མཁས་གྲུབ་དཔལ་བཟང་རྒྱ་མཚོ།
[ཟླ་ཚེས། 2021-03-27 22:33:42][རྩོམ་པ་པོ། འཕན་འོ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༄༅། །སྤྲུལ་བའི་སྐྱེས་ཆེན་དམ་པ་མཁས་གྲུབ་དཔལ་བཟང་རྒྱ་མཚོ་མཆོག་གི་རྣམ་ཐར་ཉུང་བསྡུས་བཞུགས་སོ། །
བསྟ༵ན་པའི་སྲོལ་མཛད་དམུ་རིགས་རྒྱལ་བའི་སྲས། །
བསྟ༵ན་པའི་དཔལ་གྱུར་མཁས་བཞི་གྲུབ་དགུ་སོགས། །
བསྟ༵ན་པའི་སྲོག་འཛིན་མཉམ་མེད་བརྒྱུད་འཛིན་བཅས། །
བསྟ༵ན་པ་གསལ་བྱེད་རྣམས་གྱིས་ཤིས་པ་སྩོལ། །
མཆོ༵ག་སྐུ་མུ་མེད་ནམ་མཁའི་མཐོངས་ཡངས་སུ། །
གྲུབ༵་པའི་དབང་པོ་ཉིན་བྱེད་ཟེ་མ་འབུམ། །
དཔ༵ལ་ལྡན་ས་ཡི་སྒེག་མོར་འཇོ་བའི་ཆར། །
བཟ༵ང་པོའི་དྲི་བསུང་འཐོར་ལ་དང་བས་བསྙེན། །
རྣམ༵་མང་མཁ༵ས་གྲུབ༵་དབུས་ན་ཐུགས་བསྐྱེད་འབུམ་གྱི་གཟི་བྱིན་ཅན། །
རྣམ༵་དཀར་ཡོན་ཏན་ཡོངས་རྫོགས་ཕ་གཅིག་སྐལ༵་བཟ༵ང་བྱང་ཆུབ་གླིང་། །
རྣམ༵་ཀུན་ཕན་བདེ་འབྱུང་གནས་སྙིགས་འགྲོ་རྒྱ༵་མ༵ཚོ་འདྲེན་པའི་དཔ༵ལ། །
རྣམ༵་མཁྱེན་ཀུན་བཟ༵ང་བླ་མར་གུས་པས་འདུད་དོ་བདག་སྐྱབས་མཆི། །
སྐྱབས་མཆོག་དྲི་བྲལ་འོད་དཀར་འཛི༵ན། །
འཛི༵ན་མེད་རྣམ་རོལ་གྲུབ་པའི་དབ༵ང་། །
དབ༵ང་ཕྱུག་སེམས་དཔའི་འཕྲིན་ལས་མཛ༵ད། །
མཛ༵ད་པའི་ཆ་ཙམ་བརྗོད་ལ་རངས། །
ཞེས་མཆོད་བརྗོད་མེ་ཏོག་ཕྲེང་བས་མདུན་བསུས་ཏེ་སྐབས་དོན་གང་གླེང་བར་བྱ་བ་ནི། ༧སྤྲུལ་བའི་སྐྱེས་ཆེན་མཆོག་གྲུབ་སྐལ་བཟང་ངམ་མཁས་གྲུབ་སྐལ་བཟང་རྒྱ་མཚོ་ཞེས་གསོལ་བའི་དམ་པ་ཁོང་ནི། རབ་བྱུང་བཅུ་དྲུག་པའི་ནང་ཚན་ཀུན་འཛིན་ཞེས་འབོད་པའི་ས་ཕོ་བྱི་བའི་ལོའི་(སྤྱི་ལོ་༡༩༤༨) སྟོན་ཟླ་ར་བའི་དཀར་ཕྱོགས་རྫོགས་པ་གསུམ་པའི་ཉི་ཤར་འབྲུག་གི་དུས་བཟང་ལ། ཤར་མདོ་སྨད་ཟལ་མོ་སྒང་རྒྱུད་གྱི་ཉེ་ཆར། གཉན་ཆེན་བྲག་དཀར་བྱ་རྒོད་ཀྱི་གཡས་ཟུར། གྲུབ་ཆེན་སྐྱང་འཕགས་ཆེན་པོས་བྱིན་གྱིས་རླབས་པའི་གནས། རྒྱ་རྗེའི་འགོ་བ་ཚང་ཞེས་རིགས་རུས་དང་འབྱོར་ཕྱུག་འཕེལ་བའི་ཡབ་བསོད་ནམས་བསྟན་པ་དང་ཡུམ་རིན་ཆེན་འཚོ་གཉིས་ལ་ངོ་མཚར་བའི་རྟགས་མཚན་དུ་མ་དང་བཅས་ལྷད་མེད་ཀྱི་མཛེས་སྐུ་གསར་དུ་བཞད། ཟླ་ཁ་མ་ལོངས་པའི་གོང་དེར་སྐབས་རེར་མི་ཚིག་གསལ་བོ་སྨྲ་བ་དང་ལན་རེར་མལ་ས་ནས་མི་སྣང་བར་མཛད་པ་སོགས་ཐུན་མིན་གྱི་གྲུབ་ལྟས་མང་པོ་མངའ་བས། གསས་ཁང་སྤྲུལ་སྐུ་ཚུལ་ཁྲིམས་རྒྱལ་མཚན་མཆོག་གིས་ཡི་དམ་ཕུར་བ་གཏིང་རྫོགས་ཀྱི་དབང་ལུང་གནང་ནས་མཚན་ལ་ཕུར་བ་སྐྱབས་ཞེས་གསོལ། དེ་ནས་སྤྲེ་ཚང་མཁའ་འགྲོ་མ་ཚང་དང་མཆོག་སྤྲུལ་ཚུལ་ཁྲིམས་རྒྱ་མཚོ་རྣམ་གཉིས་ཀྱིས་ཐུགས་གཉེར་ཆེན་པོའི་ངང་སྐུ་བདག་མཛད་ནས་དགུང་གྲངས་གཅིག་འཕེལ་བ་དང་མཁས་གྲུབ་སྐལ་བཟང་རྒྱ་མཚོ་ཞེས་མཚན་གྱི་ཆོ་ལོ་གསར་དུ་སྤོས།
