བོད་ཀྱི་ཡིག་མཁན་ཆུང་རྒྱུད་ཚེ་དབང་རྣམ་རྒྱལ།

[ཟླ་ཚེས། 2019-06-13 10:07:14][རྩོམ་པ་པོ། ལྷུན་གྲུབ་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

    ངེས་དོན་བྲིས་ཀྱི་རྒྱུན་འཛིན་ཆུང་རྒྱུད་ཚེ་དབང་རྣམ་རྒྱལ་ནི།  སྤྱི་ལོ་༡༩༩༡ལོར་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཁྱུང་པོ་ཁྲི་རྡོ་རུ།   ཡིག་གཟུགས་རབ་འབྱམས་པ་འམ་ཡིག་གཟུགས་རྒྱུད་འཛིན་པ་ཆེན་མོ༧ཆུང་རྒྱུད་ཚེ་དབང་མཐར་ཕྱིན་གྱི་སྲས་སུ་འཁྲུངས། 
   ཁོང་ནི་བྱིས་པ་ལོ་བདུན་པ་ནས་བཟུང་ལོ་ངོ་བཅུ་ཕྲག་ལྷག་གི་རིང་ཡབ་ཆེན་གྱི་མདུན་དུ་བོད་ཀྱི་ཡིག་གཟུགས་ལ་འབད་པ་ལྷོད་མེད་དང་།   ངལ་བ་དོན་བླངས་ཀྱི་ཚུལ་དུ་ཆེད་སྦྱོང་བྱས་པས།   ད་ཆར་ཁོང་ནི་ཡིག་གཟུགས་སྣ་མང་ལ་མཁས་ཤིང་ལྷག་དོན་འབྲུ་མ་དང་དབུ་ཅན་སོགས་ལ་ཁྱད་བོན་བླ་མེད་ལྡན་པའི་ཁྱུང་ཡུལ་གྱི་བྲིས་པའི་ཡང་རྩེ་རུ་བསྔགས་ཆོག་ཅེས་བརྗོད་ཀྱང་འུད་དུ་མི་འགྱུར་བའི་ཚོད་དུ་བསླེབས་ཡོད་པས་ཡབ་ཁོང་གི་ཡང་ཕ་ནོམ་བུ་ལ་འཕྲོད་པའི་ཐུགས་སྨོན་འགྲུབ་ཏེ་རྒྱུན་འཛིན་གྱི་ཐུགས་འགན་ཡོངས་སུ་ཁོང་ལ་སྤྲད་ཡོད།
   ཡིན་མཁན་ཁོང་གིས་དེ་སྔོན།  ཤོག་ལྡེབས་ལྔ་བརྒྱའི་མན་ཆད་ནས་ཉིས་བརྒྱའི་ཡན་ཆད་ཡོད་པའི།  པོ་ཏི་བཅུ་ཕྲག་མང་བོ་བྲིས་པའི་ཞོར་དུ་རྒྱ་ནག་དང་བོད་ལྗོངས།  ཡུལ་ཤུལ་དང་ཆབ་མདོ།  སྟེང་ཆེན་དང་ཀན་ལྷོ།   མདོ་སྨད་སྣང་ཞིག་དགོན་ཆེན་སོགས་ཀྱི་ཡིག་གཟུགས་འགྲེམས་སྟོན་དང་ཆེད་མཁས་གཏམ་བཤད་བཅས་ཀྱི་མཛད་སྒོར་ཞུགས་པས།    ཁོང་གི་སོར་མོའི་རྩལ་ལས་བྱུང་བའི་ཡིག་གཟུགས་ལ་《རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲ་ཐོག་འགྲན་བསྡུར་ཆེན་མོའི་》ཁྲོད་ནས་ཨང་གཉིས་པ་དང་ཆབ་མདོའི་གྲོང་ཁྱེར་རིམ་པ་ནས་བྱ་དགའི་གཟེངས་རྟགས་ཨང་དང་པོ་སོགས་ད་དུང་གཞུང་སྒེར་གཉིས་ཀྱི་གཟེངས་རྟགས་གང་མང་ཐོབ་མྱོང་བ་མ་ཟད་གྲུབ་མཐའ་རིས་མེད་ཀྱི་བླ་སྤྲུལ་དང་།   རྒྱ་ཆེའི་མཁས་དབང་མང་པོས་བསྔགས་བརྗོད་བླ་མེད་ཐོབ་དང་འཐོབ་བཞིན་མཆིས་སོ།    སྤྱི་ལོ་2015ལོར་ཆབ་མདོ་གྲོང་ཁྱེར་ཡིག་གཟུགས་མཛེས་རྩལ་མཁས་ཅན་ལྷན་ཚོགས་ཀྱི་ཚོགས་མིར་གདམས་པ་དང་།    སྤྱི་ལོ་2016ལོར་ཁྱུང་ཡུལ་དུ་གནའ་བོའི་བརྩམས་ཆོས་ལས་གྲུབ་པའི་རྒྱལ་བའི་བཀའ་འགྱུར་ཆེན་མོ་གསེར་བྲིས་སུ་བཞེངས་པའི་དབུ་མཛད་དམ་དགེ་རྒན་དུ་གདམས།    
    སྤྱི་ལོ་༢༠༡༨ལོར་སྟེང་ཆེན་རྫོང་སྲིད་གཞུང་གི་བཀོད་སྒྲིག་འོག་《ཞང་བོད་ཡིག་གཟུགས་ཀུན་འདུས་གསེར་ཐང་ཆེན་མོ་》ཞེས་པ་འཛམ་གླིང་ཆེན་མོ་ཅི་ཉི་སིའི་གཟེངས་རྟགས་ཐོབ་པ་དེའི་བཞེང་བསྐྲུན་གྱི་འགན་ཁུར་གཙོ་བོའི་མི་སྣ་རུ་གདམས།  །
 ད་དུང་བོད་མདོ་དབུས་ཁམས་གསུམ་གྱི་གལ་ཆེའི་དཔེ་དེབ་མང་པོའི་ནང་དུ་ཁོང་གི་ལོ་རྒྱུས་དང་ཡིག་གཟུགས་སོགས་བཀོད་དང་འགོད་བཞིན་པ་དང་།  
   ད་ལྟ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གསེར་བྲིས་སུ་བཞེངས་པའི་དབུ་མཛད་ཆེན་མོ་དང་།    སྟེང་ཆེན་རྫོང་ལས་རིགས་ལག་རྩལ་སློབ་གྲྭའི་ཡིག་གཟུགས་དགེ་རྒན་བཅས་ཀྱི་འགན་ཁུར་ཏེ་སློབ་མ་མང་བོ་སྐྱེད་སྲིང་གནང་གིན་མཆིས་སོ། །
སྙན་སྒྲོན་བྱེད་མཁན།
བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཁམས་སྐད་རླུང་འཕྲིན་གྱི་མདོ་འཛིན་པ།
འཇམ་དབྱངས་སྒྲོལ་དཀར།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།