རྒྱལ་རོང་བསོད་ནམས་ཕུན་ཚོགས།

[ཟླ་ཚེས། 2018-03-24 09:24:33][རྩོམ་པ་པོ། ཚུལ་ཁྲིམས་བཟང་པོས་བྲིས།][རྩོམ་ཁུངས། གངས་ལྗོངས་ཉི་གཞོན།][ཀློག་གྲངས། ]

རྒྱལ་མོ་རོང་ནས་འཚར་ལོངས་བྱུང་བའི་རིག་པའི་དེད་དཔོན་ཆེན་མོ། བསོད་ནམས་ཕུན་ཚོགས།

          དགེ་རྒན་བསོད་ནམས་ཕུན་ཚོགས་ལགས་ནི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་འགན་འཛིན་པ་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་འཛུབ་སྟོན་སློབ་དཔོན་ཆེན་མོ། སི་ཁྲོན་ཞིང་ཆེན་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོའི་ལྷོ་ནུབ་མི་རིགས་ཞིབ་འཇུག་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཅིག་པའི་ཨུ་ཡོན་གྲོས་ཚོགས་ཀྱི་ཀང་ཨོ་ཐའེ་ཕྱི་སྡོད་དང་ཕྱི་སྡོད་ཨུ་ཡོན་ལྷན་ཁང་གི་གདན་ཞུའི་ཁོངས་མི། ཀྲུང་གོ་བོད་རིག་པའི་རིག་གཞུང་ཨུ་ཡོན་ལྷན་ཁང་དང་། སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཤིང་། རིག་གཞུང་ཞིབ་འཇུག་དང་བོད་རིགས་སློབ་མ་གསོ་སྐྱོང་གིས་དུས་འདའ་བའི་མཁས་དབང་ཞིག་ཡིན།

2012ལོར་ཐའེ་ཝན་ངོགས་གཉིས་ཀྱི་རིག་ཚོགས་དང་རིག་གཞུང་བགྲོ་གླེང་ཚོགས་འདུར་ཞུགས་པ།

        ཁོང་སྤྱི་ལོ་1966ལོར་རྒྱལ་མོ་ཚ་བ་རོང་གི་ཁོངས་སུ་གཏོགས་པའི་རོང་བྲག་རྫོང་དགུ་བཟང་ཡུལ་བེར་ལོ་གྲོང་པ་རུ་སྐུ་འཁྲུངས་ཤིང་། ཆུང་དུས་དགུ་བཟང་ཡུལ་གྱི་སློབ་ཆུང་འགྲིམས་ཤིང་། དེང་རབས་ཀྱི་སློབ་གསོ་ཉམས་སུ་མྱོང་པ་དང་། བགྲང་བྱ་ལྔའི་རིང་རྒྱ་ཡིག་དང་རྩིས་རིག་སོགས་རྨང་གཞིའི་ཤེས་བྱ་ལ་བྱང་ཆུབ་པ་བསླབས། ཞོར་དུ་གཟའ་མཇུག་སོགས་སུ་སློབ་གྲྭའི་བཀོད་སྒྲིག་ལྟར་ཞིང་ལ་ལྡུམ་འབུ་འཐུ་བའམ་འབུད་ཤིང་འཐུ་བ་སོགས་ངལ་རྩོལ་གྱི་ལས་ལ་ཞུགས། དེ་ནས་རོང་བྲག་རྫོང་དམའ་འབྲིང་དུ་ཞུགས་ཤིང་། ལོ་དེར་ཕུལ་བྱུང་འཛིན་གྲྭའི་ལམ་ལུགས་ལག་བསྟར་བྱས་པས་ཁོང་ཕུལ་དུ་བྱུང་བའི་རྒྱུགས་འབྲས་དང་བཅས་དེའི་ནང་ཚུད་པ་དང་ལོ་གསུམ་ལ་དཀའ་བ་སྤྱད་ནས་སློབ་སྦྱོང་གནང་། སྤྱི་ལོ་1981ལོར་ཁོང་དམའ་འབྲིང་སློབ་མཐར་ཕྱིན་ཞིང་། སྐབས་དེར་ལྷོ་ནུབ་མི་རིགས་སློབ་ཆེན་དུ་སི་ཁྲོན་ཞིང་ཆེན་གྱི་མི་རིགས་ས་ཁུལ་ཡོངས་ཀྱི་ཕུལ་བྱུང་སློབ་མ་རྣམས་གཅིག་ཏུ་བསྡུས་པའི་མཐོ་འབྲིང་རིམ་པའི་འཛིན་གྲྭ་གསར་པ་ཞིག་བཙུགས་པས། གཞན་ལས་ལྷག་པའི་རྒྱུགས་འབྲས་དང་བཅས་དེ་རུ་ཞུགས་ནས་མུ་མཐུད་དུ་སློབ་གཉེར་བྱ་རྒྱུའི་སྐལ་བ་ལྡན།
        དེ་ནས་1984ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རྒྱ་ཡིག་ཚན་ཁག་ཏུ་དངོས་གཞི་རིམ་པའི་རིག་གཞུང་ལ་འཇུག་ཅིང་། ལོ་ངོ་བཞིའི་རིང་རྒྱ་ཡིག་གི་རྩོམ་རིག་དང་རིག་གཞུང་གང་མང་ལ་ལྟོ་སྐྱ་གོས་ཧྲུལ་གྱིས་འབད་བརྩོན་གནང་། སློབ་མཐར་ཕྱིན་མ་ཐག་ལྷ་ས་རུ་ཕེབས་ནས་འོས་འཚམ་གྱི་ལས་དོན་ཞིག་ལ་ཞུགས་འདོད་ཀྱང་ཕ་ཡུལ་དང་རྒྱང་ཐག་རིང་རྐྱེན་ཁྱིམ་པ་རྣམས་བློ་བབ་མ་བྱུང་བས་རེ་ཞིག་ལུས། འོན་ཀྱང་ཁོང་གིས་སློབ་སྦྱོང་ལ་བཅངས་པའི་བློ་སྤོབས་ནམ་ཡང་ཉམས་པ་མེད་པས། མུ་མཐུད་དུ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དམངས་སྲོལ་རིག་པའི་ཞིབ་འཇུག་སློབ་མ་ལ་རྒྱུགས་སྤྲད་ནས་ལོ་ངོ་གསུམ་ལ་སློབ་སྦྱོང་གནང་། སྐབས་དེར་ཁོང་གིས་དམངས་སྲོལ་རིག་པའི་མཁས་དབང་ཐའོ་ལི་ཧྥན་སོགས་མཁས་ཆེན་དུ་མ་ལ་བསྟེན་ནས་རང་གི་ཆེད་ལས་དང་རིག་གཞུང་དུ་མ་ལ་མཁྱེན་རྒྱ་ཡངས་པོར་གྱུར། ཁོང་སློབ་མཐར་ཕྱིན་ལ་ཉེ་སྐབས་དགེ་རྒན་ཆེན་མོ་ནོར་བུ་རྒྱལ་མཚན་ལགས་པེ་ཅིང་དུ་ཚོགས་འདུར་ཕེབས་ནས་ཞོར་རུ་ཁོང་དང་རྡོ་རྗེ་གཉིས་ལྟ་ས་ཡོང་བར་མ་ཟད། ཁ་བརྡ་ཞིབ་མོ་གནང་ཞིང་ཁོང་ལྷོ་ནུབ་མི་རིགས་སློབ་ཆེན་དུ་འབྱོན་རྒྱུའི་བསྐུལ་མ་གནང་བ་ལྟར། ཞིབ་འཇུག་སློབ་མའི་སློབ་མཐར་ཕྱིན་མ་ཐག་ཁོང་ལྷོ་ནུབ་མི་རིགས་སློབ་ཆེན་དུ་ཕེབས་ནས་སློབ་གསོའི་ལས་དོན་ལ་ཞུགས། ལྷོ་ནུབ་མི་རིགས་སློབ་ཆེན་དུ་རྒྱ་ཡིག་རྩོམ་འབྲིའི་སྐོར་ལ་སློབ་ཁྲིད་གནང་པ་དང་རྗེས་སུ་དམངས་སྲོལ་རིག་པའི་སྐོར་ལ་སློབ་ཁྲིད་གནང་། ཁོང་སྐུ་ན་ཕྲ་བའི་སྐབས་སུ་ཕ་རྒན་གྱི་མདུན་ནས་བོད་ཡིག་བསླབས་ཀྱང་སློབ་གྲྭ་རུ་བོད་ཡིག་གི་སློབ་ཚན་ཆེད་དུ་མེད་པ་དང་སློབ་གྲོགས་མང་ཤོས་མི་རིགས་གཞན་པ་ཡིན་པས། སློབ་གྲྭར་འགྲིམ་པའི་དུས་སུ་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་ལེགས་པོ་བྱེད་པའི་གོ་སྐབས་མ་ལྡན་ནའང་། ཞིབ་འཇུག་སློབ་མའི་སྐབས་དང་རྗེས་སུ་དགེ་རྒན་གྱི་ལས་དོན་གཉེར་སྐབས་ཐབས་བརྒྱ་ཇུས་སྟོང་དང་དཀའ་སྤྱད་འབད་བརྩོན་གྱིས་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་གནང་བས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ།
        སྤྱི་ལོ་2000ལོར་སི་ཁྲོན་སློབ་གྲྭ་ཆེན་མོ་རུ་ལོ་རྒྱུས་རིག་པའི་འབུམ་རམས་པ་འགྲིམས་པ་དང་།

