གྲུབ་ཆེན་ནམ་མཁའ་རྒྱལ་མཚན།

[ཟླ་ཚེས། 2016-08-08 09:56:24][རྩོམ་པ་པོ། ལྗང་ཤེར་བསྟན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 01.jpg

   ངེས་དོན་རྫོགས་པ་ཆེན་པོའི་རྣལ་འབྱོར་བའམ་མཚན་ཡོངས་སུ་གྲགས་པ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་ནི་སྤྱི་ལོ་༡༩༥༦ལོར་ཞང་ཞུང་སྒོ་པ་སུམ་གླང་གྱིམ་ཤོད་ཡུལ་དུ་ཡབ་བསོད་ནམས་ཚེ་བརྟན་དང་ཡུམ་ཚེ་ལྷ་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ན་ཅུང་ལོན་པ་ནས་དུས་དབང་གིས་ཞིང་ལས་དང་ངལ་རྩོལ་ལ་ཞུགས་ཤིང་། དཀའ་ཚེགས་ལ་སྲན་བཟོད་དང་སྟོབས་ནུས་ཁྱད་དུ་འཕགས་པ་ཞིག་ཏུ་གྲགས། ༡༩༧༩ལོར་རང་ཁུལ་དུ་ཆོས་དད་རང་མོས་ཆོག་པ་དང་སྟབས་བསྟུན་འཁོར་ངན་གྱི་བྱ་གཞག་ལ་ཟིན་དུས་དང་སྙིང་པོ་མེད་པར་དགོངས་ཏེ། རྩེ་བླ་མཆོག་སྤྲུལ་རིན་ཆེན་རྒྱལ་མཚན་སྐུ་དྲུང་ནས་རབ་ཏུ་བྱུང་ཞིང་། དམར་ཟས་དང་ཕྱི་དྲོའི་ཁ་ཟས་རྣམས་གཏན་སྤངས་མཛད། མཁན་འཇའ་ལུས་པ་གཙུག་ཕུད་འོད་གསལ་མདུན་ནས་སྔོན་འགྲོ་དང་དངོས་གཞིའི་གདམས་ཁྲིད་གསན་བཞེས་དང་། བསགས་སྦྱངས་ཟུང་འབྲེལ་དུ་གནང་།
   ༡༩༨༣ལོར་རང་དགོན་རྩེ་དྲུག་ཏུ་སྒྲུབ་གྲྭར་ཞུགས་ཏེ། མཁན་གཙུག་ཕུད་ཚུལ་ཁྲིམས་མདུན་ནས་སླར་ཡང་རྒྱུད་སྦྱོང་སྔོན་འགྲོའི་རིམ་པ་ནས་བཟུང་གྲུབ་དབང་ཤར་རྫ་པའི་མཛོད་ཆེན་རྣམ་ལྔ་གཙོས་ཕྱི་ནང་གསང་བའི་བོན་སྒོ་ཇི་སྙེད་ཀྱི་དབང་ལུང་མན་ངག་ཁྲིད་དང་བཅས་པ་གསན་བསམ་མཛད་དེ། སྔོན་འགྲོ་དངོས་གཞི་རྩ་རླུང་བཅུད་ལེན་འཁོར་འདས་རུ་ཤན་སོགས་བསགས་སྦྱངས་དང་། ཉམས་བཞེས་གནད་དུ་བསྣུན་ཞིང་། དཀའ་སྤྱད་འབད་འབུང་གནང་བས་འདྲ་འདྲའི་ནང་ནས་མི་འདྲ་བར་གྱུར།
