མང་རིའི་སྤྲུལ་སྐུ་སྐལ་བཟང་བསྟན་པའི་ཉི་མ།

[ཟླ་ཚེས། 2021-07-19 09:15:59][རྩོམ་པ་པོ། དབྲ་དཀར་གཞན་ཕན་ཤེས་རབ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

མང་རི་དགོན་གྱི་མཆོག་སྤྲུལ་སྐལ་བཟང་བསྟན་པའི་ཉི་མ་རིན་པོ་ཆེའི་མཛད་རྣམ་བསྡུས་དོན་སྐལ་ལྡན་དད་པ་གསོ་བའི་སྨན་མཆོག
 
   དེ་ཡང་དམ་པ་ཁོང་གི་སྐུ་སྐྱེ་བ་བཞེས་ནས་ད་ལྟའི་བར་གྱི་རྣམ་མཐར་མདོར་བསྡུས་བྱས་ནས་བརྗོད་ན། དཔལ་ཀུན་མཁྱེན་ཤར་རྫ་བའི་རང་རྣམ་ལས། རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐྱེས་རབས་རྣམ་ཐར་ལོ་རྒྱུས་དང་། གཡུང་དྲུང་སེམས་དཔའ་རྣམས་དང་། རིག་པ་འཛིན་པ་རྣམས་དང་། བླ་མ་དགེ་བའི་བཤེས་གཉེན་དག་གིས་རྣམ་ཐར་དེ་ལྟ་བུ་དག་རང་གིས་ཀློག་པ་དང་། གཞན་དག་ལའང་བརྗོད་པ་བྱས་ན་ནི་དགོས་པ་ཁྱད་པར་ཅན་དེ་ལྟ་བུ་ཡོད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རྩ་བའི་ཆ་ནས་སངས་རྒྱས་དང་བྱང་སེམས་ཀྱི་རྣམ་སྤྲུལ་བསྟན་འགྲོའི་དོན་མཛད་པའི་སྐྱེས་ཕྲེང་གི་གྲངས་ཚད་དཔོག་པར་དཀའ་ཡང་རགས་པའི་དབང་དུ་བྱས་ན་སྙིགས་དུས་བོད་ཀྱི་ལྷ་སྐལ་རྒྱལ་སྲས་སྤྲུལ་སྐུ་རྣམ་བཞིའི་ནང་ཚན་གཏེར་སྟོན་ཆེན་པོ་སྤྲུལ་ པའི་སྐུ་མཆོག་སངས་རྒྱས་གླིང་པ་ཞེས་མཚན་སྙན་འབྲུག་ལྟར་གྲགས་པ་དེ་ཉིད་ཀྱི་གསུང་གི་ འོད་ཟེར་ཕོག་པ་ཞེས་གྲགས་པའི་སྒོ་ལྷ་སྡེ་དཀར་པོའི་གདུང་ལ་སྤྱི་ལོ༡༨༠༡ལོ་བློ་ངན་ཞེས་པ་ ལྕགས་བྱ་ལོ་སྐམ་འོད་གསལ་ལྷ་ཡི་ཐུགས་སྲས་སྨན་རི་མཁན་རབ་ཉེར་གསུམ་པ་ཉི་མ་བསྟན་འཛིན་མཆོག་གི་སྐུ་མཆེད་སྒོ་སྟོན་ཉི་མ་འོད་ཟེར་ཞེས་པ་དེ་ཉིད་སྐུ་འཁྲུངས་ཤིང་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་སོགས་བདག་གཞན་གྱི་དོན་གཉིས་ལྷུན་གྱི་གྲུབ་པའི་བླ་མ་དེ་ཉིད་གྲུབ་མཐའ་རིས་མེད་ཀྱི་སྒོ་ནས་བཀའ་ལུང་དབང་གསུམ་གང་མང་ཞུས། ལྷག་པར་དུ་མང་རི་མཐོང་གྲོལ་གླིང་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཤིན་ཏུ་རྒྱ་ཆེན་པོ་གནང་།
   དེའི་སྐུ་ཕྲེང་གཉིས་པ་ཉི་དབང་གྲགས་པ། སྐུ་ཕྲེང་གསུམ་པ་མཚོ་རྒོད་ནོར་བུ་འོད་ཟེར། སྐུ་ཕྲེང་བཞི་པ་ཚེ་དབང་བཀྲ་ཤིས་སོགས་ནི་མཁས་གྲུབ་གཉིས་ལྡན་གྱི་སྤྲུལ་སྐུ་བསྟན་འགྲོའི་དོན་རླབས་ཆེན་ནུས་པ་ཤ་སྟག་ཡིན་ཞིང་སེམས་ཅན་ཞལ་ཕྱག་འབྲེལ་ཚད་བདེ་འགྲོའི་ས་ལ་བཀོད་པའི་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ཅན་དུ་བྱོན།
  སྐུ་ཕྲེང་ལྔ་པ་སྐལ་བཟང་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ནི་གངས་ཅན་བོད་ཀྱི་ཤར་ཕྱོགས་རྨ་རྫ་ཟལ་མོའི་སྒང་རྒྱུད་རྫ་སྟོད་རིན་ཆེན་སྤུངས་པའི་གནས་མདུན་ཁྲོ་ཚངས་ཐེག་ཆེན་ཕུན་ཚོགས་གླིང་གི་གདུལ་ཞིང་དུང་མདའི་གྲོང་དུ་སྔོན་གྱི་དུས་ནས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དུ་མ་བྱོན་པའི་ཁྱིམ་རྒྱུད་ལི་སྒྲོ་ཚང་ཞེས་པའི་མི་རྒྱུད་གཡུང་དྲུང་ཟླ་རྒྱལ་དང་། ཡུམ་མཚན་ལྡན་མཁར་བཟའ་བདེ་ལྷ་གཉིས་ཀྱི་སྲས་སུ་སྤྱི་ལོ༡༩༧༤སྲིན་བུ་ཞེས་པ་ཤིང་མོ་ཡོས་ཀྱི་ས་ག་ཟླ་བའི་ཚེས༡༣ཉིན་ནམ་མཁའ་ལ་འཇའ་ཤར་བ་དང་བར་སྣང་ནས་འབྲུག་གྲགས་པ་ས་གཞི་ལ་སྦྲ་ཁྱིམ་ཀྱི་གཡས་གཡོན་དུ་མེ་ཏོག་དཀར་དམར་སེར་གསུམ་འཁྲུངས་བ་སོགས་ངོ་མཚར་གྱི་རྟགས་དུ་མ་བྱུང་བ་ཡུལ་མི་ཀུན་ཀྱི་མཐོང་ཐོས་དང་བཅས་གཟུགས་སྐུ་ཨུཏྤལ་དཀར་པོ་ཞིང་འདིར་མཚན་དཔེ་བཞད། དམ་པ་ཁོང་ཉིད་མ་ཡི་ལུས་ལ་ཡོད་སྐབས་སྔར་འགྱུར་རྙིང་མའི་གདན་ས་མགོ་ཚ་དགོན་གྱི་རྟོགས་ལྡན་ཉི་མ་རྒྱལ་ལོ་རིན་པོ་ཆེའི་མཇལ་ཁ་སོང་སྟེ་ཁོང་ལ་ཚེ་འགུགས་སྲོག་སྐྱབས་ཞུས་པའི་སྐབས་སུ་རིན་པོ་ཆེ་མཆོག་གིས་ཁྱོད་ཀྱི་ལུས་ལ་བུ་སྐྱེ་བཟང་ཞིག་འདུག  