་ཤ་སྟག་གོ །དེ་ཡང་ཁྱུང་དཀར་ཡིད་བཞིན་ནོར་བུའི་རྒྱུད་འཛིན་རྣམས་ལ་གྲུབ་མཐའི་ཕྱོགས་འཛིན་གྱི་ཞེན་པ་ནི། ཆགས་སྡང་ཉོན་མོངས་དྲག་པོ་ཁོ་ན་སྟེ། དམྱལ་བར་སྐྱེ་འགྱུར་གྱི་ཆོས་སྤོང་གི་ལས་གསོག་མཁན་ཡིན་ཞེས་སྤང་བྱར་བཞེད་པས། ཆོས་ལུགས་གྲུབ་མཐའ་ཡང་དག་པ་ཞིག་ཡིན་ན་རིས་མེད་དུ་དག་སྣང་འཇོག་དགོས་པ་དང་། བོན་ལ་སྡང་སེམས་མེད་ཅིང་ཆོས་བཞིན་སྤྱོད་པའི་ཆོས་པ་ཞིག་ཡིན་ན་དེ་ལ་དད་གུས་བྱེད་དགོས་པ་མ་ཟད། སྲིད་དབང་འཕྲོག་རྩོད་ཀྱི་ཧམ་སེམས་མི་རུང་བས། ཆེར་རློམས་རྣམས་ལའང་བརྩི་བཀུར་དང་། མཁས་རློམས་ཀུན་ལའང་ཞེ་ས་ཕུལ་ནས་མཐུན་པའི་ལས་ལ་བརྩོན་པ་ནི་དགེ་བའི་ལས་ཡིན་པས་རང་བསྟན་མི་ཉམས་པར་གནས་པའི་ཐབས་ཁོ་ནར་འབད་དགོས་ཞེས་བསླབ་བྱ་གནང་བའི་གསུང་རྒྱུན་མང་དུ་ཡོད་པ་ནི། སྒྲུབ་གཤེན་རྣམས་ཀྱི་ཕྱག་དཔེ་རྙིང་བ་དག་ལས་མཇལ་མྱོང་བས་དམ་པའི་གསུངས་རྒྱུན་འདིར་ཡང་ཡིག་ཚོགས་ལ་མ་འཛེམས་པར་བྲིས་པ་ཡིན་ནོ། །
སྐབས་ཤིག་ཁྱུང་བོ་སྔགས་འཆང་གཅོད་པ་རྒྱལ་མཚན་ཞེས་སྒྲུབ་གཤེན་ཚད་ལྡན་པ་ཞིག་བྱོན་ཟེར། ཁོང་གིས་ཕ་མེས་ཡང་མེས་ཀྱི་སྒྲུབ་གཤེན་དམ་པ་གོང་མ་རྣམས་ཀྱི་གསུངས་རྒྱུན་དང་ཕྱག་ལེན་སྲོལ་བཟང་མི་ཉམས་པ་བྱེད་རྒྱུ་ཐུགས་དམ་གྱི་མཐིལ་དུ་བྱས་ཏེ། ལྟ་སྤྱོད་མཐུན་པའི་སྒྲུབ་གཤེན་རྣམས་ལ་བཀའ་བགྲོས། བོན་སྒྲུབ་རྒྱུད་ཀྱི་བསྟན་པ་མི་ཉམས་པའི་ཐབས་གང་ལེགས་མཛད། ལོ་ཆུང་རྣམས་ལ་ཡི་དམ་དང་སྲུང་མའི་སྒྲུབ་སྐོར་ཆོ་ག་ཕྱག་བཞེས་དང་བཅས་པ་བསླབས། རྒན་པ་གོང་འོག་རྣམས་ལ་ལོ་དུས་བཞིན་སྒྲུབ་མཆོད་ཆེ་ཆུང་དང་། རང་རང་གི་བསྙེན་ཁང་ཆུང་ངུ་ནས་བསྙེན་སྒྲུབ་ལས་གསུམ་སོགས་དགེ་སྦྱོར་གང་ལེགས་མཛད་རྒྱུར་ཞུ་བསྐུལ་ནན་ཏན་བྱས་པས་སྒྲུབ་པའི་རྒྱལ་མཚན་ཉམས་པ་མེད་པར་བསྒྲེངས་ནས་ད་ལྟའི་བར་དུ་གནས་སོ། །
ཡང་ཁྱུང་བོའི་བོན་པོ་དབང་རྒྱལ་ཞེས་སྐད་གྲགས་ཅན་ཞིག་བྱོན། ཁོང་ནི་ཆུང་ངུ་དུས་ནས་སྐྱབས་སྡོམ་རྒྱུད་ལ་བླངས་ཏེ་བསྟན་སྒོར་ཞུགས་པ་ནས་བཟུང་ཐེག་པ་ཆེན་པོའི་རིགས་སད། བླ་མ་ཆོས་རྗེ་རིན་པོ་ཆེའི་ཞབས་པད་ཚུལ་བཞིན་བསྟེན་ནས་དབང་ལུང་མན་ངག་གི་བདུད་རྩི་ཅི་འདོད་དུ་གནང་བས་སྐལ་ལྡན་རིགས་ཀྱི་བུ་མཆོག་ཏུ་གྱུར། འགའ་ཞིག་ཆོ་ག་ཙམ་འདོན་ཤེས་པ་ནས་བཟུང་རང་མགོ་མི་ཐོན་པར་གཞན་དོན་བྱེད་པར་བྲེལ་བ་ལྟ་བུ་མ་ཡིན་པར་སྔོན་དངོས་རྗེས་གསུམ་དང་འབྲེལ་ནས་ཉམས་ལེན་ལ་གཞོལ་བས་རང་གཞན་གཉིས་དང་བསྟན་འགྲོའི་དོན་ལ་ཕན་པའི་སྐྱེས་བུ་ཆེན་པོར་གྱུར། ཕྱི་ཚུལ་དུ་གྲོང་སྔགས་དཀྱུས་མ་ལྟ་བུར་བཞུགས་ནའང་ངེས་པའི་དོན་དུ་བསྟན་པའི་སྙིང་པོ་ཐུགས་རྒྱུད་ན་མངའ་བས་རྣལ་འབྱོར་མཆོག་གི་གོ་འཕང་བརྙེས། ཚེ་དང་སྒྲུབ་པ་མཉམ་སྐྱེལ་མཐར་ཕྱིན་ནས་དགོངས་པ་བོན་དབྱིངས་སུ་གཤེགས། གང་གི་བརྒྱུད་འཛིན་ནི་ཉིད་ཀྱི་སྲས། ཁྱུང་དཀར་ཚེ་རིང་རྒྱལ་ཡིན། ཁོ་རང་ཆུང་དུས་ཡབ་ཀྱི་དྲུང་ནས་ཀློག་འདོན་བསླབ། དེ་ནས་ཆོས་རྗེ་བོན་བརྒྱ་བ་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་རིན་པོ་ཆེའི་ཞབས་པད་ཚུལ་བཞིན་བསྟེན། དད་དམ་གཙང་བས་སྒྲུབ་པའི་མཆོད་པ་དང་། རྒྱུ་འབྱོར་ཆེ་བས་ཟང་ཟིང་གི་མཆོད་པ་སོགས་སྒོ་ཀུན་ནས་བླ་མའི་ཐུགས་ཟིན་གྱི་སློབ་མ་མཆོག་ཏུ་གྱུར། བོན་བརྒྱ་ཡབ་སྲས་ནས་ཕྱོགས་གང་དུ་དབང་ལུང་ཁྲིད་གདམས་མན་དག་དང་བཅས་པ་གནང་བའི་གོ་སྐབས་དེ་རིན་པོ་ཆེ་ལྟ་བུ་ལས་ཀྱང་མཆོག་ཏུ་མཐོང་ནས་དོན་གཉེར་མཛད། ཞལ་འདོན་དགེ་སྦྱོར་སྒྲུབ་པ་ཉམས་ལེན་གྱིས་དུས་འདའ་བའི་ངང་བརྩོན་པ་ཆེན་པོ་གནང་། བོན་སྲིད་ལེགས་ཚོགས་ཀྱི་བྱ་བ་ཡང་ཟླ་ལྟར་འཕེལ་བའི་སྐབས་ཤིག་ལ། བོན་མར་ཕུར་ཐོགས་སྟོང་དང་དགུ་བརྒྱའི་ཚོགས་ཆེན་གྱི་དགེ་བསྐོས་ལོ་གསུམ་ལ་འགན་བཞེས་ནས་ལེགས་པར་གྲུབ། དེ་ནས་བཟུང་བོན་མང་རྒན་གྲས་ཀྱི་གོ་གནས་བཟུང་སྟེ་བསྟན་པའི་ལས་དོན་གཙོ་བོར་བཟུང་། ཁྱུང་དཀར་ཚངས་པའི་གདན་ས་ཁུར་དུ་བཞེས་ནས་སྒྲུབ་ཆེན་རྣམས་ཀྱི་སྒྲུབ་དཔོན་མཛད་པ་དང་། ཕྱག་ལེན་གང་ཡང་སླ་ཆོས་བྱེད་དུ་མི་འཇུག་པར་ཆོ་ག་བོན་སྤྱོད་རྒྱས་ཤིང་ཞིབ་ལ་གོང་མའི་གསུང་རྒྱུན་ལྟར་དག་ཅིང་ཚང་ལ་མ་ནོར་བ་གལ་ཆེ་ཞེས་རྗེས་འཇུག་རྣམས་ལ་རྒྱུན་དུ་གདམས་ནས་སྲོལ་ལེགས་པར་བསྐྱངས། སྐུ་ཚེ་མཐར་ཕྱིན་ནས། ཐུགས་དམ་ཉམས་ལེན་གྱི་ངང་ཆ་ལུགས་ལྔ་ལྡན་བཅས་ཏེ་དགོངས་པ་བོན་དབྱིངས་སུ་བསྡུས་སྐབས་གྲོགས་མཆེད་གསང་སྔགས་པ་དུ་མས་གདུང་ལ་ཞིབ་མོར་མཇལ་བས་དད་གུས་ཡིད་ཆེས་དཔག་མེད་འཕེལ་ཞིང་གདུངས་ཤུགས་དྲག་པོའི་སྒོ་ནས་གདུང་མཆོད་རྒྱས་སྤྲོས་བྱས། གཞན་སྐྱེ་བོ་དུ་མས་གདུང་མཇལ་ཞུས་ཤིང་བསྟན་པ་ལ་ཡིད་ཆེས་སྐྱེས་རྣམ་དཀར་དགེ་བའི་ལས་ལ་བསྐུལ་མ་ཆེན་པོ་ཐོབ་ཅེས་ཐོས་སོ། །
ཡང་རྟོགས་ལྡན་དར་རྒྱས་ཞེས་དབལ་གསས་རྣལ་འབྱོར་བ་ཚད་ལྡན་ཞིག་བྱོན། ཁོང་ནི་མཁར་ནག་གྲུབ་པའི་དབང་ཕྱུག་གཡུང་དྲུང་ཡེ་ཤེས་མཆོག་དང་། སྐྱིད་སྟོན་རྟོགས་ལྡན་ཆེན་པོ། རིག་འཛིན་རྣམ་གྲོལ་གྱི་ཞབས་བསྟེན། སྐྱབས་སྡོམ་བཟུང་ནས་བསྟན་སྒོར་ཞུགས་པ་ནས་བཟུང་རྣམ་དཀར་དགེ་བའི་ལས་ལ་བརྩོན་པ་ཁོ་ན་མ་གཏོགས་ཐ་མལ་བ་ལྟར་དལ་བ་ཆུད་ཟོས་སུ་གཏོང་བ་ལ་ཤིན་ཏུ་ཐུགས་འཇིགས་ནས་སྙིགས་དུས་ཀྱི་བླ་གྲྭ་ཚུལ་འཆོས་ཀྱི་གཟན་ཤམས་མཛེས་རྒྱན་དུ་སྤྲས་ནས་ཟ་འཐུང་ཕོར་ཁ་གཅིག་པུ་དོན་དུ་གཉེར་བ་རྣམས་བསྟན་པའི་གཤེད་མ་བསྟན་འཛིན་གྱི་གོ་སར་འཕོས་པ་རེད་ཅེས་སྐྱུགས་བྲོ་བའི་ཚུལ་སྟོན། རྩེ་ཞིག་ཆོས་རྗེ་རིན་པོ་ཆེ་རྒྱལ་བ་ཚུལ་ཁྲིམས་མཆོག་ནི་སངས་རྒྱས་ཁོ་ནར་མཐོང་ནས་ཞབས་པད་སྤྱི་བོའི་གཙུག་ཏུ་བསྟེན། གསང་བ་སྔགས་ཀྱི་དབང་དམ་ཡོངས་རྫོགས་ཐུགས་རྒྱུད་ལ་བཞེས། ཡི་དམ་དབལ་གསས་རྔམ་པ་ལྷག་པའི་ལྷ་རུ་བསྙེན། ཁྱད་པར་བླ་མ་དང་ཡི་དམ་དབྱེར་མེད་ཀྱི་སྣང་བ་དང་མི་འབྲལ་བར། ངག་སྔགས་ཀྱི་བཟླས་བརྗོད་ཆུ་བོའི་རྒྱུན་བཞིན་སྒྲ་མ་ཆད་པར་མཛད་པས། གཞན་ཐུན་མོང་གི་སྣང་ངོར་སྒྲུབ་ཁང་ཕྱི་ནང་དུ་སྔགས་ཀྱི་སྒྲ་གྲག་པ་ཐོས་མྱོང་ཞེས་ཀུན་གྱི་ངག་རྒྱུན་དུ་ཡོད། ཞང་ཞུང་ཡུལ་ནས་བྱོན་པའི་མཁའ་འགྲོ་མ་འོད་ལྡན་ཡེ་ཤེས་རིག་འཛིན་དྲུང་ནས། ཟབ་ལམ་རྫོགས་པ་ཆེན་པོའི་ལྟ་ཁྲིད་ཡང་ཡང་གསན་ནས་སེམས་ཕྱོགས་ཨ་རྫོགས་སྙན་གསུམ་ཉམས་བཞེས་མཛད། ནང་བའི་བསྟན་པ་ཐམས་ཅད་ཀྱི་འབྱུང་ཁུངས་བོན་རྙིང་མའི་གྲུབ་མཐའ་འདི་ལས་ལྷག་པའི་ལྟ་སྒོམ་ཟབ་མོ་དང་སྤྱོད་པ་དམ་ཚིག་ཡང་དག་པ་ཞིག་གཞན་ནས་མཐོང་ཐོས་མེད་ཅེས་སྔགས་འཆང་ལྟ་སྤྱོད་མཐུན་པ་རྣམས་ལ་ཡང་ཡང་གསུངས་པ་རྗེས་འཇུག་སྒྲུབ་གཤེན་དུ་མའི་ངག་ལས་ཐོས། སྐུ་ཚེ་མཐར་ཕྱིན་ནས་ན་དགའ་འཆི་བྲོད་ཀྱི་གདམས་པ་ཐུགས་རྒྱུད་ན་ཡོད་པ་བཞིན་འདའ་ཁའི་གྲུབ་རྟགས་ཡ་མཚན་དང་བཅས་ཏེ་ཞི་དབྱིངས་སུ་གཤེགས་སོ། །
