སྤྲུལ་བསྟན་འཛིན་རྒྱ་མཚོ།

[ཟླ་ཚེས། 2022-10-17 12:18:36][རྩོམ་པ་པོ། སྡེ་དགེ་བསྟན་འཛིན་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅། །མཆོག་སྤྲུལ་བསྟན་འཛིན་རྒྱ་མཚོ་རིན་པོ་ཆེའི་རྣམ་ཐར་ཉུང་བསྡུས།

སྤྲུལ་བསྟན་འཛིན་རྒྱ་མཚོ་མཆོག་ནི་སྤྱི་ལོ་༡༩༨༠ལོའི་ཟླ་༦པའི་ཚེས་༩ཉིན་ཁམས་སྡེ་དགེ་རུ་ཡབ་ཁྱུང་དཀར་གྱི་གདུང་འཛིན་བ༧སྤྲུལ་ཉི་མ་རྒྱལ་མཚན་དང་ཡུམ་ཁ་ལེགས་ཚང་སྐལ་བཟང་སྒྲོན་མ་གཉིས་ཀྱི་སྲས་སུ་རྟགས་དང་རྟེན་འབྲེལ་གང་མང་གིས་བསུ་མ་བྱས་ནས་སྐུ་ཡི་ལྟེ་ཁྲག་འཕོས། ཁོང་ནི་སྐུ་ན་ཆུང་དུས་ནས་རྣམ་དཔྱོད་ཀྱི་མཁྱེན་རྒྱ་དང་བློ་རིག་གི་སྒོ་འཕར་ཡངས་པའི་མི་བུ་ཁྱད་པར་ཅན་ཞིག་ཡིན།  
   ༡༩༨༦ལོ་སྟེ་དགུང་ལོ་དྲུག་གི་ཐོག་ནས་ཡབ་ཉི་མ་རྒྱལ་མཚན་རིན་པོ་ཆེའི་དྲུང་ནས་ཡི་གེ་འབྲི་ཀློག་དང་འདོན་ཕྱག་ལེན་བཅས་མི་ལོ་དུ་མའི་རིང་ལ་སྦྱངས་བར་བྱས།   དེ་བཞིན་ཡབ་ཉི་མ་རྒྱལ་མཚན་ལ་བཀའ་དབང་དང་མན་ངག་གི་རྒྱུན་ཡོད་ཚད་ཁོང་ལ་གནང་།
   ༡༩༩༡ལོར་དགུང་ལོ་བཅུ་གཅིག་ཐོག་ཁོང་གི་སྐུ་མཆེད་ཨེ་ཝཾ་མཆོག་སྤྲུལ་ཚེ་དབང་རིག་འཛིན་གྱི་ཐུགས་དགོངས་ལྟར་སྔ་འགྱུར་རྙིང་མའི་ཆོས་རྒྱུད་ཨེ་ཝཾ་དགོན་དུ་ཕེབས་ནས་མཁན་རིན་རྡོར་ལ་བསྟེན་ནས་རྙིང་མའི་ལྟ་སྒོམ་སྤྱོད་གསུམ་ལ་ལོ་བཞི་ཡི་རིང་ལ་སྦྱངས་བར་བྱས།
   ༡༩༩༦ལོར་དགུང་ལོ་བཅུ་བདུན་ཐོག་སླར་ཡང་རྙིང་མའི་དགོན་སྡེ་ཆེན་མོ་དཔལ་ཡུལ་དགོན་དུ་ཕེབས་ནས་སྤྲུལ་ཐུབ་བསྟན་དཔལ་གྱི་བཟང་པོ་གཙོས་བླ་སྤྲུལ་མཁན་གསུམ་མི་ཉུང་བ་ཞིག་ལ་བསྟེན་ནས་མདོ་འདུལ་བ་དང་ཁྱད་པར་དུ་རྫོགས་པ་ཆེན་པོ་སོགས་ལ་སྦྱོང་པ་དང་ཉམས་ལེན་མཛད།
