ཁྱུང་ཞིག་ཀུན་བཟང་རང་གྲོལ་ཡེ་ཤེས་རྩལ།
[ཟླ་ཚེས། 2025-10-20 19:28:30][རྩོམ་པ་པོ། དགེ་བཤེས་གཙུག་གཤེན་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༧ རྫོགས་ཆེན་རྣལ་འབྱོར་བ་ཚུལ་ཁྲིམས་མཐར་ཕྱིན་ནམ་ཁྱུང་ཞིག་ཀུན་བཟང་རང་གྲོལ་ཡེ་ཤེས་རྩལ་མཆོག་གི་ལོ་རྒྱུས་མདོར་བསྡུས།
རྩོམ་པ་པོ། དགེ་བཤེས་གཙུག་གཤེན་རྒྱལ་མཚན།
དམ་པ་ཁོང་ནི་བོད་ཡུལ་མདོ་དབུས་ཁམས་གསུམ་ལས་ཁམས་སྟོད་ཤོད་ཆེན་བཅོ་བརྒྱད་ལས་སུམ་པ་གླང་གི་གྱིམ་ཤོད་ཀྱི་ཁོངས་སུ་གཏོགས་པ། བོན་གྱི་གནས་མཆོག་གྲགས་ཅན་ཤེལ་ལེ་རྒྱ་སྐར་གླིང་ངམ་རྩེ་དྲུག་གནས་ཀྱི་བྱང་ཤར་ཝ་དགེ་ཝ་ཁེད་ཚང་དུ་ཡབ་བསོད་ནམས་རིན་ཆེན་དང་ཡུམ་ཚེ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་བྱི(༡༩༢༤)ལོར་སྐུ་མཆོག་མངོན་པར་བཞད། ཁོང་ནི་བྱིས་དུས་སུ་དཔའ་ངར་ལྡན་ལ་རང་གཤིས་ཚ་བ། རང་གི་གང་འདོད་པའི་དོན་ལ་བརྩོན་འགྲུས་ཆེ་བ་ཞིག་ཡིན་པར་བཤད། ཡབ་ཀྱི་མདུན་ནས་ཡི་གེ་བསླབས་པས་ཤེས་སླ་ལ་ནན་ཏན་ཆེ་བ་ཞིག་ཡོད་ཀྱང་། ཁྱིམ་ཚང་འབྱོར་ཕྱུག་ལྡན་པས་ཟོག་རྫིར་མངགས་ཏེ་ལས་ལ་བསྐུལ་སྐབས། རང་གཤིས་དེ་འཁོར་བར་སྐྱོ་ཤས་དང་ཡི་གེ་རང་སྦྱོང་གིས་འདོན་པ། སྔོན་བྱུང་བག་ཆགས་སད་པའི་རྟགས་སུ་མཆོད་ཆས་བཅའ་བ་སོགས་མཛད་པ་ལས། ཁྱིམ་ལས་སོགས་ལ་དེ་ཙམ་དང་དོད་མི་བྱེད་པར་བརྟེན་ཁྱིམ་མིས་རྡུང་རྡེག་བྱས་པས། སྟག་ཚང་སོགས་དུད་ཆེན་ཁག་གི་རྟ་ལྷས་ནང་ཉལ་བ་སོགས་བྱས་ནས་སྡོད་ཀྱིན་ཡོད། རང་ལོ་བཅུ་དྲུག་གཡས་གཡོན་ལ་སླེབས་པའི་སྐབས་ཤིག་ཏུ་བོད་པ་འུ་ལག་འགེལ་མི་སོང་བས་ལ་རྒན་ནང་དུ་ཁལ་ཡང་ཡང་བཀལ་ཀྱང་ཡང་ཡང་ལོག་པས་འཁོར་བའི་ལས་ལ་སྐྱོ་བ་གཏིང་ནས་སྐྱེས་ཏེ་རབ་བྱུང་བསྒྲུབ་རྒྱུའི་ཐུགས་ཐག་བཅད། ཁྱིམ་ལ་ཞག་ཤས་བསྡད་པ་དང་ལྐོག་ཏུ་རྩེ་དྲུག་ལ་བྱོན་ནས་བླ་མ་ཚུལ་ཁྲིམས་དར་རྒྱས་ལ་རབ་བྱུང་གནང་རོགས་ཞུས་པར་ཝ་ཁེད་ཚང་ནི་རྒྱུ་འབྱོར་ཆེ་བ་སོགས་དུད་ཆེན་དུ་གཏོགས་པས་ཁྱིམ་ཚང་གི་མོས་མཐུན་མ་བྱུང་ན་གནང་མི་རིགས་གསུངས་པས། མེ་སྟོན་གདན་ས་མཐོང་གྲོལ་རི་ཁྲོད་དུ་བྱོན་ཏེ་མེ་སྟོན་ཚུལ་ཁྲིམས་རྒྱལ་མཚན་ལ་རབ་ཏུ་བྱུང་། དེ་རྗེས་རྩེ་དྲུག་སྒྲུབ་གྲྭ་ཐེག་མཆོག་འོད་གསལ་གླིང་དུ་ཞུགས་ནས་མཁན་པོ་བརྩོན་འགྲུས་རིན་པོ་ཆེ་དང་སྨོན་ལམ་བསྟན་འཛིན་རྣམ་གཉིས་ལས་ཐོས་བསམ་སྦྱངས། མཚན་མོ་ཟླ་འོད་ལ་བརྟེན་ནས་གཞུང་གི་རྩ་དོན་ཐམས་ཅད་བློ་ལ་བཟུང་བ་སོགས་བརྩོན་འགྲུས་ཕུལ་དུ་བྱུང་བ་ཞིག་ཡིན། ཐོག་མར་རིག་པ་དེ་ཙམ་མི་གསལ་ཡང་རྗེས་སུ་རིག་པའི་རྩ་སྒོ་བྱེ་ནས་སྡེ་སྣོད་དང་བོན་འཆད་གནང་སྐབས་ངག་བདེ་ལ་སྐད་བཟང་བ། ཉན་བདེ་ལ་གནད་ལ་ཁེལ་བ་གཞན་དག་ལས་ཁྱད་དུ་འཕགས་པ་ཞིག་བྱུང་། ཁོང་སྒྲུབ་གྲྭར་བཞུགས་དུས་མཆེད་གྲོགས་ལ་མཁན་པོ་གཙུག་ཕུད་ཚུལ་ཁྲིམས། ཤིང་ར་རྟོགས་ལྡན། ཚེ་དབང་ཕུན་ཚོགས། ལྷོ་སྦྲུལ་བླ་མ། བུ་ལུག་རྣམ་དག མོག་ཆུང་འཆི་མེད་དབང་དྲག རྟ་རེ་ཤེས་རབ། གཙུག་ཕུད་འོད་ཟེར་སོགས་མི་བཅུ་གསུམ་ཡོད་པར་བཤད། ཁོང་ནི་གཞན་ཕན་སྙིང་རྗེ་ཆེ་ལ་གཏོང་ཕོད་དང་ལྡན་པས་ཟས་ནོར་གཞན་ལ་སྦྱིན་པ་དང་། ལྷག་ཏུ་གཙུག་ཕུད་འོད་ཟེར་ལ་འཚོ་བའི་ཐད་ནས་མཐུན་རྐྱེན་སྦྱར་ཞིང་གྲོགས་མཆེད་ཀྱི་དྭངས་མར་གྱུར།