གང་དེའི་བརྒྱུད་འཛིན་ནི། ཉིད་ཀྱི་སྲས་ཁྱུང་བོ་གཡུང་དྲུང་རྒྱལ་ཡིན། ཆུང་དུས་ནས་ཡབ་ཀྱི་དྲུང་དུ་ཆོ་ག་བོན་སྤྱོད་བསླབ། ཆོས་རྗེ་བོན་བརྒྱ་བ་གཡུང་དྲུང་ཕུན་ཚོགས་ཀྱི་ཞབས་བསྟེན། སྔོན་འགྲོ་བསགས་སྦྱང་གི་རྨང་གཞི་བརྟན་པས། དངོས་གཞིའི་སྐབས་ལྟ་བ་ངོ་འཕྲོད་པ་དང་། སྒོམ་པ་བོག་འདོན་དང་སྤྱོད་པ་རྩལ་སྦྱོང་གི་སྐོར་ཉམས་ལེན་ལེགས་པོ་བྱུང་། གྲོགས་རྣམས་ལ་ཡང་སྔོན་འགྲོ་ཟབ་ན་དངོས་གཞི་ཟབ་ཅེས་ཉམས་མྱོང་དང་དམར་ཁྲིད་མང་དུ་གསུངས། བཤེས་གཉེན་བསྟེན་ཚུལ་ཤིན་ཏུ་ལེགས་པས་བླ་མའི་ཐུགས་ཀྱི་སྲས་སུ་གྱུར། གསང་སྔགས་ཀྱི་དབང་ཐོབ་པ་རེ་རེའི་སྐབས་དབང་བཞིའི་བརྡ་དོན་འཕྲོད་ཐུབ་པའི་སྐལ་ལྡན་དུ་གྱུར། སྐུ་ཚེ་གང་བོར་སྒྲུབ་པ་ཉམས་ལེན་དང་མ་བྲལ་བར་བཞུགས། མཐར་ཕྱིན་ནས་དགུང་ལོ་བརྒྱད་ཅུའི་ནང་བདེ་བར་གཤེགས་སོ། །ཡང་ཁྱུང་དཀར་བོན་པོ་དཔའ་མཁར་རྒྱལ་ཞེས་དཔོན་ནུས་མཐུ་ཅན་ཞིག་བྱོན། བླ་མ་མཁར་ནག་ཚང་། རྩེ་ཞིག་ཆོས་རྗེ་རིན་པོ་ཆེ། ཁྲི་བ་དྲུང་རམས་པ། བོན་བརྒྱ་བླ་མ་སྙན་ཁོ། མཁའ་འགྲོ་འོད་ལྡན་ཡེ་ཤེས་སོགས་དམ་པ་དུ་མའི་ཞབས་བསྟེན། རྒྱུན་དུ་ཞལ་འདོན་དགེ་སྦྱོར་དང་བསྙེན་སྒྲུབ་ལས་གསུམ་ལ་བརྩོན་པ་ཆུ་བོའི་རྒྱུན་ལྟར་འབད། གཞན་ཕན་གྱི་བསམ་པ་རྣམ་དག་མངའ་བ་དང་། བསྟན་པ་དང་བླ་མའི་སྐུ་དོན་ལ་ལུས་སྲོག་གཏོང་ཕོད་པའི་ཞེ་བཅད་དང་སྙིང་རུས་ཆེ་བ་ཡིན་ཞེས་བཤད་རྒྱུན་མང་པོ་ཡོད་ཀྱང་འདིར་མང་དུ་དོགས། སྐུ་ཚེ་གང་བོར་བསྟན་པའི་ལས་དོན་དང་བླ་མའི་ཞབས་རིམ་ཁོ་ནར་དམིགས་ནས་རྣམ་དཀར་དགེ་བ་མཐར་ཕྱིན་ཏེ་གཤེགས་སོ། །
ཡང་ཁྱུང་དཀར་མཁར་ནང་བོན་པོ་ཤ་བོ་ཞེས་བསྟན་སྦྱིན་དད་ལྡན་འབྱོར་བ་ཆེ་བ་ཞིག་བྱུང་། ཆོས་རྗེ་གཡུང་དྲུང་ཕུན་ཚོགས་ཀྱི་སློབ་མ་རྩིས་ཆེན་ཞིག་ཡིན། བླ་མ་ལ་དད་གུས་ཆེ་བས་མཆོད་འབུལ་ནུས་པ་དང་། མཆེད་གྲོགས་ལ་བརྩེ་གདུང་ཆེ་བས་དམ་ཚིག་གཙང་བ། དམན་ལ་སྙིང་རྗེ་ལྡན་པས་སྦྱིན་གཏོང་ནུས་པ་ཞིག་ཡིན་པ་ཀུན་གྱི་ངག་ན་ཡོད། བོན་མང་གི་ལས་སྣེ་དགེ་བསྐོས་ཆེན་མོ་ཁུར་ནས་བསྟན་སྲོལ་ལེགས་པར་བསྐྱངས། ཚེ་དང་བྱ་བ་ལས་དོན་མཐར་ཕྱིན་ནས་གཤེགས། ཡང་ཁྱུང་བོ་བདུད་ལྷ་བྱམས་ཟེར་བ་ལུགས་གཉིས་ལ་མཁྱེན་དཔྱོད་ཡངས་པ། སྨྲ་མཁས་གཏམ་གྱིས་གཞན་ཡིད་འཕྲོག་པ་ཞིག་བྱུང་བས། ཆོས་སྲིད་གཉིས་ཀར་བྱ་བ་གང་ལེགས་བསྒྲུབས་ནས་འདས། ཁྱུང་བོ་ལྷ་བྲིས་པ་སྙིང་དཀར་རྒྱལ་ཞེས་རིག་གནས་ལ་མཁས་པ་ཞིག་བྱུང་། ཆུང་དུས་བཟོ་དང་གསོ་རིག་ལ་སྦྱངས། ཆེར་སྐྱེས་ནས་གསང་སྔགས་བསྙེན་སྒྲུབ་ལ་བརྩོན་པ་ཆེན་པོ་བྱས་པས་ཁྱུང་དཀར་བརྒྱུད་འཛིན་དུ་གྱུར་ནས་སློབ་ཚོགས་བསྐྱངས། བོན་མང་ཕུར་ཐོགས་སྟོང་གི་རྩིས་ཆེན་དུ་གྱུར། ཡང་གོང་གི་ཚེ་རིང་རྒྱལ་གྱི་བརྒྱུད་འཛིན་ལ་བྱིངས་འདྲེན་ཆེན་མོ་སྙིང་དཀར་རམ་དབང་ཆེན་ལས་རབ་རྩལ་དུ་འབོད་པ་བྱོན། ཁོང་ནི། ཆུང་ངུའི་དུས་ནས་ཚེ་རབས་སྔོན་མར་ཚོགས་བསགས་པའི་སྦྱངས་འཕྲོ་སད་ཅིང་། ཆོས་རྗེ་བོན་བརྒྱ་བ་གཡུང་དྲུང་ཕུན་ཚོགས་རིན་པོ་ཆེའི་ཞབས་ཀྱིས་ཟིན། ཐོག་མར་སྐྱབས་སྡོམ་བླངས་ནས་བསྟན་སྒོར་ཞུགས། ཀློག་སློབ་པ་དང་ཆོ་ག་འདོན་སྤྱོད་གྱེར་དབྱངས་ཕྱག་ལེན་སོགས་ལ་དཀའ་ཚེགས་མེད་པར་སྦྱངས་པ་ཕུལ་དུ་ཕྱིན་པར་གྱུར། དེ་ནས་བོན་བརྒྱ་གྲུབ་དབང་ནམ་མཁའ་རྒྱལ་མཚན་དང་། སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོ། སྣང་ཞིག་སྐྱབས་མགོན་བསྟན་པ་རབ་རྒྱས་སོགས། སྐྱེས་ཆེན་དམ་པ་དུ་མའི་ཞབས་པད་ལེགས་པར་བསྟེན་ནས་ཐུགས་ཀྱི་སྲས་སུ་གྱུར། བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་བྱིངས་འདྲེན་ཆེན་མོ་ལོ་བཅོ་ལྔའི་ཡུན་ལ་ཁུར་ནས་ཕྱག་ལེན་བསྒྲིགས་ལམ་ཇེ་ལེགས་སུ་བཏང་། རྒྱུ་འབྱོར་བ་ཆེ་བས་གཞུང་སྤྱི་དང་སོ་སོའི་སྤྱི་རྫས་མཆོད་རྫས་ཆ་ཚང་བ་དང་གྱ་ནོམ་པ་ཕུལ། བསྟན་པའི་ལས་དོན་ལ་ཕྱག་རྗེས་མང་པོ་བཞག་ཅིང་བཀའ་དྲིན་ཆེན་པོས་བསྐྱངས། གདུལ་བྱ་མངའ་ཐང་རྒྱ་ཆེ་བ་ཡང་རེབ་གོང་འབྲོག་ཙམ་དུ་མ་ཟད། རྔ་བ་ཤར་བ་བོད་བཟོ་ཐེ་བོ་སོགས་སུའང་གདན་ཞུས་བྱས་པ་བཞིན་ཕེབས་བསྐྱོད་གནང་ནས་གདུལ་བྱའི་རེ་འདོད་ཚིམས་པར་མཛད། རྔ་ཡུལ་གྱི་དམེ་རྒྱལ་བོ་ནས་ཀྱང་གདན་འདྲེན་ཞུས་ཏེ་སྐྱབས་བཙལ་རོང་བོ་དགོན་ཆེན་གྱི་དགེ་ལུགས་པའི་བླ་མ་བྱང་རྩེ་ཚང་དང་། ནང་སོ་སྐུ་སྐྱེས་ཚང་སོགས་ནང་ཆེན་དུ་མས་སྐུ་སྲུང་གི་དཔོན་དུ་བཀུར། གཞན་གྲྭ་ས་ཆེན་མོ་རྣམས་དང་གྲུབ་སྡེ་སོ་སོ་ནས་ཀྱང་། བྱིངས་འདྲེན་ཆེན་མོའི་སྐུའི་གཟི་བརྗིད་དང་གསུང་གི་གདངས་དབྱངས་ལ་ཡང་ཡང་བལྟ་ཞིང་ཉན་པ་དང་། ཆོག་ཤེས་མེད་པར་བསྔགས་བརྗོད་འབུལ་ཞིང་ཡི་རངས་བྱེད། ཁོང་གི་ལས་སྣེ་འགན་ལྕི་བ་ཇེ་ཡང་དུ་བཏང་ནས་བྱིངས་འདྲེན་ཁྲི་ཟུར་གནང་ཚེ། བླ་མ་རིན་པོ་ཆེ་སྐྱང་སྟོན་རྒྱལ་བའི་དབང་པོ་དང་། བོན་བརྒྱ་གྲུབ་དབང་ནམ་མཁའ་རྒྱལ་མཚན་མཆོག་རྣམ་གཉིས་ནས་ཞལ་མཐུན་པར། ད་དེ་འདྲའི་བསྟན་པའི་ལས་དོན་ཁོ་ན་ཐུགས་ཁུར་གནང་བའི་སྔགས་འཆང་ཚད་ལྡན་ཅིག་འབྱོན་དཀའ་མོ་རེད། ཅེས་གསུངས་པ་རང་གཞན་དུ་མས་ཐོས་མྱོང་། དགུང་ལོ་ལྔ་བཅུའི་ནང་རྒྱལ་ཁབ་ཀྱི་ཁྲིམས་རར་ཚུད་ན་ཡང་། བླ་མ་ལྷ་དང་སྲུང་མས་རྗེས་སུ་བཟུང་ནས་སླར་རང་ཡུལ་དུ་བདེ་བར་འབྱོར། དགུང་ལོ་དྲུག་ཅུའི་ནང་སྐུ་གཤེགས་ཁར་ཕྱག་ཐལ་མོ་སྦྱར་ནས་མ་འོང་བ་ན་བསྟན་པ་རིན་པོ་ཆེ་སླར་ཡང་དར་ནས་ཡུན་རིང་དུ་གནས་པ་ཞིག་འབྱུང་བའི་སྨོན་ལམ་འདེབས་བཞིན་པར་གཟུགས་སྐུའི་བཀོད་པ་ཞི་དབྱིངས་སུ་བསྡུས་སོ། །
ཡང་ཁྱུང་དཀར་རྟོགས་ལྡན་དར་རྒྱས་རིན་པོ་ཆེའི་བརྒྱུད་འཛིན་ནི། སྔགས་འཆང་དྲུང་མུ་ཛ་ཡའམ་ཁྱུང་དཀར་གཡུང་དྲུང་རྒྱལ་ཡིན། ཁོང་ནི་དགུང་ལོ་ཆུང་དུས་ནས་བླ་མ་སྙན་ཁོའམ་ཆོས་རྗེ་བོན་བརྒྱ་བའི་ཞབས་པད་ཚུལ་བཞིན་བསྟེན། ཐོག་མར་སྐྱབས་སྡོམ་བླངས་པ་ནས་བཟུང་སྔོན་འགྲོ་བསགས་སྦྱངས་རྨང་གཞི་བརྟན་པོ་ལེགས་འགྲུབ་བྱུང་བས་དངོས་གཞིའི་ཉམས་ལེན་སྐབས་བླ་མའི་ཐུགས་ཟིན་པ་བྱུང་། སྔོན་འགྲོ་ཟབ་ན་དངོས་གཞི་ཟབ་ཅེས་རྗེས་འཇུག་རྣམས་ལ་ཡང་ཡང་གསུངས་ནས་ཉམས་མྱོང་དམར་ཁྲིད་ཞལ་རྒྱུན་སོགས་ཀུན་ལ་ཕན་པའི་ཞལ་གདམས་མང་དུ་བསྩལ་བ་ཡོད། དཔེར་ན་བླ་མ་སྤྲུལ་སྐུ་རྣམས་ལ་གསུང་གླེང་མཛད་སྐབས། འོ་དེང་སང་གདུགས་ཞབས་དང་ཁྲི་ཐོག་གི་བླ་སྤྲུལ་ཕལ་ཆེར་ཚོགས་གསོག་སྒྲིབ་སྦྱོང་གི་ལས་ལ་མི་འབད་རང་རྒྱུད་འདུལ་བའི་ཉམས་ལེན་མེད་པར་གཞན་དོན་མཛད་སྔ་ཞིང་དཀོར་ནག་གིས་རྒྱུད་ཁེངས། ཁྱད་པར་སྐུ་ཚེ་སྔ་མ་ཞིག་ལ་གོ་ས་ཐོབ་ཐང་ཞིག་ཡོད་ན་ཁོ་རང་ཡང་དེ་འདྲ་མཐོན་པོ་ཞིག་ཡིན་རྒྱུ་རེད་སྙམ་པ་ནི་བླུན་རྟགས་རེད་དེ། སྐུ་ཚེ་གོང་མ་ནི་མཁས་པ་པཎྚི་ཏ་ཞིག་ཡིན་ན། སྐུ་རྗེས་མ་སྐྱབས་འགྲོའི་རྣམ་བཞག་ཙམ་ཡང་མི་ཤེས་པ་ཅི་ཡིན། སྐུ་སྔ་མ་ཁྲིམས་གཙང་གཞན་ལ་སྡོམ་རྒྱུན་གནང་མཁན་གྱི་མཁན་པོ་ཞིག་ཡིན་ན། དེའི་རྗེས་མ་སོ་བྱང་སྔགས་གསུམ་གྱི་ཁྱད་པར་དང་སྡོམ་པའི་རྐང་གྲངས་ཙམ་ཡང་མི་ཤེས་པར་བཟའ་མི་ཁྱིམ་ཚང་གི་བདག་པོར་གྱུར་བ་དེ་འདྲ་ཅི་ཡིན། སྦྱངས་འཕྲོ་ལེགས་ན་རྗེས་མ་ཇེ་བཟང་དུ་འགྲོ་དགོས་ཞིས་བསླབ་བྱ་གནད་དུ་འགྲོ་བ་རེ་གནང་། མཁས་རློམས་དག་ལ་ཞལ་བརྡ་མཛད་སྐབས། ཁ་བཤད་མཁས་པས་མི་ཕན། དོན་ལ་གནས་ན་རང་རྒྱུད་འདུལ་ཐུབ་མིན་ལ་བལྟ་དགོས། ཁ་ཅིག་འཆད་རྩོད་རྩོམ་གསུམ་ལ་མཁས་ཤིང་བསྟན་བཅོས་པོ་ཏི་མང་པོ་བརྩམས་ཡོད་ནའང་། རང་རྒྱུད་ཇེ་དྲེད་དུ་སོང་ནས་ངར་འཛིན་གྱི་མཚོན་ཆ་ལ་ཕྱོགས་འཛིན་དུག་གི་ངར་བླུད་ནས་ཆགས་སྡང་མེ་ལྕེ་འབར་བ་ལྟ་བུར་སོང་འདུག་པ་དེ་ནི་མཁས་རྟགས་མིན། ངེས་པ་དོན་གྱི་མཁས་པ་ཡིན་ན་ཁ་ནང་དུ་བསྐོར་ནས་རང་རྒྱུད་ཀྱི་ཉོན་མོངས་ཇེ་ཞི། གྲུབ་མཐའ་གང་ཟག་ཐམས་ཅད་ལ་དཔྱད་པ་ཕྱིན་ཅི་མ་ལོག་པའི་སྒོ་ནས་རིས་མེད་ཀྱི་དག་སྣང་ཇེ་བཟང་ལ་སོང་ན་བཟང་རྟགས་ཡིན་ཞེས་གསུངས། སྐྱ་སེར་ཕལ་བ་རྣམས་ལའང་དོན་མེད་ལོང་གཏམ་སྨྲ་བ་ལ་ཐུགས་མི་དགྱེས་པར་ད་རེས་འུ་ཅག་གི་ལུས་རྟེན་འདི་རྙེད་དཀའ་བ་རིན་པོ་ཆེ་ལྟ་བུ་ཞིག་རེད་འདི་ཆུད་ཟོས་མི་རུང་། ལས་རྒྱུ་འབྲས་ཞིབ་ཏུ་བརྩི་དགོས། ཚེ་ཕྱི་མ་ཟེར་བ་ཐག་རིང་ཞིག་མ་རེད། རྒྱུན་དུ་འཁོར་བའི་བདེ་བ་དོན་དུ་གཉེར་ནས་འདུག་མི་ཉན་ཕྱི་མའི་དོན་གལ་ཆེ་ཞེས་བློ་ལྡོག་བཞི་ལས་འཕྲོས་ཏེ་བསླབ་བྱ་གལ་ཆེན་རེ་གནང་། ཁོང་རང་ཉིད་ནི་དེ་ལྟར་དོན་ལ་གནས་ཏེ། ཡོན་ཏན་ཆེ་ཚོད་ཀྱིས་ཆོ་ག་ཕྲིན་ལས་བཅའ་ཀ་ཕྱག་ལེན་ལ་བྱང་ཆུབ་པའི་མཁས་པ་ཙམ་དུ་མ་ཟད་གསང་སྔགས་བསྙེན་སྒྲུབ་ལས་སྦྱོར་དང་བསྐྱེད་རྫོགས་རྫོགས་ཆེན་གང་ལ་གསན་རྒྱ་ཆེ་ཞིང་ཐོས་བསམ་སྒོམ་པ་ཡ་མ་བྲལ་བར་ཉམས་བཞེས་གནང་བ་ལས། རྒྱུ་ནོར་དོན་དུ་གཉེར་ནས་གྲོང་ཆོག་ལ་འགྲོ་བ་དང་། ཡོན་བདག་སྲུང་སྐྱོབ་དོན་དུ་མནན་བསྲེག་འཕང་གསུམ་བྱེད་པ་སོགས་སྐུ་ཚེ་གང་བོར་མཛད་མ་མྱོང་གསུངས། ཁྱིམ་གཞིས་ནི། ཞིང་ལས་པ་ཡིན་པས། དེས་ཀྱང་སྟོན་ཁའི་ལོ་ཏོག་གི་འབྲུ་ཕུད་བླངས་ཏེ། བླ་མའི་བཞེས་པ་དང་། དེ་རྗེས་ཚོགས་འཁོར་སོགས་ཀྱི་གཏོར་རྩམ་དང་མཆོད་རྫས། དེའི་ལྷག་མ་ནི་རང་གི་ཁ་ཟས་ཞེས་གོ་རིམ་ཡོད་པ་དང་། རྒྱུན་དུ་བསྙེན་ཁང་ཆུང་ངུ་ནས་ཚེ་དང་སྒྲུབ་པ་མཉམ་བསྐྱེལ་མཛད་དེ་མཐར་ཕྱིན། དགུང་གྲངས་བརྒྱད་ཅུའི་ནང་། སྲས་སྙིང་རྒྱལ་བྱམས་ལ་བསྙེན་ཁང་དུ་སྒྲུབ་ཚུགས་མ་ཉམས་པ་གྱིས་ཞེས་གསུངས་ནས་བདེ་བར་གཤེགས་སོ། །
ཡང་རྟོགས་ལྡན་གང་གི་མཆེད་གྲོགས་དམ་པ་ཁྱུང་དཀར་བོན་པོ་ལྕགས་བྱམས་ཞེས་རྒྱུན་དུ་བསྙེན་སྒྲུབ་མཛད་ནས་སྒྲུབ་རྟགས་བསམ་གྱིས་མི་ཁྱབ་པ་བྱུང་ནས་སྲུང་མ་བྲན་བཞིན་བཀོལ་ནུས་པ་ཞིག་བྱོན། བླ་མའི་སྐུ་དགྲ་དང་བསྟན་པ་ལ་སྡང་སེམས་འཆང་བའི་བསམ་སྦྱོར་ངན་པ་ཅན་འགའ་ཞིག་མངོན་སྤྱོད་དྲག་པོའི་དམིགས་པས་གཟིར་ཏེ་ཚར་བཅད་པ་ཡོད། བླ་མ་ཆོས་རྗེ་རིན་པོ་ཆེའི་སློབ་རྒྱུད་ཡིན་པས། བཙན་གྱི་ཐ་རམ་དང་། མ་མོ་བསྟན་པའི་ལྕགས་རི་སོགས་བྱང་ཆུབ་པས་ལག་ལེན་ཏུ་ཐེབས། དེ་ཡང་རང་དོན་ཕྲན་བུ་ལ་དམིགས་ནས་སྤུ་གྲི་སོ་འདས་ཀྱི་ཉེས་ལྟུང་འབྱུང་བ་ལྟ་བུ་མ་ཡིན་པར། བསྟན་འགྲོའི་དོན་ལ་དགོས་གལ་ཆེ་བ་ཕན་ཡོན་དང་བསོད་ནམས་གང་ཆེ་ལ་དམིགས་ནས་བསྟན་པའི་ལས་དོན་ཁོ་ནར་འབད་དེ་སྒྲུབ་པ་ཉམས་ལེན་གྱི་ངང་ནས་སྐུ་ཚེ་མཐར་ཕྱིན་ཏེ་འདས་སོ། །