      སྒྲུབ་གྲྭའི་དུས་མཚམས་ཡོལ་རྗེས་གངས་ཏི་སེ་དང་བོན་རི་སོགས་ལ་གནས་འབྲེལ་དུ་ཕེབས་ཏེ། རྐྱང་ཕྱག་དང་སྐོར་བརྒྱ་བཞེངས་པའི་སྐབས་དེར་དགེ་བའི་བརྩོན་སྟོབས་ལ་གཞན་གྱིས་ཡིད་རང་བར་གྲགས། དགུང་ལོ་སོ་གཉིས་ཏེ་༡༩༨༦-༢༠༠༢ལོ་བར་རྩ་བའི་བླ་མ་རིན་ཆེན་རྒྱལ་མཚན་གྱི་བཀའ་དགོངས་བཞིན་གནམ་མཐོང་ཟླ་བ་རྩེའི་མགུལ་དུ་རི་དྭགས་རྨས་མ་བཞིན་དུ་གཅིག་བུར་དབེན་པར་བཞུགས་ཤིང་། ཞག་བརྒྱ་ནས་ཞག་བརྒྱ་བར་ཨ་རུ་བཅུད་ལེན་མཛད་དེ། མཐར་དཀར་མངར་དང་ཤུག་འབྲས་ཙམ་ལས་ཁམས་ཟས་གཞན་ལ་མ་བསྟེན་པར་མཚན་མོའི་གཉིད་ཀྱང་བཤོལ་ནས་བླ་མེད་རྫོགས་པ་ཆེན་པོའི་གཞི་ལྟ་བ་ཁྲེག་ཆོད་དང་། ལམ་ལྷུན་གྲུབ་འོད་གསལ་ཐབས་ཤེས་ཟུང་འཇུག་ཏུ་ཉམས་སུ་བཞེས་ཤིང་དུས་འདའ་བར་མཛད།

02.jpg

   ༡༩༩༦ལོར་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་རང་དགོན་རྩེ་དྲུག་ཏུ་ཕེབས་པ་དང་སྟབས་བསྟུན་དག་པ་དྲང་སྲོང་གི་བསྙེན་རྫོགས་མཛད། རིམ་གྱིས་གང་གི་སྙན་པའི་གྲགས་པ་ཕྱོགས་སུ་མཆེད་ཅིང་དད་ལྡན་བོན་ཞུ་བ་ཇེ་མང་དུ་སོང་བས། གང་དག་ལ་སྔོན་འགྲོ། དངོས་གཞི། རྩ་རླུང་། མུན་མཚམས། འཕོ་བ། བསྙེན་སྙུང་སོགས་གང་དགོས་སློབ་མའི་ཁམས་དང་རྟོགས་ཚད་ལ་སྦྱར་ཏེ་གནད་ལ་ཁེལ་བའི་བོན་སྦྱིན་གནང་བ་མ་ཟད། རྒྱུན་པར་སྐུ་ལ་འཁོར་ཞིང་ཐོས་བསམ་སྒོམ་སྒྲུབ་གནང་བའི་སྐྱ་སེར་ཕོ་མོ་བརྒྱ་ཕྲག་དུ་མར་གནས་མལ་སྡོད་ཁང་དང་བཅས་པ་བསྩལ་གནང་མཛད།
   ༢༠༠༢ལོར་སྐུ་འཁོར་དང་བཅས་པ་ཀོང་ཡུལ་དུ་ཕེབས་ཤིང་། སྒྱེལ་རི་དགོན་དུ་བཙུན་མའི་སྡེ་བཙུགས་པ་ནས་རིམ་གྱིས་དུས་ཀྱི་འགྱུར་བ་དང་བསྟུན་ཏེ། སྟེང་ཆེན་དང་། ཉག་རོང་། རྫ་ཁོག བྲག་མགོ དཀར་མཛེས། མེ་ཉག ལི་ཐང་། ཁ་བ་དཀར་པོ། འབྲི་རུ། ནག་ཆུ། སྦྲ་ཆེན། གཉན་རོང་། ལྷ་ས། གཞིས་རྩེ། མཛོ་སྒང་། དཔའ་ཤོད། འཇོ་མདའ། སོགས་མདོ་དབུས་ཁམས་ཀྱི་བན་བོན་རིས་མེད་ཀྱི་ས་ཆ་མང་པོར་ཕེབས་ཏེ། དབང་ལུང་མན་ངག་གིས་འགྲོ་རྣམས་སྨིན་གྲོལ་གྱི་ལམ་དུ་བཀོད་ཅིང་། ཉག་རོང་བྱ་བཏང་རི་ཁྲོད་དང་། ར་མེ་རི་ཁྲོད། སུ་ལ་རི་ཁྲོད། བྲག་མགོ་གཞིས་རིས་རི་ཁྲོད། ཁ་བ་དཀར་པོའི་བོན་དགོན། ཆབ་མདོ་མང་རི་རི་ཁྲོད། ཕྱིང་བ་སྟག་རྩེའི་རི་ཁྲོད། ལྕང་ལོ་རྔུལ་ཁོང་དགོན། ག་ངས་མཁར་སྤུང་དགོན། ཁྲི་རྡོ་དཔལ་རྒྱལ་རི་ཁྲོད། སྤ་བརྡ་རི་སྔོན་དགོན། སེར་ཚ་ཚ་ནེ་རི་དགོན་གཉིས། ཕུག་ལེབ་རི་ཁྲོད། ལྡོང་རྫོང་རི་ཁྲོད། གཡུ་བཀྲ་ལྷ་སྟེང་། གཤེར་གཞུང་དགོན་པ། ལྷོ་འགོ་ཕྱུག་དགོན། བྷོ་ཇོ་རི་ཁྲོད་སོགས་ཀྱིས་མཚོན་པའི་རི་ཁྲོད་དགོན་སྡེ་བཅུ་ཚོ་དུ་མ་གསར་འཛུགས་དང་ཉམས་གསོ་གནང་ཞིང་། ཤར་རྫ་རི་ཁྲོད་དང་། གོང་རྒྱལ་རི་ཁྲོད། ཟམ་ཞིག་དགོན་སོགས་རི་དགོན་བརྒྱ་ཕྲག་ལས་བརྒལ་བར་རོགས་མགོན་གྱི་རྒྱབ་སྐྱོར་མཛད་དེ། གང་ན་གཡུང་དྲུང་བསྟན་པའི་སྙིང་པོ་སྒོམ་སྒྲུབ་ལ་བརྩོན་པའི་དགེ་སྦྱོར་བ་མ་མཐའ་རེ་གཉིས་ཙམ་ཨི་འཁྱོང་གི་ཐུགས་བསྐྱེད་དང་ཕྱག་ལེན་བསྐྱངས་བ་མ་ཟད། འཁོར་བའི་གྲུ་ཟུར་ནས་ཁྱིམ་ཐབ་ཀྱི་བྲན་གཡོག་ཞིག་དང་། དགོན་གྲོང་གི་འདབས་རོལ་ནས་བསྟན་ལ་འཚེ་བའི་རྨ་ཅན་ཞིག་ལས་ཅི་ཡང་མི་འཇོན་ཞིང་། གང་ཡང་མི་ནུས་པའི་གྲལ་དུ་ལོ་རབས་སུ་འཕང་བའི་མ་སྲུ་སྨན་ཤར་རྣམས་བྱམས་བརྩེའི་ཤུགས་ཀྱིས་བསྐུལ་ཏེ། དང་ཐོག་ཡིག་རྨོངས་སེལ་བའི་ཐབས་ལམ་ནས་བཟུང་། ཐོས་བསམ་འཆད་ཉན་དང་། སྒྲུབ་པ་ཉམས་ལེན་བགྱི་སའི་གླིང་ག་གསར་པ་ཞིག་བསྐྲུན་མཛད་པ་དེས་ལོ་རྒྱུས་ཀྱི་སྟོང་ཆ་ཆེན་པོ་ཞིག་བསྐངས་ཡོད་པ་གདོན་མི་ཟ་ལ། བརྗེད་མི་བྲ་ཞིང་ཚོར་དགོས་པའི་སྐུ་དྲིན་ཞིག་ཡིན་པར་སྨོས་ཅི་དགོས།
   ད་དུང་གང་དུ་བྱོན་ཅིང་བཞུགས་པའི་བོན་འབངས་ཚོ་བ་རེ་ལའང་ཨ་དཀར་བུམ་སྒྲུབ་ཀྱི་ལམ་སྲོལ་གཏན་འཇགས་རེ་དང་། དགེ་སྡིག་བླང་དོར་དང་ལས་འབྲས་བསྲུང་བརྩི། སྒོམ་སྒྲུབ་ཉམས་ལེན་བྱེད་སྟངས་སོགས་གང་འདུལ་གྱི་བསླབ་བྱ་རེ་གནང་བ་ནི་རྒྱུན་ལྡན་ཡིན་ཞིང་། གང་ཞིག་དད་པ་ཅན་གྱི་གདན་ཞུས་རེ་བྱུང་ཚེ་ས་ཐག་ལ་ཉེ་རིང་དང་། དུས་ཚོད་ལ་ཉིན་མཚན། རྒྱུ་འབྱོར་ལ་ཆེ་ཆུང་། རླང་འཁོར་ལ་རྫིག་ཞན། རིགས་རུས་ལ་གཙང་བཙོག་མེད་པར་ཐམས་ཅད་བྱམས་སྙོམས་ཡུག་གཅིག་གིས་ཁྱབ་པར་མཛད་པ་འདི་གཅིག་བུ་ལའང་སུས་འགྲན་པར་ནུས།
