བླ་མ་ཚུལ་ཁྲིམས་ནོར་བུ།

[ཟླ་ཚེས། 2022-08-30 14:37:18][རྩོམ་པ་པོ།  སྨྲ་དབང་ཉི་མའི་སྙིང་པོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཁྲི་རབས་བཞི་པ་སྐྱབས་རྗེ་ཚུལ་ཁྲིམས་ནོར་བུའི་མཛད་རྣམ་དྲངས་བརྗོད་སྲིད་པའི་ཚངས་ཐིག །

ལྟ་བ་བླ་མེད་བོན་སྐུའི་བདེ་ཆེན་མཁའ་ལྟར་སྤྲོས་པ་བྲལ། །
སྒོམ་པ་འགག་མེད་ལྷུན་གྲུབ་རྫོགས་སྐུའི་ཉི་ཟླ་རང་ཤར་རྫོགས། །
སྤྱོད་པ་དྲི་མེད་སྐྱོན་བྲལ་སྤྲུལ་སྐུའི་འདུལ་ཁྲིམས་པད་མོ་བཞད། །
མཆོག་གསུམ་ཀུན་འདུས་སྐུ་གསུམ་མགོན་དེར་གུས་ཕྱག་འཚལ།།
 
བསྟན་པའི་རྩ་བ་སངས་རྒྱས་གཡུང་དྲུང་བོན། །
བསྟན་སྦྱིན་མངའ་ཐང་ལོངས་སྤྱོད་རྒྱས་པའི་ཕྱིར། །
བསྟན་འདིར་བཤད་དང་སྒྲུབ་པའི་སྡེ་ཚོགས་ཀུན། །
བསྟན་པའི་ས་བོན་ཞིང་འདིར་ཉིད་ཀྱིས་བཏབ། །
 
འདི་དག་སྒྲིག་པའི་རྣམ་དཔྱོད་དབུལ་ན་ཡང་། །
སྔོན་མའི་ཚོགས་བསགས་ལས་དབང་བཟང་པོའི་ཐུས། །
ད་ལྟའི་བསྐལ་བཟང་ཤར་བའི་དགའ་སྤྲོའི་ལྟས། །
ངལ་བ་དང་དུ་བླངས་ཏེ་འགོད་ལ་སྤྲོ། །
        ཞེས་མཆོད་བརྗོད་ཀྱི་མདུན་དུ་བསུས་ཏེ་རྗེ་བླ་མའི་རྣམ་ཐར་བརྗོད་པ་ལ་ཐོག་མར་སྐུ་སྐྱེ་བ་བཞེས་ཚུལ་དང་། བར་དུ་བཤེས་གཉེན་བླ་མ་བསྟེན་ཚུལ། ཐ་མར་བསྟན་པ་དང་འགྲོ་འདུལ་སྐྱོང་ཚུལ་ལོ། །
       དང་པོ། སྐུ་སྐྱེ་བ་བཞེས་ཚུལ་ནི། རྗེ་བླ་མ་འདི་ཉིད་རབ་འབྱུང་བཅུ་དྲུག་པའི་ཤིང་ཡོས་ལོར་སྤྱི་ལོ་༡༩༧༥ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ནང་ཚན་སྒོ་པའི་གནས་མཆོག་བྲག་དམར་རི་འདུས་ཀྱི་ཤར། གྱིམ་ཤོད་ཤེལ་ལེ་རྒྱ་གར་གྱི་ནུབ། རི་དམར་དབང་ལྷ་བཙན་རྒོད་ཀྱི་མདུན་ཞོལ། ཁྱུང་ཡུལ་ས་ཡི་ཐིག་ལེ་རུ། ཁྱད་འཕགས་རིག་པ་ཅན་གྱི་མི་རྒྱུད་ཆབ་མདོ་ཚང་ཞེས་པ་ཡབ་ཁྱུང་ནག་སྐལ་བཟང་སྲི་ཐར་དང་ཡུམ་སྐལ་བཟང་ལྷ་དཔལ་གཉིས་ཀྱི་སྲས་སྤུན་ཟླ་བཞིའི་ནང་ཆུང་བ་ནམ་མཁའ་དབང་འདུས་ཁོང་སྟག་ལའི་ཐུགས་སྤྲུལ་ཡེ་ཤེས་ཚུལ་ཁྲིམས་ཀྱི་ཡང་སྲིད་འགྲོ་བའི་དོན་ལ་བྱོན་ནས་རི་བོ་ཞེས་པའི་ཤིང་མོ་ཡོས་ལོའི་གནམ་ལོ་ལ་སྐུ་མཆོག་མཚན་དཔེ་དཀྱིལ་འཁོར་གསར་དུ་བལྟམས་ཤིང་ཁོང་བྱིས་དུས་སུ་བྱིས་པ་དང་མཉམ་དུ་རྩེད་འབྱོ་རོལ་ཞོར་དུ་དགེ་རྒན་གཏོ་རྒྱལ་དྲུང་དུ་ཤེས་བྱའི་གཞི་མ་འབྲི་ཀློག་སྦྱང་སྐབས་དགེ་རྒན་མཆོག་གིས་དམིགས་གསལ་དུ་དགོས་གལ་ཆེ་བ་རྣམས་བློ་རྒྱུགས་འབུལ་དགོས་པའི་ཆར་གཞི་ལྟར་དམ་པ་ཉིད་ནི་བྱིས་པ་གཞན་དང་མི་འདྲ་བར་ཐུན་མོང་མ་ཡིན་པའི་བློ་འཛིན་ལྡན་པ་མ་ཟད། བྱིས་དུས་སུ་རྔ་བརྡུང་རྒྱུ་དང་ཡི་གེ་འདོན་རྒྱུར་དགའ་བའི་ལྷན་སྐྱེས་གཞན་དང་མི་འདྲ་བའི་ཁྱད་ཆོས་དུ་མ་ལྡན་ཡོད།
        གཉིས་པ། བཤེས་གཉེན་བླ་མ་བསྟེན་ཚུལ་ནི། རྗེ་བླ་མ་དགུང་གྲངས་བརྒྱད་ཀྱི་ཐོག་ཏུ་མེ་སྟོན་གདན་ས་མཐོང་གྲོལ་རི་ཁྲོད་དུ་བོན་གྱི་ཆོ་ག་ཕྱི་ནང་གསང་གསུམ་གྱི་ཕྱག་ལེན་སོགས་ལེགས་པར་སྦྱང་ནས་མེ་སྟོན་བླ་མ་ལྷུན་གྲུབ་རྒྱལ་མཚན་དང་ནག་རུ་མཁན་པོ་བོན་དབྱིངས་རང་གྲོལ་བཅས་ཀྱི་སྐུ་མདུན་དུ་སྔོན་འགྲོ། དངོས་གཞི་དང་།དབང་ལུང་ཁྲིད་གསུམ་གཙང་མ་གཙུག་ཕུད་ཀྱི་སྡོམ་ཁྲིམས། རྩ་རླུང་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་སྦྱོང་མཛད།  དེ་རྗེས་སུ་ཁྲ་རྒན་མཁན་པོ་སྐལ་བཟང་གཡུང་དྲུང་གི་དྲུང་དུ་རྩ་རླུང་གི་ཉམས་ལེན་དང་ཁྲིད་ལུང་དུ་མ་གསན་སྦྱོང་མཛད།  སྤྱི་ལོ་༡༩༨༦ལོར་ཨ་གྲགས་ཆབ་མདོ་དགོན་གྱི་བླ་སློབ་དང་ལྷ་སྡེ་ཡོངས་ཀྱིས་རེ་བཅོལ་བྱས་པ་དེ་ཡབ་ཆེན་སྐལ་བཟང་སྲིད་ཐར་མཆོག་གིས་ཁྲ་རྒན་མཁན་པོ་སྐལ་བཟང་གཡུང་དྲུང་མཆོག་ལ་ཕྱག་མོ་ཞུས་པར་བརྟེན་སྲས་བཞིའི་ནང་ནས་རྗེ་ཉིད་བབས་ཡོད་ལ་དང་ར་བླ་མ་གཡུང་དྲུང་རྒྱལ་མཚན་གྱི་ཐུགས་དགོངས་ལྟར་མཐུན་པའི་རྟེན་འབྲེལ་དང་བཅས། རང་དགོན་གྱི་བླ་སློབ་ལྷ་སྡེ་ཀུན་དགའ་བ་འབུམ་གྱིས་ཕེབས་བསུ་ལྟ་གོན་བཅས་སྤྱི་ལོ་༡༩༨༧ལོའི་ཟླ་༢པའི་ནང་དགོན་འདིའི་འགན་ཁུར་འཇང་ཚེ་རིང་དང་སྒང་རུ་བསོད་འཕེལ་གཉིས་གཉན་རོང་ཨར་སྨད་ནས་བོད་ལྗོངས་ཆབ་མདོ་སྟེང་ཆེན་ས་ཁུལ་ཁྲ་ལོག་ཡུལ་ཚོ་ཆབ་མདོ་ཚང་གི་བླ་བྲང་བར་དུ་ལེ་བར་༥༥༠ཡས་མས་བརྒྱུད་དེ་གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉིན་མོར་འབྱོར་བར་བྱས་ནས་བཀྲ་ཤིས་ཀྱི་རྟེན་འབྲེལ་དུ་མར་གཏད་དེ་བླ་མ་གདན་ཞུ་ཕྱིན།  ཁོང་གཉིས་སྟེང་ཆེན་རྗོང་ལ་སླེབ་མ་ཐག་རང་རེའི་ཡུལ་མི་བློ་བཟང་ཉི་མ་འམ་སྟེང་ཆེན་རྫོང་གི་མི་དམངས་ཐུན་ཚོགས་ཀྱི་ཀྲུའུ་རིན་ཁོང་ལ་བཀའ་འདྲི་ཞུས་པའི་རྒྱབ་སྐྱོར་འཛུབ་སྟོན་འོག་ཐོག་མར་བླ་མ་ཉིད་མཐོང་གྲོལ་རི་ཁྲོད་དུ་ཡོད་པས་དེར་མཇལ་བར་ཁྲིད་ནས་ཀྲུའུ་རིན་བློ་བཟང་ཉི་མ་དང་འཇང་ཚེ་རིང་། སྒང་རི་བསོད་འཕེལ་ཁོང་གསུམ་མཐོང་གྲོལ་རི་ཁྲོད་ཀྱི་སྒོ་མཆོར་ཡར་འཛུལ་མ་ཐག་ཏུ་རྗེ་བླ་མ་ཉིད་མར་ཕེབས་པ་ལྷན་དུ་ཁེལ་བས་ཁོང་གཉིས་ཀྱིས་ལམ་སེང་དྲི་མེད་ལྷ་དར་དཀར་པོ་རྗེ་ཉིད་ལ་ཕུལ་བས་མ་སྒྲིག་རྟེན་འབྲེལ་ཤིན་ཏུ་འགྲིག་སོང་ཟེར་བླ་མ་ཚུལ་ཁྲིམས་ནོར་བུའི་ཞལ་ནས་གསུངས། དམ་པ་ཉིད་ཀྱིས་དེའི་སྐབས་ཁོང་གི་ན་བཟའ་ཅི་འདྲ་མནབ་ཡོད་མེད་ད་ལྟ་གསལ་པོར་ཐུགས་ཡིད་འཆར་བར་འདུག་པས་ཁོང་ལྭ་ཚར་དཀར་པོ་གཡོགས་མེད་པ་མཐའ་ལ་རྒྱན་དམར་བཏགས་པ་ཞིག་མནབ་ཡོད་པ་གསུངས་ཀྱིན་འདུག  དེ་རྗེས་སུ་ཁོང་དང་གདན་ཞུ་རྣམས་ཆབ་མདོ་བླ་བྲང་ནས་གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉིན་མོར་ཡབ་ཡུལ་ནས་གཉན་རོང་ཨ་གྲགས་ཆབ་མདོ་དགོན་དཔལ་གཤེན་བསྟན་རྣམ་རྒྱལ་བདེ་ཆེན་གླིང་དུ་ཆིབས་བསྒྱུར་གནང་བའི་ལས་སྐལ་བྱུང་། གཉན་རོང་ས་ཁུལ་དུ་ཕེབས་མ་ཐག་ཏུ་ཡུལ་ལྷ་རྣམས་དགའ་རྟགས་སུ་སྤྱང་སེང་སྤྱང་མོ་ལམ་ཁྲིད་ཅེས་པ་ལྟར་སྤྱང་ཁུ་འགའ་གཡོན་ངོས་ནས་ཕེབས་བསུའི་ཚུལ་དུ་ཡོང་བར་རྗེ་ཉིད་ཀྱིས་གསུངས།  འཇང་མཚམས་ཆེན་ཚུལ་ཁྲིམས་རྒྱལ་མཚན་གྱིས་ཉམས་སྣང་དུ་སྔར་རིག་གསར་དྲག་རླུང་ཁྲོད་ཀྱི་ཉམས་སྣང་དང་དམ་པ་ཉིད་དགོན་འདིར་ཕེབས་སྐབས་སུ་མཚམས་ཆེན་མཆོག་གི་ཉམས་སྣང་ངམ་གཟིམས་ལམ་གཉིས་གནད་གཅིག་ཏུ་ཁེལ་ཡོད། གང་ལགས་ཞེ་ན་མཚམས་ཆེན་མཆོག་སྔར་གཡུང་དྲུང་ལྷ་རྩེའི་རི་སྡེབས་སུ་གཅིག་པུར་ཕེབས་སྐབས་རྒྱལ་ཚབ་གཉིས་པ་ཡེ་ཤེས་ཚུལ་ཁྲིམས་མཆོག་དངོས་སུ་མཇལ་བའི་སྣང་བ་ཞིག་གིས་ང་གཉིས་མ་འོངས་པར་སླར་ཡང་མཇལ་བའི་དུས་བཟང་ཞིག་ཡོད་ཅེས་གསུངས་པའི་ཉམས་སྣང་ཡང་ཡང་ཤར་བ་དང་། དེ་རྗེས་སུ་བླ་མ་ཚུལ་ཁྲིམས་ནོར་བུ་རིན་པོ་ཆེ་དགོན་འདིར་མ་འབྱོར་སྔ་དགོང་དུ་འཇང་མཚམས་ཆེན་ཚུལ་ཁྲིམས་རྒྱལ་མཚན་མཆོག་གི་གཟིམས་ལམ་ལ་མཚན་བརྗོད་པར་དཀའ་བའི་སྐྱབས་མཆོག་དམ་པ་རྒྱལ་ཚབ་ཚེ་དཔག་དབང་གི་རྒྱལ་པོ་འམ་ཡེ་ཤེས་ཚུལ་ཁྲིམས་མཆོག་སླར་ཡང་མཇལ་བར་རྨིས། མཚམས་ཆེན་མཆོག་གིས་གསུང་དོན་ད་ལྟའི་ཁྲི་འཛིན་བླ་མ་འདི་ཉིད་སྔར་བླ་མ་ཡེ་ཤེས་ཚུལ་ཁྲིམས་མཆོག་གི་སྐུ་སྐྱེ་ཡིན་པར་རང་ཉིད་ཀྱིས་ཐེ་ཚོམ་མེད་ལ་གཞན་གྱིས་ཐེ་ཚོམ་མི་དགོས་གསུངས་པ་སེར་མོ་རྒས་གྲས་འགའ་དང་རྒས་རབས་པ་འགའ་ཞིག་གིས་ཐོས་འདུག དུས་རབས་ཉིན་ཤུ་པའི་ལོ་རབས་བརྒྱད་བཅུའི་ནང་རབ་འབྱུང་བཅུ་དྲུག་པའི་མེ་སྟག་ལོར་སྤྱི་ལོ་༡༩༨༧བོད་ཟླ་གསུམ་པའི་ཚེས་ལྔ་སྟེ་དམ་པ་ཉིད་དགུང་གྲངས་༡༣་བཞེས་ནས་དགོན་འདིར་ཞབས་སོར་འཁོད་སྐབས་སུ། རྟེན་འབྲེལ་གྱི་འགོ་མ་ལོ་དེར་དབྱར་གྱི་རྔ་གསང་དར་མའི་གསུང་དབྱངས་ཐོག་མར་སྒྲོགས་ཤིང་ས་འཛིན་དཀར་པོའི་གོས་དཀར་ཡོངས་སུ་ཀླུབས་ནས་རྟེན་འབྲེལ་གོང་མ་ཤར།  རྗེ་ཉིད་དགོན་འདིར་ཞབས་སོར་འཁོད་པ་དང་འབྲེལ་རྣམ་རྒྱལ་ལྷ་ཁང་གི་ལྡེབས་རིས་འབྲི་མཁན་གདོང་མདོ་ལྷ་བཟོ་ཡག་ཟ་བུ་འབང་དང་གཡུང་དྲུང་སོགས་ལྷ་བྲིས་བརྒྱད་གདན་ཞུས་བྱས་ནས་འདུ་ཁང་རྣམ་རྒྱལ་ལྷ་ཁང་ནང་དུ་ཆོ་ག་བཅུ་གཉིས་ཀྱི་ལྡེབས་རིས་བཞེངས་རྒྱུའི་ལས་འགོ་བརྩམས། ལོ་དེར་བོན་གྱི་གྲྭ་ས་ཆེན་མོ་རབ་ལེགས་གཡུང་དྲུང་གླིང་གི་རྒྱལ་ཚབ་ཤེས་རབ་ཀུན་བཟང་བློ་གྲོས་དཔལ་བཟང་པོ་མཆོག་རང་དགོན་དུ་ཆིབས་འབྱོར་གནང་བས། རྗེ་ཉིད་ཀྱིས་གྲྭ་སའི་འདུལ་རྒྱུད་ཤིན་དུ་གཙིགས་ཆེར་གཟིགས་ཏེ་རྒྱལ་ཚབ་ཤེས་རབ་བློ་གྲོས་ཀྱི་དྲུང་དུ་གྲྭ་སའི་འདུལ་རྒྱུད་རྒྱུད་འཛིན་བཞེས་པས། རྒྱལ་ཚབ་མཆོག་གི་རྗེ་ཉིད་ལ་བླ་རབས་གོང་མའི་མཚན་ཟུར་དུ་ཆགས་པའི་ཚུལ་ཁྲིམས་ནོར་བུ་དཔལ་བཟང་པོ་ཞེས་མཚན་གསོལ་ཞིང་དེ་དང་ཆབས་ཅིག་ཏུ་རབ་བྱུང་བ་རྣམས་ལ་གསོ་སྦྱོང་ལེགས་པར་གནང་ནས་བླ་གྲྭ་ཚང་མར་བྲུ་ཡི་ཨ་ཁྲིད་སྔོན་འགྲོའི་ཁྲིད་ལུང་དང་སྒྲིབ་སྦྱོང་མུན་སེལ་སྒྲོན་མའི་བྱང་ཁྲིད། འཕོ་བ་འཇའ་གུར་མའི་ཁྲིད་ལུང་སོགས་གསན་བསམ་མཛད་དེ་སྔར་ཆབ་མདོ་རྟོགས་ལྡན་གཡུང་དྲུང་ཚུལ་ཁྲིམས་ཀྱི་བཞེངས་པའི་སྟག་ལའི་མཆོད་རྟེན་གཡུང་དྲུང་བཀོད་ལེགས་དེ་ཉིད་ཉམས་གསོ་བྱས་པ་དང་སྒྲུབ་ཁང་ནང་མའི་རྒྱལ་ཆེན་ཤེལ་ཁྲབ་སྐུ་གསོབ་དེ་རྒྱལ་ཚབ་ཀུན་བཟང་བློ་གྲོས་ཀྱིས་ཞལ་བཀོད་ལྟར་བཞེངས་གྲུབ་བྱུང་ཡོད། ལོ་དེའི་སྟོན་ཁར་སྐྱབས་རྗེ་ཚུལ་ཁྲིམས་ནོར་བུ་མཆོག་ལྷ་བྲིས་དང་ལྷན་དུ་ཡབ་ཡུལ་དུ་ཕེབས། དགུན་ཁར་ཁྱུང་པོ་སྟེང་ཆེན་དགོན་གྱི་བླ་མ་ཤེས་རབ་དགེ་ལེགས་མཆོག་དང་ཚོགས་གཉིས་རྒྱ་མཚོ་ནོར་བུ་རིན་པོ་ཆེ་རྣམ་གཉིས་ཀྱི་དྲུང་དུ་བཀའ་ལུང་རྒྱ་མཚོ་དང་འཕོ་བ་སོགས་ཁྲིད་ལུང་དུ་མ་གསན་བསམ་མཛད། སྤྱི་ལོ་༡༩༨༨ལོར་བོད་ཟླ་གསུམ་པའི་ནང་དུ་རྗེ་ཉིད་དང་། སྔོན་མའི་ལྷ་བྲིས་དང་མཉམ་དུ་ཁྱུང་པོ་སྟེང་ཆེན་དགོན་ནས་རང་དགོན་དུ་ཆིབས་བསྒྱུར་གནང་ཞིང་འདུ་ཁང་ལྡེབས་རིས་བཞེངས་འཕྲོ་རྣམས་དང་། སྒོ་མཆོར་དུ་རྒྱལ་ཆེན་སྡེ་བཞི། བོན་སྐྱོངས་བསྟན་སྲུང་ཕོ་རྒྱུད་དང་མོ་རྒྱུད་ལྡེབས་རིས་སོགས་ཡོངས་སུ་གྲུབ། སྤྱི་ལོ་༡༩༩༢ལོར་གསས་ཁང་རྣམ་རྒྱལ་ལྷ་ཁང་ཉམས་གསོ་མཐའ་དག་གྲུབ་ནས། སྤྱི་ལོ་༡༩༩༣ལོར་དགོན་འདིའི་ཁྲི་རབས་དང་པོ་རྟོགས་ལྡན་གཡུང་དྲུང་ཚུལ་ཁྲིམས་མཆོག་གི་སྐུ་གདུང་གཡུང་དྲུང་བཀོད་ལེགས་མཆོད་རྟེན་བཞེངས་ཏེ་གཟུངས་འཇུག་འབུལ་མཁན་སྟེང་ཆེན་དགོན་གྱི་བླ་མ་ཤེས་རབ་དགེ་ལེགས་མཆོག་གདན་ཞུས་བྱས་ཤིང་གཟུངས་འཇུག་རྒྱས་འབུལ་གནང་བ་དང་འབྲེལ་གཤེན་རབ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཞལ་ཕྱེས་ཤིང་རྔ་དབུལ་རབ་གནས་རྒྱས་འཚོགས་བྱས་མཐར་ཤེས་རབ་དགེ་ལེགས་མཆོག་གིས་དེར་འདུས་བླ་གྲྭ་དང་དད་ལྡན་ཡོངས་ལ་གཤེན་རབ་རྣམ་པར་རྒྱལ་བའི་ཁྲིད་ལུང་དང་བཀའ་དབང་གནང་།  ལོ་དེར་བོད་ཟླ་དགུ་པའི་ནང་སྐྱབས་རྗེ་ཚུལ་ཁྲིམས་ནོར་བུ་མཆོག་བོན་གྱི་གྲྭ་ས་ཆེན་མོ་རུ་ལགས་གཡུང་དྲུང་གླིང་ངམ་དཔལ་ལྡན་ཀུན་གྲགས་གླིང་དུ་ཕེབས་ཏེ་རྒྱལ་ཚབ་ཤེས་རབ་ཀུན་བཟང་བློ་གྲོས་དྲུང་བགྲང་བྱ་གཉིས་རིང་དུ་བོན་ཕྱི་ནང་གསང་གསུམ་གྱི་ཁྲིད་ལུང་བུམ་པ་གང་བྱོའི་ཚུལ་དུ་གསན་བསམ་མཛད་པ་དང་ཆབས་ཅིག་བརྡ་དག་རྩིས་སོགས་རིག་གནས་སློབ་གཉེར་གནང་། རབ་བྱུང་༡༧པའི་ཤིང་ཕག་སྤྱི་ལོ་༡༩༩༥ལོར་ཟླ་༡༡པའི་ཚེས་༡༠ཉིན་སྐྱབས་རྗེ་ཚུལ་ཁྲིམས་ནོར་བུ་དེ་ཉིད་བླ་རབས་གོང་མའི་ཕྱག་སྲོལ་བཞིན་རྩ་བའི་གྲྭ་སར་ཁྲི་བཞེངས་མཛད་ཅིང་དམ་པ་ཉིད་ཀྱིས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེར་སྐོར་བ་དང་མཚུངས་དེར་བཞུགས་ཀྱི་མཁན་སློབ་འདུས་གྲྭ་ཡོངས་ལ་སྐུ་འགྱེད་ཇ་ནོམ་པ་ཕུལ།
            གསུམ་པ། བསྟན་པ་དང་འགྲོ་འདུལ་སྐྱོང་ཚུལ་ནི།  སྤྱི་ལོ་༡༩༩༧ལོར་རང་དགོན་གྱི་དམངས་བདག་རྒན་པའི་འགན་བཞེས་ནས་བསྟན་པ་རྒྱ་ཆེར་སྤེལ་བ་དང་འབྲེལ་རྫོང་འཐུས་མིའི་ནང་ལས་ཞུགས་གནང་། “དགོན་འདི་སྐྱར་བཞེངས་བྱས་ནས་བཟུང་དེའི་བར་དུ་གཙོ་བོའི་ཐུགས་འགན་དང་ར་བླ་མ་གཡུང་དྲུང་རྒྱལ་མཚན་གྱིས་བཞེས་ཡོད།”  སྤྱི་ལོ་༡༩༩༧ལོར་བོད་ཟླ་དྲུག་པའི་ནང་དམ་པ་ཉིད་ཀྱིས་དགོན་པ་རང་ཁ་རང་གསོ་ཡོངས་ཕྱིར་འབྲོག་ར་འམ“ནོར་སྦྲ”གཙུགས་ནས་དགོན་གྱི་ནོར་བདག་གམ་ནོར་སྦྲ་ཞུགས་མཁན་གླ་རིན་གྱ་ནོམ་པ་གནང་ཡོད་ལ་ནོར་སྦྲ་ཐོག་མར་འདུག་མཁན་གསང་སྔགས་བསྟན་འཛིན་ཡིན། དེ་ནས་བཟུང་ད་བར་ནོར་སྦྲ་རྒྱུན་ཆགས་སུ་གནས་ཡོད། སྤྱི་ལོ་༡༩༩༧ལོར་ཟླ་༡༡པའི་ཚེས་༨ཉིན་དམངས་སྲོལ་སྤྱི་འགྲོས་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་གཞིར་བཟུང་ཞིབ་དཔྱད་རྟེན་ཁེལ་བྱས་པ་བརྒྱུད། ཆོས་ལུགས་བྱེད་སྒོ་སྤེལ་གནས་ཀྱི་ཁྲིམས་མིའི་ཐོ་འགོད་ལག་འཁྱེར་ཐོབ་ནས་ཁྲིམས་མཐུན་གྱི་བླ་སྤྲུལ་ངོས་འཛིན་ཐོབ་པ་མ་ཟད། བོན་གྱི་གྲྭ་ས་གོང་འོག་གི་སྐྱེས་ཆེན་བླ་མ་འགའ་ཡིས་སྔ་རྗེས་སུ་བླ་སྤྲུལ་གྱི་ངོས་འཛིན་ཕྱག་བྲིས་གནང་དོན་འདི་ལྟར་ཏེ།   “བོད་ལྗོངས་ནག་ཆུ་ས་གནས་གཉན་རོང་རྫོང་ཤག་ཆུ་ཤང་ཁོངས་སུ་བོན་གྱི་འདུས་སྡེ་དཔལ་གཤེན་བསྟན་རྣམ་རྒྱལ་བདེ་ཆེན་གླིང་ངམ་མཚན་ཡོངས་སུ་གྲགས་པ་ཆབ་མདོ་དགོན་ཞེས་བྱ་བའི་དབུ་བླ་ཁྲི་རབས་བཞི་པ་ཚུལ་ཁྲིམས་ནོར་བུ་མཆོག་ནི་བོན་གྱི་ཐུན་མོངས་མ་ཡིན་པའི་གདུང་རྒྱུད་ཡང་སྤྲུལ་ངོས་འཛིན་སྲོལ་ལྟར་ཁྱུང་པོ་དཀར་ནག་སེར་གསུམ་གྱི་ནང་ཚན་ཁྱུང་པོ་ནག་རུའི་གདུང་ལས་འཁྲུངས་པའི་བླ་རབས་གོང་མའི་རྗེ་འཛིན་སྤྲུལ་པའི་སྐུ་འཁྲུལ་མེད་ཡིན་པ་བོན་གྱི་གདན་ས་རབ་ལེགས་གཡུང་དྲུང་གླིང་དགོན་སར་ཁྲི་བཞེངས་མངའ་གསོལ་རྟེན་འབྲེལ་བྱས་ཡོད་པས་དད་ལྡན་སྦྱིན་བདག་རྣམ་དང་འབྲེལ་ཡོད་སྡེ་ཁག་སུ་ཡིན་ཡང་ཡིད་གཉིས་ཐེ་ཚོམ་མེད་པར་བསྟན་དང་འགྲོ་ལ་ཕན་པའི་སྐྱབས་ཡུལ་དད་པའི་ཞིང་དུ་འཛིན་ཆོག་པ་ལགས་སོ།  ཞེས་བོན་གྱི་གདན་ས་རབ་ལེགས་གཡུང་དྲུང་གླིང་དགོན་གྱི་རྒྱལ་ཚབ་སློབ་དཔོན་ཀུན་བཟང་བློ་གྲོས་ཀྱིས་སྤྱི་ལོ་༡༩༨༩ལོར་ཟླ་༡ཚེས་༣ཉིན་བྲིས། ཅེས་བཀའ་ཁྲོལ་གནང་བ་དང་། བོན་གྱི་གདན་ས་གཙང་ཐོབ་རྒྱལ་སྨན་རི་དགོན་གྱི་སློབ་དཔོན་སྐལ་བཟང་ཉི་མའི་དྲུང་དུ་དམ་པ་ཉིད་ཚེ་སྒྲུབ་བྱ་རི་མའི་བཀའ་དབང་ཐོབ་པ་དང་འབྲེལ་རྗེ་ཉིད་ཀྱི་ཞབས་རྟེན་གསོལ་འདེབས་འདི་ལྟར། ཨེ་མ་ཧོ་སྔོན་བསགས་ཚོགས་གཉིས་ཁྱུང་གི་སྔོན་སྐྱེས་ལས། །ཉེར་དྲངས་གསང་གསུམ་ཆ་ཤས་ཡོངས་རྫོགས་ཤིང་། །མཛད་ཕྲིན་སྣང་བ་ཟད་མི་ཤེས་པའི་གཏེར། །དགོས་འབྱུང་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞབས་པད་བསྐལ་པ་བརྒྱ་རུ་བརྟན་གྱུར་ཅིག ཞེས་དང་། དེ་རྗེས་རབ་ལེགས་གཡུང་དྲུང་གླིང་གི་སློབ་དཔོན་སྐལ་བཟང་རིག་འཛིན་གྱིས་བོད་ལྗོངས་ནག་ཆུ་ས་གནས་གཉན་རོང་རྫོང་ཤག་ཆུ་ཤང་ཁོངས་སུ་བོན་གྱི་འདུས་སྡེ་དཔལ་གཤེན་བསྟན་རྣམ་རྒྱལ་བདེ་ཆེན་གླིང་ངམ་མཚན་ཡོངས་སུ་གྲགས་པ་ཆབ་མདོ་དགོན་ཞེས་བྱ་བའི་དབུ་བླ་ཁྲི་རབས་བཞི་པ་ཚུལ་ཁྲིམས་ནོར་བུ་མཆོག་ནི་བོན་གྱི་ཐུན་མོངས་མ་ཡིན་པའི་གདུང་རྒྱུད་ཡང་སྤྲུལ་ངོས་འཛིན་སྲོལ་ལྟར་ཁྱུང་པོ་དཀར་ནག་སེར་གསུམ་གྱི་ནང་ཚན་ཁྱུང་པོ་ནག་རུའི་གདུང་ལས་འཁྲུངས་པའི་བླ་རབས་གོང་མའི་རྗེ་འཛིན་སྤྲུལ་པའི་སྐུ་འཁྲུལ་མེད་ཡིན་པ་བོན་གྱི་གདན་ས་རབ་ལེགས་གཡུང་དྲུང་གླིང་གི་རྒྱལ་ཚབ་དཔོན་སློབ་ཀུན་བཟང་བློ་གྲོས་ཀྱིས་ཐུགས་ཐག་བཅད་ནས་གདན་སར་ཁྲི་བཞེངས་རྟེན་འབྲེལ་བྱས་ཡོད་པས་དད་པའི་སྦྱིན་བདག་རྣམས་དང་འབྲེལ་ཡོད་སྡེ་ཁག་སུ་ཡིན་ཡང་ཡིད་གཉིས་ཐེ་ཚོམ་མེད་པར་བསྟན་དང་འགྲོ་ལ་ཕན་པའི་སྐྱབས་ཡུལ་དད་པའི་ཞིང་དུ་འཛིན་ཆོག་པ་ལགས་སོ། ཞེས་བོན་གྱི་གདན་ས་གཡུང་དྲུང་གླིང་གི་དཔོན་སློབ་སྐལ་བཟང་རིག་འཛིན་ནས་སྤྱི་ལོ་༢༠༡༣ལོའི་སྤྱི་ཟླ་༥པའི་ཚེས་༡༩་ཉིན་བྲིས།” ཅེས་པ་ལ་སོགས་འཁོད་ཡོད། སྤྱི་ལོ་༡༩༩༩ལོར་ས་གནས་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་འགན་བཞེས་ཏེ་དམ་པ་ཉིད་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སྒོ་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་། སྒོས་རྫོང་ཁོངས་ཀྱི་དགོན་སྡེ་རི་ཁྲོད་དང་རྒྱ་ཆེན་མི་དམངས་རྣམས་ལ་ཞབས་ཕྱིའམ་ལེགས་སྐྱེས་ཡང་འདི་ལྟར་ཕུལ་ཡོད་དེ་རྗེ་ཉིད་ཀྱིས་རང་རེའི་རྫོང་ཁོངས་དུ་ཡོད་པའི་དགོན་སྡེ་དང་རི་ཁྲོད་རྣམས་ལ་གྲུབ་མཐའ་རིས་མེད་ཀྱི་སྒོ་ནས་ཡར་གོང་རིམ་ལ་སྙན་ཞུ་གཅིག་མཐུན་དང་། མར་དགོན་པ་རི་ཁྲོད་ཀུན་ལ་སངས་རྒྱས་ཀྱི་བསྟན་པ་ཇི་ལྟར་སྐྱོང་དགོས་ཚུལ་དང་། དགོན་ཁག་རྣམས་ཀྱི་སྔགས་བཙུན་ཡོངས་ལ་འཆད་ཉན་སྒོམ་སྒྲུབ་ཀྱི་སློབ་ལ་བརྩོན་དགོས་པའི་བཀའ་སློབ་ཡང་ཡང་གསུང་པའི་ལས་དམངས་ཀུན་གྱིས་དགའ་བསུ་དང་ཡིད་རངས་ཞིག་གི་ཉེར་ལེན་དང་སྔོན་ཆབ་མདོ་དགོན་བླ་རབས་གཉིས་པ་བླ་མ་ཚེ་དཔག་དབང་རྒྱལ་ལམ་ཡེ་ཤེས་ཚུལ་ཁྲིམས་མཆོག་ནི་ནག་ཆུ་ས་གནས་ཀྱི་སྲིད་གྲོས་ཨུ་ཡོན་དང་བོད་ལྗོངས་ནང་བསྟན་ཐུན་ཚོགས་ཀྱི་ལས་འཛིན་ཡིན་པའི་རྒྱལ་གཅེས་མཛད་བཟང་རྒྱུད་འཛིན་གནང་བར་རྟེན། དམ་པ་ཉིད་སྤྱི་ལོ་༢༠༠༠ལོར་ནག་ཆུ་ས་གནས་ཀྱི་སྲིད་གྲོས་ཨུ་ཡོན་ལ་བསྐོ་བཞག་མཛད་ཡོད་ལ། གོང་རིམ་དང་འབྲེལ་ཡོད་ཚན་པ་དང་དེ་བཞིན་མི་དམངས་ཀུན་གྱིས་ཡིད་ཆེས་དང་དགའ་བསུ་ཆེན་པོ་ཐོབ་ཡོད། སྤྱི་ལོ་༢༠༠༡ལོར་ནག་ཆུ་ས་ཁུལ་ཐེངས་གསུམ་པའི་དགོན་སྡེའི་དམངས་བདག་ཀྲུའུ་རིན་སློབ་སྦྱོང་ཕེབས་སྐབས་སྦྱང་འབྲས་ཚད་མཐུན་བྱུང་བའི་དམིགས་བསལ་གྱི་གཟི་བརྗིད་མཚན་སྙན་ཕྱག་འཁྱེར་ཐོབ་ཡོད། ལོ་དེར་བླ་བྲང་གོང་མ་གཟོ་བོ་ཁྱུང་ལག་ཐོག་བརྩེགས་གཉིས་ལྡན་ཁང་མིག་བཅུ་ཅན་ཉམས་གསོ་བྱས།  དེའི་དགུན་ཁར་སྐྱབས་རྗེ་མཆོག་སྤྲུལ་ཚུལ་ཁྲིམས་ནོར་བུ་མཆོག་གིས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་དགོས་ཨ་གྲགས་ལྷ་སྡེ་ཡོངས་ཀྱི་རིམ་འགྲོར་ཡི་དམ་དབལ་ཆེན་གེ་ཁོད་ཀྱི་ལས་མཐའ་ཞིག་དགོས་གལ་ཆེ་བར་དགོངས་ནས་མཆོག་སྤྲུལ་ཉིད་ཀྱི་ཐུགས་བསྐྱེད་འོག་རབ་བྱུང་བཅུ་བདུན་པའི་ལྕགས་སྤྲུལ་ལོའི་སྤྱི་ལོ་༢༠༠༡བོད་ཟླ་བཅུ་གཅིག་པའི་ཉིན་ཤུའི་ནང་དུ་ཕུར་ནག་དགོན་པའི་ཨ་སྐྱིད་ཡོན་ཏན་རྒྱལ་མཚན་མཆོག་དགོན་འདིར་གདན་འདྲེན་ཞུས་ཏེ་ཡི་དམ་དབལ་ཆེན་གེ་ཁོད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཤིང་བསྙེན་སྒྲུབ་ཟབ་མོ་མཐར་གྲུབ་པར་མཛད་པས། ཡི་དམ་གྲུབ་རྟགས་རལ་གྲི་རང་མདུད་རྟེན་ཁྱད་པར་ཅན་ཞིག་ཆུ་བུར་མིག་གིས་མཐོང་ཡུལ་དུ་གྱུར་ཡོད་པ་མ་ཟད་མཇུག་ཏུ་དམ་པ་ཉིད་དང་། ཨ་སྐྱིད་ཡོན་ཏན་རྒྱལ་མཚན་དང་། དང་ར་བླ་མ་གཡུང་དྲུང་རྒྱལ་མཚན་དབུས་པའི། སྐམ་ཚང་བླ་ཆུང་ཕུན་ཚོགས། ཞུ་ཚང་བླ་མ་ཚེ་དབང་རིན་གྲགས་སོགས་ཀྱིས་ལྷ་སྡེ་མང་ཚོགས་རྣམས་ལ་བཀའ་དབང་བསྩལ།  སྤྱི་ལོ་༢༠༠༢ལོར་རྣམ་རྒྱལ་ལྷ་ཁང་དུ་གཤེན་རབ་རྣམ་པར་རྒྱལ་བའི་སྐུ་བརྙན་དང་། ཡུམ་ཆེན་ཤེས་རབ་བྱམས་མའི་སྐུ་བརྙན་གསེར་ཟང་ལས་གྲུབ་པའི་ཐོག་བརྩེགས་གཉིས་ལྡན་ཅན་གསར་བཞེངས་མཛད། སྤྱི་ལོ་༢༠༠༤ལོར་ལྗོངས་ཡོངས་ཀྱི་ཐེངས་བཞི་པའི་དགོན་སྡེའི་དམངས་བདག་ཀྲུའུ་རིན་སྦྱོང་བསྡར་འཛིན་གྲྭར་ཕེབས་ནས་ཟླ་༦པའི་ཚེས་༢༢ཉིན་སློབ་མཇུག་སྒྲིལ་བའི་ཕྱག་འཁྱེར་ཐོབ་པ་དང་འབྲེལ་སྤྱི་ལོ་༢༠༠༥ལོར་རྫོང་མི་འཐུས་ཀྱི་རྒྱུན་ལས་ཨུད་ཡོན་གྱི་འགན་འཛིན་བསྐོ་བཞག་བྱས།  སྤྱི་ལོ་༢༠༠༦ལོར་དམ་པ་ཉིད་དགོན་གྱི་མཚན་འཛིན་གྱི་ཀྲུའུ་རིན་གནང་བ་དང་། དམ་པ་ཉིད་ཀྱིས་རྩ་བའི་འཆར་འགོད་འོག་དང་ར་བླ་མ་གཡུང་དྲུང་རྒྱལ་མཚན་གྱིས་མཐུན་སྦྱོར་གནང་བར་རྟེན་བླ་བྲང་འོག་མ་གཡུང་དྲུང་གཟི་འབར་ཀ་བ་བཅུ་གཉིས་ཐོག་བརྩེགས་གཉིས་ལྡན་ཅན་ཉམས་གསོ་གྲུབ་ནས་དེའི་ནང་རྟེན་རྒྱལ་ཚབ་ཡེ་ཤེས་ཚུལ་ཁྲིམས་ཀྱི་སྐུ་གདུང་གསེར་ཟང་ལས་གྲུབ་པའི་ཐོག་བརྩེགས་གཉིས་ལྡན་ཅན་དང་གསེར་འཕྲུ་བཅས་པ་གྲུབ།  སྤྱི་ལོ་༢༠༠༧ལོར་ཟླ་༩ཚེས་༡༧ཉིན་རྫོང་མི་རིགས་ཆོས་དོན་ཅུས་ནས་སྐབས་བཅུ་བདུན་པའི་མི་རིགས་མཐུན་སྒྲིལ་བྱེད་སྒོའི་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཐོབ་ཡོད་ལ་༢༠༠༩ལོར་ཟླ་༣ཚེས་༣༠ཉིན་ཤང་ཏང་ཨུད་དང་མི་དམངས་སྲིད་གཞུང་ནས་ལས་རིགས་ཁག་གི་སྔོན་ཐོན་མི་སྒེར་གྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། ལོ་དེའི་ཟླ་༩ཚེས་༡ཉིན་སྐབས་བཅུ་དགུ་པའི་མི་རིགས་མཐུན་སྒྲིལ་གཟེངས་བསྟོད་ཡང་ཐོབ་ཡོད།  འདི་ལོར་རྗེ་ཉིད་ཀྱི་ཐུགས་དགོངས་ལྟར་ཏང་དང་རྒྱལ་ཁབ་ཀྱི་སྲིད་བཟང་ཡང་དག་པའི་འོག་ཏུ་དགོན་ཁག་རྣམས་སྔར་ཡོད་ཀྱི་སྲོལ་རྒྱུན་དང་རིགས་གཞུང་རྣམས་ལ་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་གོང་འཕེལ་གཏོང་ཆོག་པའི་སྲོལ་བཟང་ལ་རྟེན་ནས་རང་རེའི་ཆབ་མདོ་དགོན་དུ་ཚད་མཐོའི་བཤད་སྒྲུབ་སློབ་གཉེར་འཐུས་སྒོ་ཚང་དུ་གཏོང་ཕྱིར་“ཞང་ཞུང་བར་པའི་བཤད་སྒྲུབ་སློབ་གླིང་”ཞེས་པ་དབུ་བརྙེས་ནས་བོན་གྱི་གྲྭ་ས་ཆེན་མོ་གཙང་ཐོབ་རྒྱལ་སྨན་རི་དགོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་ལུང་རྟོགས་བསྟན་འཛིན་རྣམ་རྒྱལ་མཆོག་དགེ་རྒན་ཆེན་མོ་མཛད་དེ་འབྱུང་ལྡན་༣༠༡དང་རབ་འབྱུང་བཅུ་བདུན་པའི་ས་གླང་ལོར་དགུན་ཟླ་ཐ་ཆུང་བའི་སྤྱི་ལོ་༢༠༠༩ལོར་བོད་ཟླ་༡༢པའི་ཚེས་༡༥དུས་ཁྱད་པར་ཅན་ཉིན་མོར་བཤད་སྒྲུབ་ཀྱི་སྣ་སེལ་དང་བསྟན་པའི་དར་ཆེན་མཁའ་ལ་བསྒྲེངས་ཏེ་ཁྲི་འཛིན་བཞི་པ་སྐྱབས་རྗེ་ཚུལ་ཁྲིམས་ནོར་བུ་རིན་པོ་ཆེ་ཉིད་ཀྱིས་གཙོ་བོར་ཐུགས་འགན་བཞེས་ཤིང་། གཞན་དམངས་བདག་དང་གྲྭ་ཚང་འདུས་སྤྱི་ནས་ཕྱར་གྲུ་མཉམ་འདེགས་ཀྱི་སྒོ་ནས་བཤད་སྒྲུབ་ཀྱི་བསྟན་པའི་མེ་རོ་སླར་ཡང་གསོས། འདི་ནི་མཐོ་སྒང་བྱང་ཐང་གཉན་ལྗོངས་ཡུལ་དུ་ཆེས་ཐོག་མའི་བཤད་སྒྲུབ་གཉིས་ལྡན་གྱི་ས་བོན་ཐོག་མ་དེར་ཆག་ཡོད། རང་རེའི་ཡུལ་འདིར་ཤེས་བྱའི་གནས་ལ་སྐོམ་པ་ཆུ་འདོད་ཀྱི་མི་བུ་སུ་འདྲ་ཞིག་སློབ་ལ་བརྩོན་འདོད་ན་ཤེས་རིག་གི་ཕ་ས་ཞིག་བསྐྲུན་པ་མ་ཟད་རྗེ་བླ་མ་ཉིད་ཀྱིས་ཀྱང་སྔོན་ཆད་འཆད་ཉན་བྱེད་པ་རྣམས་གསལ་གདབ་ཕྱིར་དུ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་གྱི་སྐུ་མདུན་ནས་བརྡ་དག་སོགས་ཞོར་དུ་བསྐྱར་སྦྱང་མཛད་པ་དང་འབྲེལ་“མི་ཤེས་ལྐུག་འབྱེད་འཕྲུལ་གྱི་ཡི་གེ་ཉིད་”ཞེས་པར་ལྟར་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་གྱིས་མཛད་པའི་དེབ་ཕྲེང་འགའ་སྦྱིན་བདག་དང་རོགས་རམ་མཛད་པ་མ་ཟད། གཉན་རོང་སློབ་ཆུང་དང་ཤག་ཆུ་ཤང་སློབ་ཆུང་རྣམས་ལ་རོགས་སྐྱོར་བྱས་ཡོད། སྤྱི་ལོ་༢༠༡༣ལོའི་ཟླ་༩པར་བོད་ལྗོངས་ནང་བསྟན་སློབ་གླིང་དབུ་བརྙེས་པའི་སྐབས་དང་པོའི་སློབ་མའི་གྲལ་དུ་ཆོས་རྒྱུད་ལྔ་ཡི་རིག་གཞུང་དག་ཚད་མཐུན་སློབ་གཉེར་གནང་བས། ༢༠༡༥ལོའི་ཟླ་༧ཚེས་༡༠ཉིན་སློབ་མཐར་ཕྱིན་ཞིང་རབ་འབྱམས་འབྲིང་རམས་པའི་སློབ་ཐོན་ཕྱག་འཁྱེར་ཐོབ། སྤྱི་ལོ་༢༠༡༠ལོར་བཀའ་འགྱུར་ལྷ་ཁང་དང་དགོན་གྱི་ཤར་ངོས་ལྕགས་རིར་མ་ཏྲིའི་ལག་འཁོར་དང་། སྣེ་ལེན་ཁང་། མཛོད་ཁང་ཐོག་བརྩེགས་གཉིས་ལྡན་ཐབ་ཚང་དང་བཅས་པ་ཉམས་གསོ་གྲུབ། ལོ་དེར་ཟླ་༨ཚེས་༢༠ཉིན་བླ་བྲང་འོག་མ་གཡུང་དྲུང་གཟི་འབར་ནང་རྟེན་རྗེ་མཉམ་མེད་ཆེན་པོའི་སྐུ་བརྙན་དང་། རྟོགས་ལྡན་གཡུང་དྲུང་ཚུལ་ཁྲིམས་ཀྱི་སྐུ་བརྙན་བཞེངས་སྒྲུབ་བྱས།  སྤྱི་ལོ་༢༠༡༡ལོའི་༤པའི་ཚེས་༡༨ཉིན་རྫོང་འཐབ་ཕྱོགས་གཅིག་གྱུར་དང་རྫོང་མི་རིགས་ཆོས་དོན་ཅུས་གཉིས་ཀྱིས་དམ་པ་ཉིད་དགོན་སྡེའི་ས་ཁོངས་དོ་དམ་ལས་འཛིན་འདེམས་ཐོན་བྱུང་བ་དང་ཟླ་༥ཚེས་༡༨ཉིན་ཤང་ཏང་ཨུད་དང་མི་དམངས་སྲིད་གཞུང་ནས་སྔོན་ཐོན་མི་སྣར་འདེམས་ཐོན་གྱི་མཚན་སྙན་གཟེངས་བསྟོད་ཐོབ། ལོ་དེར་ཟླ་བ་༩པའི་ཚེས་༢༣ཉིན་གཉན་རོང་རྫོང་སྐབས་ཉེར་གཅིག་པའི་མི་དམངས་མཐུན་སྒྲིལ་སློབ་གསོའི་བྱེད་སྒོའི་ནང་དུ་གཉན་རོང་རྫོང་མི་དམངས་སྲིད་གཞུང་ཁང་དང་གཉན་རོང་རྫོང་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་སྒྲིལ་གྱི་ཕུལ་འབྱུང་གཟེངས་བསྟོད་ཕྱག་འཁྱེར་ཐོབ། ལོ་དེར་རྗེ་རིན་པོ་ཆེའི་ལྷ་ཁང་ཀ་བ་བཅུ་གཉིས་ཅན་ཐོག་བརྩེགས་གཉིས་ལྡན་དང་འཆད་ར་ཁང་བཅས་གྲུབ་པ་དང་། བཀའ་འགྱུར་ལྷ་ཁང་གི་ནང་རྟེན་སྟོན་པ་ལོངས་སྤྱོད་རྫོགས་སྐུའི་སྐུ་བརྙན་དང་རྒྱལ་བའི་བཀའ་དང་བཀའ་བསྟན་གྱི་མཆོད་ཁྲི་ཀུན་དགའ་ར་བ་བཅས་ལེགས་གྲུབ་བྱུང་། སྤྱི་ལོ་༢༠༡༢ལོའི་བོད་ཟླ་༡ཚེས་༡༥ཉིན་གཉན་རོང་ཨ་གྲགས་ཆབ་མདོ་ཞང་ཞུང་བར་པའི་བཤད་སྒྲུབ་སློབ་གླིང་ནས་སྐབས་དང་པོའི་སྒྲུབ་ཐོན་པ་རྟགས་བརྒྱད་གྲངས་ཚང་ལྡན་པའི་གཤེན་གྱི་རྣལ་འབྱོར་བ་བརྒྱད་སྒྲུབ་ཐོན་མཛད་སྒོར་སྤེལ་ནས་དགོན་གྱི་བླ་མ་ཚུལ་ཁྲིམས་ནོར་བུ་དང་དང་ར་བླ་མ་གཡུང་དྲུང་རྒྱལ་མཚན་གཉིས་དབུ་བཞུགས་ཐོག་ལས་འཛིན་རྣམས་ལ་གཏོང་རག་མཆོད་སྤྲིན་རྒྱས་འབུལ་དང་འབྲེལ་སྒྲུབ་ཐོན་བ་རྣམས་ཀྱིས་གཞུང་རྒྱུགས་ཕུལ་ཏེ་བླ་མ་ཚུལ་ཁྲིམས་ནོར་བུ་མཆོག་དང་ཞུ་ཚང་དགོན་གྱི་མཁན་པོ་བསྟན་འཛིན་རྣམ་རྒྱལ་གཉིས་ཀྱིས་སྒྲུབ་ཐོན་བ་རྣམས་ལ་མགུལ་དར་སྒྲོན། སྒྲུབ་ཐོན་མཛད་སྒོའི་སྐབས་རྫོང་ཨུད་དང་རྫོང་མི་དམངས་སྲིད་གཞུང་གིས་ཚད་མཐོའི་གདེང་འཇོག་གནང་བའི་འོག་ཏུ་ཆེད་དུ་ཕེབས་པའི་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་དབུ་ཁྲིད་དང་། རྫོང་མི་རིགས་ཆོས་དོན་ཅུས་ཀྱི་དབུ་ཁྲིད་དེ་བཞིན་ཤང་སྲིད་གཞུང་གི་དབུ་ཁྲིད་དགོན་སྡེ་དོ་དམ་དབུ་ཁྲིད་བཅས་ཕེབས་ཡོད། སྤྱི་ལོ་༢༠༡༢ལོར་ཟླ་༧པའི་ཚེས་༡༥ཉིན་གཉན་རོང་སྲིད་གྲོས་དབུ་བརྙེས་སྐབས་རྗེ་ཉིད་རྫོང་སྲིད་གྲོས་ཀྱི་ཀྲུ་ཞི་གཞོན་པ་བསྐོ་བཞག་གནང་བར་ལས་དམངས་ཡོངས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད་ཅིང་།  ལོ་དེར་ལྗོངས་སྲིད་གྲོས་ཨུ་ཡོན་དང་ནག་ཆུ་སྲིད་གྲོས་ཀྱི་རྒྱུད་ཨུད་བཅས་འདེམས་ཐོན་བྱུང་ཡོད་ལ་བོད་ལྗོངས་ནང་བསྟན་སློབ་གླིང་དུ་བགྲང་བྱ་གཉིས་རིང་སློབ་སྦྱོང་བཞུགས། སྤྱི་ལོ་༢༠༡༥ལོར་ནག་ཆུ་ས་གནས་དུས་ཁག་བཞི་པར་སྔོན་ཐོན་གྲྭ་བཙུན་གྱི་ཚོགས་འདུར་སློབ་སྦྱོང་ཕེབས་ནས་ཟླ་༦པའི་ཚེས་༢༤ཉིན་གསོ་སྦྱོང་འཛིན་གྲྭ་ནས་ཚད་གཞི་ལོན་པའི་ཕྱག་འཁྱེར་ཐོབ། དེ་ལོའི་དབྱར་ཁར་ཡུལ་སྤྱི་ལ་ཐན་པ་ཤིན་ཏུ་ཆེ་བས་སྤྱིར་ཡུལ་ཁམས་ཡོངས་དང་སྒོས་སུ་རང་རེའི་སྤྱི་རིམ་ལ་དམིགས་ནས་སྔར་ཆབ་མདོ་དགོན་གྱི་བླ་རབས་དང་པོ་རྟོགས་ལྡན་གཡུང་དྲུང་ཚུལ་ཁྲིམས་ཀྱིས་བྱིན་གྱིས་རླབས་པའི་ཆར་འབེབས་ཁར་དམ་པ་ཉིད་དང་། དང་ར་བླ་མ་གཡུང་དྲུང་རྒྱལ་མཚན། ཞུ་ཚང་བླ་མ་ཚེ་དབང་རིག་གྲགས་སོགས་བླ་གྲྭ་ཀུན་འཛོམས་ཐོག་ཏུ། མདོ་གཡུང་དྲུང་ཀློང་རྒྱས་དཀྱིལ་འཁོར་ཞལ་ཕྱེས་ཏེ་ས་བདག་ཉེ་ལམ་སྡེ་བཞི་དང་། ཀླུ་མཆོད་འོ་མའི་རྒྱ་མཚོ། བསྙེན་སྒྲུབ་གཞུང་སྲང་བའི་བྱིན་མཐུ་དང་། སྐྱབས་རྗེ་ཚུལ་ཁྲིམས་ནོར་བུའི་ཐུགས་རྗེའི་འོག་འགྲོ་བ་ཡོངས་ལ་གདུང་བ་སེལ་བའི་གངས་ཆར་ཕྱོགས་བཅུར་ཡོངས་སུ་སྨིན་པར་མཛད། སྤྱི་ལོ་༢༠༡༦ལོར་གསས་ཁང་ཁྱུང་རུམ་གཡུ་རྩེ་ཐོག་བརྩེགས་སུམ་ལྡན་ཅན་རྒྱ་ཕིབས་གསེར་འཕྲུ་དང་བཅས་པ་ལེགས་སྒྲུབ་ཐོབ། ལོ་དེར་ཟླ་༢པའི་ཚེས་༢༠རང་དགོན་གྱི་དོ་དམ་ལས་ཀའི་ནང་གཟེངས་བསྟོད་ཐོབ་པ་དང་ཆབས་ཅིག་ཏུ།  དེའི་ཟླ་༡༠ཚེས་༢༠ཉིན་ལྗོངས་ཡོངས་ཀྱི་ཐེངས་ལྔ་པའི་སྤྲུལ་སྐུའི་སྦྱོང་བརྡར་འཛིན་གྲྭར་ཞུགས་ནས་སློབ་འཇུག་སྒྲིལ་བ་དང་སྦྲགས་ཚེས་༡༧ཉིན་ཀྲུང་དབྱངས་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གི་གཉེར་བའི་བོད་ལྗོངས་གསར་པའི་སངས་རྒྱས་ཀྱི་ཡང་སྲིད་ཅེས་པའི་གསོ་སྦྱོང་འཛིན་གྲྭར་ཚད་གཞི་ལོན་ནས་དེ་གཉིས་ཀྱི་ཕྱག་འཁྱེར་ཐོབ། སྤྱི་ལོ་༢༠༡༦ལོར་སྡེ་དགོན་གཉིས་ཀྱི་ལོ་མང་རེ་སྒུག་བྱས་པའི་བསྐལ་བཟང་དེ་དངོས་སུ་ཤར་ནས་བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་ཅིག་གྱུར་དང་། མི་རིགས་ཆོས་དོན་ཅུས་དེ་བཞིན་ས་གནས་དང་གཉན་རོང་རྫོང་ཆོས་དོན་ཅུས་སོགས་འབྲེལ་ཡོད་ཚན་པ་ཁག་དང་ནང་བསྟན་མཐུན་ཚོགས་ཁག་གིས་ཆོག་མཆན་ཐོབ་པ་ལྟར། སྤྱི་ལོ་༢༠༡༦ལོའིཟླ་བ་༨ཚེས་༢༠ཉིན་སྟ་གོན་ལེགས་པར་གྲུབ་ནས། ཚེས་༢༡ཉིན་སྟོད་གྲྭ་ས་གོང་འོག་བར་གསུམ་གཙོས་པའི་ས་ཕྱོགས་གཞན་ནས་ཕེབས་པའི་བླ་སྤྲུལ་དགེ་བཤེས་ཆེད་མངགས་གདན་ཞུས་བྱས་པ་རྣམས་ལ་གཉན་རོང་རྫོང་གི་སྲིད་གྲོས་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་མི་རིགས་ཆོས་དོན་ཅུས་དང་རང་དགོན་པའི་བླ་མ་དང་ཀྲུའུ་རིན་སོགས་ཀྱི་ཆེད་མངགས་གཉན་རོང་དང་ནག་ཆུའི་ལམ་བར་པར་རིས་ཐང་ཆེན་དུ་ཕེབས་བསུའི་བཀྲ་ཤིས་རྟེན་འབྲེལ་ཞུས་ཏེ་ཆེད་ཕེབས་ཀྱི་བླ་སྤྲུལ་དང་དགེ་བའི་བཤེས་གཉེན་གཡུང་དྲུང་གླིང་གི་མཁན་ཆེན་སྐྱབས་རྗེ་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་དང་། སྨན་རིའི་བླ་མ་ཞུ་ཚང་རིན་ཆེན་བློ་གྲོས། མཁར་སྣའི་དགེ་སློང་ཤེས་རབ་སྨོན་ལམ། ཁྱུང་པོ་སྟེང་ཆེན་དགོན་གྱི་བླ་མ་རྒྱ་མཚོ་ནོར་བུ། ཞུ་ཚང་དགོན་གྱི་མཁན་པོ་དགེ་བཤེས་ལུང་རྟོགས་བསྟན་འཛིན་རྣམ་རྒྱལ། སྟེང་དགོན་སྤྲུལ་སྐུ་བཟོད་པ་བསྟན་འཛིན་སོགས།  རྫོང་གསོལ་མགྲོན་ཁང་ཆེན་དུ་གདན་ཞུས་མཛད་དེ་སྣེ་ལེན་ཕུན་སུམ་ཚོགས་པར་བྱས། ཚེས་༢༢ཉིན་རང་དགོན་གྱི་བླ་མ་དང་དགེ་བཤེས་ལྷ་སྡེ་མང་ཚོགས་ཀུན་གྱིས་དགོན་ནས་ལེ་བར་བཅུ་གསུམ་སར་ལྗང་ཁུའི་མཚོ་འགྲམ་ཏུ་ཆིབས་བསུ་ཞུས་ཏེ། དཀར་མངར་རོ་མཆོག་ལྡན་པའི་བདའ་དགུ་ཟས་ཀྱི་ཕུད་མཆོད་ཕུལ་ནས་བཀྲ་ཤིས་དར་ལམ་རྒྱུད་དེ་དགོན་དུ་གདན་དྲངས། ལམ་བར་དུ་དད་འདུན་སེར་སྐྱ་ཕོ་མོ་ཀུན་གྱིས་དགའ་དད་སྤྲོ་གསུམ་ངང་ནས་དྲི་མེད་ལྷ་དར་དཀར་པོ་ལག་ཏུ་ཐོགས་ནས་བསང་དུད་ཀྱི་དུ་བ་དགུང་སྔོན་དབྱིངས་སུ་སྔོ་ལྷོང་ལྷོང་འཕྱོ་བར་བྱས་སོ། །
