མཁན་པོ་དགའ་བཟོད་པ་རྒྱ་མཚོ།

[ཟླ་ཚེས། 2026-03-15 10:02:35][རྩོམ་པ་པོ། འཕན་འོ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


མཁན་པོ་དགའ་བཟོད་པ་རྒྱ་མཚོ།

  རང་ལོ་བཅོ་ལྔའི་སྟེང་དེར་སྐྱང་ཚང་ཁ་མའི་དཀར་མོ་རི་ཁྲོད་དུ་དགེན་ལགས་བརྩོན་འགྲུས་རྒྱ་མཚོའི་མདུན་ནས་སུམ་རྟགས་སོགས་ཐོག་མར་སྦྱོང་བའི་དགུན་དཀྱིལ་ཁ་བ་འདབ་མ་ཐར་ཐོར་འབབ་པའི་ཉིན་གུང་ཞིག་ལ། ཨ་ཁུ་བཟོད་པ་ལགས་དེར་བྱོན་ནས་ཐེངས་དང་བོར་མཇལ་བ་ཡིན། སྐབས་དེར་ཁོང་གིས་ཐེར་གཤམ་སྤུས་དག་ཅིག་གི་སྟེང་ལ་ཕྲུག་གཟན་སོ་མ་ཞིག་བསྣམས་ཡོད་པ་མ་ཟད་ཁ་ཐུམ་དཀར་པོ་ཞིག་ཀྱང་བརྒྱབ་ཡོད། ཕྱག་ཏུ་པོ་ཏི་མདའ་ཚན་མ་དཔེ་ཐུམ་དམར་སེར་ཅན་ཞིག་ཀྱང་བཟུང་འདུག ངའི་སེམས་ལ་ཨ་ཁུ་ཧ་ཅང་གཙང་མ་སྐུ་སྟོབས་ཆེ་བཞིན་གཟི་བརྗིད་ལྡན་པ་ཞིག་རེད་སྙམས་བྱུང་། རིམ་གྱིས་དགེན་ལགས་བརྩོན་འགྲུས་ནས་ཁོང་གིས་བསླབ་པ་སློབ་གཉེར་དང་སྒྲུབ་པ་ཉམས་ལེན་སོགས་ཀྱི་གལ་ཆེའི་ལོ་རྒྱས་རེ་ཤས་ཤིག་ཕྲན་ལ་བཤད་གནང་བྱུང་བས། དེ་ནས་ཨ་ཁུ་བཟོད་པ་ཁོང་ལ་ངང་ངམ་ཤུགས་ཀྱིས་འཇིགས་སྣང་ཞིག་དང་དད་མོས་ཤིག་ལྷན་གཅིག་ཏུ་སྐྱེས་པའི་ཚོར་བ་ངར་མ་ཞིག་ཀྱང་མཆེད་བྱུང་།

  དེའི་ཕྱི་ལོར་དགེན་ལགས་བརྩོན་འགྲུས་མུན་མཚམས་ཞེ་དགུར་བཞུགས་སྐབས་ཁོང་བདུན་ཕྲག་རེའི་སྣེ་རུ་ཕེབས་ཏེ་མུན་ཁྲིད་གནང་དགོས། དུས་སྐབས་དེ་དག་དང་བསྟུན་ནས་ཁོང་ལ་ཐུག་འཕྲད་ཀྱི་མཇལ་ཁ་ཙམ་རེ་གནང་བའི་སྐལ་བ་བྱུང་། ངའི་སེམས་ལ་ནམ་ཞིག་ལ་ཁོང་གི་མདུན་ནས་དཔེ་ཆ་རེའི་ཁྲིད་རྒྱུན་འཐོབ་ན་སྙམ་པའི་སེམས་འདུན་སྐོམ་པ་ཆུ་གདུང་གི་ཚུལ་དུ་ཤུགས་དད་དྲག་པོ་ཞིག་ངང་གིས་སྐྱེས་བྱུང་།

  ཕྱིས་སུ་ཁོང་གིས་དཀར་མོ་རི་ཁྲོད་དུ་སྐབས་བདུན་པའི་སྒྲུབ་གྲྭ་ཁྲིད་སྐབས། ཕྲན་རྔ་བ་སྣང་ཞིག་དགོན་ནས་ཆེད་དུ་ཕྱིར་ཡོང་ནས་དེར་ལོ་གསུམ་བཅད་མཚམས་ལ་སྡོད་པ་ཡིན། དེར་ཁོང་དངོས་སུ་རྩ་བའི་བླ་མ་གཙུག་གི་ནོར་བུར་བསྟེན་ནས་ཀུན་མཁྱེན་ཤར་རྫ་བའི་ལུགས་ཀྱི་སྔོན་འགྲོ་དངོས་གཞི། འཕོ་ཁྲིད་བཅུད་ལེན། རིགས་དྲུག་རང་སྦྱོང་། རྩྭ་རླུང་འཕྲུལ་འཁོར། ཨ་སྙན་རྫོགས་གསུམ། ལྷག་པར་མཛོད་ཆེན་སྡེ་ལྔ་སོགས་ལ་ཐོས་བསམ་སྒོམ་སྒྲུབ་བྱེད་ཞོར་སུམ་རྟགས་དག་གསུམ་དང་སྙན་ངག་ལོ་རྒྱུས་དག་ལ་སྦྱངས་བརྩོན་བྱས།

  ཨ་ཁུ་བཟོད་པ་ཁོང་ནི་ལས་ལ་ནན་ཏན་ཆེ་བཞིན་ཞིབ་ཚགས་ལྡན་པ་ཞིག་ཡིན། རྒྱུན་པར་ཞལ་མཆོད་ཡང་དུས་ཚོད་ལྟར་ཉུང་གཙང་ཞིག་རོལ་བཞིན་སྦྱིན་པ་རྣམ་བཞི་དང་ཁ་ཏོན་དགེ་སྦྱོར་སོགས་ཉིན་ལྟར་ཆགས་མེད་མཛད། ལྷག་པར་གནའ་དེང་གི་གཞུང་ལུགས་དང་རྩོམ་རིག་ལོ་རྒྱུས་དག་ལ་ཞིབ་འཇུག་ཆེ་ཞིང་ཐུགས་དཀྱུས་ཡངས་བའི་ཕྱོགས་དང་རིས་སུ་མ་ལྷུང་བའི་ངེས་དོན་གྱི་མཁས་པ་ཞིག་ཀྱང་ཡིན།

  ཁོང་ནི་བོད་རབ་བྱུང་བཅུ་དྲུག་པའི་མེ་ཕག་ལོ་སྟེ་སྤྱི་ལོ་༡༩༤༧་ལོར་མདོ་ཁམས་སྨད་ཀྱི་ཆར་མཛོད་དགེའི་རོང་འཕན་ཆུ་ཤོག་བདུན་ཟེར་བའི་ནང་གསེས་བབ་བཟོ་འོ་མཚོ་ཐང་ཞེས་པའི་གཡང་སྡེར་འབྲུ་ཡི་རུས་རིགས་མགའ་ར་ཚང་དུ་འབོད་པའི་ཁྱིམ་རྒྱུད་ཅིག་ཏུ་འཁྲུངས། དགུང་ལོ་བཅུར་ཞང་པོ་སྐལ་བཟང་ཚུལ་ཁྲིམས་མདུན་ནས་འདོན་ཀློག་སྦྱངས། བཅུ་གཉིས་ཐོག་དམངས་གཙོ་བཅོས་བསྒྱུར་གྱི་དུས་འགྱུར་ཀློང་ནས་ཞིང་ཕྱུགས་ངལ་རྩོལ་ལ་ཞུགས་ནས་ལོ་འཁོར་བཅུ་ཙམ་འདས། ཉེར་གསུམ་སྟེང་དགེན་ཀུན་བཟང་ཚེ་རིང་དྲུང་ནས་སུམ་རྟགས་དག་གསུམ་དང་སྨན་རྩིས་མན་ངག་ཉེ་མཁོའི་རིགས་འགའ་ལ་གསན་སྦྱངས་མཛད་ནས་ཕྱུགས་བཅོས་སྨན་པའི་ལས་འགན་བཞེས། དགུང་ལོ་ཉེར་དྲུག་ལ་ལྷ་མོ་ལྔ་བདུན་སློབ་གྲྭར་ཞུགས།

  སྤྱི་ལོ་༡༩༨༢ལོར་རྔ་བ་སྣང་ཞིག་དགོན་དུ་བྱ་འཕུར་ཤེས་རབ་བློ་ལྡན་དང་དགེ་བཤེས་བསྟན་འཛིན་ཡེ་ཤེས་སོགས་ཀྱི་མདུན་ནས་རབ་ཏུ་བྱུང་ནས་མཚན་ལ་བཟོད་པ་རྒྱ་མཚོ་ཞེས་གསོལ། དེའི་ཕྱི་ལོར་བསམ་འགྲུབ་དགོན་གྱི་མཁན་པོ་བསྟན་འཛིན་ཉི་མ་གང་གི་མདུན་སར་ལོ་གསུམ་གྱི་བཅད་མཚམས་སུ་ཞུགས་ནས་ཀུན་མཁྱེན་ཤར་རྫ་བ་མཆོག་གི་བཀའ་རྟེན་མཛོད་ཆེན་ལྔ་སོགས་ལ་ཐོས་བསམ་ཉམས་ལེན་གྱི་རྒྱུན་ལྷོད་མེད་མཛད། དེ་མིན་མཆོག་སྤྲུལ་དྲི་མེད་འོད་ཟེར་དང་མཁས་གྲུབ་དཔལ་བཟང་སོགས་མཁན་བླ་སྤྲུལ་དུ་མའི་མདུན་ནས་དབང་ལུང་མན་ངག་སོགས་གྱི་གདམས་པ་མང་དུ་ཐོབ།