   ༢༠༠༠ལོར་དགུང་ལོ་ཉེར་གཅིག་ཐོག་བོན་གྱི་སྤྲུལ་སྐུ་རྣམ་བཞིའི་ཡ་གྱལ་ཀུན་གྲོལ་གྲགས་པའི་མ་དགོན་རྫ་སྨོན་རྒྱལ་དགོན་དུ་ཕེབས་ནས་བོན་གྱི་བཀའ་འགྱུར་ཆེན་མོ་དང་ཀུན་གྲོལ་འཇའ་མཚོན་སྙིང་པོའི་གསུང་འབུམ།  ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་དེ་གསུམ་གྱི་དབང་ལུང་མན་ངག་གི་བརྒྱུད་རིམ་བཅས་ཆ་ཚང་བ་ཞུས།
   ༢༠༠༡ལོར་དགུང་ལོ་ཉེར་གཉིས་ཐོག་ཀུན་མཁྱེན་ཤར་རྫ་བའི་གདན་ས་རུ་ཕེབས་ནས༧རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ་རིན་པོ་ཆེ་དང་མཁན་འཇིགས་མེད་རིག་པའི་དབང་ཕྱུག་རྣམ་གཉིས་ལ་བསྟེན་ནས་ཤར་རྫའི་སྒྲུབ་གྲྭ་ལ་ཞུགས་ནས་སྔོན་འགྲོ་དང་དངོས་གཞི། འཕོ་བ་དང་རྩ་རླུང་བཅས་སྒྲུབ་གྲྭའི་སྲོལ་རྒྱུན་ལྟར་སྒོམ་སྒྲུབ་ཉམས་ལེན་ནི་རང་ནུས་ཅི་ལྕོགས་ཀྱིས་སྒོ་ནས་དང་ལེན་བྱས།   སྐབས་དེར་ཤར་རྫའི་རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ་རིན་པོ་ཆེས་ཁོང་ནི་ཐར་བདེ་བླ་མ་ཚུལ་ཁྲིམས་དྲི་མེད་ཀྱི་ཡང་སྲིད་ཡིན་ཞེས་ངོས་འཛིན་མཛད།
   ༢༠༠༤ལོར་དགུང་ལོ་ཉེར་ལྔའི་སྟེང་ནས་རབ་རྒྱལ་དགོན་དང་ཐར་བདེ་དགོན་གཉིས་ཀྱི་ལས་སྣེའི་དབུ་འཛིན་མཛད་ནས།  སྐྱ་སེར་ཡོངས་ལ་བཀའ་སློབ་གང་མང་གནང་།  ད་དུང་དགོན་པ་གཉིས་ལ་རྟེན་བཞེངས་དང་འཛུགས་སྐྲུན་ཡང་མི་ཉུང་བ་བྱས།   ཐར་བདེ་དགོན་དུ་གྲྭ་ཤག་སུམ་ཅུ་ལྷག་དང་ལྷ་ཁང་རྙིང་བ་སླར་གསོ་བྱས།
   ༢༠༠༨ལོར་ཁོང་གིས་ཐར་བདེ་དགོན་ལ་སྒྲུབ་གྲྭའི་སྲོལ་བཙུགས་ནས་གྲྭ་བ་ཉི་ཤུ་ཡས་མས་སྒྲུབ་གྲྭ་ལ་ཞུགས་པ་དང་བོན་ཞུ་མཁན་གྲོང་བ་བརྒྱ་ལྷག་ལ་བོན་གྱི་ཆར་བ་ཕབས།  ༢༠༠༩ལོར་ནས་ཁོང་གི་སྐུ་མཆེད་ཆེ་བ་མཆོག་སྤྲུལ་ཚེ་དབང་འཇིགས་མེད་དང་ལྷན་དུ་ཤར་རྫའི་རི་ཁྲོད་དུ་ལྷ་ཁང་བཞེངས་མགོ་བརྩམས་ནས་མཐར་ཀ་རིང་བརྒྱད་དང་ཀ་ཐུང་སོ་གཉིས་ཅན་གྱི་ཕྱི་ནང་གི་བསྟན་པ་ཡོངས་སུ་༢༠༡༣ལོར་ལེགས་པར་གྲུབ་ནས༢༠༡༣ལོའི་བོན་གྱི་མཉམ་འབྲེལ་ལྷན་ཚོགས་དེ་རུ་འཚོགས།   མ་ཚད་ཤར་རྫ་བའི་གསུང་འབུམ་པོད་བཅུ་བདུན་ཅན་དེ་པར་དུ་བསྐྲུན་ནས་མདོ་དབུས་ཁམས་གསུམ་ལ་སྤེལ།  