         དེ་ཡང་རང་དགོན་གྱི་དགེ་འདུན་འདུས་པ་རྒྱ་མཚོ་ཡོངས་ཀྱིས་སེར་འཕྲེང་ལེགས་པར་བསྒྲིགས་ཏེ་ཀུན་གྱི་ཕྱག་ན་ཀུན་བཟང་མཆོད་པའི་ཡོ་བྱད་དང་། རྔ་གཤང་རོལ་མོ་བཅས་སྣབས་ཏེ་ཕེབས་བསུ་ལྟ་གོན་མཛད་ཅིང་དད་ལྡན་མང་ཚོགས་རྣམས་རིམ་པ་ལྟར་གྲལ་ལེགས་པར་བསྒྲིགས། ཕེབས་བསུ་ཞུ་མཁན་རླངས་འཁོར་བརྒྱ་དང་བརྒྱད་རྟ་པ་བརྒྱད་བཅུ་གྱ་བརྒྱད་ཀུན་ལ་དགའ་དད་མོས་གུས་ཆེན་པོའི་ངང་རང་རང་གི་དགའ་བའི་ཉམས་ཀྱིས་སྒ་སྲབ་རྒྱན་གོས་ཡིད་དུ་འོང་བ་ལྟ་བའི་མི་བཟོད་པར་བྱས་ནས་སྒྲ་བླའི་ཆས་ལྡན་གྱི་མི་རེ་རེའི་ལྷ་སྲུང་གི་དར་སྐུ་རེ་ཐོགས་ཏེ་ཕེབས་བསུ་ཞུས་ནས་ཐོག་མར་གྲ་ས་གོང་འོག་གི་བླ་མ་རྣམས་ལ། དང་ར་བླ་མ་གཡུང་དྲུང་རྒྱལ་མཚན་གྱིས་མཇལ་ཁ་ཞུས་ཏེ་དེ་ནས་རིམ་བཞིན་འཇལ་འབུལ་ཞུས། ཚེས་༢༣ཉིན་ལྗོངས་དང་ས་གནས། དེ་བཞིན་རྫོང་ཨུད་དང་རྫོང་སྲིད་གཞུང་རྫོང་འཐབ་ཕྱོག་གཅིག་རྒྱུར་པུའུ།  ཆོས་དོན་ཅུས་བཅས་འབྲེལ་ཡོད་ཚན་པ་སོ་སོར་དབུ་ཁྲིད་དང་། རྫོང་ཁོངས་ཀྱི་ཤང་དང་དགོན་པ་ཁག་གི་དབུ་ཁྲིད། དེ་བཞིན་གྲུབ་མཐའ་རིས་མེད་ཀྱི་བླ་སྤྲུལ་སོགས་ཆུ་ཚོད་དགུ་པའི་གོང་ལ་ཕེབས་འབྱོར་གནང་། ཆུ་ཚོད་བཅུ་པའི་ཐོག་ཏུ་ཁྲི་གསོལ་མཛད་སྒོ་དངོས་སུ་འགོ་ཚུགས། མཛད་སྒོར་ཆེད་ཕེབས་གནང་མཁན་དབུ་ཁྲིད་ནག་ཆུ་ས་གནས་སྲིད་ཧྲུའུ་ཀྲོན་ཡོན་སྐུ་གཞོན་དང་། ཀྲུང་གོ་ནང་བསྟན་འཐུས་ཚོགས། བོད་ལྗོངས་ཡན་ལག་ཚོགས་པའི་གཞུང་ལས་ཁང་གི་ཀྲུའུ་རིན། ཀྲུང་གོ་ནང་བསྟན་འཐུས་ཚོགས། བོད་ལྗངས་ཡན་ལག་ཚོགས་པའི་སློབ་དོན་ཁྲུའུ། ནག་ཆུ་ས་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་རྒྱུན་ལས་པུའུ་ཀྲང་། གཉན་རོང་རྫོང་ཨུད་ཀྱི་ཧྲུའུ་ཅི། གཉན་རོང་རྫོང་རྫོང་ཨུད་ཧྲུའུ་ཅི་སྐུ་གཞོན། སྲིད་གཞུང་གི་རྫོང་དཔོན། ནག་ཆུ་ས་གནས་མི་རིགས་ཆོས་དོན་ཅུས་ཏང་ཙུའུ་ཧྲུའུ་ཅི་ཅུས་ཀྲང་སྐུ་གཞོན། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི།  གཉན་རོང་རྫོང་བོད་སྐྱོར་ལས་བྱེད། རྫོང་ཨུད་ཧྲུའུ་ཅི་སྐུ་གཞོན།  གཉན་རོང་རྫོང་བོད་སྐྱོར་ལས་བྱེད། རྫོང་དཔོན་སྐུ་གཞོན། དེ་བཞིན་སྐྱེས་ཆེན་བླ་སྤྲུལ་འགའ་ཞིག་རྫོང་ཁོངས་ནས་ཕེབས་པའི་ཏིང་རྔུལ་དགོན་གྱི་དབུ་བླ་ཚེ་དབང་མགོན་པོ། སྣང་གསལ་དགོན་གྱི་དབུ་བླ་བསྟན་འཛིན་རྒྱལ་མཚན། ཤྭ་རི་དགོན་གྱི་དབུ་བླ་ལུང་རྟོགས་ཉི་མ། འཇིགས་བྲལ་རི་ཁྲོད་ཀྱི་དབུ་བླ་བཀྲ་ཤིས་ཉི་མ། ཤེལ་ཕུར་རི་ཁྲོད་ཀྱི་བླ་མ་ཀུན་གསལ་ཐོག་མེད་སོགས་དགོན་དང་རི་ཁྲོད་ཁག་གི་འཐུས་ཚབ་ཀྱི་བླ་མ་དང་གྲྭ་པ་དུ་མ་ཕེབས་ཡོད་ལ་དེ་མཚུངས་སུ་རྫོང་ཁུལ་འདིའི་ཤང་དང་དགོན་རི་ཁྲོད་ཁག་གི་དབུ་ཁྲིད་རྣམས་མཛད་སྒོར་ཞུགས་ཡོད། མཛད་སྒོར་གོ་རིམ་བཅུ་གཅིག་དེ་དག་ལ་གཙོ་སྐྱོང་གནང་མཁན་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་ཏང་འཛུགས་ཧྲུའུ་ཅིས་གནང་། གོ་རིམ་དང་པོ་ནག་ཆུ་ས་གནས་མི་རིགས་ཆོས་དོན་ཅུས་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་སྐུ་གཞོན་གྱིས་ཡིག་ཆ་སྒྲོགས་སྦྱང་གནང་། གོ་རིམ་གཉིས་པ། ནག་ཆུ་ས་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་རྒྱུན་ལས་པུའུ་ཀྲང་གཞོན་པས་བླ་རབས་བཞི་པ་མཆོག་སྤྲུལ་ཚུལ་ཁྲིམས་ནོར་བུར་བླ་མའི་ཆོག་མཆན་ཕྱག་འཁྱེར་གནང་། གོ་རིམ་གསུམ་པ། བླ་མ་ཚུལ་ཁྲིམས་ནོར་བུ་མི་འཇིགས་གསེར་གྱི་ཁྲི་ལ་མངའ་གསོལ་ནས་ཁྲི་བཞེངས་གནང་བས་དེར་ཡོད་ཀུན་གྱིས་དགའ་དད་སྤྲོ་གསུམ་གྱི་ཐལ་མོས་ཐག་སྒྲ་སྒྲོགས་ཤིང་བཞུགས། གོ་རིམ་བཞི་པ། སྐྱབས་རྗེ་ཚུལ་ཁྲིམས་ནོར་བུ་མཆོག་ལ་སྐུ་གསུང་ཐུགས་ཀྱི་རྟེན་དང་མན་ཊལ་གྱི་ཚན་པ་སྒྲིགས་ནས་འདུས་པ་ཡོངས་ཀྱིས་“གཟི་བརྗིད་དཔལ་འབར་ཡིད་འོང་མཚན་དཔེའི་སྐུ། །འགྲོ་ཀུན་དང་འདྲེན་འགག་མེད་ཚང་དབྱངས་གསུང་། །མི་གཡོ་བདེ་གསལ་རྟོགས་མེད་ཡེ་ཤེས་ཐུགས། །སྟོན་མཆོག་གཤེན་རབ་མི་བོར་གུས་ཕྱག་བགྱི །ཟབ་རྒྱས་རིག་གཞུང་ཀུན་མཁས་མཁས་པའི་ཕུལ། །སོ་ཐར་སླབ་པའི་ཚུལ་བཙུན་བཙུན་པའི་སྡེ། །གཤེན་བསྟན་ཕྱོགས་བརྒྱར་ཀུན་བཟང་བཟང་དགུའི་མཆོག །ཕྲིན་ལས་ནམ་མཁའི་མཐའ་མཉམ་མཉམ་མེད་བསྟོད། །”ཅེས་ཤིས་ཚིག་སྒྲོན་ཏེ། ༡དབང་ཆེན་འབྱུང་ལྔའི་བཀྲག་མདངས་ལྡན་པའི་ལྷ་དར་ཁ་དོག་ལྔ་ལྡན་གཅིག ༢ལྷ་གཤེན་སྲིད་གསུམ་ཞལ་བཀོད་མཛད་པའི་རབ་ཏུ་བྱུང་བའི་ན་བཟའ་ཆ་ཚང་གཅིག ༣བཀྲ་ཤིས་ཟེའུ་འབྲུ་འདབ་མ་འབུམ་ལངས་ངོ་མཚར་པད་མོའི་གཞོན་ནུ་གཅིག  ༤བཀྲ་ཤིས་མདོང་མཐའི་ཁ་རྒྱན་མཛེས་པ་བདུད་བརྩི་ཅུད་ཀྱི་བུམ་པ་གཅིག  ༥བཀྲ་ཤིས་འཁྱུགས་རྩལ་ཁོང་ནས་རྫོགས་པའི་རིན་ཆེན་གསེར་ཉ་ཁ་སྤྲོད་གཅིག  ༦བཀྲ་ཤིས་འཕུར་བཤམ་ལྷབ་ལྷུབ་གཡོ་བའི་མི་ནུབ་རྒྱལ་མཚན་གཅིག ༧བཀྲ་ཤིས་ཀུན་གྲགས་གསུང་དབྱངས་སྙན་པའི་ཨུན་ཆེན་དུང་དཀར་གཡས་འཁྱིལ་གཅིག ༨བཀྲ་ཤིས་མིག་མང་རིས་སུ་མཛེས་པའི་དཔལ་དབྱེ་སྣང་བ་ཀུན་སྤྲོ་གཅིག  ༩བཀྲ་ཤིས་རྩིབས་སྟོང་རྣམ་པར་བཀྲ་བའི་སྟོབས་ལྡན་དབང་སྒྱུར་འཁོར་ལོ་གཅིག  ༡༠བཀྲ་ཤིས་དར་ཆུན་ལྷུབ་མོས་མཛེས་པ་དབུ་རྒྱན་བསིལ་བའི་གདུགས་ཆེན་གཅིག ༡༡བཤད་སྒྲུབ་འདུས་སྡེའི་དད་གསུམ་མཚོན་བྱེད་རྒྱལ་བ་མཉམ་མེད་ལྷ་སྐུ་གཅིག  ༡༢སྲིད་འབྱོར་གཡང་དུ་འགུགས་པའི་ཀུན་དགའ་དོན་འགྲུབ་བཅས་བླ་གྲྭ་ཡོན་མཆོད་ཀུན་གྱིས་སོར་བཅུའི་འདབ་མ་སྙིང་ཁར་སྦྱར་ནས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལགས་སོ། གོ་རིམ་ལྔ་པ། གཉན་རོང་རྫོང་ཨུད་དང་རྫོང་མི་དམངས་སྲིད་གཞུང་། དེ་བཞིན་སྐུ་མགྲོན་རྣམ་པས་བླ་གྲྭ་ཀུན་ལ་ཁ་བཏགས་སྒྲོན་ནས་ཞུ་རྟེན་ཕུལ། གོ་རིམ་དྲུག་པ། ཆབ་མདོ་དགོན་གྱི་བླ་གྲྭ་ཡོངས་ཀྱི་སྐུ་ཚབ་འཆི་མེད་གཡུང་དྲུང་གིས་ཐུགས་རྗེའི་ཞུ་ཚིག་ཕུལ། གོ་རིམ་བདུན་པ། ཆབ་མདོ་དགོན་གྱི་དོ་དམ་ཨུ་ལྷན་ཁང་གི་ཀྲུའུ་རིན་གྱིས་སྒྲོགས་སྦྱང་གནང་། གོ་རིམ་བརྒྱད་པ། ཤག་ཆུ་ཤང་མི་འཐུས་ཀྲུའུ་ཞིས་སྒྲོགས་སྦྱང་གནང་། གོ་རིམ་དགུ་པ། གཉན་རོང་རྫོང་རྫོང་ཨུད་ཧྲུའུ་ཅི་སྐུ་གཞོན། སྲིད་གཞུང་རྫོང་དཔོན་གྱིས་སྒྲོགས་སྦྱང་གནང་། གོ་རིམ་བཅུ་པ། ནག་ཆུ་ས་གནས་སྲིད་ཧྲུའུ་ཀྲོན་ཡོན་སྐུ་གཞོན་གྱིས་སྒྲོགས་སྦྱང་གནང་། གོ་རིམ་བཅུ་གཅིག་པ། མཛད་སྒོར་ཞུགས་པའི་ཆོས་དད་མང་ཚོགས་ཀྱིས་བླ་རབས་བཞི་པ་མཆོག་སྤྲུལ་ཚུལ་ཁྲིམས་ནོར་བུ་ལ་ཁ་བཏགས་དང་མཇལ་འབུལ་ཞུས། དེའི་སྐབས་ཆེད་ཕེབས་གནང་བའི་སྐུ་མགྲོན་དབུ་ཁྲིད་དང་བླ་མ་དགེ་བཤེས་ལྔ་བཅུ་ལྷག་ཙམ་དང་། ཁྱོན་མི་གྲངས་ཁྲི་བཞི་ཉེ་བ་ཕེབས་ཡོད་པ་ཀུན་གྱིས་རྗེ་ཉིད་ལ་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་གཏོར་བས་བསྟོད་ཚིག་གི་རོལ་མོ་ཉུང་ཉུང་ག་ལ་ཡིན། སྤྱིར་ཁྲི་གསོལ་མཛད་སྒོའི་བསྟོད་ཚིག་གྲངས་ལས་འདས་ཀྱང་