དེ་རྗེས་ཙམ་ན་ཁྱུང་བོ་ཀླུ་རྒྱལ་འབུམ་ཞེས་དད་དམ་གཙང་བ་རྣམ་དཀར་དགེ་བའི་ལས་ཁོ་ནར་འབད་པ་ཞིག་ཡོད་པའི་བརྒྱུད་འཛིན་ལ་ཁྱུང་དཀར་སྒྲུབ་གཤེན་ཚེ་རིང་ཞེས། བོན་བརྒྱ་གྲུབ་དབང་ནམ་མཁའ་རིན་པོ་ཆེའི་ཞལ་སློབ་བཤེས་གཉེན་བསྟེན་ཚུལ་ཤིན་ཏུ་ལེགས་པ་ཞིག་བྱོན། བླ་མའི་ཞལ་བཀོད་ལྟར། སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་དང་སྟོང་ཁྱུང་ཞབས་དྲུང་གཡུང་དྲུང་དབང་རྒྱལ་མཆོག་དང་། ཁྲི་ཀ་སེ་བརྒྱ་འདུལ་འཛིན་ཆེན་པོ་ཚུལ་ཁྲིམས་མཐར་ཕྱིན་དང་། བོན་བརྒྱ་རྟོགས་ལྡན་རིན་པོ་ཆེ་སྔགས་འཆང་དབྱིངས་རིག་རྣམ་གྲོལ་སོགས་དམ་པ་དུ་མའི་ཞབས་བསྟེན། དེ་ཡང་ཆེན་པོའི་ངོ་འཛིན་ལྟ་བུར་མ་སོང་བར་བླ་མའི་དོན་དུ་ལུས་དང་སྲོག་ལ་བབས་ཀྱང་བཟོད་ནུས་པ་ཞིག་ཡིན། དཔེར་ན་བླ་མ་བསུ་སྐྱེལ་ལྟ་བུ་ཐག་ཉེ་རིང་གང་དུ་བགྲོད་དགོས་བྱུང་ན་ཡང་། རྟ་དྲེའུ་སོགས་བཞོན་པ་ལ་དཀའ་སྡུག་མྱོང་གི་འཇུག་མི་རུང་རང་གི་ལུས་ཐོག་ནས་སྒྲིབ་པ་སྦྱོང་དགོས་གསུངས་ནས་རྐང་བས་ངལ་བ་ཁོ་ནར་བསྟེན་པ་ཡིན། སྐུ་ཚེ་གང་བོར་དགེ་སྦྱོར་ཉམས་ལེན་ལ་བརྩོན་པའི་ངང་ནས་མཐར་ཕྱིན་ཏེ་བདེ་བར་གཤེགས། ཡང་ཁྱུང་དཀར་བོན་པོ། གཡང་འབུམ་རྒྱལ་ཞེས་པ་ཆུང་དུས་དམན་པའི་ས་བཟུང་། ཧྲུལ་བོའི་གོས་གྱོན་ཞེས་པ་ལྟར་བྱ་ཉུང་གི་སྒོ་ནས་བསྟན་པའི་སྒོར་ཞུགས་ཏེ་སྔོན་འགྲོ་བསགས་སྦྱངས་ནས་བཟུང་དགེ་བའི་བྱ་བ་ཐམས་ཅད་བླ་མ་དགེ་རྒན་རྣམས་ཀྱི་གསུངས་བཞིན་དང་དུ་བླངས། སྐབས་ཤིག་ན་ཐག་ཉེ་དེར་འོད་དཀར་ཆུ་མགོ་ཟེར་བ་ཞིག་ཡོད་པ་ནི་ས་བདག་ཀླུ་གཉན་བཙན་པ་ཡིན་ལ་དེའི་ཀླུ་ཞིག་གིས་གནོད་པ་བྱས་ཏེ་ན་བ་བྱུང་། ཁོང་གིས་གནོད་པ་འདི་འདྲ་ཚར་གཅོད་བྱེད་མ་ཐུབ་ན་སྒྲུབ་པ་ཉམས་ལེན་དང་ཚེ་ལ་བར་ཆོད་ཡོང་ནས་མཐར་ཕྱིན་མི་ནུས་སྙམ་ནས། བླ་མ་དང་ལྷག་པའི་ལྷ་ཡི་དམ་དབྱེར་མེད་དུ་བསྒྲུབས། ཞར་ལ་ཁྱུང་དམར་སྒྲུབ་ཏེ་ནུས་པ་ཐོན། དེ་ནས་འོད་དཀར་ཆུ་མགོའི་ཁར་སོང་ནས་ཀླུ་རྣམས་ལ་དམ་བསྒྲགས། ཁྱོད་ཚོས་ང་ལ་གནོད་པ་མི་བྱེད་ཅེས་ཁས་མི་ལེན་ན། ངས་ཡི་དམ་དང་དབལ་ཁྱུང་དྲག་ཏུ་སྒྲུབ་ནས་ཁྱོད་རྣམས་རྨེག་མེད་དུ་མི་གཏོང་ན་དཀོན་མཆོག་དཔང་ཞེས་ལྷའི་ང་རྒྱལ་ལ་གནས་ཏེ་སྐད་མཐོན་པོས་བསྒྲགས། དེ་ནས་ནད་སངས་དྭངས་སུ་སོང་བ་ཡིན། དེ་ཡང་ཚེ་འདིའི་འཇིགས་སྐྱོབ་ཙམ་གྱི་ཀུན་སློང་མིན་ཏེ། ཡུལ་ལ་ལར། དང་པོ་ཚེ་སྒྲུབ། བར་དུ་ནོར་སྒྲུབ། དེ་ནས་ཆོས་སྒྲུབ་ཟེར་བ་ལྟར། དང་པོ་རང་གི་ཚེ་སྲོག་ལ་བར་ཆོད་གཏོང་བ་བསལ་མ་ནུས་ན། ཕྱི་མ་གཏན་གྱི་ཆུས་དོན་དེ་བས་ཀྱང་འགྲུབ་དཀའ་བས་དགོས་པ་ཁྱད་པར་ཅན་ལ་དགོངས་ནས་དེ་ལྟར་མཛད། གཞན་དུ་ཚེ་འདིའི་ཕན་བདེ་གྲུབ་པའི་ནུས་པ་མཐོང་ཆོས་སུ་གྱུར་ན། ཕྱི་མའི་དོན་དུའང་ཕན་ནུས་ཡོད་པར་ཡིད་ཆེས་འབྱུང་སྲིད་ཅེས་ཀྱང་གསུངས། དེ་རྗེས་སྡོང་སྐམ་བླ་མ་སྣང་གསལ་ལྷུན་གྲུབ་ཀྱི་ཞབས་ཕྱི་མཛད་ཞོར་ཁོང་དང་ལྷན་དུ་གཉན་ཁྲོད་འགྲིམས་ཏེ། ཟབ་མོ་གཅོད་ཀྱི་གདམས་པ་ཉམས་ལེན་གནང་བ་མཐར་ཕྱིན། ཕྱིས་སུ་སྐུ་ཚེ་གང་བོར་མཚམས་བསྙེན་སྒྲུབ་མཛད་པར་དམ་བཅའ་བྱས། སྐུ་ཚེ་སྨད་ལ་གཞན་དོན་ཀྱང་མཛད་ནུས་པ་བྱུང་། ནུས་མཐུ་ཆེ་བའི་སྙན་གྲགས་ཀྱིས་བོན་པོ་ཙམ་དུ་མ་ཟད་བན་དེ་ནང་ནའང་ནད་གདོན་བྱད་ཕུར་གྱི་གནོད་འཚེ་བྱུང་ན་ཁོང་ལ་སྐྱབས་བཙལ་ནས་ཕན་ཐོགས་པ་མང་དུ་བྱུང་། ཐུགས་ནང་མཐུན་པའི་གྲོགས་མཆེད་ཁ་ཤས་ནས་ཁོང་ལ་དྲིས་ཏེ། ཁྱེད་ཀྱིས་གཞན་ལ་ཕན་པའི་