གདོང་ལི་པཎྜི་ཏ་བསྟན་པ་དར་རྒྱས་མཆོག་གི་མཛད་རྣམ་མདོར་བསྡུས།
[ཟླ་ཚེས། 2025-06-20 20:49:14][རྩོམ་པ་པོ། གཤེན་མིས་བཏུས་རྩོམ་བྱས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
གདོང་ལི་པཎྜི་ཏ་བསྟན་པ་དར་རྒྱས་མཆོག་གི་མཛད་རྣམ་མདོར་བསྡུས།
གདོང་ལི་པཎྜི་ཏ་བསྟན་པ་དར་རྒྱས་མཆོག་ནི། གདོང་ལི་སྐུ་ཕྲེང་གསུམ་པ་སྟེ་མདོ་སྨད་ཞིག་ཆེན་བཅོ་བརྒྱད་ཀྱི་ནང་ཚན་བ་ཞིག་ཉི་མ་འཛིན་གྱི་གདུང་རིགས་དྲི་མ་མེད་པ་ལས་སྐུ་འཁྲུངས་ཤིང་། ཡབ་ཡུམ་དང་འཁྲུངས་འདས་ཀྱི་ལོ་ཚིགས་གསལ་བོ་ཞིག་མི་ཤེས་རུང་། ཁོང་གི་མཛད་རྣམ་དག་ལ་བལྟས་ཏེ་བསམ་གཞིག་གི་མགོ་བོ་ཐུར་དུ་དཔྱངས་ན། དུས་རབས་བཅུ་དགུ་བའི་སྨད་ཙམ་རབ་བྱུང་བཅོ་ལྔ་བའི་ཆུ་བྱི་སྤྱི་ལོ་༡༩༡༢ཡས་མས་སུ་བྱོན་པའི་ངེས་པ་དོན་གྱིས་མཁས་གྲུབ་གཉིས་འཛོམས་ཀྱི་སྐྱེས་ཆེན་ཞིག་ཡིན་པར་ཤེས་ནུས།
དགུང་ལོ་ཆུང་ངུའི་དུས་ནས་རབ་ཏུ་བྱུང་སྟེ་སྨིན་གྲོལ་བསམ་གཏན་དར་རྒྱས་གླིང་དུ་བོན་ཞུགས་མཛད། སྔོན་སྦྱངས་ཤེས་རབ་ཀྱི་མཐུས་དམ་པའི་བག་ཆགས་སད་ཅིང་བྱིས་པའི་ངང་ཚུལ་ལས་འདས་པ་ཞིག་ཡིན་པར་མ་ཟད། ཞི་དུལ་བག་ཡོད་ཀྱི་སྤྱོད་པས་རྒྱུད་གཏམས་ཤིང་ཚུལ་འཆོས་ཀྱི་དྲི་མས་དབེན། རྒྱུ་ནོར་ལོངས་སྤྱོད་ལ་འཛིན་པའི་ཆགས་སེམས་དང་སེར་སྣའི་བདུད་པ་གྲོལ་བའི་སྒོ་གསུམ་གྱི་བྱ་སྤྱོད་མཐའ་དག་ལ་མི་ཀུན་ཀྱི་དང་བ་འདྲེན་པའི་སྐྱེས་མཆོག་ཅིག་ཡིན། དགྲ་གཉེན་གང་ཡོད་ལ་བྱམས་བརྩེ་ཐུགས་རེས་སུ་མེད་པས་ལོ་མཉམ་གཞན་དང་མི་འདྲ་ཞིང་མཁྱེན་རབ་ཀྱི་རྩལ་དང་མཛད་སྤྱོད་ཁྱད་པར་དུ་འཕགས་པའི་སྐྱེས་བུ་དམ་པའི་རང་རྟགས་ལྷན་སྐྱེས་སུ་གྲུབ།
སྔོན་གནས་རྗེས་དྲན་གསུང་གིས་ཉེ་བར་བསྐུལ་ཏེ་གདོང་ལི་སྨིན་གྲོལ་བསམ་གཏན་དར་རྒྱས་གླིང་གི་སྐུ་གོང་མའི་ཁྲི་ལ་མངའ་གསོལ་མཛད་ནས་བློ་འཛིན་དང་ཡི་གེ་འབྲི་ཀློག་སོགས་གསན་སྦྱོང་མཛད་པས་དཀའ་ཚེགས་མེད་པར་གང་བསླབ་ཐུགས་སུ་མཁྱེན། གནས་བརྟན་འདུལ་བ་འཛིན་པ་ཡོངས་ཀྱི་ཁྱུ་མཆོག་དགེ་བའི་བཤེས་གཉེན་དམ་པ་པཎ་ཙ་ཁྲིམས་ཆེན་གཡང་དྲུང་བསྟན་པ་