སྒྲུབ་གྲྭ་ལས་ཐོན་རྗེས་བློ་ལྡན་སྒྲུབ་ཕུག་ཏུ་མཆེད་པོ་ཚེ་དབང་ཕུན་ཚོགས་དང་གཙུག་ཕུད་འོད་ཟེར་གཉིས་དང་ལྷན་དུ་ནམ་མཁའ་བཅུད་ལེན་ཞག་བདུན་ལ་བཞུགས་པས་ལུས་ཀྱི་ཤ་ཤོར། རྩིབ་མ་ཕྱི་ལ་ཐོན་པ་སོགས་བྱུང་། སྐབས་དེར་ཁོང་རྣམ་གསུམ་ཐུགས་གྲོས་མཛད་དེ་ཉག་རོང་སུ་ལ་མཁན་ཆེན་མདུན་ནས་རིག་གནས་སྦྱང་རྒྱུ་དང་བྱ་བཏང་ཚེ་དབང་འགྱུར་མེད་མདུན་ནས་དབྱིངས་རིག་མཛོད་ཞུ་རྒྱུ། ཤར་རྫའི་རྒྱལ་ཚབ་མདུན་ནས་དབང་བཞི་ཞུ་རྒྱུ་བཅས་གྲོས་ཆོད་མཛད། དེའི་ཆ་རྐྱེན་ལ་ཐོག་མར་དཔལ་འབྱོར་གྲ་སྒྲིག་དགོས་པས། གཙུག་ཕུད་འོད་ཟེར་ནི་ལྷ་འབྲི་བཅའ་སོགས་བཟོ་རིག་ལ་མཁས་པས་ཤིང་རོང་གི་དུད་ཁྱིམ་ཞིག་ཏུ་ལྷ་འབྲི་བར་ཕེབས་ཤིང་། སྔར་གཏམས་པའི་དུས་ཚོད་ལ་འབྱོར་མ་ཐུབ་པས་ཁོང་དང་ཚེ་དབང་ཕུན་ཚོགས་གཉིས་སྔོན་ལ་མདོ་ཁམས་ཤར་རྫ་རི་ཁྲོད་ལ་ཕེབས་ནས་རྒྱལ་ཚབ་ཚུལ་ཁྲིམས་དབང་རྒྱལ་མདུན་དུ་རྒྱལ་བའི་བཀའ་འགྱུར་ལུང་གསན་བཞིན་བཞུགས། སྐབས་དེར་ས་ན་རི་ཁྲོད་དུ་བྱ་བཏང་ཚེ་དབང་འགྱུར་མེད་མཆོག་གིས་དབྱིངས་རིག་མཛོད་ཀྱི་རྗེས་ཁྲིད་གསུངས་པ་ཐོས་པས། ཁོང་གཉིས་དེར་ཕེབས་པ་དང་གཙུག་ཕུད་འོད་ཟེར་དང་བོན་དབྱིངས་རང་གྲོལ་གཉིས་དང་མཇལ་ཞིང་།ཁོང་རྣམ་པ་བཞི་ཉིན་གཅིག་ལ་གནས་དེར་འབྱོར། བྱ་བཏང་མཆོག་གི་མདུན་དུ་ལོ་བཞིའི་རིང་བཞུགས་ཤིང་། གཞི་ཁྲིད་ལོ་གཅིག་མཛད་ཅིང་ཞོར་དུ་རྫོགས་ཆེན་རྒྱུད་སྡེ་ཁག་གི་ལུང་གསུངས། རྒྱུད་ལུང་མན་ངག་གསུམ། དབང་དང་དམ་ཚིག་གི་རྣམ་གཞག གཞི་ཡི་གནས་ལུགས་གཏན་ལ་ཕབ་པ་སོགས་ཁྲིད། ལམ་ཁྲིད་ལོ་གཉིས་ཀྱི་དུས་སུ་དབྱིངས་རིག་མཛོད་ལྟར་མཚན་བཅས་དང་མཚན་མེད་སྒོམ་ཁྲིད། གནས་ལུགས་ལ་མཉམ་པར་བཞག་པ། ཁྲེགས་ཆོད་ཀྱི་ལྟ་བ་དང་ཐོད་བརྒལ་གྱི་སྒོམ་པའི་ཉམས་ཁྲིད། བར་དོ། གྲོལ་འཁྲུལ་གྱི་ཚུལ་སོགས་ཁྲིད། འབྲས་ཁྲིད་ལོ་གཅིག་ལ་མཛད། ཁོང་རྣམ་པ་བཞིས་གནས་དེར་སྙིང་རུས་ཆེན་པོས་སྒོམ་སྒྲུབ་མཛད་པས་ཁྱུང་པོའི་མི་ལ་དཀའ་སྤྱད་ཆེ་བའི་གྲགས་པ་ཐོབ། གནས་དེར་བཞུགས་རིང་གཙུག་ཕུད་འོད་ཟེར་ནས་ཁོང་དང་ཚེ་དབང་ཕུན་ཚོགས་གཉིས་ལ་བརྡ་དག་དང་སྙན་ངག་སོགས་བསླབས་པས། ཤེས་རབ་རྣོ་ལ་བརྩོན་འགྲུས་ཆེ་བས་ཐོགས་རྡུག་མེད་པར་ཐུགས་སུ་ཆུད། ཁོང་ནི་གཞུང་དོན་འཆད་སྐབས་དེར་འདུས་བྱ་བཏང་མཆོག་གི་སློབ་མ་ལྔ་བཅུ་ལྷག་ནས་འབུར་དུ་ཐོན་པ་བྱུང་ཞིང་། བྱ་བཏང་མཆོག་གིས་ཁོང་ལ་ཁྱུང་ཞིག་ཀུན་བཟང་རང་གྲོལ་ཡེ་ཤེས་རྩལ་ཞེས་གནང་ཞིང་ཆེད་དུ་བསྔགས་བརྗོད་མཛད། དེ་ནས་ཚེ་དབང་ཕུན་ཚོགས་དང་བོན་དབྱིངས་རང་གྲོལ་གཉིས་སྔོན་ལ་ཡར་ཕེབས་པ་དང་། ཁོང་དང་གཙུག་ཕུད་འོད་ཟེར་གཉིས་སུ་ལ་མཁན་ཆེན་སར་ཕེབས་ནས་ལོ་གཉིས་རིང་བཞུགས་ཤིང་སྡེ་སྣོད་མཛོད་དང་ལུང་རིག་མཛོད་ཞུས་པས་སློབ་མའི་མཆོག་ཏུ་གྱུར་པའི་བསྔགས་བརྗོད་མཛད།
རབ་བྱུང་བཅུ་དྲུག་པའི་མེ་སྤྲེལ(༡༩༥༦)ལོར་རྩེ་དྲུག་དགོན་གྱི་བླ་མ་གར་དབང་རྣམ་རྒྱལ་གྲགས་པ་དང་རིན་ཆེན་རྒྱལ་མཚན། སྨོན་ལམ་བསྟན་འཛིན་རྣམ་གསུམ་གྱི་ཐུགས་བསྐྱེད་བླ་ན་མེད་པའི་བཀའ་དྲིན་འོག་སྒོམ་གྲྭ་ཀུན་བཟང་བདེ་ཆེན་འབར་བའི་གླིང་བཙུགས་ཤིང་། མཁན་པོ་སྨོན་ལམ་བསྟན་འཛིན་ནས་སྒོམ་གྲྭར་བཞུགས་མཁན་གྲྭ་བཙུན་རྣམས་ལ་ཝ་སྤུ་ཤོད་གསུམ་ནས་སྦྱིན་བདག་བསྩལ། སྒོམ་མཁན་དང་པོ་ལ་ཚུལ་ཁྲིམས་མཐར་ཕྱིན་ནམ་ཁྱུང་ཞིག་རང་བཟང་རང་གྲོལ་རྩལ་ལགས་བསྐོས་བཞག་མཛད། སྒོམ་མཁན་གྱི་ཁྲི་ལ་མངའ་གསོལ་མཛད་པའི་ཉིན་དེར་བཀྲ་ཤིས་དགེ་ལེགས་སྟོང་གི་མཚན་མར་ཁ་བའི་མེ་ཏོག་འདབ་མ་ཕྱོགས་སུ་འཐོར། ཉིན་དེའི་ཕྱི་དྲོར་གཙུག་ཕུད་འོད་ཟེར་རྩེ་དྲུག