ནུས་མཐུ་དེ་ཇི་ལྟར་བྱུང་ཞེས་པ་ཁོང་གིས་མཁའ་འགྲོ་གསང་གཅོད་ལས། ནད་བདག་གདོན་ལ་སྙིང་རྗེ་བསྐྱེད། ཅེས་གསུངས་པ་ལྟར། ནད་པ་དང་ནད་བདག་གདོན་ལ་སྙིང་རྗེ་རིས་མེད་བཅོས་མིན་དུ་སྐྱེས་ནས། བླ་མ་དང་ཡི་དམ་དབྱེར་མེད་ཀྱི་སྣང་བ་མ་བྲལ་བར་གསོལ་བ་ཤུགས་དྲགས་བཏབས་ན། ལུས་སྦྱིན་ཚར་རེ་དང་སྔགས་བཏབས་པ་ཙམ་གྱིས་ཀྱང་ཕན་ཐོགས་པ་མང་གསུངས་པས་སྦྱིན་པ་རྣམ་གསུམ་གྱི་སྐྱབས་སྦྱིན་ཁོ་ནའོ་ཟེར། སྐུ་ཚེ་མཐར་ཕྱིན་ནས་སྙུང་གཞི་མེད་པར་གློ་བུར་དུ་གཤེགས་འདོད་བྱུང་ནས། རྐ་བར་མའི་གྲོགས་པོ་དཔའ་རྡོར་ལ་གསུངས་རྒྱུར། ད་ང་འཆི་བ་ལ་སྐྲག་མི་དགོས་དགའ་སྤྲོའི་ངང་ཕྱི་མར་འགྲོ་འདོད་ཡིན། ངས་སྟ་གོན་བྱས་པ་ཅི་འདྲར་འདུག་ཁྱོད་ཚོས་ལྟོས་གསུངས་ནས། བསྙེན་ཁང་ནང་དུ་ན་བཟའ་ཕྲུག་བེར་གཙང་མ་དང་། སྒོམ་ཞུ་དཀར་མོ་རྩེ་རྒྱལ་སོགས་བཞུགས་གདན་སྟེང་དུ་བཞག་པ་བསྟན། གྲོགས་རྣམས་ཀྱིས་དེ་འདྲ་སླ་མོ་ཨེ་ཡིན་སྙམ་ནས་ཐེ་ཚོམ་ཟོས་ཀྱང་ཁ་ནས་ལེགས་པོར་བརྗོད། དེའི་ཕྱི་ཉིན་ནམ་ལང་ཞྭ་གོས་ལེགས་པར་མནབས་ནས་ཆ་ལུགས་ལྔ་ལྡན་གྱི་ཕྱག་རྒྱ་དང་བཅས་སྒྲ་འོད་ཟེར་གསུམ་རང་སྣང་དུ་ཤེས་ཤིང་བླ་མ་དང་ཡི་དམ་ཡིད་ངོར་ཤར་ཡོད་ཅེས་གསུངས་གནང་བཞིན་ཞི་དབྱིངས་སུ་གཤེགས། དེ་ནས་ཐུགས་དམ་མ་གྲོལ་བར་དུ། བདག་སོགས་བླ་སློབ་མཆེད་ལྕམ་སྲས་པོ་ཐམས་ཅད་ཀྱིས་དགོངས་རྫོགས་ཀྱི་དགེ་རྩ་རླབས་པོ་ཆེ་གནད་སྨིན་དུ་བསྒྲུབས་སོ། །
བླ་མ་ཆོས་རྗེ་རིན་པོ་ཆེའི་སྐུ་རིང་ལ་ཁྱུང་པོ་བོན་པོ་སྙིང་དཀར་བཀྲ་ཤིས་ཞེས་བསྟན་པའི་སྦྱིན་བདག་བསོད་ནམས་ལོངས་སྤྱོད་སྟོབས་འབྱོར་ཆེ་བ་ཞིག་ཡོད། ཚེ་སྟོད་གྲུབ་མཐའ་རིས་མེད་ལ་རྒྱུ་ནོར་གྱིས་འབྲེལ་བཞག ཚེ་སྨད་གཡུང་དྲུང་བོན་གྱི་བསྟན་སྒོར་ཞུགས་ནས་བླ་མ་ཆོས་རྗེ་རིན་པོ་ཆེ་ཚུལ་བཞིན་བསྟེན། དགེ་བཅུ་ཁོ་ནར་བརྩོན་པས་འབད་ཅིང་དལ་འབྱོར་དོན་ཡོད་བྱེད་པའི་སྐྱེས་བུ་ཞིག་བྱུང་བ་ལ་བརྒྱུད་འཛིན་བོན་པོ་སྙིང་དཀར་རྒྱལ་ཞེས་ཆུང་དུས་ནས་ཐེག་པ་ཆེན་པོའི་རིགས་སད་ཅིང་། བླ་མ་སྙན་ཁོ་འམ་ཆོས་རྗེ་བོན་བརྒྱ་བའི་ཞབས་ཀྱིས་ཟིན། སྔགས་རྫོགས་ལ་ཤིན་ཏུ་མོས་ཤིང་བསྙེན་སྒྲུབ་ཟབ་མོའི་ཉམས་ལེན་ལ་སྐྱེས་སྦྱངས་སྟོབས་ཆེ་བས་མ་བཅོས་བཞི་ལྡན་གྱི་རྣལ་འབྱོར་བ་ཚད་ལྡན་ཞིག་ཏུ་གྱུར། གང་གི་བརྒྱུད་འཛིན་ཁྱུང་དཀར་རྣམ་རྒྱལ་ཟེར་བ་ཡང་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱི་ཞལ་སློབ་རྩིས་ཆེན་དུ་གྱུར། གསལ་བ་དགུ་འཛབ་ཆུ་བོའི་རྒྱུན་བཞིན་བཟླ་བ་ནི་སྒྲུབ་པའི་མཆོད་པ་ཡིན་ལ། འབྱོར་བ་ཆེ་བས་རྒྱུ་ནོར་ཆུད་ཟོས་སུ་མི་གཏོང་བར་ཚོགས་གསོག་ལ་འབད་པ་ནི་ཟང་ཟིང་གི་མཆོད་པ་ཡིན་པས། གང་ལྟར་བླ་མ་དཀོན་མཆོག་ལ་མཆོད་འབུལ་བྱེད་མཁན་ཡིན་ལ། ཚེ་འདིར་འབྱོར་བ་མི་དམན་པ་ཡང་དེའི་དྲིན་ཡིན་པས། ཕྱི་མར་ཡང་བླ་མ་མཆོག་གསུམ་གྱིས་མི་བསླུ་བ་ཁོ་ན་ཡིན་ཞེས་ལུགས་གཉིས་གང་ཡང་ཡིད་བཞིན་གྲུབ་ནས་གཤེགས་སོང་། དེའི་བརྒྱུད་འཛིན་ནི་ཁྱུང་དཀར་རིན་ཆེན་རྒྱ་མཚོ་ཡིན། ཁོང་ནི་ཆུང་དུས་ནས་ཕ་མ་བཟང་པོས་གཅེས་སྤྲས་བྱས་ཏེ་བསྟན་པའི་སྒོར་ཞུགས་ཤིང་ལེགས་པའི་ལམ་དུ་བཙུད་ཀུན་མཁྱེན་ཤར་རྫ་བའི་ཞལ་སློབ་ཁྲི་ཀ་བ་ཐེག་མཆོག་གཡུང་དྲུང་བློ་གསལ་ཞབས་ལས་བྲིས་ཀློག་འདོན་ཆོག་བྱང་ཆུབ་པར་བསླབས། བོན་བརྒྱ་གྲུབ་དབང་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