ཁྲོམ་ཚང་ཞུ་བླ་མཐོང་གྲོལ་ཡོན་ཏན་རྒྱ་མཚོ།

[ཟླ་ཚེས། 2015-10-02 20:49:58][རྩོམ་པ་པོ། སྟོང་སྐོར་ཉི་གཞོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

hjkmsgimg.jpg
༧ཞུ་གཡས་དྲང་སྲོང་ཆེན་མོ་རྗེ་སྐལ་བཟང་མཐོང་གྲོལ་ཡོན་ཏན་རྒྱ་མཚོ་རིན་པོ་ཆེ་མཆོག་གི་མཛད་རྣམ་མདོར་བསྡུས།

     གཡུང་དྲུང་སེམས་དཔའི་སྤྱོད་པ་ལས་ནམ་ཡང་མི་འདའ་ཞིང་དམ་པའི་རྣམ་ཐར་ཇི་བཞིན་སྐྱོང་བའི་དཔོན་གསས་བླ་མ་དམ་པ་༧རྗེ་ཞུ་བླ་བསྐལ་བཟང་མཐོང་གྲོལ་ཡོན་ཏན་རྒྱ་མཚོ་རིན་པོ་ཆེ་ཁོང་ནི། སྤྱི་ལོ་༡༩༦༤ལོ་སྟེ་རབ་བྱུང་བཅུ་དྲུག་པའི་ཤིང་འབྲུག་ལོར་ཡབ་ཞུ་བླ་ཉི་མ་དབང་ཕྱུག་མཆོག་དང་ཡུམ་ཤེལ་བཟའ་སྒྲོན་མ་གཡང་མཚོ་གཉིས་ཀྱི་སྲས་སུ་སྐུ་ཡི་ལང་ཚོའི་འདབ་མ་ཁྲོམ་ཡུལ་དུ་ལྷུག་པོར་གྲོལ་ནས་གསུང་གི་སྙན་དབྱངས་དྲོན་མོས་སྐྱེ་འགྲོའི་རྣ་བའི་དཔྱིད་དུ་མངོན་པར་བྱས། སྐུ་ན་ཅུང་ནར་མ་སོན་པའི་སྐབས་སུ་བྱིས་པའི་རྩེད་འཇོར་རོལ་སྐབས་ཀྱང་བྱིས་པ་གཞན་དང་མི་འདྲ་བར་སྐྱེས་བུ་དམ་པའི་མཛད་དགོངས་ལ་དགྱེས་སྤྲོ་བྱེད་པ་དང་དགུང་ལོ་གཉིས་གསུམ་ཙམ་ནས་མཇལ་བའི་གནས་རྟགས་རྣམས་རྗེས་སུ་རེ་རེ་བཞིན་གསུང་རྒྱུ་ཡོད་པ་སོགས་རྣམ་འདྲེན་དམ་པའི་ཡང་སྲིད་དུ་འདུག་པའི་ཞལ་རྟགས་ངོམས། ཆུང་དུས་ནས་ཡབ་རིན་པོ་ཆེའི་མདུན་དུ་ཡི་གེ་འབྲི་ཀློག་སྦྱངས་གསུམ་ལེགས་པར་མཛད་པ་དང་ཁྱུང་ནག་བླ་མ་བསོད་ནམས་ཡེ་ཤེས་སོགས་ཀྱི་མདུན་ནས་སྔོན་འགྲོ་དངོས་གཞི་སོགས་ལ་སྦྱངས་པ་མཐར་ཕྱིན་མཛད།