བདེ་ལྷ་ཁྱོད་ཀྱི་ཟས་སྣ་འདྲ་མིན་མི་ཟ་རྒྱུ་དང་མ་འོངས་པ་བུ་འདི་ལ་སྐུ་བདག་ཞིག་ཡོང་རྒྱུ་ཡོད་པས་དེ་ལ་ངེས་པར་དུ་སྤྲོད་དགོས་པའི་བཀའ་དགོངས་ལྷུག་སྩོལ་གནང་ནས་མཚན་ལ་འཆི་མེད་རིག་འཛིན་ཞེས་གསོལ་དགོས་གསུངས། ཆུང་ནས་རྣམ་དཔྱོད་ཤེས་རབ་ཀྱི་དཔལ་ འབར་ཞིང་དད་བརྩོན་དང་སྙིང་རྗེས་རྒྱུད་དུལ་བའི་སྐྱེས་བུ་དམ་པའི་རང་གཤིས་ལྷན་སྐྱེས་སུ་མངའ་བ་ཞིག་ཡིན་པ་ཀུན་ཀྱིས་མཇལ་ཡུལ་དུ་གྱུར།
    དགུང་གྲངས་ལྔ་བཞེས་ཚེ་དམ་པ་མཆོག་གི་ཡབ་ཆེན་དགེ་བསྙེན་གཡུང་དྲུང་ཟླ་རྒྱལ་དྲུང་ནས་ཤེས་བྱ་ཀུན་ཀྱི་གཞི་མ་ཡི་གེ་ཀློག་འདོན་ལ་བྱན་ཆུད་པར་གནང་། མཚམས་སུ་འབྲི་ཀློག་ཀུན་ལ་གང་འཚམ་བསླབས་རྟིང་ཁྲོ་ཚངས་ཐེག་ཆེན་ཕུན་ཚོགས་གླིང་གི་འཚོགས་གྲལ་ཞུགས་ནས་ཆོ་གའི་ཕྱག་ལེན་དང་རྟ་དབྱངས་འབུད་བརྡུང་གར་འཆམ་བཅས་གང་དགོས་ལ་འབད་འབུངས་ཧུར་ཐག་གིས་གྲུབ་འབྲས་བླ་མེད་ཐོབ། དམ་པ་ཁོང་ཆུང་ཁ་བརྡ་ཤེས་ཙམ་ནས་བཟུང་སེམས་ལ་ལྟས་བཟང་བའི་འཆར་སྒོ་ཅི་རིགས་བྱུང་ཞིང་ངག་ནས་བཀྲ་ཤིས་པའི་གཏམ་ བཟང་བར་མེད་དུ་སྨྲ་མཁན་ཞིག་ཡིན།
   སྐབས་ཤིག་ལ་དུང་ཐང་ལྷ་རའི་མདུན་དུ་སྡེ་དགོན་གཉིས་ཀྱིས་འཛམ་གླིང་སྤྱི་བསང་སྐབས་སུ་སྒྲ་བླ་འབུལ་སྐབས་སྒྲ་བླ་འཁོར་བའི་རྟགས་ཡར་མཚན་འགའ་བྱུང་། ཡང་ནུབ་ཅིག་གཏེར་ཁ་ཞིག་ལེན་དགོས་པ་རྨི་ལམ་དུ་བྱུང་བ་ཕྱི་ཉིན་ཡབ་རྒན་ཁྲིད་ནས་ཁྲོ་ཚངས་དགོན་པའི་གཡོན་ངོས་ཆུ་མིག་རྩ་རུ་སོང་ནས་རྡོ་བ་རྣམས་ཡབ་རྒན་ལ་སློག་བཅུག་པའི་ཡབ་ཀྱིས་འདི་ན་ཅི་ཡང་མི་འདུག་ལབ་པའི་ཚུར་ཅུང་ཟད་ཅིག་གི་ས་མིག་ན་འདིར་སློག་གསུང་བའི་ཡབ་ཀྱིས་དེ་ ལྟར་མཛད་པའི་རྡོ་རྗེ་རྩེ་ལྔ་སོར་བཞི་ཡོད་པ་ཞིག་གཏེར་གྱི་དངོས་གྲུབ་དུ་རྙེད། དེ་དག་གི་སྔ་ཕྱི་ཀུན་ཏུ་ཡབ་རྒན་དང་ཞང་བོ་དགེ་འདུན་གཉིས་སུ་ཁོམ་གྱི་མདུན་དུ་གསོལ་འདེབས་དང་མགུར་གླུ་འདྲ་མིན་ཐོལ་བྱུང་སྨོས་པ་དག་དེང་སང་ཡང་ཡུལ་མི་རྒན་རབས་པ་ཚོས་ངག་ན་གནས་ཡོད།
  དགུང་གྲངས་དྲུག་བཞེས་ཚེ་ཁྲོ་ཚངས་དགོན་གྱི་གྲྭ་བ་འགའ་དང་འགྲོགས་ནས་ཡབ་ཆེན་ཁོང་གཉིས་ཕེབས་ཏེ་ཀུན་མཁྱེན་ཤར་རྫ་བའི་དངོས་སློབ་གཅོད་ཀྱི་རྣལ་འབྱོར་བ་བསོད་ནམས་གཡུང་དྲུང་སྐུ་མདུན་འབུམ་རྨད་དགོན་དུ་བཞུགས་ནས་ཡི་དམ་དབལ་གསས་རྔམ་པ་གཙོས་གསས་མཁར་མཆོག་ལྔ་དང་ཡི་དམ་གྱི་རིགས། མ་ཅིག་དཔལ་ལྡན་ལྷ་མོ་གཙོས་བོན་སྐྱོང་སྒྲུབ་སྐོར་སོགས་ཟླ་བ་གཅིག་ལྷག་གི་རིང་དུ་རྒྱབ་རྟེན་ལུང་གི་རྗེས་གནང་དང་བཅས་ཞུས། རང་དགོན་ཁྲོ་ཚངས་ཐེག་ཆེན་ཕུན་ཚོགས་གླིང་གི་སྒྲིག་བཞིན་མི་ལོ་དུ་མའི་རིང་ལ་དུང་བ་ཇ་འདྲེན་ས་ནས་བཟུང་སྒྲིག་ཆེ་ཆུང་སྐབས་སུ་གང་བབས་ཀྱི་ཞབས་ཞུ་རྒྱ་ཆེར་ཞུས།
དགུང་གྲངས་བཅུ་པ་སྤྱི་ལོ༡༩༨༣ལོར་ཁྱུང་ཡུལ་དཀའ་ཐུབ་ཀྱི་སེམས་དཔའ་ཆེན་པོ་གྲུབ་དབང་ཉི་མ་ཚུལ་ཁྲིམས་མདོ་སྨད་དུ་འགྲོ་དོན་ཕེབས་པ་དང་བསྟུན་ཀུན་མཁྱེན་ཤར་རྫ་བའི་གདན་སར་མདོ་དབུས་ཁམས་གསུམ་གྱི་བླ་སྤྲུལ་བརྒྱ་ཕྲག་ཕྱེད་དང་གསུམ་ཙམ་འདུས་ཏེ་བོན་འཁོར་བསྐོར་ནས་བཞུགས་སྐབས་ཁྱུང་བླ་ཉི་མ་ཚུལ་ཁྲིམས་མཆོག་གིས་གསུང་ཤོག་ཕྱག་བྲིས་བསྐུར་ནས་དུང་མདའི་གཡུང་དྲུང་ཟླ་རྒྱལ་ཕ་བུ་གཉིས་ངེས་པར་དུ་ཤར་རྫའི་རི་ཁྲོད་དུ་ཕེབས་དགོས་ནན་བསྐུར་ངོར་ཁོང་རྣམ་གཉིས་དེར་སོང་། དེ་ན་བཞུགས་རིང་རྩ་བའི་བླ་མ་ཉི་མ་ཚུལ་ཁྲིམས་མདུན་ནས་ཕྱི་ནང་གསང་གསུམ་གྱི་དབང་ལུང་མན་ངག་གང་མང་ཞུས་མཐར་རང་གནས་སུ་ཕེབས། དམ་པ་ཡབ་སྲས་རང་ཡུལ་འབྱོར་བའི་ཕྱི་ཉིན་མང་རི་མཐོང་གྲོལ་གླིང་གི་ གྲྭ་བསོད་ནམས་དཔལ་ལྡན་དང་། ཚུལ་ཁྲིམས་བསྟན་འཛིན་གཉིས་ཁྲོ་ཚངས་དགོན་དུ་འབྱོར་ ནས་སྒོ་སྟོན་ཉི་མ་འོད་ཟེར་གྱི་ཡང་སྲིད་འཁྲུལ་བྲལ་གཡུང་དྲུང་ཟླ་རྒྱལ་གྱི་བུ་འཆི་མེད་རིག་ འཛིན་ཡིན་པ་མཁྱེན་བརྩེ་ལྟ་དགོངས་མངའ་བརྙེས་པའི་ཁྱུང་བླ་ཉི་མ་ཚུལ་ཁྲིམས་མཆོག་ནས་ ངོས་འཛིན་ཕྱག་བྲིས་དང་། འགྲོ་འདུལ་ཧཱུྃ་ཆེན་བླ་མའི་གདུང་སྲས་བླ་ཆེན་དྲན་པ་ནམ་མཁའི་རྣམ་རོལ་ལྷ་སྲས་ཚོགས་གཉིས་རྒྱ་མཚོ་མཆོག་དང་། སྙིགས་དུས་འགྲོ་ཀུན་ཐར་པ་འདྲེན་པའི་ གཏེར་སྲས་ཌཱཀི་མཁའ་སྤྱོད་དབང་མོ་རྣམ་གཉིས་ཀྱིས་ཀྱང་གསུང་རྒྱ་སོགས་ཡོད་ཚུལ་བཅས་ མང་རི་དགོན་པའི་སྐུ་བདག་བྱོས།
   དགུང་གྲངས་བཅུ་གཅིག་པ་སྤྱི་ལོ༡༩༨༥ལོའི་ཟླ་བ༡༠པའི་ཚེས༡༣གཟའ་སྐར་འཕྲོད་སྦྱོར་ལེགས་པ་འཛོམས་པའི་དུས་བཟང་དང་སྟབས་བསྟུན་ཏེ་ཉི་མ་རིན་པོ་ཆེ་ཁྲོ་ཚངས་དགོན་དུ་ཕེབས་ནས་དམ་པ་མཆོག་ལ་སྐུ་ཁྲུས་དང་ན་བཟའ་གསོལ་མཐར་ཁྲི་བཀོད་མངའ་གསོལ་མཛད་དེ་མཚན་ལ་བསྟན་པའི་ཉི་མ་ཞེས་གསོལ་ནས་བསྟན་འགྲོའི་དོན་རྒྱ་ཆེར་འབྱུང་བའི་ཐུགས་སྨོན་ཡང་དག་གནང་། ཉི་མ་རིན་པོ་ཆེས་ཁྲོ་ཚངས་དགོན་གྱི་ལྷ་སྡེ་མི་མང་ཡོངས་ལ་ཚེ་སྒྲུབ་བྱ་རི་མའི་བཀའ་དབང་བསྩལ་ནས་ལས་འབྲས་ཀྱི་རྣམ་བཞག་དང་དགེ་བཅུ་དང་དུ་ལེན་ ཚུལ་སྡིག་བཅུ་རྒྱབ་དུ་བོར་ལུགས་བཅས་གསུང་གི་ཟབ་གདམས་མང་དུ་གནང་། མི་མང་ཁྲོམ་ཚོགས་དཀྱིལ་ན་ཉི་མ་རིན་པོ་ཆེས་བསྟན་པའི་ཉི་མ་འདི་ནི་སྒོ་སྟོན་ཉི་མ་འོད་ཟེར་གྱི་ཡང་སྤྲུལ་ཡིན་ཚུལ་དང་འབྱུང་འགྱུར་དམ་པ་འདི་བ་ཚང་ལ་དགོངས་གཏེར་བཞེས་རྒྱུ་ཡོད་པའི་ཞལ་གསུང་ཡང་ཡང་མཛད།
དེ་ནས་ཉི་མ་རིན་པོ་ཆེའི་མདུན་ནས་བོན་སྒོ་ཐམས་ཅད་ཀྱི་སྔོན་འགྲོ་འབུམ་དགུ་དང་ དངོས་གཞི་ཞལ་ཁྲིད་གཙང་ཁྲིམས་ཉེར་ལྔ་སོགས་ཚུལ་བཞིན་གསན་པའི་སྐལ་བ་ཐོབ། བླ་མས་ཀྱང་གསང་གསུམ་གྱི་གདམས་དོན་ལྷག་ལུས་མེད་པ་བུམ་པ་གང་བྱོའི་ཚུལ་དུ་རྗེས་གནང་བཅས་ལེགས་པར་མཛད།
  དགུང་གྲངས་བཅུ་གཉིས་པ་སྤྱི་ལོ༡༩༨༦ལོའི་ཟླ༩ཚེས༨ཉིན་རང་གནས་ཁྲོ་ཚངས་དགོན་ནས་གྲུབ་དབང་བླ་མ་ཉི་མ་རིན་པོ་ཆེ་སྐུ་འཁོར་དང་ལྷན་དུ་ཡིད་ལྷུང་ཤོག་ཆེན་བཅོ་བརྒྱད་ཀྱི་ལྟེ་བ་མ་ཎི་གད་འགོར་ཕེབས་མཚམས་ཞལ་གྱེས་ཏེ་བླ་མ་སྐུ་འཁོར་ཉག་ཡུལ་དུ་འགྲོ་དོན་ལ་ཆིབས་བསྐྱོད་གནང་། སྤྲུལ་སྐུ་ཡབ་རྒན་དང་ཞང་པོ་གཉིས་པདྨ་ཚེ་བརྟན་དང་བློ་གསལ་དོན་འགྲུབ་བཅས་མང་རི་དགོན་གྱི་ཆེ་མངགས་མི་སྣ་དང་འགྲོགས་ནས་སྡེ་དགེ་བརྒྱུད་ནས་འཇོ་མདའ་ཕྱོགས་སུ་ཕེབས་གནང་མཛད། ཚེས༡༣ཉིན་ལྷ་ཐོག་རྒྱལ་པོའི་མངའ་འབངས་དཀར་ཤུལ་ཡུལ་སྡེའི་རྐྱ་མི་བརྒྱ་ཕྲག་གིས་གཟབ་ཆས་ལེགས་པར་སྤྲས་ཏེ་རིང་བསུ་དང་དེ་ལྷག་ཡུལ་མི་རྒས་དར་གཞོན་གསུམ་གྱིས་མཆོད་རྫས་ཀྱི་རིགས་སྣ་ཚོགས་པ་ཐོག་ནས་གུས་བསུ་ཚད་མེད་བྱས། གཤེན་གྱི་དགོན་སྡེ་ཆེན་མོ་མང་རི་མཐོང་གྲོལ་གླིང་གི་ཉེ་ཕྱོགས་ནས་བླ་གྲྭ་ཡོངས་ཀྱིས་སེར་ཕྲེང་བསྟར་ཏེ་རྔ་གཤང་དུང་གླིང་དང་གདུགས་དང་རྒྱལ་མཚན་སོགས་མཆོད་རྫས་ཀྱིས་བསུ་བ་དང་། བཀའ་སྐྱོང་མ་གཤིན་རྒྱལ་གསུམ་དང་གནས་བདག་མང་རི་རྩེ་རྒྱལ་བཅས་ཀྱི་སྟག་འགྲོས་སེང་སྟབས་ཀྱི་དགའ་དད་སྤྲོ་གསུམ་གྱིས་གསས་ཁང་ཆེན་མོའི་ནང་དུ་སྣེ་དྲངས་ནས་གསེར་གྱི་ཁྲི་འཕང་དང་པོ་ལ་མངའ་གསོལ་དང་བླ་རྒན་གཡུང་དྲུང་ཚེ་རིང་མཆོག་གིས་དར་མཚོན་སྣ་ལྔས་སྣེ་དྲངས་ཏེ་མཆོད་པ་ཀུན་ཀྱི་དང་ཐོག་མཎྜལ་སྐུ་གསུང་ཐུགས་རྟེན་བཅས་ཕུན་སུམ་ཚོགས་པ་ཕུལ། ཁྲི་སྟོན་མཛད་སྒོ་ལ་ཉེ་བའི་བོན་དགོན་ཁག་གི་བླ་གྲྭ་དང་མི་སྣ་གཙོས་རྙིང་ མའི་ཆོས་རྒྱུད་འཛིན་པ་དང་། ས་སྐྱ། བཀའ་བརྒྱུད་བཅས་དགོན་སྡེ་ལྷ་སྡེའི་སྐུ་ཚབ་མི་སྣ་དུ་མ་འཛོམས་ཐོག་བླ་རྒན་གཡུང་དྲུང་ཚེ་རིང་མཆོག་གིས་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་ཁྲི་སྟོན་གྱི་ གསུང་བཤད་རྒྱ་ཆེར་གནང་ནས་དགའ་སྟོན་གྱི་མཛད་སྒོ་གྲ་རྒྱས་མཛད། དེ་མཚམས་སྡེ་དགོན་གཉིས་མ་གྲོས་གཅིག་མཐུན་གྱིས་སྐུ་བདག་དང་ཡོངས་འཛིན་ལ་སྔ་ཕྱི་ཕྱོགས་གང་ཐད་ནས་བཀའ་དྲིན་བླ་ལྷག་ཆེ་བའི་བླ་རྒན་གཡུང་དྲུང་ཚེ་རིང་མཆོག་བསྐོ་བཞག་བྱས། དགེ་རྒན་དམ་ པ་ཁོང་གི་དྲུང་ནས་དགོན་སྡེ་འདིའི་ཆོ་གའི་ཕྱག་སྲོལ་དང་འདོན་དབྱངས་གང་ལ་ཡང་ཐོགས་མེད་སྦྱངས། ཞོར་དུ་ཡོངས་འཛིན་་མཆོག་གི་གམ་ནས་རྒྱབ་རྟེན ་ལུང་དང་སྨིན་བྱེད་དབང་གྲོལ་བྱེད་ཁྲིད་ཅི་དགོས་གསན་བཞེས་མཛད། དེ་ནས་སྐུ་ནར་ཅུང་སོན་པར་དགོན་པའི་ཕྱི་ནང་གི་འཁོར་ཡུག་སོགས་ཡོད་པ་ཇེ་རྒྱས་དང་མེད་པ་གསར་འཛུགས་བཅས་ཀྱི་གཟིགས་སྐྱོང་ཚད་མེད་གནང་།
   དགུང་གྲངས་བཅོ་ལྔ་བཞེས་སྐབས་ཀྱི་ལོ་མཇུག་ཏུ་དགེ་རྒན་དང་མ་ཡུམ་བཅས་སྐུ་འཁོར་བཅུ་ཙམ་དབུས་ལྷ་ལྡན་ཞིང་དུ་ཕེབས་ནས་ཇོ་ཁང་དང་པོ་ཏ་ལ་སེར་འབྲས་དགེ་གསུམ་ནོར་བུ་གླིང་ཀ་སོགས་མཆོད་མཇལ་ལེགས་པར་གྲུབ། གཙང་དུ་ཕེབས་ནས་བོན་གྱི་གྲྭ་ས་གོང་འོག་དང་གཤེན་ཚང་གདན་སར་ལམ་ནས་བཀྲ་ཤིས་ལྷུན་པོ་སོགས་མཇལ་ནས་ཀོང་པོ་ནང་དུ་ཕེབས། ལོ་སར་གྲུབ་པ་ཐུགས་སྤྲུལ་བོན་རི་ཆེན་མོ་གནས་འདུས་རྟ་ལོ་སྐོར་ཆེན་དང་སྦྲག་ཞབས་སྐོར་མཛད་དེ་བཅུ་སྐོར་ཞིག་གྲུབ་ནས་སྒྲུབ་གནས་དང་བཀའ་རྟགས་རང་བྱོན་བཅས་མཇལ་ཕྱག་ཞུས་ཏེ་རང་དགོན་དུ་ཞབས་སོར་བདེ་བར་བཀོད། དེ་ནས་བཤད་སྒྲུབ་ལྷ་ཁང་གི་གཟིམ་ཤག་རུ་སྐུ་མཚམས་ལ་བཞུགས་ཏེ་ཡི་དམ་འབྲུག་གསས་ཆེམ་པའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་བཞུགས་རིང་དུ་ཉིན་སྣང་རྔ་གཤང་གི་སྒྲ་རང་གྲགས་དང་མཚན་སྣང་རྨི་ལམ་བཅས་རྟགས་བཟང་པོ་དུ་མ་བྱུང་།
དགུང་གྲངས་བཅུ་བདུན་བཞེས་སྐབས་དམ་པ་མཆོག་ཡབ་ཡུལ་དུ་ཕེབས་ནས་ཁྲོ་ཚངས་ཐེག་ཆེན་ཕུན་ཚོགས་གླིང་གི་དགེ་རྒན་ཆེན་མོ་ཀུན་བཟང་རང་གྲོལ་མཆོག་གི་མདུན་ནས་སྔོན་འགྲོ་འབུམ་དགུའི་བསགས་སྦྱོང་དང་། དངོས་གཞི་སེམས་ཁྲིད་དང་རང་གཞན་གྱི་འཕོ་བ་བཅས་ལེགས་པར་མཐར་ཕྱིན། མཚམས་སུ་དྲང་སྲོང་ལྷུན་གྲུབ་རྡོ་རྗེའི་སྐུ་མདུན་ནས་རྒྱལ་བའི་བཀའ་རིན་པོ་ཆེའི་ལུང་རྒྱུན་ཚུལ་བཞིན་བླངས།
དགུང་གྲངས་བཅོ་བརྒྱད་བཞེས་སྐབས་མཁས་བཙུན་བཟང་གསུམ་གྱི་སྐུ་ཡོན་ལྷུན་འཐུག་ཅིང་ཐོས་བསམ་སྒོམ་གསུམ་གྱིས་ཐུགས་རྒྱུད་རབ་ཏུ་ཕྱུག་པའི་ཡོངས་འཛིན་དམ་པ་གཡུང་དྲུང་ཚེ་རིང་མཆོག་གི་སྐུ་མདུན་ནས་རིག་འཛིན་ཀུན་གྲོལ་གྲགས་པའི་ཙི་ཏ་གསང་བའི་མཛོད་ཆེན་ནས་མངོན་པར་ཕྱུངས་བའི་མ་སྲིང་མཁའ་འགྲོའི་སྙིང་ཁྲག་ལྟ་བུའི་གདམས་པ་ཟབ་མོ་མཁའ་འགྲོ་གསང་མཛོད་རྩ་རླུང་གྲྭ་བ་བཅུ་ཕྲག་དང་ལྷན་དུ་ཞག་བརྒྱའི་རིང་དུ་བཞུགས། མཐར་ཆུ་རས་རླུང་རས་དང་བཅུད་ལེན་བཅས་དབང་ལུང་ཁྲིད་གསུམ་གྱི་སྒོ་ནས་རྒྱུད་ཁ་ཚུལ་བཞིན་བླངས།
  དགུང་གྲངས་ཉི་ཤུ་བཞེས་སྐབས་ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་འཕགས་ཡུལ་ནས་གངས་ལྗོངས་སུ་ཞབས་སོར་བཀོད་པ་དང་བསྟུན་སོར་ཐར་གོང་མའི་བསླབ་སྡོམ་དྲང་སྲོང་བསྙེན་རྫོགས་ཀྱི་ཁྲིམས་རྣམས་ཡོངས་སུ་རྫོགས་པར་མཛད་དེ་མཚན་ལ་དྲང་སྲོང་སྐལ་བཟང་བསྟན་པའི་ཉི་མ་ཞེས་གསོལ། དུས་འཁོར་དང་། གསང་བ་དྲག་ཆེན། ཚེ་སྒྲུབ་བྱ་རི་མའི་བཀའ་དབང་བཅས་ཟབ་རྒྱས་ཐོབ།
  དགུང་གྲངས་ཉེར་གཅིག་བཞེས་སྐབས་ཡོངས་འཛིན་མཆོག་གི་མདུན་ནས་བླ་གྲྭ་བརྒྱད་ཙམ་དང་མཉམ་དུ་རྫོགས་ཆེན་རྩ་རླུང་ཞག་བརྒྱའི་རིང་དུ་བཞུགས་ཏེ་འཁྲུལ་འཁོར་དང་རྒྱབ་ཐུར་བཅུད་ལེན་ཆུ་རས་རླུང་རས་བཅས་མཇུག་ལེགས་པར་གྲུབ་ཏེ་གྲུབ་རྟགས་བཟང་པོ་བྱུང་། སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་བཀའ་དགོངས་ལྟར་སྤྱི་ལོ༡༩༩༩ལོའི་ཟླ༡༡ཚེས༣ཉིན་དབུས་ལྷ་ལྡན་གྲོང་ནས་རྒྱལ་ས་བལ་ཡུལ་དུ་ཕེབས་ཏེ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་ཁྲི་བརྟན་ནོར་བུ་རྩེར་ཞབས་སོར་བཀོད་ནས་སྨྲ་དབང་ཡོངས་འཛིན་ཆེན་མོ་ཞལ་མཇལ་དང་ཟབ་གདམས་ཞུས། བལ་པོའི་ཕྱོགས་ཀྱི་མཆོད་རྟེན་རྣམ་གསུམ་དང་གུ་རུའི་སྒྲུབ་ཕུགས་སོགས་ གནས་རི་དགོན་སྡེ་སྒྲུབ་གནས་བཅས་གང་དགོས་མཆོད་མཇལ་བྱས་ནས་རྒྱ་གར་འཕགས་ པའི་ཡུལ་དུ་ཕེབས་ཏེ་གླིང་ཚང་གཞིས་ཆགས་ཀྱིས་སྣེ་ལེན་ཟབ་རྒྱས་འོག་དེ་ན་གཞིས་ཆགས་པའི་གཉེན་ཉེ་རྣམས་དང་འཕྲད་ནས་དགའ་སྤྲོ་ཚད་མེད་འཕེལ། དེའི་ཉེ་འཁོར་གྱི་ས་སྐྱའི་ངོར་དགོན་གཙོས་བཀའ་རྒྱུད་རྙིང་མ་སོགས་ཀྱི་བླ་སྤྲུལ་རྣམས་དང་དགོན་སྡེ་ཁག་མཇལ་སྐོར་གྲུབ་པ་གཉེན་ཉེ་རྣམས་དང་ལོ་སར་ལ་རོལ། ལོ་སར་ཚེས་གསུམ་ཉིན་ཕྱི་གླིང་ན་བོན་བསྟན་གྱི་འཕྲིན་ལས་རྒྱ་ཆེར་སྤེལ་བའི་སྨན་རིའི་དགེ་བཤེས་བླ་ཁྲི་མཁན་པོ་ཉི་མ་གྲགས་པ་མཆོག་གིས་བསུ་མི་མངགས་པར་དང་འགྲོགས་བོན་གཞིའི་ཐོབ་རྒྱལ་གསར་པ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཕེབས་པའི་ལམ་ནས་མི་མང་གིས་དར་བཏང་བསང་དུད་ཀྱི་བསུས་ཤིང་གདན་ས་ཆེན་མོའི་གླིང་དུ་འབྱོར་ཚེ་ཁྲི་འཛིན་རིན་པོ་ཆེ་གཙོས་འདུས་སྡེ་ཡོངས་དང་མཇལ་དར་ཕུལ་རེས་སོགས་བརྒྱུད་སྣེ་ལེན་ཟབ་རྒྱས་ངང་རིན་པོ་ཆེ་དང་བཀའ་མཆིད་ཞིབ་མོ་གནང་བའི་སྐལ་བ་ཐོབ། ཚེས་ལྔ་ཉིན་རྗེ་སྨན་རི་བའི་དུས་ཆེན་དང་བསྟུན་གྲྭ་སའི་སྒྲིག་ལྟར་འཚོགས་གྲལ་དུ་ཞུགས་ནས་མཁན་སློབ་རྣམ་གཉིས་དྲུང་ནས་གསོ་སྦྱོང་བླངས། ཚེས་བཅོ་ལྔ་ཉིན་བདག་ཅག་གི་སྟོན་པ་སངས་རྒྱས་ཀྱི་འཁྲུངས་མཆོད་དུས་ཆེན་དང་བསྟུན་བླ་ཁྲི་མཁན་པོ་དང་དགོན་སྡེ་གཅིག་ པའི་གྲྭ་བཙུན་དང་གཉེན་ཉེ་ཡོངས་ཀྱི་རེ་འདུན་ཞུས་པ་བཞིན་སྨན་རིའི་མཁན་སློབ་རྣམ་གཉིས་དང་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ལས་བྱེད་མི་སྣས་བཀོད་སྒྲིག་འོག་དམ་པ་མཆོག་གི་མཛད་འཕྲིན་ཕྱོགས་མེད་དུ་རྒྱས་པའི་ཆེད་དུ་ཁྲི་བཞེངས་གནང་སྐབས་མཁན་སློབ་རྣམ་གཉིས་ཀྱི་སྐུ་ཚབ་སྐྱང་སྤྲུལ་རིན་པོ་ཆེ་དང་། ཀུན་གྲོལ་ནམ་མཁའ་དབང་རྒྱལ། བརྩོན་འགྲུས་རིན་པོ་ཆེ། བླ་ཁྲི་མཁན་པོ་ཉི་མ་གྲགས་པ་དབུས་པའི་འདུས་མང་ཡོངས་ནས་བརྟན་བཞུགས་མཎྜལ་དང་གསོལ་འདེབས་ཐུགས་སྨོན་ཅི་རིགས་གནང་། དམ་པ་མཆོག་དང་ཡུལ་ཕྱོགས་གཅིག་པའི་དགོན་སྡེ་དང་གཉེན་ཉེ་ཡོངས་ནས་མང་ཇ་ཕྱག་འགྱེད་ཀྱི་བསྙེན་བཀུར་རྒྱ་ཆེའི་རྒྱུ་བསོད་ནམས་ཀྱི་ཚོགས་ལེགས་པོར་བསགས། གདན་ས་ཆེན་པོ་སྨན་རིའི་གླིང་དུ་ལོ་གཅིག་གི་རིང་བཞུགས་ནས་སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེའི་མདུན་ནས་ཀུན་མཁྱེན་ཤར་རྫ་བའི་གསུང་སྔོན་འགྲོ་བཀའ་ལུང་རྒྱ་མཚོའི་ཞལ་ཁྲིད་རྒྱས་པ་དང་། འཕོ་བ་འཇའ་གུར་མའི་ལུང་ཐོབ། སྐྱབས་རྗེ་དཔོན་སློབ་འཕྲིན་ལས་ཉི་མ་མཆོག་གི་དྲུང་ནས་གསང་བ་སྔགས་ཀྱི་བསྙེན་སྒྲུབ་ལས་གསུམ་རྣམ་པར་འབྱེད་པའི་ལྷ་གཉེན་ཤེལ་སྒོང་ཁྲིད་ཟབ་རྒྱས་གསན། ཞོར་དུ་ཨ་ ཀྲོང་དགེ་བཤེས་སྐུ་མདུན་ནས་རྩིས་དཀར་ནག་སོགས་རིག་གནས་ཆེ་ཆུང་གི་རིགས་ལ་འབད་འབུངས་ཧུར་ཐག་གནང་།
  སྤྱི་ལོ༢༠༠༡ཟླ༡༢ནང་ཉེ་སྐོར་འགའ་དང་མཉམ་གཅིག་ཏུ་རྡོ་རྗེ་གདན་དུ་ཕེབས་སྐབས་རྙིང་མའི་སྨོན་ལམ་ཆེན་མོ་འཚོགས་པ་འཕྲད་དེ་རྙིང་མའི་བླ་ཆེན་དུ་མ་དང་ཞལ་འཛོམས་བྱུང་། རྡོ་རྗེ་གདན་དང་། བྱ་རྒོད་སྤུང་རི། སྟོན་པ་བཅོམ་ལྡན་འདས་ཀྱི་དཀའ་ཐུབ་མཛད་གནས། དགྲ་བཅོམ་ལྔ་བརྒྱའི་བཞུགས་གནས་སོགས་བདུན་ཕྲག་གཅིག་གི་རིང་ཙམ་དུ་མཆོད་མཇལ་བྱས།
ཕྱོགས་དེར་གཞིས་ཆགས་པའི་ཉེ་འབྲེལ་ཆོས་འཛོམས་སྒྲོལ་མ་མིང་སྲིང་གཉིས་ལ་གཏུག་སོང་ནས་ཟླ་བ་གཅིག་མ་ལོང་ཙམ་དགའ་སྤྲོ་ངང་བསྡོད། མཆོག་སྤྲུལ་དབང་ཆེན་རིན་པོ་ཆེ་དང་འབྲེལ་བ་དམ་ཟབ་བྱུང་སྟེ་ཁོང་གིས་རྗེས་ཕྱོགས་བསྟན་པ་གཟིགས་ཚུལ་སོགས་ཀྱི་བཀའ་སློབ་དང་ནང་བསྟན་རྒྱ་ཆེ་དར་སའི་ཡུལ་གྲུ་ཐེ་ཝན་སོགས་སུ་ཕེབས་ན་འབྲེལ་བ་བྱེད་ཆོག་གསུང་། དེ་ནས་གླིང་ཚང་གཞིས་ཆགས་འབྱོར་ནས་གཉེན་ཉེ་རྣམས་ཀྱིས་རྒྱུ་ཚེགས་གང་ཐད་ནས་མཐུན་སྦྱོར་འོག་སེངྒ་སྦུག་བརྒྱུད་དེ་ཐེ་ཝན་དུ་ཕེབས་ནས་ཁྲི་འཛིན་རིན་པོ་ཆེའི་སློབ་མ་བླ་མ་ལིང་ཡན་གྱིས་སྣེ་ལེན་འོག་བདེ་བར་འབྱོར། བླ་མ་ལིང་ཡན་གྱི་ཆོས་ཚོགས་མི་བདུན་ཅུ་ཙམ་ལ་ཚེ་སྒྲུབ་ བྱ་རི་མའི་བཀའ་དབང་དང་བོན་འབྲེལ་ཅི་རིགས་གནང་། ལིང་ཡན་གྱི་བཀས་བསྐུལ་བཞིན་ལོ་ཕྱེད་རིང་དེ་ན་བཞུགས་ཏེ་བོན་ཁྲིད་དང་ཞབས་རིམ་སོགས་གང་དགོས་འབད། སྐུ་མཆེད་ དཀོན་མཆོག་སྙན་གྲགས་མཆོག་གིས་ཆོས་ཚོགས་ཁག་ལ་གདན་ཞུས་ངོར་ཐེ་ཝན་དང་ཀོ་ཤང་སོགས་ལ་ཕེབས་ཏེ་སྙིང་པོ་རྣམ་གསུམ་དང་སྐྱབས་འགྲོ་སོགས་ཀྱི་བོན་ཁྲིད་རྒྱ་ཆེར་སྤེལ། དེ་ནས་བལ་ཡུལ་དུ་ཕེབས་ཏེ་ཁྲི་བརྟན་ནོར་བུ་རྩེར་འབྱོར་ནས་སྨྲ་དབང་ཡོངས་འཛིན་ཆེན་མོའི་བོན་ལུགས་ཕྱི་ནང་རྒྱུད་སྡེ་མཐའ་ཡས་པའི་བཀའ་དབང་བསྩལ་བ་ཞུས་ནས་ཟླ་ཕྱེད་ལྷག་གི་རིང་དུ་བཞུགས།
  དེ་མཚམས་རང་ཡུལ་གངས་ལྗོངས་ཕྱོགས་སུ་ཞབས་སོར་བཀོད་དེ་རང་དགོན་མང་རི་མཐོང་གྲོལ་གླིང་དུ་བཞུགས་གདན་འཇགས། མང་རི་དགོན་གྱི་སྔ་སྲོལ་ལྟར་ཡི་དམ་དབལ་ཕུར་ནག་པོའི་སྒྲུབ་པ་བསྐྱར་འཛུགས་གྲོས་མཐུན་བྱུང་བར་བརྟེན་བླ་རྒན་རིན་པོ་ཆེའི་དྲུང་ནས་བཅའ་བཟོ་ཐིག་རྡུལ་ཚོན་བརྡུང་ཕྱག་བཞེས་འདོན་རྟ་དབྱངས་འཆམ་ཕྱག་རྒྱ་སོགས་ཚུལ་བཞིན་སྦྱངས་ནས་སྒྲུབ་ཆེན་གྱི་སྟ་གོན་ཚགས་སུ་ཚུད་པར་བྱས། སྒྲུབ་ཆེན་སྤྱི་ཡི་མ་རྩ་ཁོང་གིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་སྟེང་ལྷ་སྡེ་ཡོངས་ནས་འབྲེལ་འཇོག་ཕུན་སུམ་ཚོགས་པར་བྱུང་།
   སྤྱི་ལོ༢༠༠༣ཟླ༣པར་མང་རི་མཐོང་གྲོལ་གླིང་གི་དགོན་གནས་གསར་བཞེངས་ཀྱི་བཀའ་དགོངས་གོང་རིམ་ལ་ཞུས་ཚེ་ལྗོངས་རིམ་པ་དང་ཁུལ་རྫོང་བཅས་ནས་ཆོག་མཆན་ལེགས་པར་གནང་། ས་དམིགས་བཟང་ཞིང་ས་དཔལ་ཆེ་བའི་དུང་དཀར་ཐང་ཆེན་དུ་དགོན་གནས་གསར་འཛུགས་ཀྱི་ལས་གཞི་འདིང་ནས་རྒྱ་ཕྱི་ནང་མདོ་སྟོད་སྨད་ཕྱོགས་ཀྱི་བསྟན་སྦྱིན་དག་གིས་མཐུན་རྐྱེན་དང་ཡུལ་འདིའི་ལྷ་སྡེ་ཡོངས་ཀྱིས་རྒྱུ་ཚེགས་གང་ཐད་ནས་ཞབས་འདེགས་བླ་གྲྭ་རྒན་རིམ་རྣམ་པས་སྣེ་ཁྲིད་འོག་རྟེན་གཞལ་ཡས་ཁང་དང་བརྟེན་པ་གསེར་ཟངས་ལས་གྲུབ་པའི་ཁྲི་གཙུག་རྒྱལ་བའི་སྐུ་ཐོག་བརྩེགས་གཉིས་ཙམ་ཅན་དང་། གསས་ཁང་བརྩེགས་གཉིས་པའི་ཐོག་ཏུ་གུ་རུའི་སྐུ་ཐོག་བརྩེགས་གཅིག་ཅན། གཞན་ཟངས་གསེར་ལས་གྲུབ་པའི་མཆོད་ཆ་སྤུས་བཟང་། འཆམ་འབག