མཁར་སྣ་དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས།

[ཟླ་ཚེས། 2024-11-14 20:57:42][རྩོམ་པ་པོ། ཞུ་ཚང་དགེ་བཤེས་སྐལ་བཟང་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

མཁར་སྣ་དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་ཀྱི་སྐུ་ཚེའི་ལོ་རྒྱུས་སྐོར་གླེང་བ།
ཞུ་ཚང་དགེ་བཤེས་སྐལ་བཟང་རྒྱལ་མཚན།
[ནང་དོན་གནད་བསྡུས།] མཁར་སྣ་དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་མཆོག་ནི་བོན་གྱི་མདོ་སྔགས་སེམས་གསུམ་གྱི་དབང་ལུང་མན་ངག་གི་རྒྱུད་པ་འཛིན་པའི་བླ་མ་རྩ་ཆེན་ཞིག་དང་། བོན་གྱི་གྲྭ་ས་གོང་འོག་བར་གསུམ[1]གྲགས་པའི་མཁན་སློབ་དག་གི་སོ་ཐར་གྱི་སྡོམ་རྒྱུན་དང་། དབང་གདམས་ལེན་སའི་བླ་མ་ཞིག་ཏུ་གྱུར་ཡོད་པ་མ་ཟད། སྐུ་ཚེ་ཧྲིལ་པོར་ཐོས་བསམ་སྒོམ་སྒྲུབ་ལ་བསྐྱལ་བའི་སྐྱེས་བུ་ཁྱད་པར་ཅན་ཞིག་ཡིན། འོན་ཏེ་ཁོང་གི་སྐུ་ཚེའི་ལོ་རྒྱུས་ལ་ཆེད་དུ་ཞིབ་འཇུག་བྱས་པའི་རྩོམ་ཡིག་རིགས་དེ་སྔར་མཐོང་ཐོས་མ་བྱུང་། ད་ལན་ཕྲན་གྱིས་ཉེ་རབས་མཁས་པ་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པའི«བསྟན་འབྱུང་སྐལ་བཟང་མགྲིན་རྒྱན»དང་། ཁོང་གིས་རྩོམ་སྒྲིག་གནང་བའི«མཁས་གྲུབ་ཁྱུང་སྤྲུལ་འཇིག་མེད་ནམ་མཁའི་རྣམ་ཐར་དབྱར་སྐྱེས་རྔ་དབྱངས»ཞེས་པའི་དཔེ་ཆ་གཉིས་ལས་བྱུང་བའི་ཁོང་གི་ལོ་རྒྱུས་སྐོར་རྣམས་གཙོར་འདོནཐོག་ཡུལ་དངོས་རྟོག་ཞིབ་དང་ཡུལ་མི་རྒན་རབས་རྣམས་ལ་བཅར་འདྲི་བྱས་པའི་ཟིན་ཐོ་རྣམས་དང་། གཞན་འབྲེལ་ཡོད་ཡིག་ཆ་རྣམས་ཀྱིས་ཟུར་བརྒྱན་དེ་གླེང་ཡོད།
[བརྡ་ཆད་གཙོ་བོ།]  མཁར་སྣ། དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས། བདེ་པ། ཁྱུང་སྤྲུལ་རྣམ་ཐར།
འཁྲུང་ཡུལ་དང་འཁྲུངས་ལོའི་སྐོར།