དགུང་གྲངས་བཞི་བཞེངས་པའི་ལྕགས་མོ་ཡོས་ཀྱི་ལོར་(སྤྱི་ལོ་༡༩༥༡) གསས་ཁང་རིན་པོ་ཆེ་ཚུལ་ཁྲིམས་རྒྱ་མཚོ་ཚང་སྐུ་ཞི་བའི་དབྱིངས་སུ་བསྡུས་བས། ཁོང་ཉིད་གུང་ཐང་རིན་པོ་ཆེ་ལ་སྐྱོབས་བཅོལ་ནས་གཙུག་ལག་རིག་པའི་གཏེར་མཛོད་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས། གུང་ཐང་བསྟན་པའི་དབང་ཕྱུག་མཆོག་ལ་མཇལ་དར་ལྷ་རྫས་སྒྲོན་བཞིན་ས་དཀར་རྟོགས་ལྡན་འཇམ་དབྱངས་དཔལ་ལྡན་ཚང་གི་མདུན་ནས་ལོའི་གྲངས་ཁྱུད་བཞིའི་རིང་ཡི་གེའི་གཞི་མ་དབྱངས་གསལ་སོ་བཞི་ནས་རིམ་གྱིས་གྱེར་འདོན་འབྲི་ཀློག་སྐབས་ལ་སློབ་པ་ལྷུག་བརྩོན་གནང་།
དགུང་ལོ་བརྒྱད་བཞེངས་པའི་ཤིང་མོ་ལུག་གི་ལོར (སྤྱི་ལོ༡༩༥༥) འཁོར་འདས་བོན་ཀུན་ས་ལེར་གཟིགས་ཤིང་ལྟ་སྒོམ་ཆུ་བོའི་རྒྱུན་བཞིན་སྐྱོང་བའི་ཨ་བྲག་སྣང་གསལ་ནམ་མཁའ་རྒྱལ་མཚན་མཆོག་དང་བྱིའུ་ཆུང་ཇོ་ནེའི་མཁའ་འགྲོ་རྣམ་གཉིས་ཀྱི་ཐུགས་དགོངས་གཅིག་ཏུ་འདྲེས་ནས་ཁོང་ཉིད་བབ་བཟོ་གཡུང་དྲུང་བསམ་གྲུབ་དགོན་པའི་ཁྲི་འཛིན་བཅུ་གཉིས་པ་ཨ་ཤེས་ཚང་ཤེས་རབ་བསྟན་རྒྱལ་ལམ་རྣམ་རྒྱལ་ཡེ་ཤེས་ཞེས་གསོལ་བའི་དམ་པ་དེ་ཉིད་ཀྱི་ཡང་སྲིད་འཕྲུལ་མེད་ཡིན་པར་ཐུགས་ཐག་ལེགས་པར་བཅད། ལོ་དེའི་སྟོན་ཟླ་འབྲིང་བའི་ཁྲུམས་སྟོད་ཟླ་བའི་ཡར་ཚེས་གཟའ་སྐར་དུས་བཟང་འཛོམས་པའི་ཉིན་ཞིག་ལ། འཕན་ཆུ་བབ་བཟོ་སྨད་པའི་དད་ལྡན་མང་ཚོགས་ཀུན་དང་སྒུར་བའི་ཤོག་ཀ སྒྲུབ་ལུང་བླ་བྲང་། སྐྱང་ཚང་རྣམ་རྒྱལ་ཀུན་གྲགས་གླིང་གི་བླ་གྲྭ་ཡོངས་དང་། གཡུང་དྲུང་བསམ་འགྲུབ་དགོན་ནོར་བུ་དགའ་འཁྱིལ་གླིང་གི་ལས་སྣེ་བཅོ་བརྒྱད་གཙོ་དང་བླ་གྲྭ་ཀུན་གྱིས་གདན་འདྲེན་གྱི་དགའ་སྟོན་ཟབ་རྒྱས་གནང་ནས། དགོན་དེའི་གསེར་ཁྲི་མི་འཇིགས་གདོང་ལྔའི་སྟེགས་བུར་མངའ་གསོལ་ལེགས་པར་མཛད། དེ་ནས་དགེ་བཤེས་ཡོན་ཏན་ཕུན་ཚོགས་ཡོངས་འཛིན་དུ་བསྐོས་ནས་ལོ་འཁོར་གསུམ་གྱི་རིང་ལ་འདོན་ཆོག་བོན་སྤྱོད་དང་དག་སྦྱོར་ཉེར་མཁོའི་སྐབས་འགའ་ལ་གསན་སྦྱངས་ནན་ཏན་མཛད།
དགུང་ལོ་བཅུ་སྟེ་ས་ཕོ་ཁྱིའི་ལོ་ལ ( སྤྱི་ལོ ༡༩༥ ༨) མང་ཚོགས་བཅོས་བསྒྱུར་བྱས། ལོ་དེར་ཕྱིར་ཕ་ཡུལ་རྒྱ་རྗེར་ལོག་ནས་དམངས་ཁྲོད་དུ་ལོ་འཁོར་ཉེར་བཞིའི་རིང་ལ། ཐོག་མར་ར་རྫི་དང་ལུག་རྫི་ཕག་རྫི་ནས་བཟུང་ཏེ། བར་སོལ་སྲེག་ཤིང་བཟོ་མགར་བ། མཐར་གླ་འགེལ་དང་ལམ་ལས། ཆུ་གློག་འཛུགས་མི་སོགས་ཀྱི་ངལ་རྩོལ་ཡོངས་ལ་“ཕར་འགྲོ་སྔུན་མ་དང་ཚུར་ཡོང་ཕྱི་མ" བྱས་ནས་མཉམ་ལས་སུ་ཞུགས།
ས་ཕོ་རྟའི་ལོ་(སྤྱི་ལོ་༡༩༧༨) སྤྱི་ཟླ་བཅུ་གཉིས་པའི་ནང་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེབས་གསུམ་པ་ཚོགས་ཏེ་ཡང་དག་པའི་སྲིད་ཇུས་དོན་འཁྱོལ་ཡོང་བར་བྱས་ནས་བཟུང་། གཡོན་ལྷུང་གི་བསམ་བློ་ཡོ་བསྲང་དང་ནོར་འཁྲུལ་གྱི་སྲིད་ཇུས་བསྒྱུར་བཅོས་མཛད་ནས། བཅོས་བསྒྱུར་སྒོ་འབྱེད། དཔལ་འབྱོར་གོང་སྤེལ། སྲིད་ཇུས་ལག་བསྟར། འུར་ཁྲལ་ཇེ་ཡང་སོགས་བཏང་ནས་མི་ངན་རིགས་བཞིའི་ཞྭ་ཅན་ལ་དགག་རྒྱག་དང་གྲལ་རིམ་འཐབ་རྩོད་ཀྱི་བྱ་སྤྱོད་རྩུབ་པོ་རྣམས་རིམ་གྱིས་ཞི་འཇགས་སུ་སོང་། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་རེ་འདོད་ལྟར་ཆོས་དད་རང་མོས། དངོས་ཕྱུགས་ཁྱིམ་བགོར། དགོན་གནས་བསྐྱར་གསོ། བླ་གྲྭ་ཡར་བཞེངས་སོགས་ཆོག་པའི་ཆོག་ཆན་ཐོབ།
ཆུ་ཕོ་ཁྱིའི་ལོར་(སྤྱི་ལོ༡༩༨༢)ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་ཨེར་ཏི་ཆོས་ཀྱི་རྒྱལ་མཚན་མཆོག་ཕྱོགས་འདིར་གཟིགས་ཞིབ་མཛད་སྐབས་མཇལ་འཕྲད་གནང་ནས་བོན་ཆོས་ཟབ་གདམས་སྐབས་འགར་གྲོས་མོལ་ཡང་མཛད། ལོ་དེའི་སྤྱི་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔའི་ཉིན་མཛོད་དགེ་རྫོང་སྐབས་ལྔ་བའི་སྲིད་གྲོས་ཨུ་ཡོན་ལྷན་ཚོགས་སུ་ཞུགས།
དགུང་ལོ་སོ་བཞི་བཞེངས་པའི་ཆུ་མོ་ཕག་གི་ལོར (སྤྱི་ལོ༡༩༨༣) བསམ་འགྲུབ་དགོན་ནོར་བུ་གླིང་གི་ཆོས་སྒོ་ཕྱེས་ནས་དགོན་འདིའི་དད་ལྡན་སེར་སྐྱ་མང་ཚོགས་ཀྱི་འདོད་བློ་ལྟར། སྤྱི་ཟླ་གཉིས་པའི་ཚེས་བཅོ་ལྔའི་ཉིན་དམ་པ་ཁོང་ཉིད་ཕྱིར་གདན་སར་ཕྱགས་ཕེབས་ཞུས་ཏེ་དགོན་གནས་ཉམས་གསོ་བྱ་རྒྱུའི་འདུན་ཐག་ཆོད་ཀྱང་། དགོན་སར་ཕེབས་ནས་ཉིན་ལྔ་སོང་ཙམ་ན། སི་ཁྲོན་ནང་བསྟན་སློབ་གླིང་དུ་ཞུགས་དགོས་པའི་བརྡ་ཐོ་འབྱོར། ཁོང་ཉིད་ཕེབས་ཁར་དགོན་གྲོང་ཡོངས་ལ་“ཁྱོད་དད་ལྡན་སེར་སྐྱ་རྣམས་བློ་བསམ་བདེ་མོ་བྱོས་དང་བདག་དེ་རུ་སོང་ནས་དགེ་མ་ཐོན་ཡང་མཚང་མི་འཁུང”ཞེས་གསུངས་ནས་ཕེབས། སི་ཁྲོན་ནང་བསྟན་སློབ་གླིང་དུ་ཞུགས་ནས་བརྡ་སྤྲོད་དང་སྤྱོད་འཇུག གྲུབ་མཐའ་སོགས་སློབ་ཞོར། ཨ་གཡུང་རིན་པོ་ཆེའི་ཞལ་སྔ་ནས་སྔོན་འགྲོའི་ཁྲིད་ཡིག་དཀའ་ལུང་རྒྱ་མཚོའི་གཞུང་ཁ་ཚང་གི་ཁྲིད་ལུང་ཞུས། སྐབས་དེར་ཁོང་ལ་སློབ་གླིང་གཞུང་ནས་ཀུན་སྤྱོད་ལེགས་མཛེས་དང་སྒྲིག་ལམ་ཆེས་སྲུང་སོགས་ཀྱི་བྱ་དགའ་གནང་ནས་ཀུན་ཀྱིས་མིག་དཔེ་དང་བསྟོད་བསྔགས་ཀྱི་མེ་ཏོག་ཀྱང་འཐོར་ཡུལ་དུ་གྱུར། ད་དུང་ཁོང་སྐུ་དངོས་ནས་ཧྲིན་ཀྲང་ཡང་རུའུ་ཏན་དང་གཡང་ཉིད་རྡོ་རྗེ་དག་ལ་ལེགས་སྐྱེས་ལྷ་རྫས་དཀར་པོས་འཚམས་སྦྱར་ནས་དགོན་པའི་འདུ་ཁང་འཕུག་བྱེད་ཀྱི་ཤིང་ཆ་ཡར་ཞུས་ཕུལ་ཏེ་སྨིས་བརྒྱ་ཐམ་པའི་ཆོག་ཆན་ཐོབ།