དར་རྒྱས་མཆོག་གི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཚུལ་བཞིན་བཞེས་ཏེ་བསླབ་ཁྲིམས་ལེགས་པར་མནོས་ཤིང་དགེ་འདུན་འདུས་པ་རྒྱ་མཚོའི་གླིང་ཆེན་པོ་རྣམ་པར་བརྒྱན་ཞིང་བསླབ་བྱའི་གནས་ལ་ཉེས་པ་དང་། ལྟུང་བ་དང་། འགལ་བ་དང་། འཁྲུལ་བར་གྱུར་བའི་དྲི་མས་ཏོག་ཙམ་ཡང་མ་གོས་པར་ལུས་ངག་ཡིད་གསུམ་གྱི་མཛད་སྤྱོད་མཐའ་དག་འདུལ་ཁྲིམས་ལས་མི་འདའ་བས་ཀུན་ཀྱིས་མཐོང་དང་དག་སྣང་ཆེ་བར་མ་ཟད། ཁོང་ཉིད་གང་ལ་ཕེབས་ཀྱང་གང་དུ་བཞུགས་པའི་གནས་ཐམས་ཅད་དྲི་བཟང་གིས་ཁྱབ་པ་ཞིག་བྱུང་བ་ནི་ཚུལ་ཁྲིམས་ཀྱི་དྲི་བསུང་ཡིན་པར་ཀུན་ཀྱིས་གླེང་།
གཞན་ཡང་འདུས་སྡེ་ཆེན་པོ་རྔ་ཡུལ་རྟོགས་ལྡན་དགོན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གླིང་གི་གདན་རབས་གསུམ་པ་མཆོག་སྤྲུལ་རྟོགས་ལྡན་ཚུལ་ཁྲིམས་ཡེ་ཤེས་དང་། པཎྜི་ཏ་དཀོན་མཆོག་འཇིགས་མེད་གླིང་བ་རྣམ་གཉིས་ཀྱི་མདུན་ནས། གསར་རྙིང་བཀའ་གཏེར་རིས་སུ་མེད་པའི་དབང་ལུང་མན་ངག་འཆད་ཁྲིད་ཀྱི་གདམས་པ་མཐའ་ཡས་པ་གསན། མ་ཟད་སུམ་རྟགས་དག་གསུམ་དང་། སྒྲ་རྩིས་སྙན་ངག་ལ་སོགས་མདོ་སྔགས་རིག་གནས་ཀུན་ལ་གསན་སྦྱང་དང་བསམ་པའི་ཤེས་རབ་ཀྱི་ནང་ནས་སྒྲོ་འདོགས་བཅད་པས་སྒོམ་པའི་ཤེས་རབ་ཀྱི་རྩལ་རྫོགས། སྐྱབས་མཆོག་འགྲོ་བའི་མགོན་པོ་རྟོགས་ལྡན་གཡུང་དྲུང་ཚུལ་ཁྲིམས་དབང་གི་རྒྱལ་བོའི་དྲུང་ནས་ཐུན་མོང་ལམ་གྱི་རིམ་པ་མཐའ་དག་དང་། རྫོགས་རིམ་ཆོས་དྲུག་ཟབ་མོའི་ཉམས་ཁྲིད་རྣམས་ལེགས་པར་གསན་ཏེ་ཚིག་དོན་ཇི་བཞིན་ཐུགས་ལ་ཟིན་པ་དང་། མཁས་པའི་སྙན་གྲགས་ཀྱིས་ཡངས་པའི་ས་ཆེན་ཁྱབ་སྟེ་སྐྱེས་བུ་དག་གིས་དབང་མེད་དུ་སྤྱི་བོའི་རྒྱན་དུ་བཀུར།
གྲུབ་དབང་འཇའ་ལུས་པ་ཆེན་པོ་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་རིན་པོ་ཆེ་རྔ་ཡུལ་སྨིན་གྲོལ་བཀྲ་ཤིས་འཁྱིལ་གླིང་དུ་ཆིབས་བསྐྱོད་མཛད་ནས་བཞུགས་པའི་སྐབས་སུ་པཎྜི་ཏ་ཁོང་གིས་དམ་པ་གང་གི་ཞབས་པད་སྤྱི་བོར་བསྟེན་ཏེ་བྱང་སེམས་ཀྱི་སྡོམ་པ་ཡང་དག་པར་མནོས་ཤིང་། མདོ་སྔགས་རྫོགས་གསུམ་གྱི་བཀའ་ལུང་དབང་ཁྲིད་ལྷག་ལུས་མེད་པར་བུམ་པ་གང་བྱོས་ཀྱི་ཚུལ་ཏུ་གསན། སྐབས་འདིར་མཆོག་སྤྲུལ་ཁོང་གིས་གདོང་ལི་སྨིན་གྲོལ་བསམ་གཏན་དར་རྒྱས་གླིང་དུ་ཤར་རྫ་རིན་པོ་ཆེ་ཕེབས་དགོས་གསུངས་ནས་གདན་འདྲེན་ཞུས། དེར་འདུས་པའི་བླ་གྲྭ་དང་དད་ལྡན་མང་ཚོགས་ལ་དབང་དང་བོན་སྦྱིན་སོགས་བྱས་ཤིང་པཎྜི་ཏ་ཉིད་ནས་སྒྲིབ་སྦྱོང་གི་འདྲེན་མཆོག་དགོས་གསུང་བ་བཞིན་སྦྱོང་ཆོག་རྒྱས་པར་བྱས་སོ། །དེ་ནས་པཎྜི་ཏ་ཁོང་གིས་རང་དགོན་སྨིན་གྲོལ་བསམ་གཏན་དར་རྒྱས་གླིང་དུ་ཟླ་བ་ཡར་ངོ་ལ་འཆད་ཉན་དང་མར་ངོ་ལ་བསྙེན་སྒྲུབ་ཀྱི་གཞི་བཟུང་སྟེ་སྐལ་ལྡན་དང་བ་འདྲེན་པའི་མིག་ལྟོས། འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་ས་རུ་རྣམ་པར་བཞད།
དེ་ལྟར་གཞན་དྲིང་མི་འཇོག་པའི་རྣམ་དཔྱོད་ཀྱི་སྨྲ་བའི་ལྗགས་རྩལ་ངོམ་སྟེ་མདོ་སྔགས་རིག་གནས་ཀྱི་གཞུང་ལུགས་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་རློན་པ་བཞག་པ་བཞིན་མངོན་སུམ་དུ་རྗེན་པར་གཟིགས་པས་པཎྜི་ཏ་ཞེས་མཚན་གྱི་ཅོད་པན་རིང་མོ་བཞེས་པར་ད་ལྟའང་མཇལ་རྒྱུ་ཡོད། དེ་བཞིན་རྟོགས་ལྡན་པཎྜི་ཏ་དཀོན་མཆོག་འཇིགས་མེད་གླིང་བས་ཀྱང་། ཨེ་མ་ཧོ། རྟོགས་པའི་བདག་ཉིད་ཏ་པི་ཧྲི་ཙའི་ཞབས། །ལུང་རིགས་མཁྱེན་པའི་དཔལ་འཆང་ཚེ་ལ་དབང་། །ངེས་མེད་སྤྲུལ་བའི་སྐུ་མཆོག་པཎྜི་ཏ། །བསྟན་པ་དར་རྒྱས་ཞབས་པད་བརྟན་གྱུར་ཅིག ། ཅེས་གདོང་ལི་བསྟན་པ་དར་རྒྱས་མཆོག་ནི་ངེས་པ་དོན་གྱི་པཎྜི་ཏ་ཞིག་ཡིན་པར་བརྟེན་བསྔགས་བརྗོད་འདི་ལྟ་བུ་གནང་བ་ནི། ཁོང་གི་མཛད་རྗེས་བཟང་བོར་གདེང་འཇོག་དང་དྲན་གསོ་མཛད་པ་ཁོ་ནར་ངེས།
རྗེས་སུ་བསྟན་པ་ཡོངས་སུ་རྫོགས་པའི་ཁུར་ཆེན་བདག་གིར་བཞེས་ཏེ་འགྲན་ཟླ་བྲལ་བའི་མཛད་འཕྲིན་ཡ་མཚན་པ་སྣ་ཚོགས་གནང་སྟེ་བསྟན་པ་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པར་མཛད་པ་ལ། མ་རྒྱུད་ཕྱག་མཆོད་ཀྱི་རིམ་པ་རྒྱུ་སྐར་རྒྱན་གྱི་འཕྲེང་བ་རུ། དབེན་གསུམ་འཛོམས་པའི་སྒྲུབ་གནས་སུ། །འདྲེན་མཆོག་བསྟན་པ་དར་རྒྱས་ཉིད། །སྤང་བསྒྱུར་གྲོལ་ལམ་མཐར་སོན་པས། །འཆི་མེད་ཡབ་སྲས་མངོན་ཞལ་མཇལ། །བསྟན་སྲུང་མ་བདུད་བྲན་དུ་འཁོར། །སྐྱེ་གནས་སྔ་ཕྱི་སྒྲིབ་མེད་མཁྱེན། །མཁའ་སྤྱོད་པདྨ་འོད་འབར་དུ། །མངོན་བྱང་མཆོག་བརྙེས་ཁྱོད་ཕྱག་འཚལ། །ཞེས་དང་། མ་ཧཱ་པཎྜི་ཏ་ཚུལ་ཆེན་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་མཆོག་གིས། ཡི་དམ་བོན་སྐྱོང་སྦྲགས་མར་བསྒྲུབས་པ་ན། །བསྟན་སྲུང་བདུད་མགོན་ལེགས་ལྡན་ནག་པོ་ཆེས། །སྲོག་གི་སྙིང་པོ་མ་ཧཱ་གེ་དུ་སོགས། །ཕུལ་ནས་བསྟན་པ་སྲུང་བར་ཞལ་གྱིས་བཞེས། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །མི་མིན་གདུག་པའི་ཆོ་འཕྲུལ་ལས་བྱུང་བའི། །གནམ་ལྕགས་ཐོག་གི་གནོད་པས་མ་ཚུགས་ཤིང་། །གཤིན་པོ་འགའ་ཞིག་གནས་ངན་ལྟུང་གཟིགས་ནས། །འདྲེན་པའི་ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེར་བཏབ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་དང་། ཁྲི་ཆེན་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་མཆོག་གིས། བསྟན་པ་ཕྱོགས་ཀུན་དར་ཞིང་རྒྱས་མཛད་པ། །མཁས་བཙུན་བཟང་བོའི་ཡོན་ཏན་འགྲན་ཟླ་བྲལ། །ཐོས་བསམ་སྒོམ་དང་བསྙེན་སྒྲུབ་ཉམས་ལེན་ལ། །བརྩོན་པས་ས་ལམ་ཡོན་ཏན་མངོན་དུ་གྱུར། །ཡི་དམ་ཞལ་གཟིགས་བསྟན་སྲུང་བྲན་དུ་འཁོར། །སྐྱེ་གནས་སྔ་ཕྱི་མཁྱེན་པས་འགྲོ་མང་སྐྱབས། །རྒྱལ་བསེན་གདུག་པ་ཚར་བཅད་མེ་འཇིགས་བྲལ། །གཤིན་པོ་འགའ་ཞིག་གནས་ངན་ལྟུང་ལས་བསྒྲལ། །ཞེས་རང་གཞན་ཐམས་ཅད་ཀྱི་སྐྱེ་བ་སྔ་ཕྱི་དང་ཚེ་འདིའི་བདེ་སྡུག་ཐམས་ཅད་སྒྲིབ་མེད་དུ་མཁྱེན་པའི་མཁས་གྲུབ་གཉིས་ལྡན་གྱི་གོ་འཕང་ལ་མངའ་བརྙེས་པ་ཞིག་ཡིན་པར་དོན་གྱིས་གྲུབ་པའོ། །
གཞན་ཡང་ལྷ་ལྡན་དུ་གནས་མཇལ་ལ་ཕེབས་དུས་ཁྱུང་ཡུལ་གྱིམ་ཤོད་དུ་སྐུ་འཁྲུངས་པའི་འཁོར་འདས་ལ་རང་དབང་ཐོབ་ཅིང་གྲུབ་པའི་དབང་ཕྱུག་ཆེན་པོ་ཁྱུང་བོ་སྨོན་ལམ་རིན་པོ་ཆེའི་གསེར་ཞལ་མཇལ་ཏེ་འདི་ཕྱིའི་དགེ་བའི་ཐབས་ཚུལ་ཞུས་པ་ན་ཡབ་སྲས་བཅུད་དྲིལ་སྒྲུབ་པའི་ལྷ་སྐལ་ཕོག་ནས་འཕྲལ་ཡུན་དགེ་བའི་ལུང་དུ་མ་བསྟན། གནས་མཆོག་ཀོང་བོ་བོན་རི་ལ་ཕེབས་ནས་ཞབས་སྐོར་ཕྱག་མཆོད་རྒྱ་ཆེན་པོ་མཛད། ཁྱད་པར་དུ་རོང་ཡུལ་བྲག་དགོན་སོགས་སུ་ཕེབས་ཏེ་ཐུགས་དམ་གྱི་རྩལ་རྫོགས།
