ཁྱུང་པོ་སྟེང་ཆེན་རྫོང་མགར་བ་ག་འཇའ།

[ཟླ་ཚེས། 2023-02-08 19:42:44][རྩོམ་པ་པོ། ཁྱུང་པོའི་ཁྱུང་ཆེན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 
       ༡༩༧༢ལོར་བོད་ལྗོངས་སྟེང་ཆེན་རྫོང་སྟེང་ཆེན་གྲོང་རྡལ་ཁྲ་ལུང་གྲོང་ནག་རུ་སྟོད་དུ་སྐྱེས།  ༡༩༧༩ལོར་ཕ་དམ་པ་ནམ་མཁའ་ཟླ་འོད་དང་རྐ་རྐ་རྣམ་རྒྱལ་གཉིས་ཀྱི་མདུན་ནས་བོད་སྐད་ཡིག་རྨང་གཞི་ལ་སྦྱང་འགོ་རྩོམ། དེ་རྗེས་སུ་དམངས་བཙུགས་སློབ་གྲྭར་འགྲིམས་ཤིང་ལོ་བཅུ་གཅིག་སྐབས་སུ་ཡབ་མེས་ནས་རྒྱུད་པའི་སྲོལ་རྒྱུན་མགར་གྱི་བསྐོར་ལ་སྦྱང་འགོ་རྩོམ། ཐོག་མར་མགར་རྡུང་བའི་སྔོན་འགྲོ་ལ་བྲིས་རི་མོ་ཤེས་དགོས་རྐྱེན། བྲིས་རི་མོ་ལའང་གང་འཚམས་ཀྱིས་སྦྱང་པ་མཛད་ཞིང་ཞ་དང་ཞོར་ལ་ཆོ་གའི་མཆོད་རྫས་ལག་ཆ་གཉེར་རྒྱུ་ལའང་བརྩོན་པ་མི་ཉུང་བ་གནང་། དེ་ནས་རིམ་པར་མགར་རྡུང་རྒྱུར་རང་གི་དགའ་ཕྱོགས་སམ་འགན་འཁྲི་ལྟར་དུ་འཛིན་ནས། ཁབ་རྡུང་མགར་བའི་ཀ་ཁ་ཡིན།ཞེས་པའི་དཔེ་ལྟར་མགར་ལ་དངོས་སུ་སྦྱོང་པ་བྱས། རིམ་བཞིན་ཕ་དམ་པས་རང་ཡུལ་གཙོར་བྱས་པའི་དབུས་དང་ཁམས་ཀྱི་ས་ཆ་མི་ཉུང་བ་ཞིག་ལ་མགར་རྡུང་བར་མཉམ་དུ་ཁྲིད།  དེ་ཡང་མགར་གྱི་ལག་རྩལ་འདི་ནི་དམིགས་བསལ་མིའི་ལུས་རྟེན་གྱི་འཚོ་བ་དང་བྲལ་ཐུབ་མེད་པ་ཞིག་ཡིན་ལ། སྐྱ་སེར་མཐོ་དམན་དང་ཞིང་འབྲོག་ཕྱུག་སྤྲང་ཁྱད་པར་མེད་པ་ཚང་མར་ཁ་ཐག་ཉེ་ཞིང་དངོས་ཡོད་དགོས་མཁོ་ཅན་གྱི་ཡོ་བྱད་ཤ་སྟག་ཡིན་ཕྱིར། མཐོ་དགོན་པའི་མཆོད་ཆས་མན་ཆད། དམའ་སྤྲང་པོའི་ཁབ་འབུག་ཡན་ཆད་ཚང་མར་མགར་བའི་ཐོ་འོག་ནས་བརྡུངས་ཤིང་ལག་འོག་ནས་སོན། སྐབས་དེར་ཕ་དམ་པ་ནམ་མཁའ་ཟླ་འོད་(སྡེ་དགེ་ཚང་གསེར་དངུལ་ཟངས་མགར་རྒྱུད་འཛིན་མི་སྣ་བཞི་པ།)དང་མཉམ་དུ་སྔ་རྗེས་སུ་སྦྲ་ཆེན་དང་སྟེང་ཆེན་གྱི་དགོན་པ་ཁག་ལ་ལྷ་སྐུ་མཆོད་རྟེན་དང་མཆོད་ཆས་རིགས་བརྡུང་བར་ཐེངས་མང་འགྲོ་མྱངས་ཡོད་པ་བཤད། དེ་བཞིན་ཕ་དམ་པ་རྐ་རྐ་རྣམ་རྒྱལ་གྱིས་(སྡེ་དགེ་ཚང་ལྕགས་མགར་རྒྱུད་འཛིན་མི་སྣ་བཞི་པ།)ལམ་སྟོན་འོག་ནམ་རྒྱུན་ཕ་ཡུལ་གྱི་འཚོ་བ་སྐྱོ་བའི་མི་དག་ལ་གླ་ཡོན་དོར་ནས་ལྷག་བསམ་རྣམ་དག་གིས་ཞིང་འབྲོག་གི་མཁོ་ཆས་བརྡུངས་ཤིང་མི་དམངས་ལ་ཞབས་ཕྱི་བསྒྲུབས་ཡོད་པ་འདིས་བག་ཆགས་ཆེན་པོ་བཞག་ཡོད་པས། ཁོང་གིས་ཀྱང་ལྕགས་མགར་ལ་མོས་པ་ཆེན་པོས་སྦྱངས་ནས་རང་ཡུལ་ལ་སྲི་ཞུ་གང་འཚམས་སྒྲུབ་ཡོད་དེ། དཔེར་ན་ཞིང་འབྲོག་འཚོ་བའི་ཁྲོད་ཀྱི་ཉེ་མཁོའི་ཁབ་འབུག་གཙགས་གསུམ། སོག་གྲི་ཟོར་གསུམ། དེ་བཞིན་ཐོང་ལྕགས་དང་མེ་ལྕགས། སྒོ་ལྕགས་སོགས་བརྗོད་པར་མི་ཚར་བ་བརྡུངས་ཡོད།   