འཆམ་ཆས། བླ་གྲྭའི་བཞུགས་གདན་གྲུམ་ཙེ། སྦུག་རོལ་སོགས་ རྟེན་བཞེངས་རྒྱ་ཆེར་དང་། ལྷ་ཁང་ཕྱིའི་འཁོར་ཕྲེང་བརྒྱ་རྩ་སོགས་དགོན་པ་གསར་བཞེངས་ཀྱི་ལས་གཞི་མཐའ་དག་འགོ་བཀྲ་ཤིས་ཤིང་མཇུག་ཕུན་སུམ་ཚོགས་པའི་ངང་ལེགས་གྲུབ་བྱུང་སོང་། དམ་པ་མཆོག་གི་སྔ་ཕྱི་དུ་སེམས་ཅན་རྣམས་ལ་ཚེ་འདིར་གནོད་པའི་ནད་གདོན་གཉིས་དང་ཕྱི་མར་གནོད་པའི་ལས་ཉོན་གཉིས་ཡིན་པས་དེ་དག་སྦྱང་བའི་ཐབས་སུ་ཐུགས་རྗེ་ཆེན་པོ་ནུས་པའི་རྩལ་མངོན་དུ་བསྟན་ནས་མཛད་པ་རྒྱ་ཆེར་མཛད། རྨོག་སྟེ་མདོ་ཞེས་པའི་ས་ཆ་བན་དྷེའི་ཁྱིམ་ཚང་ཞིག་གི་ནད་པ་མཚོ་དགའ་ཟེར་བ་ཞིག་ནད་གཞི་ཚབ་ཆེ་ཐེབས་ནས་སྨན་དང་རིམ་གྲོ་གང་མང་བྱས་ཀྱང་དྲག་སྐྱེད་མ་བྱུང་། བོན་གྱི་བླ་མ་ཞིག་ལ་རིམ་འགྲོ་སྐྱབས་བཅོལ་ཕན་ཐོག་འབྱུང་ངམ་སྙམ་སྟེ་ཁོང་ཉིད་གདན་ཞུས་བྱུང་སྐབས་བླ་གྲ་དཔོན་འཁོར་ལྔ་ཕེབས་ཏེ་གེ་ཁོད་ གསང་བ་དྲག་ཆེན་གྱི་སྲུང་ཟློག་བསད་གསུམ་གྱི་ལས་མཐར་ཕྱུང་། ཉིན་རྗེས་མའི་མཚན་མོ་རྨི་ལམ་ལ་བྱི་ལ་དང་བྱ་བྱིའུ་རྣམ་པ་མང་པོའི་ཚང་གཏོར་ནས་མེད་པར་བཟོ་བ་རྨིས་པ་ཤིན་ཏུ་རྟེན་ འབྲེལ་བཟང་པོ་བརྩིས་ཏེ། ཡོན་བདག་ཚང་ལ་རྟེན་འབྲེལ་ལེགས་པས་ཁྱེད་ཚང་གི་ནད་པ་ཡར་དྲག་ཡོང་ངེས་གསུངས། དེ་བཞིན་ནད་པ་སངས་དྲག་སོང་བ་དང་འབྱོར་ལྡན་གྱི་ཁྱིམ་གཞི་ཞིག་ཏུ་གྱུར་ནས་ཡོད། ཡང་རྒྱ་ལེགས་གྲོང་ཚོ་ནས་ཡིན་པའི་ཚེ་བ་ཚང་ཁྱིམ་གཞི་གསར་དུ་འཛུག་ ནས་ཡུན་རིང་མ་སོང་བར་ནད་གཞི་ཚབ་ཆེན་ཕོག་སྟེ་རྐང་ལག་རེངས་འཁུམ་མི་ཐུབ་པ་དང་། ཤི་ལ་ཉེ་བའི་སྐབས་ཤིག་ཏུ་ཁོང་གི་ཕྱག་མོ་དགོངས་རྟགས་ཀྱིས་ས་བརྐོ་རྡོ་སློག་དང་། ཤིང་གཅོད་ཆུ་དཀྲུག་ངན་པར་བྱས་པས་ཀླུ་བཙན་ལ་ཕོག་ཐུག་སོང་འདུག་གསུངས་ཚེ་ནད་པའི་དེ་འདྲ་བྱས་པ་ཡིན་ཟེར། དེ་ལ་ཁོང་གིས་རིམ་གྲོ་གེ་ཁོད་གསང་བ་དྲགས་ཆེན་གྱི་སྲུང་ཟློག་བསད་གསུམ་དང་། ཚེ་དབང་བླ་འགུགས་སོགས་ལེགས་པར་གྲུབ་སྟེ་ནད་པ་སྲོག་སྐྱོན་མི་འབྱུང་བའི་རྟགས་ཤར་ཏེ་ ཁོང་གིས་ནད་པའི་མིང་ལ་ཚེ་བརྟན་བསམ་འགྲུབ་བཏགས། ཚེ་རིང་པོར་བརྟན་པ་དང་བསམ་པ་ཐམས་ཅད་འགྲུབ་པའི་སྨོན་ལམ་ཡོད་གསུངས། ཁྱིམ་མི་ཡོངས་ཀྱི་འདོད་བློ་ཁེངས་ཏེ་སྨོན་པ་ཇི་བཞིན་འགྲུབ། ཡང་སྐབས་ཤིག་ན་འབྲོག་པ་ནང་ལ་དཀར་ལྡོམ་འགྲོ་བའི་ལམ་ནས་ཞི་གར་ཆུ་ཚན་ཁ་ལ་སླེབས། ཆུ་ཚན་ཁར་ཁྲུས་ལ་རྩེན་པའི་མི་སྣ་མང་ཙམ་མཆིས། ཁོང་སྐུ་འཁོར་ཁྲུས་ལ་རོལ་བསམ་ནས་ཆུ་འགོ་ཕྱོགས་སུ་ཕེབས་ཏེ་ཆིབས་གོང་ནས་བབས། ཁོང་གིས་ཞལ་ ཕྱག་ཞབས་གསུམ་ཁྲུས་ལ་རོལ་སྐབས་ཐུགས་ལ་ཡུལ་འདི་ན་ནོར་གྱི་རྣམ་པ་འདྲ་མིན་ཡོད་སྣང་བ་ཤར། དེ་འཕྲལ་ཕྱག་གཡས་པ་ཆུ་ནང་དུ་བཅུག་སྟེ་སྙབས་པའི་རྒྱུ་གནམ་ལྕགས་ལས་གྲུབ་པའི་ཁ་ཊཾ་རྩེ་གསུམ་པ་སོར་གསུམ་ལས་བརྒལ་བ་ཞིག་རྙེད། རྟེན་འབྲེལ་བཟང་པོ་བརྩིས་ཏེ་གཡང་སྒམ་ནང་དུ་ཉར་ཚགས་མཛད། མཚོ་རང་དར་ལུང་མདའ་མཚོ་ཡི་ཟུར་ལ་ཕ་བོང་ཆེན་པོ་ གཅིག་གི་ནང་ནས་ན་ཟུག་གི་སྐད་ངན་སྣ་ཚོགས་ཡུལ་མི་དག་གིས་ཐོས། མི་རྒན་བསམ་ཤེས་ཅན་ཚོས་ཁོང་རིན་པོ་ཆེ་གདན་ཞུས་བྱས་ཏེ་ཁོང་གི་འཕོ་བ་དང་། སྨོན་ལམ་སོགས་ཚུལ་བཞིན་གསུངས་པའི་རྗེས་སྐད་ངན་གོ་ཐོས་མེད་པར་གྱུར། དེ་ནས་ཡང་སྐུ་ཡུལ་གྱི་དད་སྦྱིན་ཁོང་གི་ཨ་སྲུ་ཞིག་གི་ལུས་ལ་བྱིས་པ་ཡོད་པར་ཐོས་པ་ན། ཕོ་ལུས་ཡིན་པ་དགོངས་ཏེ་བྱིས་པ་དེ་ལ་རྒྱལ་བ་དྲི་མེད་བཏགས་དགོས་ཞེས་གསུངས་པ་བཞིན་བྱུང་བ་དང་། ཡང་སྐུ་ཡུལ་གྱི་དད་ལྡན་ཁྱིམ་ ཚང་ཞིག་ཏུ་ཕུར་སྒྲུབ་མཛད་སྐབས་ལིང་སྲི་ཁུག་མིན་གྱི་དུས་སུ། ཏིང་འཛིན་གྱི་ངར་ཕྱུངས་ཏེ་འགུག་པ་མཛད་དེ་སྲོག་ཆག་བྱི་བའི་རྣམ་པ་ཅན་ཞིག་དངོས་སུ་ཁུག་སྟེ་ཟློག་མདོས་འོག་གི་མ་ཐང་ཧོམ་ཁུང་ནང་དུ་སོང་བ། དེ་ཡོད་ཀུན་ཀྱིས་མཐོང་བས་མངོན་འགྱུར་གྱི་སྒྲུབ་རྟགས་ལ་ཚང་མའི་ལུས་སེམས་ཧད་ཅིང་། ལྷག་པར་དུ་སྦྱིན་བདག་ཚང་གི་ལུགས་གཉིས་ཀྱི་ལས་དོན་སྒྲུབ་པའི་སྐྱེས་བུ་ཞིག་གིས་མཐོང་མ་ཐག་ཁོང་གི་འདོད་པ་ཚིམས།