དགུང་གྲངས་སོ་དྲུག་བཞེངས་པའི་ཤིང་ཕོ་བྱི་བའི་ལོར (སྤྱི་ལོ༡༩༨༤ )མཇོད་དགེ་རྫོང་སྲིད་གྲོས་ཨུ་ཡོན་དང་རིམ་གྱིས་རྒྱུན་ལས་ཨུ་ཡོན་དམངས་འཐུས་སྐུ་ཚབ། རྫོང་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ། རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སོགས་ཀྱི་འགན་བཞེངས། དེ་ནས་ལོ་འཁོར་བཞིའི་རིང་བསམ་འགྲུབ་དགོན་པའི་ཚོགས་ཆེན་འདུ་ཁང་། དབྱར་གནས་ལྷ་ཁང་། སྒྲུབ་ཁང་། བླ་བྲང་སོགས་གསར་བཞེངས་གནང་ནས་ཁོང་ཉིད་རྒྱུ་འབྱོར་བའི་སྦྱིན་བདག་དང་ལག་ལས་དཀའི་སྣེ་ཁྲིད་གནང་ནས་མང་ཚོགས་དང་མཉམ་དུ་འཛུགས་བསྐྲུན་གྱི་ཕྱག་ལས་རྒྱ་ཆེར་མཛད་མུར། དཔལ་སྐྱིང་སྤྲེ་ཚང་དགོན་པ་ཀླུ་བརྩེགས་གསས་ཁང་གི་ཤུལ་དུ་ལྷ་ཁང་དང་ཇ་ཁང་གསར་དུ་བཞེངས། དགོན་འདི་གཉིས་ལ་ནང་རྟེན་སྐུ་བརྙན་ལྡེར་བཟོ་དང་ཤིང་བཀོས་གསུང་རབ་མཆོད་རྟེན། བླ་བྲེ་རྒྱལ་མཚན་རྔ་དབུབ་མཁར་དུང་སོགས་ལྷ་ཆ་རོལ་ཆས་མཆོད་ཆའི་རིགས་ཀུན་མ་ཚང་བ་མེད་པར་བླུ་བསྒྲུབས་བྱས། ཤིང་བཟོ་དང་ཇ་མ་མི་གྲང་ཉི་ཤུ་ལྷག་ལ་ལོ་བཞིའི་རིང་ཟས་གོས་གླ་རིན་སོགས་ཁོང་ཉིད་ནས་གནང་བ་ཡིན། སྐབས་དེར་ད་དུང་བྲག་བྱ་རྒོད་ཕྱོགས་ལ་ཕེབས་ཏེ་འདུལ་བྱའི་བློ་དང་བསྟུན་པའི་བོན་བཤད། ཨ་འཚོ་ལབ་ཙེ་སོགས་ཉེ་འཁོར་གྱི་ལབ་ཙེ་ཆེ་ཆུང་དྲུག་གསར་བཏོད་མཛད།
དགུང་གྲངས་སོ་དགུ་སྟེ་མེ་མོ་ཡོས་ལོར་(སྤྱི་ལོ༡༩༨༧) སེང་ལྡིང་སྡེ་བ་གོང་འོག་གཉིས་ཀྱིས་གདན་འདྲེན་ཞུས་ནས་དེར་མང་ཚོགས་ཀྱི་འདོད་བློ་ལྟར་ལས་རྒྱུ་འབྲས། དགེ་སྡིག་སྤང་བླངས་གསུང་པ། གསོལ་ཁ་གསོ་བ། མཚོ་ནག་དང་མཛོ་ནག་ཁིས། གཉན་པོ་བྲག་རྩ་སོགས་ཀྱི་ལབ་ཙེ་བཏོད་པ་དང་དགྲ་འདུལ་དབང་ཕྱུག་མདེའུ་འབུམ་བརྩེགས་པ་སོགས་མཛད་ནས། གཞན་བབ་བཟོ་ཕྱུགས་རའི་འབྲོག་སྡེ་དང་སྟག་ཀན་མགོར་ཕེབས་ཏེ་ལབ་ཙེ་སོགས་གསར་དུ་བཞེངས། ལོ་དེར་ད་དུང་རྒྱ་ནག་ནང་བསྟན་གནས་ཆེན་བཞིའི་ཡ་གྱལ་གྲུབ་ཆེན་ཚེ་དབང་རིག་འཛིན་གྱི་གདན་ས་གླང་ཆེན་འགྱིང་རི་དང་བྱམས་པ་ཆུ་གཟིགས་སོགས་ལ་གནས་མཇལ་ལེགས་པར་གནང་། ལོ་དེའི་སྟོན་མཇུག་ཏུ་སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་གི་མདུན་ནས་ཀློང་རྒྱས་དང་གཅོད་པ་སོགས་ཀྱི་དབང་ལུང་ཞུས། སྐབས་དེར་ལྡོང་སྤེར་ཕེབས་ནས་ཐང་ནག་དགོན་པའི་གསས་ཁང་གསེར་བཞེངས་མཛད།
དགུང་གྲངས་ཞེ་གཉིས་བཞེངས་པའི་ལྕགས་ཕོ་རྟའི་ལོར (སྤྱི་ལོ༡༩༩༠) རྔ་བ་སྣང་ཞིག་དགོན་དང་རྟོགས་ལྡན་དགོན་སོགས་ལ་ཆིབས་བསྒྱུར་གནང་ནས་མཇལ་སྐོར་མཛད། ཕྱིར་ཕེབས་ནས་རོང་རྩི་མའི་མང་ཚོགས་ཀྱིས་གདན་འདྲེན་ཞུས་པ་ལྟར་དེ་རུ་ཆོས་འཇིག་རྟེན་གྱི་ལེགས་ཉེས་དང་དགེ་སྡིག་གི་ཕན་གནོད་གསུང་པ། དགོན་ས་ལྟ་བ་དང་ལབ་ཙེ་བསྟོད་པ། གསོལ་ཁ་གསོལ་བ་སོགས་ཀྱི་འཕྲིན་ལས་རྒྱ་ཆེར་མཛད།
