སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན།
[ཟླ་ཚེས། 2014-01-05 01:56:48][རྩོམ་པ་པོ། ནོར་བུ་ཚེ་རིང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་ངོ་སྤྲོད་མདོར་བསྡུས།
སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་ནི་སྤྱི་ལོ1961ལོར་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ཉེ་འགྲམ་ཆབ་ཆ་རྫོང་གི་མངའ་ཁོངས་ཨེར་ཏིའི་ས་ཆར་དམ་པ་ཁྱུང་གི་རུས་ལ་འཁྲུངས། སྐྱེས་མིང་ལ་བསོད་ནམས་བཀྲ་ཤིས་སུ་འབོད། བྱིས་པའི་དུས་སུ་ཁྱིམ་ལ་ངལ་རྩོལ་ལས་མི་དཀོན་པའི་རྐྱེན་གྱིས་སློབ་གྲྭར་མ་སྐྱེལ་ཡང་ཡི་གེ་ཀ ཨ མ ཀྲ ཤི ས ཆ་སོགས་སྐྱེ་བ་སྔོན་མའི་བག་ཆགས་སད་དེ་མ་བསླབ་རང་བརྡོལ་དུ་མཁྱེན་པ་དང༌། དགུང་ལོ་བརྒྱད་ཀྱི་སྟེང་ཞང་བོ་པདྨ་དོན་གྲུབ་ཀྱི་མདུན་ནས་གསལ་བྱེད་སུམ་ཅུ་དང་མགོ་འདོགས་བརྩེགས་གསུམ་སོགས་གཙོ་བོ་རང་སྦྱོང་ལ་བརྟེན་ནས་རིམ་པར་བསླབས་ཏེ་ཚེགས་མེད་དུ་མཁྱེན། རང་ལོ་བཅུ་གཅིག་སྟེང་རིགས་ཀྱི་ཞང་བོ་དགེ་སློང་བསྟན་འཛིན་དབང་རྒྱལ་མཆོག་གི་མདུན་ནས་བསང་གསོལ་དང་ཀུན་བཟང༌། ཨ་གསས་སོགས་བོན་སྤྱོད་ཕྱག་ལེན་ཡོངས་རྫོགས་བསླབས། རང་ལོ་བཅུ་གཉིས་ཙམ་ནས་ཐོན་སྐྱེད་ངལ་རྩོལ་གྱི་ལས་སུ་ཞུགས། ཆུང་དུས་སུ་ཁོང་ཉིད་མི་གཉོམ་ཆུང་ཞིག་ཡིན་པས་ཉིན་རེར་ངལ་རྩོལ་ལ་ཞུགས་ནས་རང་གིས་ནུས་ཚོད་ཀྱིས་བྱ་བ་བསྒྲུབས་པ་ལས་གཡོ་སྒྱུ་སོགས་གཏན་ནས་མི་བྱེད་པར་མི་ཐམས་ཅད་དགའ་བའི་གཏམ་དང་ཀུ་རེ་བཤད་པར་མཁས་ཤིང་ལུས་ཀྱིས་རྩེད་མཚར་སྣ་ཚོགས་སྟོན་རྒྱུར་དགའ་པས། རྒན་གཞོན་སུ་ཞིག་ཡིན་རུང་བློར་འབབ་ཅིང་འདང་ཆེ་ལ། བྱིས་པ་ཡ་རབས་ཅན་ཞེས་ཀུན་ཀྱིས་བསྔགས། རང་ལོ་བཅུ་དྲུག་སྟེང་མདོ་སྨད་སྣང་ཞིག་དགེ་བཤེས་གཡུང་དྲུང་བློ་གསལ་གྱི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་བཞེས། རང་ལོ་བཅུ་དགུའི་སྟེང་ཁྱིམ་ནས་བྲོས་སྟབས་ཀྱིས་རེབ་གོང་གསེར་མོ་ལྗོངས་སུ་བཞུགས་པའི་གྲུབ་དབང་བོན་བརྒྱ་རིན་པོ་ཆེའི་སྐུ་མདུན་དུ་འབྱོར་སྐབས་དུང་འབུད་པ་དང་འཁེལ་བས་རྟེན་འབྲེལ་ལེགས་པར་འགྲིག་གསུངས། ཉིན་དེ་ནས་བཟུང་ཁོང་གི་སྐུ་མདུན་ནས་འདུག་ཏུ་བཅུག་སྟེ་ལེགས་པར་རྗེས་སུ་བཟུང༌། ཡིན་ཡང་དུས་དེར་དགོན་པའི་འདུ་ཁང་གསར་བཞེངས་ཀྱི་སྐབས་ཡིན་སྟབས་ཁོང་གིས་ཤིང་བཟོ་རྣམས་ལ་ཟས་སྐོལ་ཆུ་ལེན་དང༌། ས་འཁུར་གྱང་བརྡུང་རྡོ་བརྩིགས་སོགས་ཀྱི་ལས་ཀར་ཞུགས་ཀྱང་ཁོང་གིས་དེ་དག་ཐམས་ཅད་ཀྱང་དཀའ་ཚེགས་དང་ངལ་བ་ཞིག་ལ་མ་བསམ་པར་རང་གི་ཚོགས་བསགས་ཤིག་ལ་དམིགས་ཏེ་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་བཏང་ལྷོད་མེད་པར་ལས་ཀ་ཡང་དག་ཅིག་བསྒྲུབས་པ་ཡིན་གསུངས། ལས་ཀའི་ཞོར་ནས་ཡི་གེའི་འབྲི་སྟངས་དང་ཁྲིད་ཡིག་དམར་མོའི་མཛུབ་ཚུགས། སུམ་རྟགས་དག་གསུམ་སོགས་རིག་གནས་ཐམས་ཅད་སྦྱངས། རང་ལོ་ཉེར་ལྔའི་སྟེང་སྣང་ཞིག་དགོན་དུ་ཕེབས་ཏེ་སྣང་ཞིག་རྒྱལ་ཚབ་བསྟན་འཛིན་དབང་རྒྱལ་གྱི་མདུན་ནས་ལོ་གསུམ་སྒྲུབ་གྲྭར་བཞུགས། དེའི་སྐབས་སུ་ཁོང་གིས་རྗེའི་ས་ལམ་རྩ་འགྲེལ་གཉིས་སྣང་ཞིག་དགོན་པའི་ཚོགས་གྲལ་ནས་བློ་རྒྱུགས་ཀྱང་ཕུལ། དགེ་བཤེས་ནམ་མཁའ་ཚང་གི་མདུན་ནས་ས་ལམ་གྱི་ཁྲིད་ལུང་ཞུས། གཞན་ཡོངས་འཛིན་བསྟན་འཛིན་ཡེ་ཤེས་གྱི་མདུན་ནས་འདུལ་བ་མདོ་སྡེའི་ཁྲིད་དང༌། སྣང་ཞིག་མཁན་ཟུར་ཨ་ཁུ་རྒྱལ་མཚན་གྱི་མདུན་ནས་གཞུང་ལུགས་དང་གསུང་རྒྱུན་མང་དུ་གསན། དགོན་བྱ་འཕུར་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེའི་མདུན་ནས་སྟག་ལའི་དབང་གནང༌། སྨན་རིའི་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེའི་མདུན་ནས་སྨྲ་སེང་ཚེ་སྒྲུབ་ཀྱི་དབང་དང་རྗེའི་ས་ལམ་གྱི་ལུང༌། བརྡ་སྤྲོད་ཉི་ཤུ་བདུན་པའི་ལུང་སོགས་ཞལ་གདམས་མང་དུ་གསན། སྨན་རི་མཁན་རབས་སོ་གསུམ་པ་བསྟན་པའི་ཉི་མ་རིན་པོ་ཆེའི་མདུན་ནས་སྙིང་པོ་གསལ་བ་དགུ་འཛབ་ཀྱི་ལུང་དང་ཞལ་གདམས་དུ་མར་གསན། རང་ལོ་ཉེར་དགུའི་སྟེང་ཕྱིར་རང་དགོན་དུ་འབྱོར་ཞིང༌། སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེ་ནས་རང་གི་བླ་མ་སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོའི་སྤྲུལ་སྐུར་ཐུགས་ཐག་བཅད། རང་ལོ་སུམ་ཅུའི་སྟེང་བོན་བརྒྱ་དགོན་ནས་ལོ་གསུམ་སྒྲུབ་གྲྭར་བཞུགས། དེའི་རིང་དུ་སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེ་ནས་མདོ་སྔགས་རྫོགས་གསུམ་གྱི་དབང་ལུང་ཁྲིད་གསུམ་མང་དུ་གནང་བ་མ་ཟད། ཁོང་ལ་རྒྱལ་ཐེབས་སྤྱི་བླུགས་ཀྱི་དབང་ཡང་རྫོགས་པར་བསྩལ། ལོ་གསུམ་སྒྲུབ་གྲྭ་ནས་ལེགས་པར་ཐོན་རྗེས་ཁོང་ཉིད་རྒྱུན་དུ་མཚོ་སྔོན་པོ་ས་ཁུལ་དང་མཚོ་བྱང༌། ཟི་ལིང༌། རེ་གོང་སོགས་སུ་ཕེབས་ནས་དད་ལྡན་མང་པོ་དབང་ལུང་ཁྲིད་གསུམ་གྱིས་རྗེས་སུ་བསྐྱངས་པ་མ་ཟད། ཀན་ལྷོའི་ཐེ་བོ་དང་མཛོར་དགེའི་མདའ་ཆེན། གཟི་ཚ་སྡེ་དགུ་སོགས་སུ་ཡང་ཡང་དུ་ཕེབས་ནས་གདུལ་བྱ་རྣམས་བོན་གྱི་སྐྱབས་འོག་ཏུ་བཅུག་རྒྱ་ནང་དུའང་གྲོང་ཁྱེར་ཧྲིན་དབྱང་དང་ཁྲིན་ཏུའུ། ལན་ཀྲུའུ་སོགས་སུ་་རྒྱུན་དུ་ཕེབས་ཏེ་གཡུང་དྲུང་བོན་གྱི་བསྟན་པའི་ས་བོན་རྒྱ་མི་དད་ལྡན་མང་པོའི་རྒྱུད་ལ་སྤེལ་དང་སྤེལ་བཞིན་ཡོད། གནས་གང་ལ་ཕེབས་ཤིང་བཞུགས་ཀྱང་རང་དོན་དུ་སྒྲུབ་པ་ཉམས་ལེན་ཆུ་བོ་བཞིན་རྒྱུན་བསྐྱངས་ཤིང། བྱ་སྤྱོད་ཐམས་ཅད་ཞུ་དུལ་གུས་ཆུང་གི་ངང་དུ་གནས་དེར་དད་ལྡན་རེ་གཉིས་ལས་མེད་ཀྱངདཀའ་ཚེགས་ལ་མི་འཛེམ་པར་སྔོན་འགྲོ་དང་ལམ་རིམ་རྒྱས་བསྡུས་ཅི་རིགས་ཀྱི་དཔེ་ཁྲིད་གནང་བ་དང༌། སྐྱེ་ཕོ་མོ་རྒན་གཞོན་ཀུན་ལ་རང་རང་གང་འདོད་ཀྱི་ལུང་འདོན་པ་དང་རྟག་ཏུ་དགེ་སྒྲུབ་སྡིག་སྤང་གི་བསླབ་བྱ་སྣ་ཚོགས་སྐྱེ་ཆེན་དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་དང་སྦྱར་ནས་ཀུན་གྱི་རྣ་ལ་ཉན་སྤྲོ་ཞིང་བསམ་ན་དད་པའི་སྤུ་ལོང་གཡོ་བ་སྟེ་སྒྱུ་རྩལ་གྱི་ཐབས་ལ་བརྟེན་ནས་གསུང་གནང་ནས་དུས་འདའ་བ་ནི་དམ་པ་ཁོང་གི་རྣམ་ཐར་ཉག་ཅིག་ཡིན་ནོ། །
གསུང་རྩོམ་ལའང༌། གཡུང་དྲུང་བོན་གྱི་སྐྱེས་ཆེན་དམ་པ་གང་མང་ཞིག་གི་རྣམ་ཐར་སོགས《མཚོ་སྔོན་སློབ་གསོ》དུས་དེབ་སྟེང་དུ་ཕུད་ཡོད་པ་དང༌། དེ་དག་ཐམས་ཅད་ཕྱོགས་བསྒྲིགས་དང་ཁ་སྣོན་བྱས་ཏེ་བོན་གྱི་ལོ་རྒྱུས་མི་སྣ་ངོ་སྤྲོད་ཀྱི་དཔེ་དེབ་ཅིག་ད་ལྟ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱེད་བཞིན་ཡོད།