ཨ་སྔགས་ཚེ་རིང་བཀྲ་ཤིས།

[ཟླ་ཚེས། 2016-06-01 11:23:18][རྩོམ་པ་པོ། མུ་བཙན་རྩོམ་སྒྲིག་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

E3C5F5F61420F01671C2C3B64359F30A.jpg 

 ཨ་སྔགས་ཚེ་རིང་བཀྲ་ཤིས་སམ་བརྡ་སྤྲོད་བཏགས་མིང་དུ་སྒྲ་དབྱངས་སྨྲ་བའི་རྡོ་རྗེ་འབོད་པ་ནི་༡༩༧༠ལོར་མདོ་སྨད་ཤར་ཁོག་སྐྱང་སྨད་སྡེ་བའི་གདུང་རུས་ཨ་སྔགས་ཚང་དུ་སྐྱེས། ༡༩༧༨ལོ་ནས་༡༩༨༦ལོའི་བར་དུ་རིམ་བཞིན་ཡུལ་གྲོང་གི་སློབ་ཆུང་དང་རྫོང་གི་སློབ་འབྲིང་དུ་རྒྱ་ཡིག་སློབ་སྦྱོང་བྱས། ༡༩༨༦ལོར། བཅུ་ཕྲག་རིག་གནས་པད་མའི་དཀར་པོའི་ཚལ། །ལྔ་རིག་སློབ་གྲྭ་འཛམ་གླིང་མཛེས་པའི་རྒྱན། །ཞེས་སྐབས་དེར་སྙན་པའི་བ་དན་ལྷབ་ལྷུབ་གཡོས་པའི་སི་ཁྲོན་ཞིང་ཆེན་སྡེ་དགེ་བོད་ཡིག་སློབ་གྲྭར་སོང་སྟེ། བགྲང་བྱ་བཞིའི་རིང་དུ་གཞུང་ལུགས་རབ་འབྱམས་ནང་བྱན་ཆུབ་པའི་ཨ་རི་རྫ་མཁན་ཆེན་པཎ་ཚེ་དང་། མཁན་པོ་དོན་ཚེ། མཁན་པོ་སྨན་ལྷ། དགེ་བཤེས་བློ་བཟང་དོན་གྲུབ། མི་ཉག་བུ་ཕྲུག མཆོག་སྤྲུལ་ཡེ་ཤེས་དར་རྒྱས། མཆོག་སྤྲུལ་རྡོ་རྗེ་དགྲ་འདུལ། མཁན་པད་མ་རྒྱལ་མཚན་སོགས་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་མང་པོའི་ཞབས་པད་གཙུག་ཏུ་བསྟེན་ཏེ་གངས་ཅན་བོད་ཀྱི་སྒྲ་ཚད་བཟོ་དང་ནང་རིག་བཅས་རིག་གནས་ཆེ་བ་དང་། སྙན་ངག་མངོན་བརྗོད་སྐར་རྩིས་སྡེབ་སྦྱོར་སོགས་རིག་གནས་ཆུང་བ་རྣམས་ལ་རང་གི་བློ་ཡིས་ཅི་ལྕོགས་ཀྱིས་སྦྱོང་བརྩོན་བྱས། ༡༩༩༠ལོར་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་སུ་ལས་བགོས་བྱས་ཏེ་ལོ་བཞིའི་རིང་རྒྱ་བོད་ཡིག་སྒྱུར་གྱི་ལས་དོན་གཉེར། ༡༩༩༢ལོ་ནས་༡༩༩༣ལོར་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སུ་གནས་སྐབས་ལས་སྤོར་བྱས་ཏེ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་བསྟན་འགྱུར་དཔེ་བསྡུར་གྱི་ལས་ཀ་བསྒྲུབས། ༡༩༩༤ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མའི་རྒྱུགས་འཕྲོད་ནས་རིག་པའི་འབྱུང་གནས་གང་དེར་སོང་སྟེ། ལོ་གསུམ་གྱི་རིང་མཁས་པའི་ཁྱུ་མཆོག་དོར་ཞི་གདོང་དྲུག་སྙེམས་བློ་ཚང་དང་བརྡ་སྤྲོད་སྨྲ་བའི་དབང་པོ་དཔའ་རིས་སངས་རྒྱས། ལོ་རྒྱུས་མཁས་ཅན་གཉའ་གོང་དཀོན་མཆོག་ཚེ་བརྟན་སོགས་བསྟེན་ཏེ་སློབ་གྲྭ་དེ་གའི་ཞིབ་འཇུག་སློབ་མའི་སྦྱང་ཚན་འབད་འབུངས་བྱས། ༡༩༩༧ལོར་དགེ་བའི་བཤེས་གཉེན་དོར་ཞི་རིན་པོ་ཆེ་ཚང་རང་གི་དཔྱད་རྩོམ་མཛུབ་སྟོན་གྱི་སློབ་དཔོན་དུ་བསྐོས་པ་ལྟར་དམ་པ་གང་གི་སློབ་སྟོན་ལ་བརྟེན་ཏེ་གངས་ཅན་བོད་ཀྱི་ནང་བསྟན་སྙན་ངག་གི་བྱུང་འཕེལ་དང་རྩོམ་གཤིས་སྐོར་གྱི་དཔྱད་པ་འོད་སྣང་འདྲེན་པའི་སྐྱ་རེངས་ཞེས་པའི་མཐར་ཕྱིན་དཔྱད་རྩོམ་བྲིས་ཏེ་དམ་བཅའ་བཞག་ཅིང་རྩོམ་རིག་ཐད་ཀྱི་རབ་འབྱམས་པའི་ཐོབ་ཐང་བླངས། ༡༩༩༧ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དུ་ལས་བགོས་བྱས། ལས་ཁུངས་དེ་ནས་ད་བར་མི་ལོ་ཉི་ཤུ་ལ་ཉེ་བའི་རིང་དུ། ས་དགེ་བཀའ་རྙིང་ཇོ་ནང་བོན་དང་བཅས་པ་གྲུབ་མཐའ་རིས་སུ་མ་ཆད་པའི་ཚད་ལྡན་གཞུང་ལུགས་དང་བཀའ་འབུམ་གང་མང་དཔེ་སྐྲུན་བྱས་ཏེ་བོད་ཀྱི་རིག་གཞུང་ཉམས་པ་སོར་ཆུད་དང་མ་ཉམས་གོང་དུ་འཕེལ་བར་སྲི་ཞུ་བསྒྲུབས་པ་མ་ཟད་རྒྱལ་བསྟན་རིས་མེད་ཀྱི་གསུང་རབ་དཔེ་བསྐྲུན་གནང་བའི་རྣམ་དཀར་དགེ་བ་གང་ཞིག་འབད་པར་བསྒྲུབས་པའི་ལེགས་འབྲས་སུ་དེང་ཡང་དཔེ་སྐྲུན་ཁང་གི་གཙོ་འཛིན་གྱི་འགན་ཁུར་ཞིང་། སྤྱི་ཁྱབ་རྩོམ་སྒྲིག་པ། རྩོམ་སྒྲིག་ཞུས་ཆེན་པ། རྒྱལ་ཡོངས་དཔེ་སྐྲུན་ལས་རིགས་ཀྱི་རུ་འདྲེན་མི་སྣ། སི་ཁྲོན་ཞིང་ཆེན་སྐབས་བརྒྱད་པའི་རིག་གཞུང་དང་ལག་རྩལ་ཐད་ཀྱི་དབུ་ཁྲིད་མི་སྣ་སོགས་ཀྱི་མཚན་སྙན་བཞེས་བཞིན་པ་དང་། ༡༩༩༨ལོ་ནས་བཟུང་རྩོམ་ཡིག་འབྲི་མགོ་བརྩམས་ཏེ་ད་ལྟའི་བར་དུ་སྙན་རྩོམ། འབོལ་རྩོམ། རིག་གཞུང་དཔྱད་རྩོམ་སོགས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་རྒྱལ་ནང་གི་དུས་དེབ་དང་ཚགས་ཤོག་ཁག་ཏུ་རྩོམ་སྣ་བཅུ་ཕྲག་གསུམ་ལྷག་སྤེལ་མྱོང་ལ། མཁས་དབང་དགེ་འདུན་ཆོས་འཕེལ་སྐོར་ལ་ཞིབ་འཇུག་བྱས་པའི་དཔེ་དེབ་སོགས་སྒེར་ངོས་ཀྱི་བརྩམས་ཆོས་བཞི་ཡང་དཔེ་སྐྲུན་བྱས་ཡོད། དེ་ལས་དགེ་འདུན་ཆོས་འཕེལ་སྐོར་གྱི་དཔྱད་པ་ཞེས་པའི་བརྩམས་ཆོས་ཀྱིས་ཀྲུང་གོའི་བོད་རིག་པའི་བྱ་དགའ་མཐོ་ཤོས་ཏེ་ཇོ་མོ་གླང་མ་ཞེས་པའི་བྱ་དགའ་ལེན་མྱོང་བ་དང་། དེང་ཡང་རྒྱལ་ཁབ་རིམ་པའི་ལས་གཞི་སྟེ་དེབ་བརྒྱ་ཡི་བདག་ཉིད་ཅན་གྱི་དཔེ་ཚོགས་བོད་ཀྱི་མཛེས་རིས་ཀུན་བཏུས་ཞེས་པ་དང་ཀྲུང་ཧྭ་རིག་མཛོད་ལས་བོན་ཕྱོགས་ཀྱི་རྒྱལ་བའི་གསུང་རབ་ཆེན་མོ་སོགས་ཀྱི་ལས་གཞི་རྣམ་གྲངས་གཙོ་སྐྱོང་བྱེད་མུས་སུ་ལགས་སོ། །

༢༠༡༥ལོའི་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོ་སྤྱི་དེབ་དགུ་བ་ལས་བཤུས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།