་དགོན་གྱི་སྒྲུབ་མཁན་ལ་བསྐོས་བཞག་མཛད་པས་བསྟན་སྲུང་ཨ་བསེ་རྒྱལ་བས་མཇལ་དར་བཞག་པ་སོགས་ཀྱི་རྟགས་དང་རྟེན་འབྲེལ་ཤར། ཐེངས་དང་པོའི་སྒོམ་གྲྭར་བཞུགས་མཁན་ལ། ཚུལ་ཁྲིམས་རྒྱལ་མཚན། རྟ་རེ་ཤེས་རབ་ཡེ་ཤེས་འོད་ཟེར། མོག་ཆུང་རྟོགས་ལྡན་འཆི་མེད་དབང་གྲགས། རུ་སྲུ་ཚེ་དབང་། བླ་མ་བཀྲ་རྣམ། དཀོན་མཆོག་ཚེ་འཕེལ། སྐར་མ་བསྟན་འཛིན། དྲག་ལྷ་འགུ་དྲག གཡང་མགོ་ཨ་གནམ། གཡུང་དྲུང་དགེ་ལེགས། གཡུང་དྲུང་ཆོས་འཕེལ། པདྨ་རྡོ་རྗེ། གྲྭ་ཆུང་བསྐལ་བཟང་རྣམ་རྒྱལ་བཅས་ཡོད། སྐབས་དེར་སྒོམ་གྲྭའི་དུས་ཡུན་ལོ་གསུམ་ཡིན། སྐབས་དེའི་ཉིན་གཅིག་གི་དུས་ཚོད་རེའུ་མིག་ནི་ཐོ་ཐུན་ལ། ༥-༦བར་ངག་འདོན། རྩ་རླུང་གསོལ་འདེབས་སོགས་གསུངས་ནས་ཐུན་སྐྱོང་། ༦-༧བར་བསང་དང་ཆབ་གཏོར་གསུངས། ༧-༨ཞོགས་ཇ་གསོལ། ༨-༩བར་སྔ་ཐུན། ༩-༡༡བར་དུ་ཁྲིད་ཀ ༡༡-༡༢བར་དུ་གུང་ཟས་རོལ། ༢-༤བར་དུ་ལུང་དང་རྒྱུགས་ལེན། ཡོན་རྒྱབ་གསུངས། ༤-༥བར་ཕྱི་ཐུན་སྐྱོང་། ༥-༦ཕྱི་ཇ་བཞེས། ༦-༧བར་བོན་སྐྱོང་བསྐུལ། བསུར་བསྔོ་དང་སྨོན་ལམ་གསུངས། ༧-༨བར་དགོང་ཐུག་བཞེས། ༨-༡༠བར་དུ་དཔེ་ལྟ་མཛད་རྒྱུ། ༡༠-༡༡སྲོད་ཐུན་སྐྱོང་། ལུས་སྦྱིན་དང་ཞུ་ཐིམ་སོགས་གསུངས་ནས་གཉིད་འོད་གསལ་དུ་འདྲེས་པའི་གསོལ་བ་དྲག་ཏུ་འདེབས་ནས་གཟིམ་མོ།།
༡༩༥༩ལོར་དམངས་གཙོ་བཅོས་བསྒྱུར་ཐོག་ཏུ་སྟེང་ཆེན་དགོན་གྱི་ཁང་པ་ནང་དུ་ཟླ་བ་དགུའི་རིང་ལ་མར་ལུགས་སློབ་སྦྱོང་བྱས། ༡༩༦༠ལོའི་ལོ་མཇུག་ཏུ་ཆོས་དད་རང་མོས་ཀྱི་སྲིད་ཅུས་སླེབས་ཏེ། ༡༩༦༡-༡༩༦༦བར་རི་ཁྲོད་དགོན་དུ་བཞུགས། དེར་ཕེབས་པའི་འགྲུ་སྒོམ་ཚུལ་ཁྲིམས་རྒྱལ་མཚན་དང་སྒང་རུ་བླ་མ་བསྟན་པ་རྒྱལ་མཚན་སོགས་དང་མཇལ་འཕྲད་བྱུང་། འགྲུ་སྒོམ་ལགས་ནས་རྩེ་དྲུག་དགོན་གྱི་བླ་མ་རྣམས་ལ་གདེང་འཇོག་ཚད་མེད་མཛད། སྐབས་དེར་འབྱུང་གནས་ཀྱིས་སྨན་རི་དགོན་ནས་མཉམ་མེད་བཀའ་འབུམ་སོགས་མཚན་ཉིད་གཞུང་ལུགས་ཁག་དང་རྒྱུད་སྡེ་རྩ་ཆེན་ཁག་གི་ཤིང་པར་ཆ་ཚང་ཁུར་ཡོང་ནས་ཡབ་གཞིས་རྟོགས་ལྡན་ལ་ཕུལ་བ་རྩེ་དྲུག་སྒོམ་མཁན་ཚུལ་ཁྲིམས་མཐར་ཕྱིན་མཆོག་ལ་ནང་གཏད་བྱས། ཁོང་གིས་སྙིང་སྟོབས་ཆེན་པོས་ཤིང་དཔར་དེ་དག་ཝ་ཁེད་མར་གྲོང་ཚེ་དབང་ནོར་བུ་ལ་བཅོལ་བས་དུས་ཀྱི་དྲག་རླུང་ནང་སྲུང་སྐྱོབ་ཐུབ་སྟེ། བོན་དཔེ་རྩ་ཆེན་དེ་དག་གི་དཔེ་རྒྱུན་མ་ཉམས་པར་འཇིག་རྟེན་ཁམས་སུ་གནས་ཐུབ་པ་བྱུང་། ༡༩༨༩ལོར་རྩེ་དྲུག་སྒོམ་གྲྭའི་མཁན་པོ་ཚུལ་ཁྲིམས་རབ་རྒྱས་རྣམ་དག་ལགས་ཀྱིས་དཔར་བཏབ་སྟེ་གཡུང་དྲུང་བོན་གྱི་བསྟན་པ་ལ་དུས་ཐོག་གི་ཆར་ལྟ་བུའི་ཕན་ཐོགས་བྱུང་ཞིང་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ། ༡༩༦༦- ༡༩༦༩བར་ཝ་དགེ་ལོ་ཆེན་ཚང་དུ་བཞུགས། ༡༩༦༩ལོའི་སྟོན་ཁ་ནས་སྐུ་མ་གཤེགས་པར་གདོང་དཀར་ཨ་ཆུང་ཚང་དུ་གབ་སྦས་ཚུལ་དུ་བཞུགས་ཤིང་རབ་བྱུང་བཅུ་དྲུག་པའི་ས་རྟ(༡༩༧༨)ལོར་སྐུ་ཞི་བར་གཤེགས། སྐུ་གདུང་ཆུང་ངུ་ཞིག་ལས་མ་བཞུགས་པ་བཅས་ཁོང་གི་ལོ་རྒྱུས་མདོར་བསྡུས་མཇུག་རྫོགས་སོ།།
བོད་རབ་རྒྱན་ཆུ་སྟག(༢༠༢༢-༦-༢༤)ལོར་རྩེ་དྲུག་སྒོམ་མཁན་ཚུལ་ཁྲིམས་རབ་རྒྱས་རྣམ་དག་མཆོག་དང་རྒན་རབས་རྟ་མགྲིན་གཉིས་ལ་བཅར་འདྲི་ཞུས་ཏེ་ཟིན་བྲིས་བཏབ་ཅིང་། རབ་བྱུང་བཅུ་བདུན་པའི་ཤིང་སྦྲུལ(༢༠༢༥-༡༠-༡༩)ལོར་རྩེ་དྲུག་དགོན་གྱི་སྟག་ལའི་དུས་མཆོད་སྐབས་ཀྱི་བར་གསེང་དུ་གུས་གཙུག་གཤེན་རྒྱལ་མཚན་གྱིས་ཡི་གེར་བཀོད་པ་ལགས་སོ། །