     དེ་ནས་དགུང་ལོ་ཉེར་གཅིག་སྐབས་བོན་ལ་ངེས་འབྱུང་དྲག་པོའི་རྐྱེན་གྱིས་བསྐུལ་བ་དང་སྔོན་གྱི་བག་ཆགས་སད་པའི་སྟོབས་ཀྱིས་དུས་ཚེས་བཟང་པོར་བྱ་བྲལ་ཉི་མ་ཚུལ་ཁྲིམས་མཆོག་གི་མདུན་ནས་རབ་བྱུང་བའི་སྡོམ་ཁྲིམས་མནོས་ཤིང་མཚན་ལ་ཡོན་ཏན་རྒྱ་མཚོ་ཞེས་སུ་གསོལ། བྱ་བྲལ་ཉི་མ་རིན་པོ་ཆེ་དང་ལྷན་དུ་གངས་རིན་པོ་ཆེ་སོགས་སུ་གནས་མཇལ་ཆིབས་བསྒྱུར་མཛད་པ་དང་མཚམས་སུ་གྲྭ་ས་སྨན་རིར་བྱོན་ནས་སློབ་དཔོན་ཚུལ་ཁྲིམས་དབང་ལྡན་མཆོག་གི་དྲུང་ནས་གཙང་ཁྲིམས་ཉེར་ལྔའི་སྡོམ་པ་མནོས་ཤིང་མཚན་ལ་བསྟན་འཛིན་ཉི་མ་ཞེས་སུ་གསོལ་བའོ།། དེ་ནས་གཙང་སྨན་རིའི་གླིང་གི་བཅའ་ཁྲིམས་བཞིན་སྒྲིག་ལ་ཞུགས་པར་མཛད་ནས་དབང་ལུང་ཁྲིད་གསུམ་བུམ་པ་གང་བྱོའི་ཚུལ་དུ་ཞུས་པ་དང་བསྟན་པར་སྨིན་པའི་ཞབས་ཞུ་ཡང་གང་ལེགས་སྒྲུབ་པར་མཛད། རྗེས་སུ་རྩེ་དྲུག་དགོན་དུ་༧སློབ་དཔོན་ཆེན་མོ་དྲང་སྲོང་གཡུང་དྲུང་མཆོག་གི་མདུན་ནས་ལུང་ཁྲིད་གང་མང་ཐོབ་པ་དང་དགུང་ལོ་ཉེར་ལྔའི་སྟེང་ལུང་དཀར་གཤེན་བསྟན་རིན་ཆེན་གླིང་དུ་སློབ་དཔོན་གང་ཉིད་ཀྱི་དྲུང་ནས་རིག་པའི་གནས་ལྔ་དང་ལྷག་པར་དུ་ཚད་མ་རིག་པའི་གཞུང་པོད་ལྔ་ཡི་ཁྲིད་ལུང་ཆ་ཚང་ཐོབ། ཤར་རྫ་རིན་པོ་ཆེའི་སྡེ་སྣོད་མཛོད་དང་རྫོགས་ཆེན་བསྒྲགས་པ་སྐོར་གསུམ། ཡེ་ཁྲི་མཐའ་སེལ་སོགས་ཁྲིད་ལུང་གི་གདམས་པ་མང་དུ་ཞུས། ད་དུང་ཡང་རྟོགས་ལྡན་རྣམ་གསུམ་ཞེས་སྙན་པའི་གྲགས་པ་ཕྱོགས་སུ་ཁྱབ་པའི་རྣལ་འབྱོར་གྲུབ་པའི་དབང་ཕྱུག་ཁ་བོ་རྟོགས་ལྡན་དང་བེ་རུ་རྟོགས་ལྡན། རག་ཤི་རྟོགས་ལྡན་རྣམ་གསུམ་གྱི་དྲུང་ནས་དབང་ལུང་ཁྲིད་གསུམ་སོགས་བརྗོད་ཀྱིས་མི་ལངས་པ་ཞིག་ཐོབ་པས་དེང་སྐབས་ཁོང་ཉིད་གདམས་བརྒྱུད་ཀྱི་སྐྱེས་བུ་མཆོག་གྱུར་ཞིག་ཏུ་གྱུར་ནས་ཡོད། མཚམས་སུ་སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་གང་ཉིད་ལུང་དཀར་གཤེན་བསྟན་གླིང་དུ་ཕེབས་པ་དང་བསྟུན་མཆོག་ཉིད་ཀྱི་མདུན་ནས་དག་པ་དྲང་སྲོང་གི་སྡོམ་ཁྲིམས་རབ་ཏུ་མནོས་ཤིང་མ་བརྒྱུད་རྩ་འགྲེལ་སོགས་ཀྱི་དབང་ལུང་ཡང་གང་མང་ཐོབ། གཞན་ཡང་དབུ་རུ་བླ་མ་ཉི་མ་བློ་གྲོས་དང་ལུང་རིག་རྣམ་དག་རིན་པོ་ཆེ། སྐུ་མཆེད་བསོད་ནམས་གཡུང་དྲུང་སོགས་ཀྱི་མདུན་ནས་དབང་ལུང་ཁྲིད་གསུམ་མང་དུ་ཐོབ་པས་དེ་དག་གི་བསྟན་པའི་འདུས་སོ་མཆོག་གྱུར་ཞིག་ཏུ་ངོས་འཛིན་པར་གདོད་མི་ཟའོ།།