དེ་ཡང་ཐོག་མར་གདོང་ལི་སྐུ་ཕྲེང་དང་བོ་མཁས་མཆོག་བསྟན་པ་ལྷུན་གྲུབ་རིན་པོ་ཆེས་རྔ་སྨད་དགེ་ལི་ཡུལ་ཚོའི་ཉེ་འདབས་སུ་གྲོང་སེར་འཚོགས་སའི་གཞི་བསྐྲུན་པ་ནས་རིམ་བཞིན་འཕེལ་རྒྱས་སུ་སོང་སྟེ་གདོང་ལི་རྒྱལ་བའི་དབེན་གནས་ཞེས་མཚན་གསོལ། དེ་རྗེས་མཆོག་སྤྲུལ་ཚུལ་ཁྲིམས་རྒྱལ་མཚན་རིན་པོ་ཆེས་གྲུབ་སྡེ་སེར་ཚོགས་ཀྱི་རྒྱུན་བསྐྱངས་ཤིང་སྒྲུབ་པ་ཉམས་ལེན་གྱི་སྡེ་སོགས་སྐུ་ཕྲེང་དང་བོའི་ཕྱག་ལེན་ཇི་བཞིན་བསྐྱངས་ནས་བསྟན་དང་འགྲོ་བའི་དོན་རླབས་ཆེན་མཛད་པ་དང་། སྐུ་ཕྲེང་གཉིས་པ་རིན་ཆེན་ལྷུན་གྲུབ་(རྒྱལ་བ་སྨན་རི་བའི་མཁན་རབས་བཅུ་བདུན་པ་ཡིན་པར་བསྙད། རབ་བྱུང་བཅུ་གཅིག་པའི་མེ་འབྲུག་སྤྱི་ལོ་༡༦༧༦ལོར་སྐུ་འཁྲུངས། གྱ་ལྔ་ས་ཡོས་ལོར་སྐུ་གཤེགས།)མཆོག་གིས་ཀྱང་བླ་རབས་གོང་མ་ལྟར་དགེ་སྒྲུབ་སྡིག་སྤོང་གི་སྒྲུབ་རྒྱུད་བསྐྱངས་ཏེ་འགྲོ་དོན་བླ་མེད་བསྒྲུབས།
རྗེས་སུ་པཎྜི་ཏ་ཁོང་གིས་དགོན་གནས་དེ་སྤོས་ངད་ལྡན་པའི་སྤང་རི་ཞི་སྒང་གི་མདུན་ཞོལ་དུ་གནས་སྤར་ནས་ཚོགས་ཁང་དང་། སྒྲུབ་ཁང་། ཇ་ཁང་། གཞུང་ཁང་བཅས་ལེགས་གྲུབ་བྱུང་སྟེ་གྲོང་སེར་གཙང་དགོན་དུ་བསྒྱུར་ནས་དཔལ་རྒྱལ་བ་སྨན་རི་བའི་རང་ལུགས་འདུལ་བ་ཁོ་ནས་བསྟན་དགོན་བསྐྱངས། དགོན་འདིའི་མཚན་ལ་སྨིན་གྲོལ་བསམ་གཏན་དར་རྒྱས་གླིང་ཞེས་མཚན་གསར་དུ་གསོལ། ཐུགས་མཐུན་ཁྲིམས་གཙང་གི་འདུས་སྡེའི་གཞི་བཙུགས། དེ་ནས་བཟུང་འདུལ་དགོན་རྣམ་དག་གི་གཞི་བཟུང་སྟེ་ལོ་རེའི་སྒྲུབ་མཆོད་དང་། དུས་མཆོད། ཟླ་རེའི་ཚེས་བཅུ་ལ་ཀློང་རྒྱས་ཀྱི་སྒྲུབ་པ། གཞི་གསུམ་རྒྱུན་འཛུགས་མཆོད་འབུལ་སོགས་ལོ་གཅིག་གི་འགྲོ་རིམ་ཆ་ཚང་བ་ཞིག་གསར་དུ་མཛད། རྒྱལ་བའི་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་ཕྱོགས་སོ་སོ་ནས་གདན་དྲངས་ཏེ་དད་པའི་རྟེན་དུ་ཕུལ་ཞིང་། དགོན་འདིའི་བསྟན་བདག་གི་བླ་མར