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཕུལ་བའི་ཤིས་བརྗོད་འགའ་བཀོད་ན། བོན་གྱི་གདན་ས་ཆེན་མོ་གཡུང་དྲུང་གླིང་གི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན་དབང་གི་རྒྱལ་པོ་མཆོག་གིས་ཕུལ་བའི་ཤིས་བརྗོད་ནི། སྐལ་བཟང་རྒྱལ་བསྟན་སྐྱོང་བའི་བླ་མ་རྗེ། །ལམ་བཟང་གསེར་གྱི་ཁྲི་ལ་མངའ་གསོལ་བས། །གཏམ་བཟང་ཐོས་པའི་བཀྲ་ཤིས་ཁ་གཡང་དང་། །མཛད་བཟང་དབྱར་མཚོ་འཕེལ་བའི་སྨོན་འདུན་ཞུ། །ཞེས་བླ་མ་ཚུལ་ཁྲིམས་ནོར་བུ་མཆོག་ལ་ལུགས་མཐུན་བླ་མའི་གསེར་ཁྲི་མངའ་གསོལ་བ་ལ་རྟེན་འབྱུང་བཀྲ་ཤིས་བདེ་ལེགས་དང་བཅས་ཏེ་ཕུལ། བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རི་དགོན་གྱི་བླ་མ་ཞུ་ཚང་རིན་ཆེན་བློ་གྲོས་མཆོག་གིས་ཁྲི་སྟོན་མཛད་སྒོར་ཕུལ་བའི་ཤིས་བརྗོད། ཨེ་མ་ཧོ། རབ་འབྱམས་རྒྱལ་བའི་ཕྲིན་ལས་མ་ལུས་གཅིག་ཏུ་བསྡུད་འདྲའི་ངུར་སྨྲིག་མཛེས་པའི་རྣམ་པར་རོལ། །མཁས་བྱ་གསུམ་གྱིས་རྒྱལ་གཤེན་བསྟན་པའི་བ་དན་དཀར་པོ་གངས་རིའི་ལྗོངས་ཀྱི་ཡང་རྩེར་བསྒྲེངས། །འགྲོ་བའི་དེད་དཔོན་སྙ་ཆེན་ལི་ཤུའི་ཐུགས་ཀྱི་རྣམ་སྤྲུལ་འགྲོ་བའི་དོན་ཆེད་ཞིང་འདིར་ཕེབས། །ས་གསུམ་འགྲན་བྲལ་དགེ་སློང་ཆེན་མོ་ཚུལ་ཁྲིམས་ནོར་བུར་སྒོ་གསུམ་གུས་པས་གསོལ་བ་འདེབས། །གདོད་ནས་སྤངས་རྟོགས་མཐའ་རུ་སོན་ཀྱང་སྙིགས་མའི་དམུ་རྒོད་འདུལ་བའི་སླད་དུ་མཚན་དཔེ་བཞེད། །མཉམ་མེད་བླ་མའི་རིང་ལུགས་དྭངས་མ་འཁྲུལ་མེད་སྐྱོང་བཞིན་ཆབ་དགོན་ཕྱི་ནང་གི །རྟེན་དང་བརྟེན་པ་འཛིན་སྐྱོང་སྤེལ་བའི་མཛད་པའི་ཕྲིན་ལས་ནོར་འཛིན་ཁྱོན་འདིར་ཐེག་གམ་སྙམ། །བསྟན་པ་འཛིན་པའི་ཟླ་དང་བྲལ་བའི་རིག་འཛིན་ཆེན་པོ་ལི་ཤུའི་རྣམ་སྤྲུལ་ཁྱེད་ཉིད་འདུད། །ལྷག་པར་དེ་རིང་ཉིན་བཟང་སྐར་བཟང་ཚེས་བཟང་འདི་ལ་དགའ་བ་འབུམ་གྱིས་མདུན་བསུས་ཏེ། །བཟང་པོ་གསུམ་བརྩེགས་བཀྲ་ཤིས་ཉིན་འདིར་མི་འཇིགས་གདོང་ལྔའི་གསེར་གྱི་ཁྲི་ལ་མངའ་གསོལ་བ། །བཀྲ་ཤིས་རྟགས་བརྒྱད་རིན་ཆེན་ནོར་བདུན་ལྷ་རྫས་ཁ་བཏགས་དཀར་པོ་སོགས་ཀྱིས་སྣེར་དྲངས་ཤིང་། །སྐུ་ཚེ་བསྐལ་བ་བརྒྱ་ཡི་བར་དུ་བསྟན་འགྲོའི་དོན་སླད་གདོང་ལྔའི་ཁྲི་ལ་བརྟན་བཞུགས་གསོལ། །ཞེས་ཡོངས་གྲགས་སུ་གཉན་རོང་ཆབ་མདོ་དགོན་པའི་དབུ་བླ་ཚུལ་ཁྲིམས་ནོར་བུ་རིན་པོ་ཆེ་མཆོག་ལ་གསེར་ཁྲི་མངའ་གསོལ་བའི་དུས་བཟང་དེར་དགའ་བ་འབུམ་དང་སྤྲོ་བ་སྟོང་གིས་སྣེ་དྲངས་ཏེ་ཕུལ། ཁྱུང་པོ་སྟེང་ཆེན་དགོན་གྱི་དབུ་བླ་ཚོགས་གཉིས་རྒྱ་མཚོ་ནོར་བུས་ཕུལ་བའི་གསོལ་འདེབས་ཤིས་སྨོན། ཨེ་མ་ཧོ། ཡས་ཕུབ་ལྟ་བའི་གཉུག་མའི་གཤེས་ལ་འདྲེས། །མས་འཛེག་སྤྱོད་པ་གཡུང་དྲུང་སེམས་པའི་ཚུལ། །ལྟ་སྤྱོད་ཟུང་འབྲེལ་ཐེག་སྟོབས་བླ་ན་འབར། །བླ་མ་ཚུལ་ཁྲིམས་ནོར་བུར་གསོལ་བ་འདེབས། །ཅེས་པ་བརྟན་བཞུགས་མེ་ཏོག་མཆོད་པས་མདུན་དུ་བསུས་ཏེ།  གང་ཉིད་ཟབ་གསང་མཁྱེན་པའི་ཡོན་ཏན་མཁའ་ལས་རྒལ་ཞིང་བརྩེ་ཆེན་སྙིང་རྗེའི་རིས་མེད་འགྲོ་བ་མ་ལུས་དམ་དུ་འཆིང་བའི་དཔལ་ལས་ཉེར་འཁྲུངས་རྨད་བྱུང་ཕྲིན་ལས་དཀར་པོའི་བ་དན་དཀར་པོ་བླ་ནས་བླ་རུ་བསྒྲེངས་ཤིང་། གང་གི་འགྲན་བྲལ་དཔོན་གསས་བླ་མ་ཚུལ་ཁྲིམས་ནོར་བུ་རིན་པོ་ཆེ་མཆོག་ཉིད་ཞབས་སེན་འོད་རིས་གདོང་ལྔའི་ཁྲི་ལ་མངོན་པར་རྩེན་པའི་སྐལ་བཟང་ཉིན་མོ་འདིར་མཆོག་ཉིད་བསྟན་འགྲོའི་དོན་དུ་འགྱུར་མེད་བསྐལ་བརྒྱར་བཞུགས་པའི་རྟེན་མཆོག་འབུལ་བ་ལ། གང་སྐུ་མཚན་དཔེ་དཔལ་ཡོན་རྫོགས་པའི་རྒྱལ་བའི་སྐུ་བརྙན་གཅིག །གསུང་དབྱངས་འགག་མེད་བོན་སྒྲ་ཕྱོགས་བཅུར་སྒྲོགས་པའི་རྟེན་དུ་རྒྱལ་བའི་བཀའ་འགྱུར་ཆ་ཚང་གཅིག །ཐུགས་ཉིད་དྲི་བྲལ་མཁའ་ལྟར་དག་པའི་རྟེན་ལ་བཀོད་ལེགས་ཡིད་འོང་མཆོད་རྟེན་གཅིག །སྲིད་ཞིའི་ལེགས་ཚོགས་ཡིད་བཞིན་འགྲུབ་ཅིང་གླིང་གཞིའི་འགྲོ་ཁམས་དབང་ལ་སྒྱུར་བའི་རྟེན་དུ་ཚང་རྒྱུང་བཀོད་པ་ཚང་བའི་མཎ་ཊལ་གཅིག་དང་མི་དམངས་ཤོག་སྒོར་ལྔ་སྟོང་འབུལ་བ་ལགས་ན། འགྱུར་མེད་གཡུང་དྲུང་ཁྲི་ལ་གཡོ་མེད་ངང་ནས་འདུལ་བྱ་སྨིན་གྲོལ་ཕྲིན་ལས་མཁའ་ལྟར་ཁྱབ་ཅིང་དགོངས་བཞེད་གེགས་མེད་ཡིད་བཞིན་ལྷུན་གྱིས་འགྲུབ་པའི་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལགས་སོ། །བཅས་པ་ལ་སོགས་ཤིས་བརྗོད་ཀྱི་མེ་ཏོག་གྲངས་ལས་འདས་པ་ཕུལ་ཡོད་མོད་ཀྱང་འདིར་ཡིག་ཚོགས་ལ་འཇིག་ཕྱིར་མ་བཀོད། མཛད་སྒོའི་གོ་རིམ་དེ་དག་ཕྱག་ཚོད་གཉིས་པའི་ཐོག་ཏུ་ཡོངས་སུ་མཇུག་གྲུབ་པར་བྱས་ནས་སྐུ་མགྲོན་རྣམ་པ་གསོལ་མགྲོན་ཁང་དུ་གདན་ཞུས་མཛད་དེ་གུང་ཟས་བཞེས། ཚེས་༢༤ཉིན་སྐྱབས་རྗེ་གཡུང་དྲུང་གླིང་གི་མཁན་ཚུལ་ཁྲིམས་དབང་རྒྱལ་རིན་པོ་ཆེ་དབུས་པའི་བླ་སྤྲུལ་དགེ་བཤེས་རྣམ་པས་དད་ལྡན་མང་ཚོགས་ཀུན་ལ་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད་བསྩལ་ཞིང་། འདི་ཕྱི་གཉིས་ཕན་གྱི་བཀའ་སློབ་གྲུ་ཆར་འཇོ་བར་བྱས་ཤིང་། དེར་ཕེབས་དད་ལྡན་ཡོངས་ལ་ཚོགས་མཆོད་ཀྱི་ཟས་སྣ་ཕུན་སུམ་ཚོགས་པར་སྐུ་འགྱེད་ཕུལ། ཚེས་༥ཉིན་དོ་དམ་ཨུ་ལྷན་ཁང་དང་བླ་གྲྭ་ཀུན་མཉམ་འཛོམས་ཐོག་ཐུགས་སྤྲོ་གྱ་ནོམ་པར་བྱས་ཏེ་དམ་པ་ཉིད་ཀྱིས་སྤྱིར་མཁན་སློབ་ཉི་ཟླ་ཟུང་འབྲེལ་གཙོར་བྱས་པའི་ས་ཕྱོགས་གང་སར་བཞུགས་པའི་བསྟན་འཛིན་སྐྱེས་བུ་རྣམ་པ་དང་ཡང་དགོས་སུ་རང་དགོན་གྱི་བླ་གྲྭ་ཡོངས་ལ་སྐུ་ཚེ་ཞབས་བརྟན་ཡོང་ཕྱིར་ར་ལུག་བརྒྱ་ལྷག་ཙམ་ཚེ་ཐར་བྱས་ནས་མཐར་ཁྲི་སྟོན་མཛད་སྒོ་ཁ་དགེ་ངང་མཇུག་ཡོངས་སུ་ལེགས་པར་གྲུབ་ཡོད་ལ་རང་རེའི་སྡེ་དགོན་གཉིས་ལ་ཆ་མཚོན་ན་འདི་འདྲའི་བསྐལ་བཟང་རྟེན་འབྲེལ་ཞིག་ནམ་ཡང་ཐོབ་པར་དཀའ་བ་ཞིག་ཡིན། གང་ལགས་ཞེ་ན་མ་སྒྲིག་རང་བཞིན་ལྷུན་ལ་རྫོགས་པའི་རང་དགོན་འདི་ཉིད་ཕྱག་བཏབས་ནས་བཟུང་བགྲང་བྱ་བརྒྱ་འཁོར་བ་དང་། བཤད་སྒྲུབ་དབུ་བརྙེན་ནས་བགྲང་བྱ་རྟགས་བརྒྱད་གྲངས་སུ་རྫོགས་པ་འདི་ལོར་བསྟན་བདག་བླ་མ་སྐྱབས་རྗེ་ཚུལ་ཁྲིམས་ནོར་བུར་མི་འཇིགས་གསེར་གྱི་ཁྲི་ལ་མངའ་གསོལ་བའི་བསྐལ་བཟང་སུམ་ལྡན་ཞིག་མ་བཀོད་རང་བཞིན་རྟེན་འབྲེལ་ལྷུན་ལ་རྫོགས་པའོ། །
   སྤྱིར་དམ་པ་ཉིད་ཀྱིས་ཕྱོགས་རིས་ཀྱི་ལྟ་བ་རྒྱང་དུ་དོར་ཞིང་། མཐུན་སྒྲིལ་གྱི་ལམ་བུ་དང་དུ་བླང་ནས་མཛའ་མཐུན་གསེར་ཟམ་མདུན་དུ་གཙུག་ཏེ། མི་རིགས་འདྲ་མཉམ་དང་རིགས་རུས་མཐོ་དམན་མེད་པར་ཀུན་ལ་བྱམས་སེམས་སྐྱོང་ནས་ནུས་མེད་ཀྱི་དབུལ་པོ་དང་ཉམས་ཐག་གི་ནད་པ་རྣམས་ལ་དམ་པ་ཉིད་ཀྱིས་རོགས་སྐྱོབས་གང་མང་གནང་ཡོད་ལ་ལྷག་པར་དུ་སྤྱི་ལོ་༢༠༠༨ལོར་ཟླ་བ་༥ཚེས་༡༢ཉིན་སི་ཁྲོན་འུན་ཁྲོང་ལ་ས་ཡོམ་དང་། ༢༠༡༠ལོའི་ཟླ་༤ཚེས་༡༤ཉིན་མཚོ་སྔོན་ཡུལ་ཤུལ་ས་ཡོམ་༢༠༡༦ལོའི་གཞིས་ཀ་རྩེའི་ས་ཡོམ། ཀན་སུའུ་འབྲུག་ཆར་ཆུ་ལོག་ལ་སོགས་དམ་པ་ཉིད་ཀྱིས་གདུང་སེམས་མཉམ་སྐྱེ་ཡིས་ཞལ་འདེབས་སྒོར་ཁྲི་ཚོ་བཅུ་ཕྲག་ལྷག་ལས་རྒལ་བ་རྒྱབ་ཡོད། ཤག་ཆུ་ཤང་གྲོང་ཚོ་༡༢ཚང་གི་དབང་སྐྱོན་མང་བའི་ཁྱིམ་དུད་ཀླུ་འཇིག་ཚང་ལ་ཁང་པ་རྒྱག་བྱེད་དཔལ་འབྱོར་རོགས་རམ་མཛད་པ་ལ་སོགས་ནུས་མེད་དབུལ་པོའི་ཁྱིམ་ཚང་རྣམས་ལ་གང་ཐུབ་གནང་བ་མ་ཟད། རྫོང་དང་ཤང་ཆ་ཚང་སློབ་ཆུང་ལ་ཞལ་འདེབས་དང་ནད་པ་ཚབ་ཆེན་དག་ལ་ཞལ་འདེབས་ཚད་མེད་གནང་ཡོད། རང་རེའི་ཡུལ་སྡེ་དང་ཤང་ཁག་ཕན་ཚུན་གྱི་ཡ་ང་བའི་ཐུ་དྲག་ཅན་གྱི་ནད་པ་དང་ཚེ་ལས་འདས་པའི་གཤིན་པོ་ཇི་འདྲ་ཡིན་རུང་བཟང་ངན་མེད་པར་དུས་ཁོམ་ལ་བསྟུན་ནས་ས་ཐག་རིང་ཐུང་དང་ཉིན་མཚན་མེད་པར་ཞལ་པར་འབྱོར་ཚེ་དམ་པ་ཉིད་གདན་ཞུ་མི་དགོས་པར་སྒེར་འཁོར་བཏང་ནས་ཕེབས་ཀྱིན་ཡོད་པས་ལྷ་སྡེ་མང་ཚོགས་ཕལ་མོ་ཆེས་དམ་པ་ཉིད་ལ་བསྔགས་བརྗོད་ཀྱི་ཡིད་སྨོན་ཐོབ་ཡོད། མ་ཟད་སྤྱི་ལོ་༢༠༡༧ལོའི་ཟླ་༣ཚེས་༢༧ཉིན་ཆབ་མདོ་དགོན་གྱི་དོ་དམ་ཨུ་ལྷན་ནས་དམ་པ་ཉིད་ཀྱིས་དཀའ་ངལ་ཅན་གྱི་མང་ཚོགས་ལ་གཅེས་སེམས་ཀྱི་ཞལ་འདེབས་དང་རོགས་སྐྱོར་བྱས་པ་དམིགས་བསལ་གྱི་གཟེངས་བསྟོད་ཐོབ། ལོ་དེའི་ཟླ་བ་༡༡ཉིན་རྗེ་ཉིད་ཀྱིས་སྟོན་གནང་བའི་རྩྭ་ཐང་སྐྱེ་ཁམས་འཁོར་ཡུག་སྲུང་སྐྱོང་ཁ་གསབ་བྱ་དགའི་ལམ་སྲོལ་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྲོས་གཞི་དེ་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ནས་ཕུལ་བྱུང་གྲོས་གཞིར་འདེམས་ཐོན་བྱུང་བའི་གཟི་བརྗིད་མཚན་སྙན་གྱི་ཕྱག་འཁྱེར་ཐོབ། འདི་ལོར་ཁྱུང་རུམ་གཡུ་རྩེའི་ནང་རྟེན་སྟོན་པ་ལོངས་སྤྱོད་རྫོགས་སྐུའི་སྐུ་བརྙན་དང་། གཤེན་རབ་རྣམ་པར་རྒྱལ་བའི་སྐུ་བརྙན། ཤེས་རབ་སྨྲ་བའི་སེང་གེའི་སྐུ་བརྙན། དྲན་པ་ཡང་གསང་གི་སྐུ་བརྙན། སྙ་ཆེན་ལི་ཤུ་སྟག་རིང་གི་སྐུ་བརྙན། རྒྱལ་བ་གཉིས་པ་ཤེས་རབ་རྒྱལ་མཚན་གྱི་སྐུ་བརྙན། ཡི་དམ་དབལ་གསས་རྔམ་པའི་སྐུ་བརྙན། དབལ་བོན་སྟག་ལ་མེ་འབར་གྱི་སྐུ་བརྙན་ཐོག་བརྩེགས་གཉིས་ལྡན་ཅན་སྐྱར་བཞེངས་དང་མ་བདུད་བཙན་གསུམ་གྱི་སྐུ་བརྙན། འཇང་འཚམས་ཆེན་ཚུལ་ཁྲིམས་རྒྱལ་མཚན་གྱི་སྐུ་གདུང་མི་ཡི་གཟུགས་ཚད་ཙམ་ལ་བཞེངས་འགྲུབ་བྱུང་ནས་བླ་བྲང་གཡུང་དྲུང་གཟི་འབར་གྱི་ཐབ་ཚང་ཉམས་གསོ་བྱས་པ་དེ་བཟོ་སྐྲུན་ལེགས་སུ་བཏང་བའི་ལེགས་གྲུབ་བྱུང་། སྤྱི་ལོ་༢༠༡༨ལོའི་ཟླ་༧པའི་ཚེས་༣༡ཉིན་རྗེ་ཉིད་ཀྱིས་བོད་ལྗོངས་ནག་ཆུ་གྲོངས་ཁྱེར་གཉན་རོང་རྫོང་ཤག་ཆུ་ཤང་གི་དབུལ་པོ་རྣམས་ལ་ཕྱུགས་ཟོག་ནོར་༡༡༨དང་ར་ལུག་༢༠༠ལྷག་ཙམ་ཞལ་འདེབས་ཕུལ་ཡོད། དེ་དང་ཆབས་ཅིག་ཁོང་གིས་མང་ཚོགས་རྣམས་ལ་རང་རེའི་རླབས་ཆེན་མེས་རྒྱལ་ཀྱི་སྲིད་ཇུས་བཟང་པོ་འདིའི་གོ་སྐབས་ཡོད་ཚད་དམ་དུ་འཛིན་ནས་རང་གི་ལག་གཉིས་ལ་བརྟེན་ནས་དཔལ་འབྱོར་ཡར་རྒྱས་ཡོང་ཐབས་དང་། སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་མི་རེ་རེ་དང་ཁྱིམ་ཚང་རེ་རེའི་ནས་འབད་འཐབ་བྱེད་དགོས་པའི་གལ་ཆེའི་བཀའ་སློབ་གང་མང་བསྩལ། དེ་ནི་ཁོང་གིས་ཏང་དང་རྒྱལ་ཁབ་ཀྱི་ཁུར་པོ་ཡང་དུ་གཏོང་བའི་ལེགས་སྐྱེས་ཞིག་ཡིན་པ་མ་ཟད། ལྷག་པར་ཏུ་འདི་ལོར་རང་རེའི་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གཏོང་བའི་དུས་སྐབས་གལ་ཆེན་འདི་ལ་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་ལྟ་བུར་ནུས་པ་ངེས་ཅན་ཐོན་ཡོད་པ་གདོན་མི་ཟའོ།།
   ༢༠༡༨ལོར་བླ་བྲང་གོང་མ་གཟོ་བོ་ཁྱུང་ལག་སླར་ཡང་བཟོ་བསྐྲུན་ལེགས་སུ་གཏོང་བའི་ལས་ཀར་བརྩམ་ནས་མཇུག་ཡོངས་སུ་གྲུབ། ༢༠༡༨ལོར་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ལྷན་ཁང་གི་ཨུ་ཡོན་བསྐོ་བཞག་གནང་བ་དང་འབྲེལ་གཉན་རོང་རྫོང་སྲིད་གྲོས་ཁང་གི་ཆེད་དུ་གཉེར་བའི་<<གཉན་རོང་རྫོང་ཁོང་ཀྱི་དགོན་སྡེའི་འཕེལ་རིམ་ལོ་རྒྱུས།>>དང་<<གཉན་རོང་རྫོང་གི་རུས་མཛོད།>>གཉིས་རྩོམ་སྒྲིག་འགན་ཁུར་གནང་ཞིང་༢༠༡༩ལོར་དངོས་སུ་འགྲིམ་སྤེལ་ཐོབ་ཅིང་ལོ་དེའི་དབྱར་ཁར་རོང་གྱེན་ལའི་དུར་ཁྲོད་དུ་ཚེ་འདས་ཀྱི་སྐུ་ཕུང་འཇོག་སར་མཆོད་མེ་འབུལ་གནས་ཁང་པ་དང་སྒྲིབ་སྦྱོང་དཀྱིལ་འཁོར་བཞེངས་སྒྲུབ་མཛད།  ལྷག་དོན་དུ་སྤྱི་ལོ་༢༠༡༩ལོའི་བོད་ཟླ་༨ཚེས་༢༥ཉིན་ཁྲི་རབས་གོང་མ་གཉིས་ཀྱི་དུས་མཆོད་ཁྱད་པར་ཅན་ལ་བསྟུན་ཏེ་ཁྲི་རབས་གཉིས་པ་སྐྱབས་རྗེ་ཡེ་ཤེས་ཚུལ་ཁྲིམས་སྐུ་འཁྲུངས་ནས་བགྲང་བྱ་བརྒྱ་འཁོར་བ་རྗེས་དྲན་སྲུང་བརྩི་རྒྱ་ཆེར་སྤེལ་བ་དང་འབྲེལ་ཁྲི་འཛིན་བླ་མའི་འཛུབ་སྟོན་འོག་བཤད་སྒྲུབ་སློབ་གླིང་གི་སློབ་གཉེར་བ་རྣམ་པས་ལོ་མང་སློབ་སྦྱོང་བྱས་པའི་སྦྱང་འབྲས་དེ་དག་ལག་རྗེས་ཞོག་པར་བྱེད་དགོས་པའི་བཀའ་སློབ་དང་འབྲེལ།  འབྲིང་རྒྱུད་དགེ་བཤེས་གཡུང་དྲུང་ཕྲིན་ལས་མཆོག་གིས་གཙོ་བོའི་ཐུགས་བཞེས་ཐོག་སྐར་རྩིས་འཛིན་གྲྭ་ཡིས་སྤྱི་ལོ་༢༠༡༩ལོའི་ལོ་ཐོ་<<སྣང་གསལ་གསེར་གྱི་མེ་ལོང་།>>འགྲིམ་སྤེལ་བྱུང་བ་དང་སྤྱི་ལོ་༢༠༢༠ལོར་ནས་ལོ་ཐོ་<<ཤེལ་དཀར་མེ་ལོང་།>>དང་ལོ་དེབ་<<གཏམ་ཚོགས་གསལ་བའི་བང་མཛོད།>>ད་ལྟའི་བར་རྗེ་ཉིད་ཀྱིས་ཞལ་བཀོད་བཞིན་ཆད་ལུས་མེད་པར་འགྲིམ་སྤེལ་བྱུང་ཡོད། སྤྱི་ལོ་༢༠༢༠ལོ་ནས་བཟུང་དམ་པ་ཉིད་ཀྱིས་སྔར་གཉན་རོང་རྫོང་སྲིད་གྲོས་ཁང་གི་ཆེད་དུ་གཉེར་བའི་<<གཉན་རོང་རྫོང་ཁོང་ཀྱི་དགོན་སྡེའི་འཕེལ་རིམ་ལོ་རྒྱུས།>>དང་<<གཉན་རོང་རྫོང་གི་རུས་མཛོད།>>ལེགས་བཅོས་གཏོང་རྒྱུའི་ལས་ཀ་བརྩམས་ཤིང་<<གཉན་རོང་ས་ཁོངས་ཀྱི་རི་ཆུ་རིག་གནས།>>ལ་སོགས་ད་ལྟའི་བར་དུ་བསྡུ་སྒྲིག་བྱེད་བཞིན་ཡོད། སྤྱི་ལོ་༢༠༢༡ལོར་བླ་བྲང་འོག་མ་གཡུང་དྲུང་གཟི་འབར་བཟོ་བསྐྲུན་ལེགས་གཏོང་བྱས་ནས།  རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུད་ཨུད་དང་། ཀྲུང་གོ་ནང་བསྟན་ཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།  ཀྲུང་གོ་ནང་བསྟན་ཐུན་ཚོགས་བོད་ལྗོངས་ཡན་ལགས་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏི་ནི་རྗེ་བཙུན་བློ་བཟང་བྱམས་པ་ལྷུན་འགྲུབ་ཆོས་ཀྱི་རྒྱལ་པོ་དཔལ་བཟང་པོ་མཆོག་དགོན་འདིར་གདན་ཞུ་བྱེད་རྒྱུ་སྙན་འབུལ་བྱས་པར་རྒྱུད་སྤྱི་ལོ་༢༠༢༡ལོའི་ཟླ་༨ཚེས་༢༧ཉིན་པཎ་ཆེན་ཨེར་ཏི་ནི་རྗེ་བཙུན་བློ་བཟང་བྱམས་པ་ལྷུན་འགྲུབ་ཆོས་ཀྱི་རྒྱལ་པོ་དཔལ་བཟང་པོ་མཆོག་གཙོས་པའི་སྐུ་འཁོར་བཅས་པ། ཡབ་ཆེན་བསོད་ནམས་གྲགས་པ་དང་། ཡུམ་ཆེན་བསམ་སྐྱིད་སྒྲོལ་མ་སོགས་གཉན་རོང་ཨ་གྲགས་ཆབ་མདོ་དགོན་དུ་ཞབས་སོར་འཁོད་པ་དང་འབྲེལ་པཎ་ཆེན་རིན་པོ་ཆེས་ཆེད་མངགས་དགོན་འདིའི་བསྟན་པ་སྤྱི་དང་བཤད་སྒྲུབ་སློབ་གླིང་འདི་མུ་མཐུད་འཛིན་སྐྱོངས་དགོས་པའི་བཀའ་སློབ་རྒྱ་ཆེར་གནང་ཡོད་ལ། རྗེ་བླ་མ་ཚུལ་ཁྲིམས་ནོར་བུ་ཉིད་ཀྱིས་པཎ་ཆེན་ཨེར་ཏི་ནི་རྗེ་བཙུན་བློ་བཟང་བྱམས་པ་ལྷུན་འགྲུབ་ཆོས་ཀྱི་རྒྱལ་པོ་དཔལ་བཟང་པོ་མཆོག་ལ་ཕུལ་བའི་ཤིས་བརྗོད་ཀྱི་གསོལ་འདེབས་འདི་ལྟར་ཏེ། བློ་བཟང་རྒྱལ་བའི་ཐུགས་བསྐྱེད་བྱིན་རླབས་ཀྱིས། །བྱམས་པ་མཁྱེན་བརྩེའི་ཡེ་ཤེས་རང་གཟུགས་གར། །ལྷུན་གྲུབ་འགྲོ་ལ་དཔལ་ཤར་སྐྱབས་མགོན་རྗེ། །རྗེ་བཙུན་ཆོས་ཀྱི་རྒྱལ་པོར་གུས་གསོལ་འདེབས། །དཀོན་མཆོག་གསུམ་དང་ཆོས་སྐྱོང་བདེན་སྟོབས་ཀྱིས། །ཞབས་པད་གཡུང་དྲུང་ཁམས་སུ་རྟག་བརྟན་ཞིང་། །རྣམ་དཀར་མཛད་ཕྲིན་དབྱར་གྱི་དཔལ་མོ་དང་། །འགྲོགས་པའི་ཆུ་གཏེར་ཇི་བཞིན་གོང་འཕེལ་ཤོག །ཞེས་ཀུན་གཟིགས་ཐམས་ཅད་མཁྱེན་པ་རྗེ་བཙུན་པཎ་ཆེན་བློ་བཟང་བྱམས་པ་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོ་མཆོག་བྱང་གཉན་རོང་ཨ་གྲགས་ཆབ་མདོ་དགོན་རྣམ་རྒྱལ་བདེ་ཆེན་གླིང་དུ་ཕེབས་པར་བཀྲ་ཤིས་རྟེན་འབྲེལ་མཚོན་བྱེད་དུ་དགོན་གྱི་ཁྲི་འཛིན་བླ་མ་ཚུལ་ཁྲིམས་ནོར་བུས། སྤྱི་ལོ་༢༠༢༡ལོར་བོད་རབ་བྱུང་བཅུ་བདུན་པའི་འཕར་བ་ཞེས་པ་ལྕགས་གླང་ལོའི་བོད་༧པའི་ཚེས་༢༠སྟེ་པ་སངས་ནམ་གྲུའི་འགྲུབ་སྦྱོར་ཉིན་ཕུལ་བའོ།།