123W84DQC.jpg

     དེ་ནས་ཁོང་ཉིད་མ་འོངས་བསྟན་པའི་ཞབས་འདེགས་དང་ལུས་ཅན་འགྲོ་བའི་དེད་དཔོན་ལ་དམིགས་ནས་ཁྲོམ་ཚང་དགོན་གཡུང་དྲུང་ཀུན་གྲགས་གླིང་གི་སྐྱ་སེར་ཀུན་གྱི་ཐུགས་སྨོན་དང་འདོད་དོན་ལྟར་དགོན་འདིའི་བསྟན་པའི་མེ་རོ་སླར་ཡང་བསླངས་པར་མཛད། ཁྱད་པར་དུ་དགོན་འདིར་རྨད་བྱུང་དབང་ལྡན་ཞུ་ཡི་རང་ལུགས་འཁྲུལ་མེད་སླར་གསོ་མཛད་པ་དང་འདིར་སངས་རྒྱས་བསྟན་པའི་གཞི་མ་བཤད་སྒྲུབ་སྒོམ་གསུམ་གྱི་འདུས་སྡེ་ཡང་གསར་དུ་བཙུགས། ད་དུང་ཡང་ཁོང་ཉིད་ཀྱིས་གནས་ཆེན་ཀོང་པོ་བོན་རི་དང་སྤུ་རྒྱལ་གངས་དཀར་སོགས་གནས་རི་ཁག་ལ་ཞབས་ཀྱིས་བཅགས་ནས་ཕྱག་བསྐོར་གནང་བ་མ་ཟད་ལྷ་ལྡན་ཉི་མའི་གྲོང་གི་ཇོ་བོའི་ཞལ་དུ་གསེར་དངུལ་གྱིས་བྱུགས་པར་མཛད་པ་དང་། གཙུག་ལག་ཁང་དུ་འགྲོ་ཀུན་ནད་མུག་འཁྲུག་རྩོད་ཞི་ཕྱིར་སྨོན་ལམ་མཐའ་ཡས་ཀྱི་ཆོ་ག་རྒྱ་ཆེན་པོ་འཚོགས་པ་སོགས་བསྟན་འགྲོར་སྨིན་པའི་བྱ་བཞག་མི་དམན་པ་ཞིག་བསྐྱངས་པར་ཀུན་གྱིས་ཡི་རང་མེ་ཏོག་གཏོར། གཞན་ཡང་ཁོང་གིས་བོན་གྱི་གྲྭ་ས་གལ་ཆེན་༧ཞུ་རི་ཞིང་དགོན་དང་ཟངས་རི་རྨེའུ་ཚང་དགོན། སྦྲ་ཆེན་བྱང་མཐའ་སྒང་རི་དགོན་སོགས་ལ་སྐུ་གསུང་ཐུགས་རྟེན་གྱི་དཔལ་འབྱོར་ཐད་ནས་རོགས་རམ་མི་ཉུང་བ་ཞིག་མཛད་པ་ནི་ཀུན་གྱིས་ཤེས་གསལ་ལྟར་ལགས།

     ཁོང་གིས་སྤྱི་ལོ་༢༠༠༤ལོ་ནས་ད་ལྟའི་བར་དུ་བཤད་སྒྲུབ་སྒོམ་གསུམ་གྱི་སློབ་བུའི་ཚོགས་ལ་གདམས་ངག་གི་ཆར་རྒྱུན་ལེགས་པར་བསྩལ་བ་དང་དེ་མིན་རིག་སློབ་ཡོངས་ལ་ཤེས་རིག་ཁ་སྣོན་དང་སྦྱངས་བརྩོན་གོང་འཐོར་ཡོང་ཆེད་གཞན་ནས་དགེ་རྒན་གདན་ཞུས་མཛད་དེ་སློབ་བུའི་ཚོགས་ལ་སློབ་སྦྱོང་གི་གོ་སྐབས་ལེགས་པར་བསྩལ། གཞན་ཁོང་གིས་དགོན་འདིར་བསྟན་པའི་འཁོར་ལོ་གསུམ་གྱི་བྱ་བར་སྨིན་པའི་ཐུགས་དོན་ཡོངས་སུ་བཞེས་པ་དང་བསྟན་པའི་གཞི་མ་སངས་རྒྱས་གཡུང་དྲུང་བོན་གྱི་འདོན་སྲོལ་ཕྱག་ལེན། ཁྱད་པར་དུ་དབང་ལྡན་རྨད་བྱུང་ཞུ་ཡི་རང་ལུགས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་རྒྱུའི་དོན་ལ་ངལ་བ་ཁྱད་དུ་བསད་དེ་བསྟན་དོན་ལ་ཐུགས་ཁུར་མཛད་དེ་དགོན་འདིར་བཤད་སྒྲུབ་སྒོམ་གསུམ་གྱི་བསྟན་པའི་མེ་ཆེན་ཕྱོགས་བཞིར་སྦར་བཞིན་ཡོད། ད་ཆར་ཁོང་གིས་བསྟན་དོན་ལ་བཅངས་པའི་ཐུགས་ཀྱི་བརྩེ་གཟིགས་ཆེན་པོས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་གཞི་མ་བཤད་སྒྲུབ་སྒོམ་གསུམ་གྱི་ལེགས་ཚོགས་ཐམས་ཅད་དབྱར་གྱི་མཚོ་མོ་བཞིན་རྒྱས་པ་དང་འགྲོ་ཕན་བདེ་སྐྱིད་དཔལ་གྱི་ཞལ་གདམས་གསོན་པོས་ཀྱང་སྡེ་མིའི་རྨོངས་གཉིད་ཡུན་གྱིས་དཀྲོགས་ནས་ཡར་ཐོན་དང་ཡ་རབས་ལེགས་ཚོགས་ཕྱོགས་སུ་བསྒྱུར་དང་བསྒྱུར་བཞིན་ཡོད། གཞན་ཁོང་སྐུ་སྒེར་ནས་གནང་བའི་བཤད་སྒྲུབ་གཉིས་ཀྱི་བཞུགས་ཤག་གི་བཟོ་སྐྲུན་དོན་དུ་ཀྲུང་སྒོར་འབུམ་ཕྲག་མང་པོ་གནང་བ་དང་ཁོང་ཉིད་གལ་ཆེན་གྱི་ལས་དོན་མ་གཏོགས་གཞན་སར་ཞག་ས་མི་བྱེད་པ་སོགས་དོན་ལྡན་བསྟན་པའི་མཛེས་རྒྱན་ནམ་སེམས་དཔའ་ཆེན་པོའི་ངང་ཚུལ་འཛིན་པའི་སྐྱེས་མཆོག་ཡིན་ལུགས་ཚུལ་ལྡན་ཞིག་ཏུ་གྲུབ་ནས་ཡོད་པ་བཅས་སོ།།

     ཞེས་གང་ཉིད་ཀྱི་ཞབས་སུ་འཚོ་བའི་སྟོང་སྐོར་ཉི་གཞོན་དུ་འབོད་པ་དེས་ལག་པད་ཐལ་མོ་སྦྱར་ཏེ་གུས་པ་ཆེན་པོའི་ངང་ནས་སྤོས་ངད་གྲོང་ཁྱེར་དུ་སྦྱར་བ་དགེའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།