   ལྷག་པར་དུ་སྤྱི་ལེ་བདུན་བཅུ་ཡི་ས་མཚམས་ནས་དགོན་པ་གཉིས་ལ་ལམ་ལས་མགོ་བཙུགས།  སྐབས་དེར་ཁོང་གིས"ང་གཅིག་པུ་བདེ་ན་བདེ་སྐྱིད་མིན་ལ་མང་ཚོགས་བདེ་ན་ངའི་བདེ་སྐྱིད་ངོ་མ་དེ་དེ་ཡིན"ཞེས་གསུངས་ནས་ལོ་འགའི་རིང་ལ་དཀའ་སྤྱད་འབད་བརྩོན་ལྷོད་མེད་དུ་བྱས་ནས་མཐར་དགོན་པ་གཉིས་དང་གྲོང་ཚོ་སོ་སོར་ལའང་ལམ་ཐོན།  དེའི་བཀའ་དྲིན་ལ་བརྟེན་ནས་ཐར་བདེ་དགོན་དུ་ལྷ་ཁང་བཞེངས་རྒྱུའི་མགོ་བརྩམས་ནས་ཕྱི་ཡི་བཀོད་པ་ལེགས་ཅིང་ནང་གི་བསྟན་གཙོ༧སྟོན་པ་མཐོང་བ་རང་གྲོལ་གྱི་སྐུ་རྒྱུ་ཟངས་གསེར་ལས་གྲུབ་པ་ཁང་བརྩེགས་གཉིས་ཅན་གཅིག་དང་།  གཡས་གཡོན་གཉིས་ལ་ཁང་བརྩེགས་གཅིག་ཅན་གཉིས། སངས་རྒྱས་སྟོང་སྐུ་སོགས་སྐུ་གསུང་ཐུགས་ཀྱི་བསྟན་པ་རི་ལྟར་སྤུངས།  གཞན་ཕན་གྱི་བསམ་པ་ཀུན་ནས་བསླངས་ཤིང་། མི་རིགས་ཀྱི་བདེ་སྡུག་ཕྲག་ཏུ་བཞེས་ནས་ཐར་བདེ་དགོན་དུ་སྤྱི་ཚོགས་སློབ་གྲྭ་ཞིག་བཙུགས་ཡོད།
   ༢༠༡༥ལོར་ཤར་རྫ་རི་ཁྲོད་དུ་སླར་ཡང་ཕེབས་ནས་རྒྱལ་ཚབ་འཇིགས་མེད་རིག་པའི་དབང་ཕྱུག་མདུན་ནས་བོན་སྒོ་ཕྱི་ནང་གསང་གསུམ་གྱི་དཀྱིལ་འཁོར་ལྔ་བཅུ་ལྷག་གི་བཀའ་དབང་སྟན་ཐོག་གཅིག་ཏུ་ནོས་པར་མཛད་ནས་ཞུས།
   སྤྱིར་དམ་པ་ཁོང་དང་ཁོང་ལྟ་བུ་ཞིག་གི་རྣམ་ཐར་མྱི་བུ་ང་དང་ང་འདྲ་བ་ཞིག་གིས་བརྗོད་ན་ངོ་མ་ངོ་གནོང་དགོས་པའི་གནས་ཚུལ་ཞིག་ཡིན་ཀྱང་མཐོང་ཐོས་དྲན་ཚུལ་དུ་དྷི་རང་འབར་དེས་སྤྱི་ལོ་༢༠༡༨ལོའི་ཟླ་ཚེས་བཟང་པོ་ཉིན་ཨ་མདོ་རྔ་བ་ནས་སྤྲིངས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།