  སྤྱི་ལོ་༡༩༨༦ལོར་མཁན་བསྟན་འཛིན་ཉི་མ་མཆོག་གི་རྒྱལ་ཚབ་ཏུ་བསྐོས་ནས་མདའ་ཆེན་དཀར་མོ་རི་ཁྲོད་དུ་སྒྲུབ་གྲྭའི་མཁན་པོ་མཛད། དེར་ལོ་གསུམ་མཐར་ཕྱིན་པའི་སྒྲུབ་ཐོན་པ་བརྒྱ་ཕྲག་ཉེ་བ་ཞིག་སྐྱེ་བསྲངས་གནང་། ཕྱིས་སུ་འདོད་དགུ་གཡུང་དྲུང་ཇོ་མོ་དགོན་གསར་དུ་བཏབ་ནས། དེའི་ཕྱི་ཡི་ལྕགས་རི་དང་སྐོར་ལམ། ནང་འདུ་ཁང་དང་ལྷ་རྟེན་མཆོད་གསུམ་སོགས་ཡོངས་སུ་གསར་བཞེངས་གནང་བ་མ་ཟད། དགེ་ལ་འདུན་པའི་ཇོ་བཙུན་བཞི་བཅུའི་ཡན་ཞིག་ལ་གཞི་ཚུལ་ཁྲིམས་གཙང་མ། ལམ་བསླབ་པ་སློབ་གཉེར། འབྲས་བུ་བྱང་ཆུབ་སེམས་བསྐྱེད་སོགས་རྣམ་དཀར་དགེ་བའི་ལམ་བཟང་མ་ནོར་ཡོངས་སུ་གདམས་པར་མཛད།

  དེ་ལྟར་རང་དོན་དུ་ཐོས་བསམ་སྒོམ་སྒྲུབ། གཞན་དོན་དུ་འཆད་ཁྲིད་རྩོམ་པ་སོགས་མཛད་ཞོར། གསུང་གི་མཛད་པ་ཡང་རྣམ་ཐར་རྟོགས་བརྗོད་སྐོར། དགོན་སྡེའི་བྱུང་རབས་སྐོར། ས་གནས་ལོ་རྒྱུས་སྐོར། ཐ་སྙད་རིག་གནས་སྐོར། རྩོམ་ཐུང་ཕྱོགས་བཏུས་སྐོར་སོགས་པོ་ཏི་ཆེན་པོ་ལྔ་ཙམ་ཕྱི་རབས་སྐལ་ལྡན་རྣམ་ལ་རིག་པའི་ལེགས་སྐྱེས་སུ་བཏེགས་ཡོད། དེས་བབ་བཟོ་ལུང་བའི་སེར་སྐྱ་ཀུན་ལ་སྔར་མེད་རིན་ཆེན་རིག་མཛོད་ཀྱི་ནོར་བུ་གསར་བའི་ལེགས་སྐྱེས་ཞིག་ཕུལ་བ་འདི་ལ་བཀའ་དྲིན་གཞལ་དུ་མེད།

  དེ་མིན་ས་གནས་དད་ལྡན་མང་ཚོགས་ཡོངས་ལ་སྔོན་འགྲོ་དང་དངོས་གཞི། ལོ་རྒྱུས་སོགས་ལོ་རེ་རྒྱུན་བསྐྱངས་ནས་དུས་ལྟར་ཁྲིད་གནང་མཛད། མདོར་ན་ཁོང་ནི་རྒྱུན་དུ་དམན་ས་འཛིན་པའི་ངེས་དོན་གྱི་རྣལ་འབྱོར་བ་ཞིག་ལགས་ཏེ་ཁྲི་མཐོན་པོ་དང་རྫིག་པོའི་སྟེང་དུ་བཞུགས་མ་མྱོང་ལ། མཚམས་ཁང་གྲུ་བཞི་མ་ཆུང་ངུ་ཙམ་ལ་མི་ཚེ་ཕྱིན་ནས་བླ་བྲང་ཆེན་པོ་དང་བརྗིད་པོའི་ནང་དུའང་བཞུགས་མྱོང་མེད། དེ་བས་རླངས་འཁོར་གོང་ཆེན་ཉོ་བ་དང་། མི་ཆེན་དཔོན་ཆེན་དག་ལ་ངོ་དགའི་འབྲེལ་འདྲིས་སོགས་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་སོང་བའི་ཁ་གསག་དང་བཅོས་མའི་ཟློས་གར་དག་གི་ནག་ནོག་གི་དྲི་མས་མ་འགོར་པའི་ངེས་པ་དོན་གྱིས་དམ་པའི་སྐྱེས་བུ་ཞིག་ཡིན།