        སྤྱི་ལོ་༢༠༢༢ལོར་དབལ་བོན་ལྟག་ལའི་མཆོད་རྟེན་གཡུང་དྲུང་བཀོད་ལེགས་དེ་ལོ་གཅིག་གི་གོང་དུ་འབྱུང་བའི་གཏོར་བརླགས་ཅུང་སོང་བས་དེ་དག་བཟོ་སྐྲུན་དང་དགོན་གྱི་ཁོར་ཡུག་བཀོད་གཙང་ལེགས་སུ་གཏོང་ནས་ཉམས་གསོ་གནང་། ལྷག་པར་ཏུ་བླ་མ་ཚུལ་ཁྲིམས་ནོར་བུ་དང་དང་ར་བླ་མ་གཡུང་དྲུང་རྒྱལ་མཚན་གཉིས་ཀྱི་ཐུགས་བསྐྱེད་འོག་རང་རེའི་དགོན་འདི་བཤད་སྒྲུབ་སློབ་གླིང་ནས་བགྲང་བྱ་བཅུ་བཞིའི་རིང་སློབ་པ་བྱས་པའི་བཤད་གྲྭའི་འཛིན་གྲྭ་གོང་མའི་སློབ་གཉེར་བ་ལྔ་འདི་ལོར་འབྱུང་ལྡན་༣༠༡དང་འབྱུང་ལོ་༡༨༠༣༩འཁོར་བའི་དུས་ཁྱད་པར་ཅན་འོད་འབར་བྱ་བའི་ཆུ་ཕོ་སྟག་གི་ལོ་སྟེ།  སྤྱི་ལོ་༢༠༢༢ལོའི་ཟླ་༨ཚེས་༢བཟུང་༨བར་དུ་བདུན་ཕྲག་གཅིག་རིང་ལ་སྐབས་དང་པོའི་དགེ་བཤེས་མཛད་སྒོ་ལེགས་འཚོགས་བྱས་ཤིང་། འདི་ནི་ལོ་རྒྱུས་ཐོག་གཉན་རོང་ཡུལ་དུ་དགེ་བཤེས་མཛད་སྒོ་ཐོག་མ་དེ་ཆག་ཡོད་ལ། མ་ཟད་མཁས་དབང་དོན་འགྲུབ་ལྷ་རྒྱལ་མཆོག་ད་ལན་ཨ་གྲགས་ཆབ་མདོ་དགོན་དཔལ་གཤེན་བསྟན་རྣམ་རྒྱལ་བདེ་ཆེན་གླིང་ཞང་ཞུང་བར་པའི་བཤད་སྒྲུབ་སློབ་གླིང་གི་དགེ་བཤེས་མཛད་སྒོའི་ཐོག་ཆེད་ཕེབས་གནང་ཞིང་འདུས་པ་རྒྱ་མཚོར་ཆེས་མཐོའི་འཆད་ཁྲིད་ཟབ་རྒྱས་དང་ཤིས་ཚིག་བཅས་བསྩལ། ཉིན་དེར་གོང་རིམ་འབྲེལ་ཡོད་དབུ་ཁྲིད་ཁག་ཐུགས་ཁུར་ཆེར་བཞེས་ཀྱིས་ད་ལན་མཛད་སྒོར་འདིར་མཛུབ་ཁྲིད་དང་རྒྱབ་སྐྱོར་ཚད་མེད་གནང་ཡོད། ལྷག་དོན་དུ་གཡུང་དྲུང་གླིང་གི་མཁན་ཆེན་སྐྱབས་རྗེ་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་དང་། གཡུང་དྲུང་གླིང་གི་དགེ་བཤེས། གདན་ས་ཞུ་ཚང་དགོན་གཡུང་དྲུང་སྨིན་གྲོལ་གླིང་གི་མཁན་པོ་ལུང་རྟོགས་བསྟན་འཛིན་རྣམ་རྒྱལ་དང་། ཞུ་ཚང་དགོན་གྱི་དགེ་བཤེས། ཁྱུང་པོ་སྟེང་ཆེན་དགོན་གྱི་དགེ་བཤེས། ཁྱུང་པོ་རི་བོ་རྩེ་དྲུག་དགོན་གྱི་དགེ་བཤེས། ཀ་ལེགས་དགོན་གྱི་དགེ་བཤེས། ཟམ་ཞིག་རེ་ནེ་དགོན་གྱི་དགེ་བཤེས། དེ་བཞིན་གཉན་རོང་རྫོང་ཁོངས་ཀྱི་དགོན་དང་རི་ཁྲོད་ཁག་གི་བླ་མ་དང་དགེ་བཤེས། སོག་སྡེ་ཏིང་རྔུལ་བོན་དགོན་དཔལ་གཤེན་བསྟན་གཡུང་དྲུང་ནོར་བུ་གླིང་གི་དབུ་བླ་ཚེ་དབང་མགོན་པོ་མཆོག་དང་། ཏིང་རྔུལ་བོན་དགོན་གྱི་དགེ་བཤེས་དང་སློབ་གཉེར་བ། ཨ་གྲགས་སྣང་གསལ་དགོན་གྱི་དགེ་བཤེས། ཤྭ་རི་དར་རྒྱས་དགོན་གྱི་དགེ་བཤེས།  འཇིག་བྲལ་རི་ཁྲོད་ཀྱི་དགེ་བཤེས། དེ་མཚུངས་སུ་གཉན་རོང་རྫོང་ཁོངས་ཀྱི་དགོན་དང་རི་ཁྲོད་ཁག་གི་གྲུབ་མཐའ་རིས་མེད་ཀྱི་ལས་སྣེ་བ་དང་དབུ་ཁྲིད་བཅས་ཆེད་ཕེབ་གནང་ཞིང་ཤིས་བརྗོད་མེ་ཏོག་ཡང་ཡང་ཕུལ་བའི་དེ་དག་ཁ་ཤས་བཀོད་ན།
        བོན་གྱི་གྲྭ་ས་ཆེན་མོ་གཙང་སྨན་རི་དགོན་ནས་གནང་བའི་ཤིས་བརྗོད། བཀྲ་ཤིས་སྨན་གྱི་རི་བོའི་རང་ལུགས་མཆོག །མཚན་ཉིད་པོད་ཆེན་དྲུག་ལ་སྦྱངས་བའི་འབྲས། །དགེ་བཤེས་མཛད་སྒོ་ཆེན་མོའི་རྟེན་འབྲེལ་ལ། །བཀྲ་ཤིས་ཕྱྭ་དང་གཡང་གི་ཤིས་ཚིག་ཡོད། །ཞེས་དང་བོན་གྱི་གྲ་ས་ཆེན་མོ་གཡུང་དྲུང་གླིང་གི་མཁན་སློང་རྣམ་གཉིས་གནང་བའི་ཤིས་སྨོན་ལྷ་ཡི་རོལ་མོ། རྒྱལ་གཤེན་བསྟན་པའི་སྙིང་པོ་མདོ་སྔགས་སེམས། །ཐོས་བསམ་སྒོམ་པའི་གནད་ལ་རབ་འབྱམས་པའི། །མ་འོངས་གཤེན་བསྟན་བླ་རུ་འདིག་བྱེད་པོ། །དགེ་བའི་བཤེས་གཉེན་རྣམ་པ་བསྐལ་པ་བཟང་། །ཞེས་དང་། རྨད་འབྱུང་རྒྱལ་བསྟན་རིན་པོ་ཆེ། །འཛིན་སྐྱོང་སྤེལ་བའི་འཕྲིན་ལས་མཁན་། །གཤེན་བསྟན་རྣམ་རྒྱལ་བདེ་ཆེན་གླིང་། །རབ་འབྱམས་སྐྱེ་རྒུའི་མཆོད་པའི་གནས། །བསླབ་གསུམ་མཁས་མང་འདུས་པའི་སྡེ། །ཐོས་བསམ་སྒོམ་དང་འཆད་རྩོད་རྩོམ། །མཁས་པའི་བྱ་བ་ཐ་དག་གིས། །སྙན་གྲགས་ས་གསུམ་ཁྱབ་པར་བྱས། །དེ་ལ་རྟེན་ནས་ཡངས་པའི་ཁམས། །རྒྱལ་བའི་བསྟན་པ་དར་ཞིང་རྒྱས། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བརྟན། །བསྟན་འཛིན་ལོངས་སྤྱོད་རྒྱས་པར་ཤོག །ཞེས་དང་། མཁས་དབང་དོན་འགྲུབ་ལྷ་རྒྱལ་མཆོག་གིས་ཕུལ་བའི་ཤིས་ཚིག  གཉན་རོང་ཨ་གྲགས་ས་ཡི་ཐིག་ལེ་རུ། །གཤེན་བསྟན་རྣམ་རྒྱལ་བདེ་ཆེན་གླིང་བཏབ་ནས། །མི་ལོ་བརྒྱ་དང་དྲུག་ཙམ་འགྲོ་དོན་མཛད། །གཤེན་བསྟན་འཛིན་སྐྱོང་སྤེལ་བའི་འཕྲིན་ལས་བསྒྲུབ། །ལྷག་དོན་ཞང་ཞུང་བར་པའི་བཤད་སྒྲུབ་གླིང་ཆེན་བཙུགས། །བཤད་སྒྲུབ་བསྟན་པ་ཉི་མ་ཤར་འདྲ་བསྐྱངས། །བགྲང་བྱ་བཅུ་བཞིའི་རིང་ལ་ངལ་བ་སྤངས། །དགེ་བཤེས་གོ་མིང་ཐོབ་པའི་དགེ་འདུན་བྱོན། །གནམ་ལ་སྐར་མ་བཟང་བའི་རྟེན་འབྲེལ་དང་། །ས་ལ་དུས་ཚོད་ལེགས་པའི་སྐལ་བཟང་སྐབས། །དགེ་བཤེས་བཞེངས་པའི་རྟེན་འབྲེལ་མཛད་སྒོ་སྤེལ། །གཏམ་བཟང་མཛེས་མས་ཕྱོགས་བཅུའི་སྐུ་མགྲོན་བསུས། །གནའ་སྲོལ་རྒྱུད་འཛིན་དར་སྤེལ་གཏོང་བ་ཡི། །མཛད་བཟང་འཕྲིན་ལས་དྲི་བསུང་གང་སར་འཐུལ། །གངས་ལྗོངས་འཛིན་མའི་ཁྱོན་ལ་གཏམ་བཟང་ཁྱབ། །རྟེན་འབྲེལ་སུམ་བརྩེགས་དེ་ལ་ཨེ་མ་རྨད། །ཅེས་གཉན་རོང་ཨ་གྲགས་ཆབ་མདོ་དགོན་ཕྱག་བཏབ་ནས་ལོ་ངོ་བརྒྱ་དང་དྲུག་འཁོར་བ་དང་ཞང་ཞུང་བར་པའི་བཤད་སྒྲུབ་དབུ་བརྙེས་ནས་ལོ་ངོ་བཅུ་བཞི་འཁོར་བ་དང་ཞང་ཞུང་བར་པའི་བཤད་སྒྲུབ་སློབ་གླིང་གི་དགེ་བཤེས་བཞེངས་པའི་མཛད་སྒོ་སྐབས་དང་པོ་དེ་གཉན་རོང་ཨ་གྲགས་ཆབ་མདོ་དགོན་དུ་རྟགས་རྟེན་འབྲེལ་བཟང་པོའི་སྒོ་ནས་སྤེལ་བར་བཀྲ་ཤིས་སུམ་བརྩེགས་ཀྱི་དུས་བཟང་དེར་ཕྲན་དོན་གྲུབ་ལྷ་རྒྱལ་གྱིས་སྙིང་ཁོང་རུས་པའི་གཏིང་ནས་བཀྲ་ཤིས་རྟེན་འབྲེལ་ཞུ་བའི་ཆེད་དུ་ཤིས་ཚིག་དུམ་བུ་འདི་ཕུལ་བའོ།།    སྤྱི་ལོ་༢༠༢༢ལོའི་ཟླ་༨པའི་ཚེས་༦ཉིན།
        ཞེས་པ་ལ་སོགས་ཤིས་བརྗོད་མེ་ཏོག་འཐུལ་ཡོད། མདོར་ན་དམ་པ་ཉིད་ཀྱིས་བགྲང་བྱ་སུམ་བཅུ་ལྷག་གི་རིང་ལ་སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་སྒོས་ཨ་གྲགས་ཆབ་མདོ་དགོན་གྱི་བསྟན་པ་འདི་ཉིད་ཕྱི་ཡི་གསས་ཁང་དང་། ནང་གི་རྟེན་བཞེངས། གསང་བར་བཤད་སྒྲུབ་སྒོམ་གསུམ་དང་ཆོ་ག་ཕྱག་ལེན་སོགས་སློབ་གཉེར་ཕུན་སུམ་ཚོགས་པར་བསྐྲུན་ཞིང་དམ་པ་ཉིད་ཀྱིས་དགོན་འདིའི་བསྟན་དོན་དུ་ངལ་བ་བརྒྱ་དང་འབད་པ་སྟོང་གིས་ཕྱག་ལས་གནང་དང་གནང་མུས་འཆིས་སོ། །
འདི་སྦྱར་བསྒྲིགས་པའི་རྣམ་དཔྱོད་ཞན་པ་དང་། །
རྣམ་རྟོག་བློ་ཡིས་འཁྲུལ་བློ་དབང་བཙན་པས། །
སྐྱོན་དང་ནོར་འཁྲུལ་གང་དག་ཅི་ཡོད་ཀུན། །
མཁྱེན་ལྡན་རྣམས་དང་ལྷ་སྲུང་ཚོགས་ལ་བཤགས། །
   ཅེས་པ་འདི་ཉིད་ཕྲན་ཆུང་བདག་གིས་ལོ་ཤེས་སྔོན་ནས་བྲིས་ཤིང་སྐྱབས་རྗེ་བླ་མ་ཚུལ་ཁྲིམས་ནོར་བུ་ཉིད་ལ་སྤྱན་འབེབས་ཞུས་ཏེ་བཀའ་ཁྲོལ་བྱུང་བ་ལྟར་གཉན་རོང་རྫོང་དགོན་སྡེའི་ལོ་རྒྱུས་ནང་དུ་འཁོད་ཡོད་ལ་ད་ལོར་དགོས་དབང་ཞིག་ལ་བསྟུན་ནས་སླར་ཡང་སྒྲིག་སྦྱོར་བྱས་ཏེ་དག་བཅོས་དང་ཁ་གསབ་ཅུང་ཙམ་བྱས་ཡོད། སྤྱི་ལོ་༢༠༢༢ལོར་ཟླ་༨ཚེས་༢༥ཉིན་དམ་པ་ཉིད་ཀྱིས་སྐྱབས་འོག་དུ་ཚུད་པའི་གྲལ་མཐར་བ་སྨོན་ལམ་མཐའ་ཡས་འབོད་པ་དེས་བསྡུ་སྒྲིག་བྱས་པ། དགེ་ལེགས་སུ་གྱུར་ཅིག །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།