དགུང་ལོ་ཞེ་བཞི་བཞེངས་པའི་ཆུ་ཕོ་སྤྲེལ་ལོ (སྤྱི་ལོ༡༩༩༢) ནས་ལོ་འཁོར་དུ་མའི་རིང་སྐུ་ངལ་དང་དཀའ་ཚེགས་ལ་མ་འཛེམས་པར་དཀར་ཐིག་སོགས་ལ་ཕེབས་ནས། སྒྲུབ་ལུང་ངོས་ཕྱི་དགོན་པའི་འདུ་ཁང་དང་སྒྲུབ་ཁང་། བླ་བྲང་དང་ཇ་ཁང་། ལས་སྣེ་ཁང་སོགས་གསར་བཞེངས་མཛད་པ་མ་ཟད། ནང་ལྷ་རྟེན་མཆོད་གསུམ་སོགས་དམངས་སྒོར་ཁྲི་ཕྲག་བརྒྱ་ལྷག་གིས་འགྲོ་སོང་བཏང་ནས་བླུ་བསྒྲུབས་བྱས། ད་དུང་འཕན་ཆུའི་རྒྱུ་ངོགས་སུ་རྣོ་ལྕགས་དང་ཨར་འདམ་གྱིས་བཟོས་པའི་ཟམ་ཆེན་ཞིག་ཀྱང་གསར་དུ་ཕངས། ཞོར་དུ་མཁན་བསྟན་འཛིན་ཉི་མ་རིན་པོ་ཆེ་མཆོག་གི་མདུན་ནས་ལམ་རིམ་བཀའ་ལུང་རྒྱ་མཚོ་དང་ཞི་ཁྲོ། བོན་ཡུལ་མ་དང་རིགས་དྲུག་རང་སྦྱོང་སོགས་ཀྱི་དབང་ལུང་མན་ངག་རྗེས་གནང་བཅས་བུམ་པ་གང་བྱོས་ཀྱི་ཚུལ་དུ་ཞུས། སྐབས་དེར་བབ་བཟོ་འབྲོག་རར་བོན་བན་གྱི་རྩོད་པ་མཆེད་པས་དེར་ཕེབས་ཏེ་ཆོས་བཤད་དང་བོན་བཤད། བཅའ་ཁྲིམས་དང་སྲིད་ཇུས་ཉིན་འགར་གསུངས་ནས་རྩོད་པ་ཞི་འཇགས་སུ་བཏང་བ་མ་ཟད། རྟ་རྐུ་དང་ནོར་རྐུ་སོགས་ཆོས་འཇིག་རྟེན་གཉིས་ལུགས་དང་མི་མཐུན་པའི་ལས་ཀུན་ལ། སྔར་བྱས་ལ་བཤགས་པ་དང་ཕྱིར་མི་བགྱི་བའི་དམ་བཅའ་ཡང་སྡེ་མི་རྒན་གཞོན་ཀུན་ལ་ཕུལ་དུ་བཅུག ལོ་དེའི་དབྱར་ཟླ་ར་བའི་ཚེས་བཅོ་ལྔའི་ཉིན་བབ་བཟོ་སྟོད་པས་གདན་འདྲེན་ཞུས་ནས་བཟླས་ཆོག་རིན་ཆེན་སྒྲོན་མེའི་དབང་ལུང་སྩོལ་བཞིན་གཉན་ཆེན་སྣང་རྩེདང་སེ་ཞི་ལྕམ་མོ་རྫོང་ལྷ་གཉན་པོ། སྤང་བཙན་སོགས་ཀྱི་ལབ་ཙེ་བསྟོད། སེ་ཞི་ལྕམ་མོར་བསྟོད་དུས་ཉི་ཤར་འཇའ་དང་། ཉི་དྲོ་འབྲུག་གི་སྐད་སྙན་འཇོ་བས་རྟེན་འབྲེལ་འགྲིག་སོང་གསུང་ཞོར་ཁོང་གི་ཐུགས་ཉམས་རབ་ཏུ་དགྱེས་ནས། སེ་ཞི་ལྕམ་མོ་ལ་བསང་བསྟོད་འདི་ལྟར། ཨ་ཨཱོཾ་ཧཱུཾ༔ སེ་ཞི་ལྕམ་མོ་འབྲི་ཕྱུག་མ། དེ་རིང་མཆོད་པའི་གནས་འདིར་བྱོན། །རྨད་བྱུང་བསང་གི་མཆོད་པ་འབུལ། ཁྱད་པར་བརྟན་མ་བཅུ་གཉིས་པོ། །གསེར་ཟོ་འབྲི་ཡི་འོ་མས་གང་། །དཀར་པོ་འོ་མའི་བདུད་རྩི་འདི། །བདག་ལ་མཆོག་ཐུན་དངོས་གྲུབ་སྩོལ། །སྐུ་མདོག་དཀར་སེར་གཟི་མདངས་ཅན། །ཆིབས་སུ་ཤྭ་བོ་ཡུ་མོ་བཅིབ། །བདུད་རྩི་འོ་མའི་ཕྱག་མཚན་འདི། །སྟེང་གི་ལྷ་ཡི་དངོས་གྲུབ་ཡིན། །བར་གྱི་གཉན་གྱི་དངོས་གྲུབ་ཡིན། །འོག་གི་ཀླུ་ཡི་དངོས་གྲུབ་ཡིན། །ཕྱུག་གཡང་ནོར་གྱི་དངོས་གྲུབ་ཡིན། །དེ་རིང་མཆོད་པས་ཐུགས་དམ་བསྐང་། །སེ་ཞི་ལྕམ་མོ་འབྲི་ཕྱུག་མ། །དེ་རིང་ནོར་གྱི་དངོས་གྲུབ་སྩོལ། །མྱུར་མགྱོགས་གློག་དང་འདྲ་བ་ཡིན། །རྫུལ་འཕྲུལ་ཐོག་དང་མཉམ་པ་འདིས། །མི་མཐུན་བར་ཆད་བཟློག་ཏུ་གསོལ། །སངས་རྒྱས་བསྟན་པ་དར་བར་ཤོག ། བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག ། བསམ་པ་ལྷུན་གྱིས་འགྲུབ་པར་ཤོག ། ཀི་བསོ་ཆ་བོ་ལྷ་རྒྱལ་ལོ། །ཞེས་ཚིག་གི་སྙན་པ་མཐོ་ཞིང་དོན་གྱི་མངར་ཁ་རྒྱས་པའི་བསྟོད་ཚིག་འདི་ལྟར་ཕུལ་ལོ། །དེ་ནས་ཐེ་བོ་རྒྱལ་ཉིའི་ཡུལ་ཚོ་ཀུན་གྱིས་གདན་འདྲེན་གྱི་དགའ་སྟོན་སྦྲན་ནས། དེར་ངན་སོང་དོང་སྤྲུགས་ཀྱི་དབང་ལུང་མན་ངག་ཟབ་རྒྱས་གནང་ཞིང་གནས་ཆེན་དམུ་རིའི་མདུན་ངོས་སྟག་ཤར་ཕུག་གི་མདེའུ་འབུམ་བརྩེགས། ཁུག་སྟེང་ཁའི་ལབ་ཙེ་དང་དགོན་པའི་ལབ་ཙེ་སོགས་གསར་དུ་བཏོད། ད་དུང་ལོ་དེའི་དགུན་ཟླ་ར་བའི་ནང་གྲྭ་འཁོར་འགའ་དང་བཅས་དབུས་གཙང་ཕྱོགས་ཀྱི་སེ་འབྲས་དགའ་གསུམ་སོགས་དགོན་སྡེ་དང་དབེན་གནས། རྟེན་གསུམ་བྱིན་ཆེན་རྣམས་ལ་མཇལ་སྐོར་ལེགས་པར་གནང་། ཁྱད་པར་དུ་ཞྭ་དཀར་བོན་གྱི་གདན་ས་ཆེན་མོ་གཙང་བཀྲ་ཤིས་སྨན་རི་དང་རབ་ལེགས་གཡུང་དྲུང་གླིང་། གཤིན་ཚང་དང་ཀོང་བོ་བོན་རི་དག་ལ་ཕྱགས་ཕེབས་གནང་། ཕྱིར་ཕེབས་ཞོར་དུ་ཙོང་ཁའི་ཁྲི་ཤོར་རྒྱལ་མོ་དང་བྱང་གི་དགོན་ཆེན་བཞི་སོགས་ལ་མཇལ་སྐོར་ཞུས།
དགུང་གྲངས་ཞེ་དགུ་བཞེངས་པའི་མེ་མོ་གླང་གི་ལོའི (སྤྱི་ལོ་༡༩༩༧) དཔྱིད་ཟླ་ཐ་ཆུང་ཡར་ཚེས་ཀྱི་དུས་བཟང་ལ་སྐྱང་སྤྲུལ་རིན་པོ་ཆེ་དྲི་མེད་འོད་ཟེར་མཆོག་སྒྲུབ་ལུང་ངོས་ལ་གདན་འདྲེན་ཞུས་ནས་མདའ་ཆེན་དགོན། སྐྱང་ཚང་དགོན། བསམ་གྲུབ་དགོན། སྒུར་བ་དགོན་སོགས་དགོན་ཁག་བཞིའི་བླ་གྲྭའི་ཚོགས་དང་མཉམ་དུ་རྣམ་པར་རྒྱལ་བའི་སྒྲུབ
ཆོག་གི་དབང་ལུང་མན་ངག་ཞུས། སྤྱི་ཟླ་ལྔ་བའི་ནང་དུ་ཁྲི་འདུ་བརྒྱུད་ནས་རྒྱལ་ས་པེ་ཅིན་དང་རི་བོ་རྩེ་ལྔ། ཡན་ཨར་དང་ཧྲེལ་ཞི། ལན་ཀྲུང་སོགས་ལ་མཇལ་སྐོར་གནང་། སྤྱི་ཟླ་བཅུ་བའི་ཚེས་ཉི་ཤུའི་ཉིན་ཁོང་ལ་རྒྱལ་གཞུང་ཆོས་ལུགས་ཅུས་ནས་དད་ལྡན་མང་ཚོགས་ལ་ཆོས་བཤད་ཆོག་པའི་ཆོག་ཆན་གྱི་ལག་ཁྱེར་ཡང་གནང་། སྐབས་དེར་བབ་བཟོ་སྨད་པའི་རླངས་འཁོར་ཉོ་བའི་དུད་ཚང་རེ་འགར་བུ་ལོན་འཇལ་བྱེད་ཁོ་ནར་སྒོར་ཁྲི་ཕྲག་འགའི་རོགས་སྐྱོབ་མཛད། གོ་བརྒྱད་གོ་དགུ་ལོར་ཁོང་ཉིད་གཙོ་བོར་གནང་ནས་དགོན་པའི་མདུན་རི་དང་རྒྱབ་རིའི་ཁོར་ཡུག་ཀུན་ལ་སྡོང་བོ་བཙུགས།