        2000ལོ་ནས་2002ལོའི་བར་བོད་རིག་པའི་སློབ་གླིང་གི་འགན་འཛིན་གཞོན་པའི་འགན་བཞེས་ཤིང་།

རོང་བྲག་རྫོང་སྐབས་དང་པོའི་རྒྱལ་རོང་རིག་གནས་བགྲོ་གླེང་ཚོགས་འདུའི་ཐོག

        2003ལོར་སི་ཁྲོན་སློབ་ཆེན་ནས་འབུམ་རམས་པའི་སློབ་མཐར་ཕྱིན་ཞིང་ལོ་མཇུག་ཏུ་མི་རིགས་ཞིབ་འཇུག་གླིང་གི་འགན་འཛིན་གཞོན་པའི་འགན་བཞེས། 2005ལོར་ཁྲེན་ཏུའུ་གྲོང་ཁྱེར་རྩ་འཛུགས་པུའུ་ཡིས་གདན་ཞུས་ལྟར་ཏུའུ་ཅང་ཡན་དུ་ཕྱིན་ནས་གྲོང་ཁྱེར་གྱི་འགོ་གཙོ་གཞོན་པའི་འགན་ལོ་གཉིས་ལ་བཞེས་ཤིང་། 2006ལོར་ཁོང་ལ་སློབ་དཔོན་ཆེན་མོའི་གོ་གནས་བསྩལ། 2008ལོར་སློབ་གྲྭའི་རྒྱབ་སྐྱོར་དང་རང་གི་འབད་འབུངས་ལ་བརྟེན་ནས་ཨ་རིའི་ཧྥུ་ཅི་ཉི་ཡ་སློབ་ཆེན་གྱི་ཆོས་ལུགས་རིག་པའི་ཚན་ཁག་ཏུ་སློབ་སྦྱོང་ཕྱིན་པའི་གོ་སྐབས་ལྡན། 2009ལོར་ཕྱིར་ལྷོ་ནུབ་མི་རིགས་སློབ་ཆེན་དུ་ཕེབས་ནས་2015ལོའི་བར་མི་རིགས་ཞིབ་འཇུག་གླིང་གི་ཡན་ལག་ཏང་ཨུའི་ཧྲུའུ་ཅི་དང་མི་རིགས་ཚད་ལྡན་ཡིག་ཆའི་ལྟེ་གནས་ཀྱི་ཀྲུའུ་རེན། སི་ཁྲོན་མདོ་དབུས་མཐོ་སྒང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས། 2016ལོ་ནས་ད་ལྟའི་བར་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་གི་འགན་འཛིན་པའི་ལས་གནས་བཞེས།