་གྱུར་བ་མ་ཟད། རྟོགས་ལྡན་དགོན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གླིང་གི་བྱ་བ་ལ་ཡང་ཞབས་ཕྱི་ཆེན་པོ་བསྒྲུབས་པས་རྟོགས་ལྡན་བླ་རབས་སུ་བགྲངས་ནས་འགྱུར་མེད་གསེར་གྱི་ཁྲི་ལ་མངའ་གསོལ་མཛད། དུས་དེ་ནས་བཟུང་རྔ་སྨད་གདོང་ལི་དགོན་པ་རྟོགས་ལྡན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གྱི་དགོན་མ་ལག་ཏུ་གྱུར་ནས་རྟོགས་ལྡན་བླ་རབས་རིམ་བྱོན་གྱིས་བོན་སྲིད་གཉིས་ཀྱི་སྲོལ་རྒྱུན་ཉམས་མེད་དུ་བསྐྱངས། སྐུ་ཕྲེང་བཞི་བ་ངག་དབང་བློ་གྲོས་ཕྱོགས་ལས་རྣམ་རྒྱལ་རིན་པོ་ཆེ་ཡིན་ཞིང་རྟོགས་ལྡན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གླིང་གི་བསྟན་སྲིད་ཡོངས་ལ་བཀའ་དྲིན་ཚད་མེད་པ་བསྐྱངས་ཡོད་པས་རྟོགས་ལྡན་དགོན་གྱི་གདན་རབས་བཅུ་བའི་ཁྲི་ལ་བཞུགས།
དེ་ཡང་ལྔ་རིག་ནོར་བུའི་ཕྲེང་བ་རྣམ་དཔྱོད་ཀྱི་རྒྱན་དུ་ངོམ་པའི་པཎྜི་ཏ་སྐྱབས་རྗེ་ལུང་རྟོགས་བསྟན་པ་རབ་རྒྱས་མཆོག་ནི་སྐུ་ཕྲེང་ལྔ་བ་ཡིན་ཞིང་ད་ལྟ་སྐུ་དངོས་སུ་བཞུགས་ཏེ་དགོན་སྡེ་དང་ས་གནས་སོ་སོར་བོན་སྦྱིན་གྱིས་མཛད་པ་རྒྱ་ཆེར་བསྐྱངས་ཤིང་དད་ལྡན་གྱི་མང་ཚོགས་ཀུན་ལ་ཡང་བཀའ་སློབ་དང་ནང་བསྟན་ངོ་སྤྲོད་སོགས་ཀྱི་འགྲོ་དོན་རྒྱ་ཆེན་པོ་མཛད་བཞིན་པ་ལགས་སོ། །
གདོང་ལི་པཎྜི་ཏ་བསྟན་པ་དར་རྒྱས་མཆོག་གི་ཕྱག་རྩོམ་ལ། གཙུག་ཏོར་རིག་སྔགས་རྒྱལ་མོའི་བསྟོད་པ། བསྟན་སྲུང་བདུད་མགོན་ཆེན་པོའི་གསོལ་མཆོད། སྦྱིན་བདག་རྒད་པོའི་རྣམ་ཐར་སོགས་བཞུགས་ཤིང་འདི་ནི་བེེ་རོ་དགོན་པའི་ཡིག་རྙིང་ལས་ལག་སོན་བྱུང་བར་བཤད། གསུང་གཞན་གྱི་སྐོར་མང་ནའང་དུས་དབང་གིས་བོར་བརླག་ཐེབས་པ་ལ་ཡིད་རབ་ཏུ་ཕངས་པའི་གནས་སུ་གྱུར། གསུང་གི་བདུད་རྩི་བཞེས་པའི་ཞལ་སློབ་གཙོ་བོ་མ་ཧཱ་པཎྜི་ཏ་ཚུལ་ཆེན་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་དང་། ཡང་སྤྲུལ་རིན་པོ་ཆེ་བསྟན་འཛིན་འཆི་མེད་དབང་བོ། རྣལ་འབྱོར་བ་ངེས་དོན་མཐོང་བ་རང་གྲོལ། སྡོམ་བུ་རྟོགས་ལྡན་ནམ་མཁའ་ལྷུན་གྲུབ་སོགས་མང་དུ་བྱོན་ནོ། །