སྤྱི་ལོ༢༠༠༨ལོའི་སྟོན་ཀར་དད་སྦྱིན་ཁྱིམ་ཚང་ཞིག་གིས་ཁྱིམ་མི་ཞིག་ནད་གཞི་སེལ་བའི་ཆེད་དུ་གདུགས་དཀར་སྒྲུབ་ཆེན་གྱི་དབུ་བླ་རུ་གདན་ཞུས་བྱས། གདུགས་དཀར་ཟློག་ཆེན་མཛད་དེ་ཅུང་གཟིམ་པའི་ཚུལ་ཙམ་ གྱི་རྗེས་སུ་དངོས་གྲུབ་ལྷ་མོའི་ནད་གཞི་འདི་ལ་གདོན་རྫས་མཚོན་ཆ་ཞིག་གིས་གདོན་འདུག་གསུངས། སྦྱིན་བདག་ཚང་གིས་ཅི་ཞིག་ཡིན་སྙམ་ཞིང་སོམ་ཉི་མང་དུ་བྱས་ནས་ཞིབ་ཏུ་ཞུ་བ་བྱས་པ་ན། ཁོང་གི་ཞལ་ནས་གདོན་རྫས་དེ་བར་སྣང་ཁམས་ནས་ཁ་ནུབ་ཏུ་གཏད་ཅིང་ཕྱི་ངོས་སུ་རྣམ་པ་ཁྲ་བོ་ཞིག་གིས་དཀྱིག་ནས་བཞག་འདུག་གསུངས། དེ་ནས་དད་སྦྱིན་ཚང་གི་མཚོན་ཆ་མེ་མདའ་ཞིག་སྤུན་གཞན་གྱི་ཁྱིམ་དུ་ཡོད་པར་དོགས་པ་བྱས་ཏེ་བལྟས་པས། གདོན་རྫས་དེ་ཁང་བའི་ཐོག་མཚམས་ནས་ཁ་ནུབ་ཏུ་གཏད་ཅིང་ཕྱི་ངོས་མདའ་རས་དཀྲིས་ནས་ཡོད་པ་མཐོང་སྟེ། སྐབས་དེའི་ཁྲིམས་ལུགས་བཞིན་སྲིད་གཞུང་དུ་གཏད་པས་ནད་གཞི་སངས་དྲག་ཏུ་བྱུང་བ་བཅས་ཏེ། མདོར་ན། དོན་རྒྱུད་ལས། འདོད་པའི་ཕྱོགས་སྤང་བཟང་ངན་དྲང་སྨྲས་ན། ། ཀུན་རྫོབ་གཞན་ཕན་དོན་དང་འགལ་མི་འགྱུར། །ཞེས་པར་ལྟར་ཁོང་གི་མཛད་རྣམ་ཏེ་ལྷ་སྒྲུང་དང་གནའ་གཏམ་ལྟ་བུ་མ་ཡིན་པར་ཕྱག་མོ་དགོངས་པ་དང་། མ་འོངས་ལུང་བསྟན། ཟབ་གཏེར་གྱི་རྣམ་བཞག  རྫུ་འཕྲུལ་གྱི་རྣམ་གྲངས་སོགས་མཐའ་ཡས་པ་མཆིས།
  སྤྱི་ལོ༢༠༡༢ལོར་ཤར་རྫའི་གདན་སར་རིགས་ལྔ་བདེར་གཤེགས་འདུས་པའི་སྨན་སྒྲུབ་འཛུགས་སྐབས་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་གིས་བདེར་འདུས་དབང་བཞིན་བསྐུར་བ་ཁྲོ་ཚངས་དགོན་གྱི་མཁན་སྤྲུལ་དགེ་རྒན་གྲྭ་ཚང་ཡོངས་དང་མཉམ་གཅིག་ཏུ་ཕེབས་ནས་ཞུས།
སྤྱི་ལོ༢༠༡༨ལོར་མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་དུ་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་ལྷན་ཚོགས་དང་། གཡས་རུའི་འཆད་རྩོད་ཆེན་པོ་ཐེངས་གཉིས་པ་རྒྱས་འཛོམས་འཚོགས་ཆེན་ཁར་ཕེབས་ཏེ་བོན་གྱི་སྐྱེས་ཆེན་དུ་མ་དང་དགྱེས་ཞལ་མཉམ་འཛོམ་བྱུང་། དེ་མཚམས་རྫ་སྟེང་ཆེན་དགོན་གྱི་གསས་ཁང་གསར་བཞེངས་ཀྱི་ལེགས་གྲུབ་མཛད་སྒོའི་ཐོག་ཏུ་སྐུ་མགྲོན་གདན་ཞུས་བརྡ་ཐོ་འབྱོར་བ་བཞིན་ཕེབས།
   ཁྲོ་ཚངས་དགོན་ཐེག་ཆེན་ཕུན་ཚོགས་གླིང་དུ་གསེར་དངུལ་བཀྲ་མའི་བུམ་པ་གྲུ་གང་ལྷག་ཅན་ཆ་གཅིག་དང་། རྒྱུ་ལི་ཁྲ་ལས་གྲུབ་པའི་རྒྱལ་ཡུམ་བྱམས་མའི་སྐུ་གྲུ་གང་ཅན་གཅིག  མཐའི་འཁོར་ཕྲན་དྲུག་ཅུ་ལྷག  དུང་འཁོར་ཚད་ལྡན་གཅིག  ཞིང་སྒྲུབ་ལྷ་ཁང་ཆེན་མོའི་ནང་དུ་དམངས་སྒོར་ཁྲི་བདུན། དབྱར་གནས་ཚང་ལ་དགག་དབྱེ་སྐབས་སུ་བཞུགས་གནས་གུར་གཅིག་བཅས་བརྟེན་བཞག་དང་འབྲེལ་འཇོག་གྲངས་ཀྱིས་མི་ལང་ངོ་། །སྤྱི་ལོ༢༠༢༠ལོར་བདེར་གཤེགས་སྨོན་ལམ་མཐའ་ཡས་ཀྱི་སྐུ་གདན་ཁྲི་དང་རྒྱབ་ཡོལ་བཅས་ཆེ་ཆུང་དང་སྤོས་ཚད་གང་ཐད་ནས་ཤིན་ཏུ་ལེགས་པ་ཞིག་ཞིང་སྒྲུབ་ལྷ་ཁང་ནང་དུ་རྟེན་བཞག་མཛད།
གནས་སྐབས་དེ་ཙམ་གྱིས་འཐུས་པར་བྱས་ཤིང་འབྱུང་འགྱུར་མཛད་པ་ཐམས་ཅད་འདི་ནས་བསྣན་དགོས་པར་ཀློག་པ་པོ་ཡོངས་ཀྱིས་ཐུགས་ལ་ངེས་པར་མཛོད་ཅིག
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།