དགུང་ལོ་ལྔ་གཉིས་བཞེངས་པའི་ལྕགས་ཕོ་འབྲུག་གི་ལོར ( སྤྱི་ལོ༢༠༠༠ )ཉག་རོང་ཡེ་ཤེས་དགོན་དུ་ཕེབས་ནས་མཆོག་སྤྲུལ་རིག་འཛིན་ཡོན་ཏན་དང་མཁན་སྐལ་བཟང་རྒྱ་མཚོ་རྣམ་གཉིས་ཀྱི་དྲུང་ནས་བླ་གྲྭ་བརྒྱ་ཕྲག་དང་བཅས་ཟླ་འགའི་རིང་སྒོ་བཞི་མཛོད་ལྔའི་གཏོར་མཛོད་བསྟན་པའི་བཀའ་འཁོར་བརྒྱད་ཁྲི་བཞི་སྟོང་གི་ཡང་ཞུན་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་མཆོག་གི་ལུང་ཡོངས་སུ་རྫོགས་པ་ཞུས། དེ་མིན་ཞི་ཁྲོ་དང་གསང་སྔགས་བསྐྱེད་རྫོགས་བདེར་གཤེགས་སྟོང་དབང་སོགས་ཞུས། དེ་ནས་ཁྱུང་ལུང་བྲག་དཀར་དང་ཝེར་རི་བྲག་ཕུག་སོགས་ལ་མཇལ་སྐོར་གནང་ནས་མཁན་པོ་བསྟན་འཕེལ་གྱི་མདུན་ནས་སུ་ལ་རིན་པོ་ཆེའི་གསུང་འབུམ་གྱི་ཁྲིད་ལུང་ཀུན་གསན། མཁན་པོས་ཁོང་ལ་འགྲོ་དོན་མཐར་ཕྱིན་མཛད་པའི་རྟེན་སྐལ་དུ། སུ་ལ་སྐལ་བཟང་རྒྱལ་མཚན་ཚང་གི་སྒྲོག་རྒྱན་ཡང་གནང་། ཤ་རྫ་གཡུང་དྲུང་ལྷུན་པོར་ཕེབས་ནས་རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ་ཚང་གི་སྤྱན་སྔར་ཟླ་བ་གཉིས་ཀྱི་རིང་། ཤར་རྫ་རིན་པོ་ཆེ་མངྒ་ལེར་ཞི་མཆོག་གི་གསུང་འབུམ་གྱི་དབང་ལུང་ཀུན་མནོས། ཡར་ཚེས་ཀྱི་དུས་བཟང་ཞིག་ལ་ཁོང་གིས་གསོལ་བ་ཕུགས་ཚུགས་སུ་བཏབ་སྟེ་རྒྱལ་ཚབ་ཚང་ལ། ཨེ་མ་ཧོ། རྒྱལ་བའི་རྗེས་འཇུག་བྱིན་རླབས་ནུས་མཐུ༵་ལྡན། །ཡོན་ཏན་སྟོབ༵ས་དང་ལྡན་པའི་ཐུགས་རྗེ་ཅན། །བསམ་དོན་མཐར་ཕྱིན་རྣ༵མ་པར་རྒྱ༵ལ་བའི་ལྷ། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་གསོལ་འདེབས་ཤོ་ལོ་ཀ་འདི་ཕུལ། རྒྱལ་ཚབ་རིན་པོ་ཆེ་ཡང་ཐུགས་རབ་ཏུ་དགྱེས་ནས་གསེར་ཟངས་ལས་གྲུབ་པའི་ཤ་རྫ་ཚང་གི་གཞི་སྐུར་བདུད་རྩི་གཡང་འཁྱིལ་ཁོང་ལ་རྟེན་སྐལ་དུ་གནང་། དེ་ནས་བླ་གྲྭ་འགའ་དང་བཅས་དར་རྩེ་མདོ་དང་གླང་ཆེན་འགྱིང་རི་སོགས་བརྒྱུད་ནས། ཕྱིར་གདན་སར་ཕེབས་ནས་སྒྲུབ་ལུང་ངོས་ལ་བོན་སྤྱོད་ཀྱི་འདོན་ཀློག་སྦྱངས་སའི་སློབ་གླིང་ཞིག་གསར་དུ་བཙུགས། དེར་གྲྭ་ཆུང་བཅུ་ཕྲག་འགའ་བསྡུས་ཏེ་ཁོང་སྐུ་དངོས་ནས་སློབ་ཁྲིད་ལོ་འགར་མཛད་ཞོར་སྒྲུབ་ལུང་ངོས་ལ་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་ཁྲི་ཚད་ཉི་ཤུ་ལྷག་ཙམ་ཞིག་བཞེངས། དགོན་གོང་འོག་གི་གཞུང་ལམ་དང་སྐོར་ལམ་ལྕགས་ར་སོགས་ཇེ་བདེ་དང་ཇེ་ཡངས་སུ་གཏོང་བཞིན་འཁོར་ཁང་ཆེ་ཆུང་འགའ་ཡང་གསར་བཟོ་མཛད།
དགུང་ལོ་ལྔ་བརྒྱད་བཞེངས་པའི་མེ་ཕོ་ཁྱིའི་ལོ ( སྤྱི་ལོ༢༠༠༦)ཁོང་གིས་བསམ་འགྲུབ་དགོན་པའི་ལྷ་ཁང་དང་སྒྲུབ་ཁང་སྤྱི་གཉེར་ཁང་སོགས་ལ་དམངས་སྒོར་ཁྲི་བཅུ་ཕྲག་གི་ཉོ་བསྒྲུབས་བྱས་པའི་ལྕགས་འགེབས་གསར་དུ་བཞེངས། དེར་གྲྭ་སློབ་ཀུན་ལ་གཟན་ཤམ་ཞྭ་ལྷམ། ཟས་སྒོར་སོགས་ཀྱི་གནང་འགྱེད་བསྩལ། སྐབས་དེར་དགོན་གྲོང་གཉིས་ལ་ཁྲི་འདུ་ནས་ཟངས་རག་ལས་གྲུབ་པའི་ཁྲི་གང་ཅན་གྱི་སྟག་ལའི་སྐུ་བརྙན་སྟོང་ཕྲག་ཅིག་བླུ་བསྒྲུབས་བྱས།
དགུང་གྲངས་དྲུག་ཅུ་བཞེངས་པའི་ས་ཕོ་བྱིའི་ལོ་(སྤྱི་ལོ༢༠༠༨) ནས་ད་ལྟའི་བར་སྒྲུབ་ལུང་ངོས་ལ་སྟོན་ཟླ་གསུམ་ལ་ཕྱོགས་བཅུའི་དད་ལྡན་བརྒྱ་ཕྲག་ལྷག་ལ་སྔོན་འགྲོའི་བསགས་སྦྱངས་འཕོ་བ་བཅས་དབང་ཁྲིད་ལག་ལེན་ཀུན་ཡོངས་སུ་གནང་། དགུན་ཞག་བརྒྱར་འགྲོ་འོང་གི་འདུ་འཛིའི་མཚམས་རྒྱ་དམ་པོར་བསྡམས་ནས་དབལ་ཕུར་ཁྲོ་བོའི་སྒྲུབ་པར་བཞུགས། དཔྱིད་ཟླ་དང་དབྱར་ཟླ་ཀུན་ལ་དགོན་གོང་འོག་གི་ལྕགས་ར་རྒྱ་བསྐྱེད་དང་འཁོར་ཁང་གསར་བཟོ་མཆོད་རྟེན་གསར་བཞེངས། ལྷ་གསས་གླིང་གི་རྡེའུ་འབུམ་བརྩེགས་པ་སོགས་ཀྱི་མཛད་པ་རྒྱ་ཆེར་བསྐྱངས།
ཡང་ཁོང་གིས་ལོག་པའི་སེམས་ཅན་རྣམས་ལ་དད་པའི་རྟེན་དུ་ངོ་མཚར་གྲུབ་པའི་རྟགས་མཚན་བསྟན་པ་མང་ཡང་། ཡིད་ཆེས་དད་མོས་བསྐྱེད་ཕྱིར་རེ་གཉིས་ཙམ་འགོད་པ་ལ། དུད་ཚང་རེ་འགར་རིགས་རྒྱུད་མེད་པ་དང་། ཡོད་ཀྱང་ཆུང་ནས་ཤི་བས་ཆུང་སྲིའི་གནོད་པ་གཙེས་པ་ལ། ཁོང་གིས་དེར་བསྟུན་གྱི་བཅོས་ཀ་མཛད་ནས་སྲི་ཁ་བཅད་པ་དང་སྲིའུ་སྐྱེས་པ། ཁྱད་པར་དུ་གོར་མོ་རྡོ་ཞིག་གི་ངོས་ལ་ཕྱག་མཐེབ་མཛུབ་གུང་རྩེ་རེག་པའི་རྗེས་གསལ་བར་བཞག་པ་ནི་ད་ལྟ་སྒྲུབ་ཁང་ནང་རྟེན་དུ་བཞུགས་ཡོད། གཞན་མངོན་མཁྱེན་དང་གྲུབ་རྟགས། རྫུ་འཕྲུལ་སོགས་ཀྱི་མཛད་པ་མང་ཡང་དེར་སྐབས་སུ་མ་བབས་པས་བཀོད་མེད་དོ། །
མདོར་ན་དམ་པ་ཁོང་ནི་རང་ལྟ་ལ་མི་འཆེལ་ཞིང་གཞན་ལྟར་མི་སྡང་བའི་བོན་བན་གསར་རྙིང་གྲུབ་མཐའ་ཚང་མ་འགལ་མེད་གྲོགས་སུ་བསྟེན་བཞིན། རྟག་ཏུ་གཟེབ་ལ་བཅུག་པའི་བྱ་དང་བྱེའུ། ཁྲོམ་ལ་བཤམས་པའི་ཉ་དང་ཉེའུ་སོགས་མགོན་མེད་ཉམ་ཐག་འགྲོ་རྣམས་སྲོག་བླུ་གཏོང་ཞིང་། བསྟན་འགྲོའི་དོན་ཆེན་རླབས་ཆེན་འཁོར་ལོ་གསུམ་གྱི་འཕྲིན་ལས་རྒྱ་ཆེར་སྤེལ་མུར་ད་ལྟ་བདག་ཅག་སྙིགས་དུས་འགྲོ་བའི་མགོན་དུ་བཞུགས་པའི་སྐབས་ལགས་སོ། །། །
རྣམ༵་ཐར་ཉུང་བསྡུས་འདི་བཀོད་པའི། །
རྣམ༵་དཀར་དགེ་བའི་ཚོགས་བཅས་ཀྱིས། །
རྣམ༵་མང་འགྲོ་བའི་ལས་སྒྲིབ་ཀུན། །
རྣམ༵་པར་བྱང་བའི་གྲོགས་སུ་བསྔོ། །
ཞེས་པ་རྣམ་ཐར་ཉུང་བསྡུས་འདི་ནི་མཆོག་སྤྲུལ་མཁས་གྲུབ་ཚང་དགུང་གྲངས་རེ་གཉིས་སུ་ཕེབས་པའི་(སྤྱི་ལོ༢༠༡༠)དབྱར་དུས་ཤིག་ལ་ཁོང་གི་ཐུགས་འདུན་ལྟར་ཕྲན་མཆོག་སྤྲུལ་རིན་པོ་ཆེ་ཚང་གི་སྐུ་མདུན་དུ་སོང་ནས་ལོ་ཚིགས་སོགས་ཁོང་གིས་བྲིས་པའི་མ་ཟིན་གྱི་ཕྱག་དཔེ་ཆུང་ངུ་ཞིག་ལ་གཞིར་བཅོལ། གཞན་ཁོང་སྐུ་དངོས་ལ་བཀའ་འདྲི་ཞུས་ཏེ་བརྩམས་པ་ཡིན་ལགས། འདིར་ཉེས་འགལ་དང་ནོར་འཁྲུལ་ཅི་མཆིས་བླ་མ་མཆོག་དང་ཡི་དམ་རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཀྱི་མདུན་སར་བཤགས་སུ་གསོལ། རྣམ་དཀར་དགེ་བའི་ཆ་རྣམས་མཁའ་ཁྱབ་འགྲོ་བ་ཀུན་གྱི་དོན་དུ་ཡོངས་སུ་བསྔོའོ། །དགེའོ། །བཀྲ་ཤིས་སོ། །