༢༠༡༥ལོར་ཤར་རྫ་རི་ཁྲོད་དུ་སླར་ཡང་ཕེབས་ནས་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་མདུན་ནས་བོན་སྒོ་ཕྱི་གསང་བའི་དཀྱིལ་འཁོར་ལྔ་བཅུ་ལྷག་གི་བཀའ་དབང་སྟན་ཐོག་གཅིག་ཏུ་ནོས་པར་མཛད་པ་སོགས་སྔ་ཕྱིར་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་། སྐྱབས་རྗེ་མཁན་རིན་པོ་ཆེ། རྩེ་བླ་རིན་ཆེན་རྒྱལ་མཚན། ལྷ་འདུས་རིན་པོ་ཆེ། རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ། བླ་མ་རྗེས་ལུ། ཨ་ལགས་ཚུལ་ཆེན། བྲག་མགོ་ཟླ་གྲགས་སྤྲུལ་སྐུ། ཁྱུང་པོ་བསྟན་འཛིན་ཉི་མ། མཁན་པོ་བསོད་ནམས་འགྱུར་མེད། མཁན་པོ་དགེ་ལེགས་ཚུལ་ཁྲིམས་སོགས་སྐྱེས་མཆོག་མཚན་ལྡན་བླ་མ་རྣམས་ཀྱི་དྲུང་ནས་བོན་སྒོ་ཕྱི་ནང་གསང་གསུམ་གྱི་དབང་ལུང་ཁྲིད་གདམས་ཅི་རིགས་ནོས་ཤིང་། ཐུགས་ཀྱི་གསང་མཛོད་མཐུ་བྱིན་བཅུད་ཀྱིས་གང་བར་མཛད།
   གང་གི་སློབ་རྒྱུད་ལའང་རྒྱལ་ཕྱི་ནང་གང་སར་སྐྱ་སེར་ཕོ་མོ་བགྲང་གིན་མི་ལོངས་ལ། ཁྱད་པར་རྩེ་གཅིག་དབེན་སར་བསྟེན་ཅིང་། སྒོམ་སྒྲུབ་ཉམས་ལེན་ལ་མྱོང་གོམས་ཀྱི་དྲོད་རྟགས་མཐོན་པོར་ཟིན་པའི་དགེ་སྦྱོང་རྣལ་འབྱོར་ཕོ་མོ་བཅུ་ཕྲག་དུ་མ་སྐྱེད་བསྲིངས་གནང་ཡོད་པ་མ་ཟད། དགོན་སྡེ་དང་རི་ཁྲོད་དུ་མར་འཆད་ཉན་སྒོམ་སྒྲུབ་ཀྱི་དབུ་འཛིན་མཁན་པོ་དང་། མཁན་མོ་དགེ་རྒན་སོགས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐད་མཛད་པ་བླ་ལྷག་ཏུ་བསྐྱངས་དང་སྐྱོང་བཞིན་པ་པོའང་ཉུང་ཉུང་ག་ལ་ཡིན།

ཞེས་མཛད་བསྡུས་འདི་ལྟར་དགོས་སྐུལ་བྱུང་བ་བཞིན་གང་གི་སློབ་འབངས་བྱེ་བའི་གྲལ་མཐའ་བ་ལྗང་ཤེར་བསྟན་པས་པེ་ཅིན་གནའ་བོའི་ཞང་ཞུང་ཡིག་བསྒྱུར་ཁང་དུ་སྤྱི་ལོ༢༠༡༦ལོའི་ཟླ་༧ཚེས་༢༢ཉིན་བྲིས་པ་ལགསོ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།