   མཁར་སྣ་དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས[2]མཆོག་ནི་གནས་ཆེན་སྤུ་རྒྱལ་གངས་རིའི་ཤར་ངོས་སུ་གཏོགས་པ་ངས་གཞུང་ལུང་པའི་སྨད་ཕྱོགས་བདེ་གཞུང་ཞེས་པའི་ས་ཆར་གནས་གཞིས་ཆགས་པའི་བདེ་པ་ཚང་ཞེས་པའི་ཁྱིམ་རྒྱུད་དུ་ཡབ་བདེ་པ[3]དབུ་མཛད་ལྷུན་གྲུབ་རྒྱལ་མཚན[4]དང་ཡུམ་ཆུང་རྒྱུད་ཟ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བདེ་གཞུང་གི་ས་ཆ་ནི་ངས་གཞུང་ལུང་པའི་སྨད་དུ་ཆགས་ཤིང་གཡས་སུ་ཡུལ་དེའི་སྒྲ་བླ་གནས་པོ་ཟེ་ཆུང་གཡུང་དྲུང་ལྷ་རྩེ་དང་གཡོན་དུ་ངས་རྒྱལ་གསལ་བ་དུང་དགའ་ཞེས་པའི་གངས་རི་ཅུང་མཐོན་པོ་ཞིག་ཀྱང་ཆགས་ཡོད། དེང་སྲིད་འཛིན་ས་ཁོངས་ལྟར་ན་སྟེང་ཆེན་རྫོང་ག་ངས[5]ཤང་ཟེ་བདེམ[6]གྲོང་ཚོའི་ས་ཁོངས་སུ་གཏོགས།

མཁར་སྣ་དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་ཀྱི་འཁྲུངས་ཡུལ་དང་འཁྲུངས་གཞིས་དངོས།

   གོང་བཤད་ལྟར་སྔོན་དུས་སུ་ཁོང་གི་འཁྲུངས་གཞིས་བདེ་པ་ཚང་ནི་བདེ་གཞུང་ཞེས་པའི་ས་ཆ་རུ་ཡོད་ཀྱང་། དེང་ཆར་བདེ་གཞུང་གི་ལུང་པའི་མདའ་སྟེ་བདེ་མདའ་ཞེས་པའི་ས་ཆར་གནས་སྤོས་བྱས་ཡོད་པ་དང་། གནས་སྤོས་བྱས་ནས་ལོ་ངོ་མང་པོ་སོང་མེད། ད་ལྟར་སྔར་གྱི་འཁྲུངས་གཞིས་སུ་ཁང་རྙིང་དང་གྱང་ར་མ་ཉམས་པར་གནས་ཡོད། དེ་བཞིན་སྔར་གྱི་འཁྲུངས་གཞིས་ཀྱི་ཉེ་སྐོར་ཁང་རྒྱབ་ཀྱི་གཡས་ཟུར་དུ་བྲག་ཆུང་ཆུང་ཞིག་ཡོད་པའི་འཁྲིས་སུ་ཁོང་གི་མཚམས་ཁང་ཡོད་པར་གྲགས་ཤིང་ད་ལྟར་ཡང་རྩིག་པའི་རྨིང་གཞི་མ་ཉམས་པར་གནས་འདུག། ད་ལྟའི་ཆར་འཁྲུངས་གཞིས་བདེ་པ་ཚང་ལ་ཁོང་སྐུ་དངོས་ཀྱི་ནབ་བཟའ་སྟོད་འགག་ཅིག་དང་། ཡིག་ཁྲི་ཆུང་ཆུང་ཞིག་བཅས་ཡོད། ནབ་བཟའ་སྟོད་འགག་དེའི་རྒྱ་ལྗོངས་ལ་ལོ་རྒྱུས་སྙན་མོ་ཞིག་ཀྱང་ཡོད་འདུག་སྟེ། ཁོང་ཉིད་གྲྭ་སར་ཕེབས་ནས་ཡུན་རིང་སོང་སྐབས། མ་ཡུམ་གྱིས་རང་གི་བུ་ཕྲུག་དྲན་པའི་གདུང་བས་མ་བཟོད་པར་ཆ་འཕྲིན་བསྐུར་ནས། ཁོང་ཉིད་ཕྱིར་ཕ་ཡུལ་དུ་འབྱོན་དགོས་པའི་རེ་འདུན་ཤུགས་ཆེར་གནང་བར་བརྟེན། ཁོང་གིས་དགེ་སྦྱོར་དང་དམ་བཅའ་སྲུང་ཆེད་ཕྱིར་ཕ་ཡུལ་དུ་མ་ཕེབས་པར་མ་ཡུམ་ལ་དྲན་རྟེན་དུ་ནབ་བཟའ་སྟོད་འགག་དེ་བསྐུར་བ་ཡིན་ཞེས་ཤོད་རྒྱུན་འདུག། དེ་ཡང་། བདེ་པ་ཞེས་པ་ནི་ས་མིང་རུས་ལ་ཐོགས་པ་དང་རུས་མིང་ས་ལ་ཐོགས་པ་ཡིན་མིན་ཞིབ་ཕྲར་བརྗོད་དཀའ་ཡང་། ད་ལྟར་བདེ་པ་ཚང་གི་ནང་མི་ཚོས་ཤོད་སྲོལ་ལྟར་ན། བདེ་པ་ཞེས་པ་ནི་རུས་རྒྱུད་ཀྱི་མིང་ཁྱིམ་གཞིས་ལ་ཐོགས་པ་ཡིན་ཚུལ་ཤོད་བཞིན་འདུག། «བསྟན་འབྱུང་ཤེལ་གྱི་རྒྱང་མཐོང»ལས། ཁྱུང་གི་རུས་རྒྱུད་ལས་སྐུ་འཁྲུངས་པར་གསལ་ཡང་ཕུགས་གང་ལ་བཅོལ་བ་མ་ངེས། གཅིག་བྱས་ན་འཁྲུངས་ཡུལ་དང་རིགས་རུས་ནོར་བའི་དབང་གིས་ཡིན་སྲིད་དེ། རིག་གསར་ཡར་སྔོན་དུ་ཁོང་གི་འཁྲུངས་ཡུལ་གྱི་སྡེ་ཤོག་ཁག་རྣམས་ཁྱུང་སེར་བྱ་ཟེ་དཔོན་དང་སྒར་ཁང་དཔོན་གཉིས་ཀྱི་མངའ་འབངས་འདྲེས་མ་ཡིན་པ་དང་། འཁྲུངས་གཞིས་བདེ་པ་ཚང་ནི་བྱ་ཟེ་དཔོན་གྱི་མངའ་ཁོངས་ཡིན་ཚུལ་རྒན་རབས་རྣམས་ཀྱིས་ཤོད་བཞིན་འདུག་པ་མ་ཟད། མཁས་དབང་དཔལ་ལྡན་ཚུལ་ཁྲིམས(༡༩༠༠-༡༩༧༢)ཀྱིས་མཛད་པའི«བསྟན་འབྱུང་སྐལ་བཟང་མགྲིན་རྒྱན»ལས་ཀྱང་ཁྱུང་སེར་བེ་ཧུའི་མངའ་འབངས་སུ་འཁྲུངས་ཚུལ་གསལ་བར་བཀོད་ཡོད།
  ཁོང་གི་འཁྲུངས་ལོའི་སྐོར་ལ་གོང་གསལ་དཔལ་ཚུལ་བསྟན་འབྱུང་ལས། “མཚུངས་བྲལ་དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་ནི། །ཁྱུང་གསེར་བེ་ཧུའི་མངའ་འབངས་བདེ་པ་ཞེས། །དྲུང་ཡིག་དབུ་མཛད་རིགས་སུ་ས་འབྲུག་ལོར། །འཁྲུངས་ཏེ”[7]ཞེས་གསལ་བ་དང་། འབྱུང་གནས་ཀྱིས་བསྒྲིགས་པའི«བོན་གྱི་འཇུག་སྒོ་གནད་བསྡུས»ལས། མཁར་སྣའི་བླ་རབས་རིམ་བྱིན་གྱི་རེའུ་མིག་ནང་བོད་ལོ་ས་འབྲུག་དང་སྤྱི་ལོ༡༨༦༨ལོར་ཡིན་ཚུལ་བཀོད་པ་དེ་དོན་ལ་འབྱོར་འདུག་པས། འཁྲུངས་ལོ་ནི་རབ་བྱུང་བཅོ་ལྔའི་ས་འབྲུག་ལོར་ཁེལ་ཡོད། དེས་ན་ཁོང་གི་འཁྲུངས་ལོའི་སྐོར་ལ་དམིགས་ཀྱིས་དཔྱད་པ་གང་ཡང་མི་དགོས་པར་སྙམ།
སྐུ་ན་གཞོན་དུས་སློབ་གཉེར་གནང་ཚུལ།