སྐབས་དེར་དེང་རབས་གསར་པ་དང་མི་འདྲ་ལ་གོང་གི་ཡོ་བྱད་དག་མེད་ཐབས་མེད་པའི་ཞིང་འབྲོག་ཡོ་ཆས་ཤ་སྟག་ཡིན། ད་ལྟར་མཚོན་ན་ཡང་དབུས་དང་ཁམས་ཕྱོགས་ཀྱི་དགོན་པ་ཆེ་ཆུང་མི་ཉུང་བ་ཞིག་གིས་མཆོད་ཆས་རིགས་གཙོས་པའི་མཆོད་རྫས་གསར་དུ་བརྡུང་དགོས་ཚུལ་དང་། བཟོ་བཅོས་ཞིག་གསོ་བྱེད་དགོས་པ། མཆོད་ཆས་སྤུས་དག་ཚོང་རྒྱུ་ཡོད་མེད་སོགས་དོ་སྣང་དང་དགའ་བསུ་བླ་མེད་ཐོབ་ཡོད་ལ། ད་ཆ་ཁོང་དང་དགེ་སློབ་ཚོས་བཟོས་པའི་རྒྱུ་ཆ་དག་ཚོང་བྲིན་ཞིང་བཟོས་བཅོས་ལྷུ་སྒྲིག་གང་སྤྱིའི་ཐད་ནས་འཕེལ་རྒྱས་རྒྱ་ཆེར་ཐོན། དུས་རབས་འགྲོས་དང་བསྟུན་ཁོང་ཉིད་ཀྱིས་སྙིགས་དོར་བཅུད་ལེན་གྱི་ལམ་ནས་སྔ་རྗེས་སུ་ལྷ་ས་དང་ཆབ་མདོ་བཅས་ལ་ལྷ་མགར་དང་གསེར་དངུལ་མགར་རྒྱུའི་ཐད་ལ་མོས་པ་ཆེན་པོས་མགར་བའི་འོག་རྡོ་བཞིན་བརྩོན་པ་རྒྱུན་མ་ཆད་པ་བྱས། མཐར་མགར་མཁས་པའི་ལྕགས་རྡུང་མར་དང་འདྲ་ཟེར་བ་ནང་བཞིན། ད་ལྟའི་གྲུབ་འབྲས་བཟང་པོ་ཞིག་ལོན་པར་དགེ།
   ཁོང་ཕ་བུ་ཚོས་ཆབ་མདོ་ནས་སྣ་མང་བཟོ་ལས་ལག་རྩལ་གྱི་བྱ་དགའ་རིམ་པ་དང་པོ་ཐོབ་ལ་རྫོང་རིམ་པའི་བྱ་དགའ་མི་ཉུང་བ་ཐོབ་ཡོད། ད་ལྟའི་དུས་རབས་འདིར་ཤེས་རིག་འགྲན་རྩོད་ཀྱི་དུས་ཤིག་ཡིན་ཕྱིར། ཁོང་ཉིད་ཀྱིས་ཀྱང་ཀྲུང་གོ་གསར་པའི་ཕུགས་འདུན་གྱི་དགོངས་པ་ལྟར་སྲོལ་རྒྱུན་རིག་གནས་དར་སྤེལ་གྱི་འགྲོས་དང་བསྟུན་ནས་སྡེ་དགེ་ཚང་མི་རིགས་ལག་ཤེས་ཚད་ཡོད་ཀུང་སི། ཞེས་པ་གསར་དུ་གཏོད་ནས། ཞིང་འབྲོག་གི་ན་གཞོན་དཀྱུས་མ་དག་ལ་ལག་རྩལ་གྱི་ལམ་ཁར་ཕྱོགས་པའི་གོ་སྐབས་གསེར་ལས་དཀོན་པ་ཞིག་སྐྲུན་ཡོད་པ་རེད། ཁོང་ནི་སྡེ་དགེ་ཚང་མགར་གྱི་རྒྱུད་འཛིན་མི་རབས་ལྔ་པ་ཡིན། ད་ཆ་མགར་གྱི་བསྐོར་ལ་ནང་བྱན་ཆུད་པར་མ་ཟད་བུ་བསོད་ནམས་ལྷུན་གྲུབ་དང་བློ་གྲོས་གཉིས་གཙོས་པའི་སློབ་མ་མང་པོ་ཞིག་གསོ་སྐྱོང་བྱས་དང་བྱེད་བཞིན་ཡོད། ཕ་མའི་བསླབ་བྱ་ཡི་འོག་མགར་གྱི་ལག་རྩལ་མ་ཉམས་བརྒྱུད་འཛིན་གྱི་ཐོག་ལ་འཕེལ་རྒྱས་ཀྱི་རྒྱན་ཆ་སྤྲས་ཡོད།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།