  ད་ལོ་བསྐལ་བ་མེ་ཕོ་རྟ་ཡི་ལོ་འདི་ལ་མཁན་པོ་ཚང་སྐུ་ཡི་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐལ་བཟང་གི་དུས་སྟོན་འདི་དང་བསྟུན་ནས་འདི་ཙམ་ཞིག་སྒྲོ་འདོགས་དང་ཟུར་བསྟོད། ཟོལ་སྦྱོར་དང་ངོ་དགའི་ལྷད་མ་འདྲེས་པར་བདེན་པའི་ལམ་ནས་གསོང་པོར་སྨྲ་འདིས་ཁོང་གི་སྐུ་ཚེ་བསྐལ་བར་བརྟན་ཞིང་མཛད་ཕྲིན་སྲིད་མཐར་ཁྱབ་པའི་བཀྲ་ཤིས་སྨོན་འདུན་གཙང་མ་ཞིག་གི་དོད་དང་དྲི་མེད་ལྷ་རྫས་དཀར་པོ་ཞིག་གི་ཚུལ་དུ་སློབ་ཐ་བ་འཕན་འོ་མཚོ་ཞེས་འབོད་པ་གང་དེས་གཟའ་སྐར་དགེ་བའི་ཉིན་ལ་གུས་བཏེགས་སོ།།

  སླར་སྨྲས་པ། ཀ་བ་ཡོད་མེད་རྩོད་པའི་ཀུན་སློང་མེད།།  ཁ་ཏོན་གྲངས་འབུངས་བརྩེགས་པའི་ངོམ་ཆོས་མེད།། ག་ལེར་འཁྱམ་མྱུལ་རྒྱུ་བའི་རྒྱ་ཡན་མེད།། ང་ཡི་བླ་མ་མེད་པ་གསུམ་ལྡན་ཡིན།། ཅ་ཅོའི་ངག་འཁྱལ་འཐེན་པའི་བྱུང་རྒྱལ་མེད།། ཆ་ལུགས་ཡ་མིན་སྤྱོད་པའི་གཡམ་རྒྱུག་མེད།། ཇ་ཆང་བག་མེད་རོལ་བའི་ལོ་རྒྱུས་མེད།། ཉ་ཉོག་དེ་གསུམ་བྲལ་བའི་མཁས་པ་ཡིན།། ཏ་ལེ་མཛེས་དགུར་བཅོས་པའི་ཚུལ་འཆོས་མེད།། ཐ་དད་གྲུབ་མཐའ་དཀྲུག་པའི་རྣམ་རྟོག་མེད།། ད་ལྟའི་ཚན་རིག་འགོག་པའི་མཁྲེགས་འཛིན་མེད།། ན་ཚ་དེ་གསུམ་དབེན་པའི་བཙུན་པ་ཡིན།། པ་ཏྲའི་རིས་ལྟར་ཀུན་དཀྲིས་འཁྲུལ་སྣང་མེད།། ཕ་རོལ་གཞན་ལ་བརྣག་པའི་སེམས་འདུན་མེད།། བ་མོར་ཉི་རྩེ་ཕོག་བཞིན་ཁྲལ་ཁྲུལ་མེད།། མ་རུང་དེ་གསུམ་སྤོང་པའི་བཟང་པོ་ཡིན།། ཙ་མ་ར་བཞིན་གྱོང་པོའི་རང་གཤིས་མེད།། ཚ་བོ་ཚ་མོས་སྐོར་བའི་འདུ་འཛི་མེད།། ཛ་དྲག་གཏུམ་སྦྱོར་ལས་ལ་མགུ་བ་མེད།། ཝ་ཝོར་དེ་གསུམ་འདོར་བའི་རྣལ་འབྱོར་ཡིན།། ཞ་ལོང་འོན་ལྐུག་རིགས་ལ་ཟུར་ཟ་མེད།། ཟ་ཟིའི་སྟོན་མོ་ཙམ་ལ་ཆགས་ཞེན་མེད།། འ་འུར་འདུ་ལོང་ཕྱོགས་ལ་འཁྲེང་སེམས་མེད།། ཡ་ཡོ་དེ་གསུམ་མེད་པའི་དྲང་སྲོང་ཡིན།། ར་རིའི་སྐྱོན་གྱིས་འཚེ་བའི་ཉེན་པ་མེད།། ལ་ལུང་ཡར་མར་ལབ་པའི་ལྗགས་རྩལ་མེད།། ཤ་ཐང་རུས་འབད་ལོ་ཕྱིར་སྩོལ་སྒྲུབ་མེད།། ས་ལམ་དེ་གསུམ་སངས་བའི་བྱ་བྲལ་ཡིན།། ཧ་ཅང་རང་དོན་གཉེར་བའི་རྣམ་ཐར་མེད།། ཨ་དོན་སྐྱེ་མེད་བོན་ལ་བློ་འགྱུ་མེད།། ཨ་འཐས་རྟག་འཛིན་ཙམ་གྱིས་ཆོག་ཤེས་མེད།། ཧ་ལམ་དེ་གསུམ་ཞིག་པའི་རྟོགས་ལྡན་ཡིན།། ས་སྟེང་སྐྱེ་འགྲོར་བརྩེ་བའི་གཞན་ཕན་ཡོད།། ཤ་ཚའི་མན་ངག་གནང་བའི་ཐུགས་བཅུད་ཡོད།། ལ་ལུང་ཞི་བདེར་སྐྱོང་བའི་དན་རྟགས་ཡོད།། ར་མདའ་དགེ་ལ་སྦྲོན་པའི་དཔའ་བོ་ཡིན།། ཡ་རབས་སྲོལ་བཟང་མཐུད་པའི་ཐབས་ཇུས་ཡོད།། འ་ཅག་ཕན་ཚུན་འགྲིག་པའི་བསླབ་བྱ་ཡོད།། ཟ་མ་ཏོག་གི་ཤེས་རིག་གཏེར་མཛོད་ཡོད།། ཞ་ཞོར་གཞན་ཕན་མཛད་པའི་བཤེན་གཉེན་ཡིན།། ཝ་ལེར་རིག་ལམ་འབྱེད་པའི་རྣམ་དཔྱོད་ཡོད།། ཛ་ཡའི་བསྟན་པ་སྤེལ་བའི་ཆོད་སེམས་ཡོད།། ཚ་གྲང་དཀའ་ཐུབ་གཟོད་པའི་སྤོབས་པ་ཡོད།། ཙ་ར་རང་ལ་གཏོང་བའི་དམ་པ་ཡིན།། མ་རིག་རྨོངས་མུན་འཇོམས་པའི་ཐབས་ཤེས་ཡོད།། བ་སྤུ་ཙམ་ཡང་མི་གནོད་ལྷག་བསམ་ཡོད།། ཕ་ཤུལ་རིག་པས་འཛིན་པའི་ངར་ཤུགས་ཡོད།། པ་ཏུའི་གོ་འཕང་སྙེག་པའི་མཁན་པོ་ཡིན།། ན་འཆིའི་འཇིགས་པ་སེལ་བའི་ལེགས་བཤད་ཡོད།། ད་ལྟའི་འདུན་ལམ་མི་ནོར་གདམས་ངག་ཡོད།། ཐ་མལ་འགྲོ་ལ་ལྷག་པར་བརྩེ་བ་ཡོད།། ཏ་ལེར་ལེགས་ཉེས་གསལ་མཛད་དཔོན་གསས་ཡིན།། ཉ་ཉོག་འཁྲུལ་རྟོག་གཅོད་པའི་རལ་གྲི་ཡོད།། ཇ་ཡུན་ཙམ་ལ་མི་གཡེང་རང་ཚོད་ཡོད།། ཆ་ཡའི་རེ་དོགས་སེལ་བའི་གཏན་ཚིགས་ཡོད།། ཅ་དག་ཚུལ་ཁྲིམས་སྲུང་བའི་དགེ་སློང་ཡིན།། ང་བདག་ངར་འཛིན་བཤིག་པའི་ལྟ་བ་ཡོད།། ག་ལེར་རང་རྒྱུད་འདུལ་བའི་གཉན་པོ་ཡོད།། ཁ་ཙམ་མ་ཡིན་དོན་གྱི་ཕྱག་ལས་ཡོད།། ཀ་དག་སྟོང་ཉིད་ངང་སྒོམ་བགྲེས་པོ་ཡིན།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།