   ཡུལ་མི་རྒན་རབས་རྣམས་ཀྱིས་ཤོད་རྒྱུན་ལྟར་ན། ཁོང་གིས་ཡབ་བདེ་པ་དབུ་མཛད་ལྷུན་གྲུབ་རྒྱལ་མཚན་གྱི་དྲུང་ནས་འབྲི་ཀློག་འདོན་གསུམ་དང་། བོན་ལུགས་ཀྱི་ཆོ་ག་ཕྱག་ལེན། གྱེར་དབྱངས་འདེབས་གསུམ། ལྷ་བྲིས་ཐིག་མཚོན་སོགས་ལ་སྦྱོང་པ་གནང་བས་མཁས་པར་གྱུར་ཞིང་། ཤོད་སྲོལ་ལ་ཁོང་གིས་ཡབ་བདེ་པ་དབུ་མཛད་ཀྱིས་གང་མཁྱེན་པའི་ཡོན་ཏན་ཡོད་ཚད་མཁྱེན་ཞིང་ཡབ་དང་ཁྱད་པར་མེད་པར་གྱུར་པས། སྐབས་དེར་ཁོང་ཡབ་སྲས་གཉིས་ལ་ཆེ་མིང་དུ་དབུ་ཆེན་དང་དབུ་ཆུང་གཉིས་ཀྱང་ཟེར། ཡབ་ཀྱི་དྲུང་ནས་བསླབ་པའི་ཆོ་ག་ཕྱག་ལེན་ཁག་ནི་སྔ་ལུགས་ཞེས་པ་དེ་ཡིན་པ་དང་།

ཁོང་ཉིད་སྐུ་ན་གཞོན་དུས་ཀྱི་མཚམས་ཁང་ཤུལ།

   དེ་ཡང་ས་གནས་ཀྱི་ཁྱད་ཆོས་དང་མཐུན་པར། སྔ་མོ་ནས་ལུང་པ་དེ་གར་དར་ཁྱབ་ཕྱིན་པའི་ག་ངས་ལུགས་ཞེས་པ་དེ་ཡིན་པ་དང་། ག་ངས་ལུགས་ཞེས་པ་ནི་སྔ་མོ་ག་ངས་དགོན[8]པའི་ཕྱག་སྲོལ་དང་མཐུན་ཤས་ཆེ་བས་དེ་ལྟར་འབོད་ཚུལ་རྒན་རབས་རྣམས་ཀྱིས་ཤོད་བཞིན་འདུག། དེ་ཙམ་མ་ཟད། ཁོང་ཉིད་བྲུ་ལུགས་ཀྱི་ཆོ་ག་ཕྱག་ལེན་ལ་ཧ་ཅང་མཁས་པ་མ་ཟད། དེ་འབྲེལ་གྱི་འདོན་ཟིན་མང་པོ་བརྩམས་པར་གྲགས་ལ། བྲུ་ལུགས་ཀྱི་འདོན་ཟིན་དེ་དག་གྲྭ་ས་སྨན་རི་དང་གཡུང་དྲུང་གླིང་སོགས་ནས་སློབ་སྦྱོང་གནང་བ་ཞིག་ཡིན་ནམ་སྙམས་ཤིང་། ཕྱིས་སུ་ཡབ་ཀྱིས་ཀྱང་ཁོང་གི་གྲྭ་སའི་ལུགས་ཀྱི་འདོན་ཆོག་ཕྱག་ལེན་མང་པོ་བསླབ་པའི་སྐོར་ཤོད་རྒྱུན་འདུག། ག་རྒྱ་ཁྱུང་སྤྲུལ་གྱི་རྣམ་ཐར་དུ་སྐབས་འགར་ཁོང་གི་མཚན་ལ་དགེ་སློང་ལྷ་བཟོ་རིན་པོ་ཆེ་ཞེས་གསལ་བར་གཞིག་ན་ཁོང་ནི་ལྷ་བྲིས་རིག་གནས་ལ་མཁས་པར་རྟོགས་ཐུབ་པར་མ་ཟད། ཁོང་དང་ཕ་ཡུལ་གཅིག་པ་དཔོན་ཚང་ལྷ་བཟོ་སྐལ་བཟང་ཚུལ་ཁྲིམས་ཞེས་པ་དེས། ཁོང་གི་དྲུང་ནས་བོན་ལུགས་མདོ་དྲི་མེད་གཟི་བརྗིད་ཀྱི་ལྷ་བྲིས་ཐིག་རྩ་དང་མཐུན་པའི་ལྷ་རིས་སྒྱུ་རྩལ་ལ་སློབ་སྦྱོང་གནང་མྱོང་བ་རྒན་རབས་རྣམས་ཀྱིས་ཤོད་བཞིན་འདུག། དེར་བརྟེན་ཁོང་གི་ལྷ་བྲིས་དགེ་རྒན་ཡབ་བདེ་པ་དབུ་མཛད་ལྷུན་གྲུབ་རྒྱལ་མཚན་ཉིད་ཡིན་ནམ་སྙམ་ཏེ། བདེ་པ་དབུ་མཛད་ནི་ལྷ་བྲིས་རི་མོ་བ་ཡིན་པ་མ་ཟད། གོང་གསལ་དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་ཀྱིས་ཡབ་ཀྱི་ཐུགས་རྒྱུད་ལ་མངའ་བའི་རིག་གནས་ཀྱི་རྣམ་གྲངས་གཅིག་ཀྱང་མ་ལུས་པ་མཁྱེན་ཞེས་གྲགས་པས་སོ། །
བོན་སྒོར་ཞུགས་ཏེ་རབ་ཏུ་བྱུང་ཚུལ།
    གོང་གསལ་བསྟན་འབྱུང་«སྐལ་བཟང་མགྲིན་རྒྱན»ལས། “མཚུངས་བྲལ་དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་ནི། ཁྱུང་གསེར་བེ་ཧུའི་མངའ་དབངས་བདེ་པ་ཞེས། །དྲུང་ཡིག་དབུ་མཛད་རིགས་སུ་ས་འབྲུག་ལོར། །འཁྲུངས་ཏེ་དམ་པའི་རིག་སད་ཁྱུང་དཀར་དུ། །གྲུབ་ཆེན་སྨོན་ལམ་རྒྱལ་མཚན་ཞབས་བཏུད་དེ། །ཕྱི་ནང་སྡོམ་ཁྲིམས་དབང་ལུང་ཁྲིད་གདམས་ཞུས། ཉམས་ལེན་སྒོམ་སྒྲུབ་མཛད་ཅིང་དེ་འཕྲལ་དུ། །”[9]ཞེས་ཁོང་ཉིད་ཁྱུང་ཡུལ་གྱི་མེ་སྟོན་གདན་ས་མཐོང་གྲོལ་རི་ཁྲོད་དུ་གྲུབ་དབང་སྨོན་ལམ་རྒྱལ་མཚན(༡༨༤༢-༡༩༡༧)གྱི་དྲུང་ནས་རབ་བྱུང་མཛད་ཅིང་དབང་ལུང་མན་ངག་གི་ཁྲིད་གདམས་ཞུས་ཚུལ་གསལ། ཡུལ་མི་རྣམས་ཀྱིས་ངག་རྒྱུན་དུ་ཁོང་ཉིད་ཐོག་མར་རབ་ཏུ་མ་བྱུང་པའི་སྔོན་དུ་ཆུང་མ་བླངས་ཤིང་འཇིག་རྟེན་གྱི་ཁྱིམ་ཐབ་མཛད་ཀྱང་། རྐྱེན་ངན་པ་དགེ་བའི་སྐུལ་མ་ཞེས་པ་ལྟར་ཆུང་མ་དང་འཆམ་མཐུན་མ་བྱུང་སྟབས་རབ་བྱུང་མཛད་པར་གྲགས།
ཕ་ཡུལ་སྤངས་ཏེ་གྲྭ་སར་འགྲིམས་ཚུལ།
   ཁོང་ཉིད་ཕ་ཡུལ་སྤངས་ཏེ་གྲྭ་སར་ཕེབས་པའི་སྐོར་ཡུལ་མི་རྣམས་ཀྱིས་ཤོད་སྲོལ་ལྟར་ན་ཁོང་ཉིད་དགྲ་གཉེན་ཉེ་རིང་དང་ཁྱིམ་ཐབ་ཀྱི་འདུ་འཛི་སོགས་ལ་ཡིད་མ་རུང་བས་ཕ་ཡུལ་དུ་བཞུགས་མོས་མ་བྱུང་བར་གྲྭ་སར་ཕེབས་པ་དང་། ཐོག་མར་གྲྭ་སར་ཕེབས་དུས་སྤེན་པ་བེའུ་རྫིའི་འགྲུབ་སྦྱོར་ཉིན་མོ(གཟའ་སྐར་འདིའི་ཐོག་བྱེས་ལ་སོང་ན་རང་ཡུལ་དུ་ཕྱིར་མི་འཁོར་བར་བཤད)ཞིག་ལ་རང་ཁྱིམ་ནས་ཐོན་པ་དང་། སྐབས་དེར་མ་ཡུམ་གྱིས་ཨུ་ཚུགས་ཀྱིས་ཞུ་བ་ལན་མང་ཕུལ་ཡང་མ་གསན་པར་རང་ཁྱིམ་ནས་ཐོན་ཏེ་ཐོག་མར་ཟེ་ལ་ཞེས་པའི་ལ་དེ་བརྒྱབ་པ་དང་ཞལ་ནས་འདི་འདྲ་གསུངས། “རང་ཡུལ་སྡུག་གི་སྒ་མ་དེ་ཡོལ། །མི་ཡུལ་སྐྱིད་ཀྱི་གོ་ང་དེ་རིག”ཅེས་སོགས་གསུངས་ཏེ་དེ་ནས་བཟུང་ཕ་ཡུལ་ལ་ཕྱིར་མི་འཁོར་བའི་སྨོན་ལམ་བཏབ་པར་གྲགས།  «བསྟན་འབྱུང་སྐལ་བཟང་མགྲིན་རྒྱན»ལས། “གྲྭ་སར་བྱོན་ཅིང་གདན་ས་གོང་འོག་གི། །མཁས་སློབ་ཀུན་བསྟེན་ཁྱད་པར་མཁར་སྣ་ཡི། །རྒྱལ་ཚབ་བསོད་སེང་འགྲོ་མགོན་ཉི་མ་གྲགས། །ཟུང་བསྟེན་མདོ་སྔགས་ཁྲིད་གདམས་རྒྱ་མཚོ་གསན། །”[10]ཞེས་པའི་གདན་ས་གོང་འོག་གཉིས་ནི་གདན་ས་གོང་མ་སྨན་རི་དང་འོག་མ་གཡུང་དྲུང་གླིང་གཉིས་ཡིན་པ་ཡོངས་གྲགས་ལྟར་ཡིན་ལ། སྐབས་དེར་སྨན་རིའི་མཁན་པོ་ནི། མཁན་རབས་ཉེར་དྲུག་པ་སངས་རྒྱས་བསྟན་འཛིན་དང་ཉེར་བདུན་པ་བསྟན་འཛིན་ཚུལ་ཁྲིམས་གཉིས་ཀྱི་དུས་སྐབས་སུ་ཡིན་པར་སྙམ་སྟེ། མཁན་རབས་ཉེར་བརྒྱད་པ་ཕུན་ཚོགས་བློ་གྲོས་ནི་ཁོང་གི་སློབ་མ་ཡིན་ཚུལ«བསྟན་འབྱུང་སྐལ་བཟང་མགྲིན་རྒྱན»ལས་གསལ། གོང་གསལ་དཔལ་ཚུལ་བསྟན་འབྱུང་ལས་གསལ་བའི་ཁོང་གི་རྩ་བའི་བླ་མ་མཁར་སྣའི་རྒྱལ་ཚབ་བསོད་ནམས་སེང་གེ་དང་། དགེ་སློང་ཉི་མ་གྲགས་པ་གཉིས་ནི་སྨན་རིའི་མཁན་རབས་ཉེར་ལྔ་པ་འགྲོ་མགྲོན་ཤེས་རབ་གཡུང་དྲུང(༡༨༣༨-?)གི་སློབ་མ་ཡིན་པ་དང་། འགྲོ་མགོན་ཤེས་རབ་གཡུང་དྲུང་གི་སློབ་མའི་ཁྲོད་དུ་སྨན་མཁན་སངས་རྒྱས་བསྟན་འཛིན་དང་། གཡུང་གླིང་མཁན་ཆེན་ཕུན་ཚོགས་དབང་རྒྱལ(༡༨༥༦-?)སོགས་བྱུང་།

མ་ཡུམ་ལ་དྲན་རྟེན་བསྐུར་བའི་ཁོང་སྐུ་དངོས་ཀྱི་ནབ་བཟའ་སྟོད་འགག

   དེ་བཞིན་«བསྟན་འབྱུང་སྐལ་བཟང་མགྲིན་རྒྱན»དང་། «ཞང་བོད་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ» འབྱུང་གནས་ཀྱིས་བརྩམས་པའི«བོན་གྱི་འཇུག་སྒོ་གནད་བསྡུས»«བསྟན་འབྱུང་ཤེལ་གྱི་རྒྱང་མཐོང»བཅས་ལས་བྱུང་བའི་སྨན་རི་དང་། གཡུང་གླིང་། མཁར་སྣ་བཅས་ཀྱི་མཁན་སློབ་རྣམས་ཀྱི་ལོ་རྒྱུས་རིམ་བྱུང་དག་ལ་བརྟགས་ན་ཁོང་གིས་བསྟེན་སའི་གྲྭ་ས་གོང་འོག་གཉིས་ཀྱི་མཁན་སློབ་གང་དག་ཡིན་མིན་ཤེས་ཐུབ་པར་འདུག།  