་དང་། སྟོང་ཁྱུང་ཞབས་དྲུང་རིན་པོ་ཆེ་གཡུང་དྲུང་དབང་རྒྱལ། བོན་བརྒྱའི་སྔགས་འཆང་ཆེན་པོ་དབྱིངས་རིག་རྣམ་གྲོལ། སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་སོགས་དམ་པ་དེ་དག་གི་ཞབས་པད་རིམ་བཞིན་བསྟེན་ནས་ཐུགས་ཟིན་གྱི་ཞལ་སློབ་མཆོག་ཏུ་གྱུར། ཁྱུང་མོ་སྒྲུབ་པ་མཐར་ཕྱིན་དང་། སློབ་དཔོན་སྣང་གསལ་ལྷུན་གྲུབ་རྣམས་ཀྱི་དྲུང་ཡིག་ལྟ་བུ་མཛད་ནས་ཞབས་ཕྱི་གང་ལེགས་བསྒྲུབས། དེ་ནས་བོན་མང་ཕུར་ཐོགས་སྟོང་གི་གཅོད་ཀྱི་བྱིངས་འདྲེན་ཁུར་ཏེ། འདོན་དབྱངས་ཕྱག་ལེན་སོགས་ཀུན་གྱིས་མིག་ལྟོས་བྱེད་ས་ཡིན་ཞེས་བསྔགས་བརྗོད་ཕུལ། སོ་ནག་གྲུབ་ཆེན་གྱི་བརྒྱུད་འཛིན་དམ་པ། ཆོས་རྗེ་བོན་བརྒྱ་བའི་དངོས་སློབ། སོ་ནག་མཚམས་པ་ནོར་བུ་རྒྱལ་ཞེས་སྔགས་འཆང་ཚད་ལྡན་ཞིག་ཡོད་པ་ལས་ཞི་ཁྲོ་དང་སྤྱི་འདུལ་སོགས་ཀྱི་ཕྱག་ལེན་དང་། སྦྱོར་དངོས་རྗེས་གསུམ་སྟེ་དམ་པ་གསུམ་གྱི་ཉམས་ལེན་འགྲོ་ཚུལ་སོགས་ཡང་དག་པར་བསླབས། ཕྱིས་སུ་སྐུ་ཚེ་སྨད་ལ་དུས་ཀྱི་འགྱུར་ལྡོག་བྱུང་སྐབས་ཀྱང་ཐབས་མཁས་ཀྱི་སྒོ་ནས་ཞལ་འདོན་སྒྲིབ་སྦྱོང་སོགས་ཆགས་མེད་མཛད། གོང་དུ་བཤད་པའི་བླ་མ་རྣམས་ཀྱིས་ཐུགས་བརྩེ་བ་ཆེན་པོས་བསྐྱངས་ཚུལ་དང་། ཁོང་རྣམས་ཀྱི་སྐུ་ཡོན་ཆེ་ཚུལ་དང་། མཛད་པ་ཕྲིན་ལས་སོགས་བསྔགས་བརྗོད་འབུལ་བཞིན་སྤྱན་ཆབ་བསིལ། སྐད་ངག་བདེ་བས་བླ་མ་དྲན་པའི་གདུངས་དབྱངས་སོགས་གྱེར་ན། རང་གཞན་ཀུན་གྱི་ཡིད་གཡོ་ཞིང་མིག་ཆུ་འཆོར། བདག་ལ་ཡང་དྲིན་ཆེན་པོས་བསྐྱངས་པ་མང་། འདའ་ཁར་ཁོང་གི་དགེ་ཕྲུག་དཔའ་རྡོར་དང་ངེད་གཉིས་ནས་གསལ་འདེབས་དང་འཕོ་བ་སྨོན་ལམ་སོགས་དལ་བུར་བཏོན་པས། ཐལ་མོ་སྙིང་གར་སྦྱར་ནས་བདེ་བར་བཤེགས། ཡང་ཁྱུང་པོ་བོན་པོ་ཆོས་གྲགས་ཟེར་བ་ནི། ཐོས་བསམ་སྒོམ་སྒྲུབ་ཀྱི་ཡོན་ཏན་ཆེན་པོ་མེད་ཀྱང་། མཆོག་གསུམ་ལ་བློ་རྩེ་གཅིག་ཏུ་གཏོད་ཅིང་། དད་པ་བརྟན་པོ་འགྱུར་ལྡོག་མེད་པའི་སྒོ་ནས་ཆུ་བརྒྱ་ཟམ་གཅིག་གི་དཔེ་ལྟར། སྐྱབས་འགྲོ་དང་བླ་མའི་གསོལ་འདེབས་ཨ་དཀར་གསལ་བ་དགུ་འཛབ་བཅས་ཆུ་བོའི་རྒྱུན་བཞིན་བསྟེན་ནས་དགེ་སྦྱོར་གནད་དུ་སྨིན་པ་བྱུང་། དེའི་བརྒྱུད་འཛིན་ནི་ཁྱུང་པོ་བོན་པོ་བྱང་སྐྱབས་ཡིན། ལོ་ཆུང་དུས་དར་གྲོང་མཚམས་པ་གནམ་ལྷ་ཚེ་རིང་དྲུང་ནས་ཀློག་བསླབས། ཁྱིམ་དང་ཆོས་གཉིས་ཟུང་འབྲེལ་དུ་འབད་བརྩོན་བྱས། བསྟན་པ་སླར་གསོའི་སྐབས་བོན་མང་ཕུར་ཐོགས་སྟོང་གི་ཚོགས་ཆེན་དགེ་བསྐོས་ལོ་གསུམ་ལ་ཁུར་བསྟན་པ་དང་དགོན་པའི་ལས་དོན་ལ་འབད། དེ་ནས་ཕྱི་མའི་དོན་ཁོ་ན་བསམ་ནས་སྔོན་འགྲོ་བསགས་སྦྱང་དངོས་གཞི་ཉམས་ལེན་བཅས་སྦྱངས་ནས་ཚེ་དབང་བོད་ཡུལ་མའི་གཅོད་གདམས་ལྟར་གཉན་ཁྲོད་བརྒྱ་རྩ་མཐར་ཕྱིན། དེ་ནས་ཁམས་ཅུང་ཟད་མ་བདེ་བའི་རྐྱེན་བྱས་ནས་སྦྱིན་པ་རྣམ་བཞི་སོགས་དགེ་སྦྱོར་ཆགས་མེད་ངང་ལོ་བཅུ་ལྷག་ལ་སྒོམ་སྒྲུབ་བྱས་ཏེ་ཚེ་མཐར་ཕྱིན་ནས་འདའ་ཁར་བརྒྱུད་འཛིན་གྱི་བུ་རྣམས་བླ་མ་དང་དགོན་པ་གྲྭ་ཚང་བོན་མང་ཕུར་ཐོགས་སྟོང་གི་རིག་འཛིན་འདུས་པ་རྒྱ་མཚོ་བཅས་ལ་བསྙེན་བཀུར་དང་བསྟན་པའི་ལས་དོན་ཐད་ནུས་པ་ཡོད་ཚད་ཀྱིས་ཞབས་འདེགས་སྒྲུབ་དགོས་ཞེས་བཀའ་གནང་ནས་བདེ་བར་གཤེགས་སོང་བརྒྱུད་འཛིན་རྣམས་ནས་ཀྱང་དེ་ལྟར་བསྒྲུབ་བཞིན་པའོ། །
«བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་»ལས་དྲངས།