རོང་བྲག་རྫོང་སྐབས་དང་པོའི་རྒྱལ་རོང་རིག་གནས་བགྲོ་གླེང་ཚོགས་འདུར་ཞུགས་ཤིང་གཏམ་བཤད་གནང་བཞིན་པ། 

        ཁོང་གིས་རིག་གཞུང་ཞིབ་འཇུག་ལ་གཞན་དྲིང་མི་འཇོག་པའི་མཛད་རྗེས་རླབས་པོ་ཆེ་གནམ་གྱིས་ས་བཀབ་པ་ལྟར་བུ་དུ་མ་བཞག་ཡོད་དེ། 《ཤེལ་ཆུའི་འགྲམ་གྱི་འདྲ་པ།》ཞེས་པ་ལས་ཐེངས་དང་པོར་སྒྲིག་གཞི་ཡོད་པའི་སྒོ་ནས་རྟའུ་རྫོང་འདྲ་པའི་མ་རྒྱུད་སྤྱི་ཚོགས་ངོ་སྤྲོད་བྱས་ཡོད་པ་དང་། དེ་ལ་སི་ཁྲོན་ཞིང་ཆེན་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་གི་བྱ་དགའ་ཨང་གསུམ་པ་ཐོབ། ཁོང་གིས་བརྩམས་བསྒྱུར་གནང་བའི་《བོད་ཀྱི་གཡུང་དྲུང་བོན་གྱི་ལེགས་བཤད་མཛོད།》ལ་སི་ཁྲོན་ཞིང་ཆེན་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་ཐེབས་རྩའི་རོགས་རམ་ཐོབ་པ་དང་། ཐེངས་དང་པོར་རྒྱལ་ནང་ལ་བོད་ཀྱི་གཡུང་དྲུང་བོན་གྱི་ལོ་རྒྱུས་གསུང་རབ་ངོ་སྤྲོད་ལེགས་པོར་གནང་ཞིང་། དེ་ལ་སི་ཁྲོན་ཞིང་ཆེན་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་གི་བྱ་དགའ་ཨང་གཉིས་པ་ཐོབ། 《བོད་བརྒྱུད་ནང་བསྟན་གྱི་སྤྱི་ཚོགས་འགན་ནུས་དང་རིག་གནས་ཀྱི་བྱེད་ནུས།》ཞེས་པའི་གསུང་བརྩམས་ལ་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཚན་ཞིབ་གྲུབ་འབྲས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ། 《སི་ཁྲོན་ཡུན་ནན་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་དཀར་ཆག》ཅེས་པ་ལ་མཁས་དབང་དང་ཀློག་པ་པོ་དུ་མའི་སྔགས་བརྗོད་ཐོབ་ཡོད། ད་དུང་མཁས་དབང་བསོད་ནམས་ཕུན་ཚོགས་ལགས་ཀྱིས་སྔར་ནས་གྲོང་ཁྱེར་དུ་འཚོ་སྡོད་བྱེད་པའི་བོད་མིའི་གནས་ཚུལ་ལ་ཐུགས་ཁུར་ཆེན་པོ་གནང་ནས་《ཁྲེང་ཏུའུ་གྲོང་ཁྱེར་གྱི་གྲངས་ཉུང་མི་རིགས་ཀྱི་ད་ཡོད་གནད་དོན་དང་དེའི་ཐད་ཀྱི་ཞིབ་འཇུག》ཞེས་པའི་བརྟག་དཔྱད་སྙན་ཞུ་རབ་དང་རིམ་པ་སྤེལ་བས། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་ཞིབ་འཇུག་གི་བྱ་དགའ་ཨང་གཉིས་པ་བསྩལ། 《ཀྲུང་གོའི་ལྷོ་ནུབ་སྐམ་སའི་ས་མཚམས་ཀྱི་དམངས་འཚོའི་གནས་ཚུལ་སྐོར་གྱི་བརྟག་ཞིབ།》ཞེས་པ་ལ་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཕུལ་བྱུང་བྱ་དགའ་ཐོབ། གཞན་ཡང་《ཀྲུང་གོ་བོད་རིག་པ།》དང་《ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ།》སོགས་སུ་བོད་རིག་པའི་ཞིབ་འཇུག་ཐད་ཀྱི་བརྩམས་ཆོས་རྩ་ཆེན་དུ་མ་སྤེལ་བ་དང་།

དམངས་ཁྲོད་ཆེད་མཁས་པ་དང་གླེང་མོལ་གནང་བཞིན་པ། 

        མིག་སྔར་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་ལས་གཞི་རྩ་ཆེན་《བོད་ཡིག་གི་བསྟན་བཅོས་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་གཞི་གྲངས་ཅན་དུ་བསྒྱུར་བའི་ཞིབ་འཇུག》དང་《དེང་རབས་བོད་བརྒྱུད་ནང་བསྟན་གྱི་འཕེལ་རྒྱས་ལོ་རྒྱུས་ཀྱི་ཞིབ་འཇུག》《དཀར་མཛེས་ཁུལ་རྫོང་ཁག་བཅོ་བརྒྱད་ཀྱི་རི་ཆུའི་རིག་གནས་ཡོངས་བཤེར།》སོགས་ལ་གཙོ་སྐྱོང་གནང་བཞིན་མཆིས། །

        མདོར་ན་ཁོང་གིས་རིག་གཞུང་རྒྱུད་སྡེ་རྒྱ་མཚོ་ལ་བརྩོན་འགྲུས་ཀྱི་ལྕག་གིས་བསྐུལ་ནས་ཐོས་བསམ་གང་ལེགས་གནང་བ་དང་། མི་ཚེ་གང་པོར་སློབ་གསོའི་བྱ་གཞག་སྤེལ་ཞིང་སྲོལ་རྒྱུན་དང་དེང་རབས་རིག་གནས་ཀྱི་ལེགས་ཆ་མཐའ་དག་ཆུ་ལ་འོ་མ་བསྲེས་པ་བཞིན་རང་གི་རྒྱུད་ལ་གཅིག་ཏུ་བསྡུས་ཤིང་། རིག་གཞུང་ཞིབ་འཇུག་དང་མི་རིགས་སློབ་གསོ་ལ་མཛད་རྗེས་རླབས་པོ་བགྲང་ལས་འདས་པ་བཞག་དང་འཇོག་བཞིན་པ་ལགས། ཁོང་ནི་མེ་ཏོག་གི་ནང་ནས་ཨུ་དུམ་ཝཱ་ར་དང་ནོར་བུའི་ནང་ནས་དགོས་འདོད་ཀུན་འབྱུང་ལྟར་བོད་ཀྱི་རིག་གནས་པའི་སྡེ་ལས་འོད་ཟེར་འཕྲོ་ཞིང་ལྷང་དུ་བུད་པའི་མཁས་དབང་ཞིག་ཡིན་ལ། བོད་ཀྱི་སློབ་གསོ་འདི་ཉིད་སྒོ་ཀུན་ནས་དབྱར་མཚོ་ལྟར་རྒྱས་པའི་སླད་དུ་ནངས་སྔ་ལངས་དང་དགོང་ཕྱི་ཉལ། གཉིད་ཆག་ཟས་བརྗེད་ཀྱིས་དཀའ་ངལ་དང་སྐུ་ཚེགས་གང་མང་ལས་རྣམ་པར་རྒྱལ་སྟེ་ཇི་སྲིད་དབང་པོ་མ་ཉམས་ཀྱི་བར་དུ་དེ་སྲིད་འབད་འབུངས་གནང་རྒྱུའི་སེམས་འདུན་རྡོ་རྗེ་བྲག་ལྟར་འགྱུར་བ་མེད་ཅིང་། མ་འོངས་པར་རང་ནུས་ཅི་ལྕོགས་ཀྱིས་ཁ་བ་གངས་རིའི་ལྗོངས་ལ་རིག་པའི་མེ་ཏོག་གང་སར་གཏོར་བའི་དགོངས་འཆར་བཞེས་ཡོད། །  

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།