《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན》ལས། “ཡང་ཁྱད་དགེ་སློང་ཉི་མ་གྲགས་པ་ཉིད། །འབྲལ་མེད་ཞབས་བསྙེན་ལྷན་འགྲོགས་དབེན་ཁྲོད་ཀུན། །འགྲིམས་ཤིང་ཉམས་བཞེས་མཁར་སྣར་ལྷན་བཞུགས་ནས། །བསྒྲུབ་དང་བོན་འཆད་རྟེན་བཞེངས་ཆགས་གཅིག་མཛད། །མཁར་སྣའི་དགེ་སློང་རྣམ་གཉིས་ཞེས་བྱ་བའི། །གྲགས་སྙན་དམ་པ་ཀུན་གྱིས་བསྟོད་དབྱངས་སྒྲོགས།”[11]ཞེས་འཁོད་ཡོད། གོང་གསལ་ལྟར་དྲུང་སྲོང་གཡུང་དྲུང་ཚུལ་ཁྲིམས་མཆོག་གིས་མཁས་གྲུབ་ཀྱི་སྐྱེས་བུ་མང་པོ་དང་དབང་ལུང་མན་ངག་གི་འབྲེལ་བ་གྱུར་ཚུལ་ཤོད་རྒྱུན་འདུག་ཀྱང་། སྐུ་ཚེ་ཧྲིལ་པོར་འགྲོགས་ཤིང་འདྲིས་པའི་རྩ་བའི་བླ་མ་ནི་དྲང་སྲོང་ཚབ་ཞི་ཉི་མ་གྲགས་པ(༡༨༥༣-?)ཞེས་པ་དེ་ཡིན། ཚབ་ཞི་ཉི་མ་གྲགས་པ་ནི། མཁར་སྣའི་བླ་རབས་གསུམ་པའི་གྲལ་དུ་བགྲངས་ཡོད། ཁོང་ནི་སྤྱི་ལོ་༡༨༥༣ལོར་འཁྲུངས་པ་དང་། འགྲོ་མགོན་་ཤེས་རབ་གཡུང་དྲུང་གི་དངོས་སློབ་དང་། མཁར་སྣའི་བླ་རབས་རིམ་བྱོན་ནས་དགེ་སློང་རྣམ་གཉིས་ཀྱི་ཡ་གྱལ་ཡིན། ཁྱུང་སྤྲུལ་རྣམ་ཐར་ལས་གསལ་བ་ལྟར་ན། སྤྱི་ལོ༡༩༢༣ལོ་དང་༡༩༢༤ལོ་གང་རུང་ལ་སྐུ་གཤེགས་པར་མངོན། དེའི་སྐོར་གཤམ་དུ་ཞིབ་ཕྲར་བཀོད་ཡོད།
མཁར་སྣའི་བླ་རབས་གྲལ་དུ་འཁོད་པའི་སྐོར།
   ཁོང་ཉིད་མཁར་སྣའི་བླ་རབས་གྲལ་དུ་བཀོད་པའི་ཡིག་ཆ་སྔ་ཤོས་མཁས་དབང་དཔལ་ཚུལ་གྱིས་མཛད་པའི«བསྟན་འབྱུང་སྐལ་བཟང་མགྲིན་རྒྱན»ཡིན་པར་སྙམ་ལ། གོང་གསལ་ལུང་དྲངས་པའི་ཁོང་གི་ལོ་རྒྱུས་དུམ་བུ་དེ་ནི། «སྐལ་བཟང་མགྲིན་རྒྱན»གྱི་“ལེའུ་བཅུ་གསུམ་པ། མཉམ་མེད་ཆེན་པོ་ནས་བཟུང་སྨན་རི་སོགས་གདན་ས་གསུམ་གྱི་མཁན་སློབ་རྣམས”ཞེས་པའི་ནང་གི་མཁར་སྣའི་བླ་རབས་གྲལ་དུ་ཁོང་ཉིད་བླ་རབས་བཞི་པར་བགྲངས་ཡོད་པ་མ་ཟད། ཡིག་ཆ་དེར་གཞིར་བཟུང་ཐོག་འབྱུང་གནས་ཀྱིས་བསྒྲིགས་པའི«བོན་གྱི་འཇུག་སྒོ་གནད་བསྡུས»[12]དང་། མཁས་དབང་བོན་བརྒྱའི་«བསྟན་འབྱུང་ཤེལ་གྱི་རྒྱང་མཐོང»[13]སོགས་ལའང་དེ་ལྟར་བཀོད་ཡོད། སྤྱིར་བསྟན་འབྱུང་ལོ་རྒྱུས་དེ་དག་ལས་མཁར་སྣར་འགྲོ་མགོན་ཤེས་རབ་གཡུང་དྲུང་ནས་བཟུང་བླ་རབས་དྲུག་ཙམ་བགྲངས་ཡོད་པ་དང་། གཞན་རྣམས་ལ་མཁར་སྣའི་རྒྱལ་ཚབ་ཅེས་པའི་མཚན་ཡོད་ཀྱང་། དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་དང་། ཁོང་གི་བླ་མ་ཚབ་ཞི་ཉི་མ་གྲགས་པ་གཉིས་ལ་མཁར་སྣའི་དགེ་སློང་རྣམ་གཉིས་ཞེས་གྲགས་ཤིང་མཁར་སྣའི་བླ་རབས་ཀྱི་གྲལ་དུ་བགྲངས་ཡོད་ལ་ལས་རྒྱལ་ཚབ་ཀྱི་གྲལ་དུ་བགྲངས་མེད།
རྒྱུད་འཛིན་སློབ་མའི་སྐོར།
   ཁོང་ཉིད་སྨན་རི་དང་གཡུང་དྲུང་གླིང་གཉིས་ཀྱི་བླ་མ་མཁན་སློབ་རྣམས་ཀྱི་དབང་ལུང་གདམས་པ་ཞུ་སའི་རྩ་བའི་བླ་མ་ཡིན་པ་མ་ཟད། ལྷག་དོན་མཁར་སྣའི་དགེ་སློང་རྣམ་གཉིས་ནི་སྐབས་དེའི་གྲྭ་སའི་སྡོམ་རྒྱུན་ལེན་ས་ཡིན་ཚུལ་ངག་རྒྱུན་དུ་ཤོད་བཞིན་འདུག་ལ། ཕྲན་གྱིས་ཡོངས་འཛིན་༼དཔོན་སློབ་བསྟན་འཛིན་རྣམ་དག༽རིན་པོ་ཆེའི་སྐུ་བཅལ་དགེ་བཤེས་སྐལ་བཟང་བློ་གསལ་བརྒྱུད་ནས་ཡོངས་འཛིན་མཆོག་ལ་བཀའ་འདྲི་ཞུས་ལན་ལ། ཡོངས་འཛིན་མཆོག་གྲྭ་ས་ཁག་ལ་ཐོག་མར་ཕེབས་དུས་ཁོང་ཉིད་འདས་ཚར་ཡོད་ཀྱང་། དུས་སྐབས་དེར་གྲྭ་ས་ཁག་གིས་དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་མཆོག་ལ་གཙི་མཐོང་ཧ་ཅང་ཆེན་པོ་རེད་འདུག་ཅེས་གསུངས་འདུག །
ཁོང་སྐུ་ན་གཞོན་དུས་ཡབ་ཡུལ་ལ་བཞུགས་སྐབས་ཀྱི་ཡིག་ཁྲི།   
དུས་སྐབས་དེར་གྲྭ་ས་གོང་འོག་གཉིས་དང་། ཕྱོགས་ཀྱི་གནས་མཇལ་བ་དང་། བླ་སྤྲུལ་སྐྱེས་ཆེན་རྣམས་ཀྱིས་མཁར་སྣར་དགེ་སློང་རྣམ་གཉིས་ཀྱི་དྲུང་ནས་དབང་ལུང་མན་ངག་ཞུ་སྲོལ་ཡོད་པས་དེ་འབྲེལ་སློབ་མ་མང་དུ་བྱུང་མྱོང་བར་གྲགས་ཀྱང་། དེ་སྔར་རྣམ་ཐར་ཡིག་ཐོག་ལ་འཁོད་པ་དཀོན་སྟབས་རེ་རེ་བཞིན་ཤོད་ཐབས་དཀའ།
   སྨན་རིའི་མཁན་རབས་ཉེར་བརྒྱད་པ་ཕུན་ཚོགས་བློ་གྲོས(༡༨༧༦-?)ནི་ཁོང་གི་དབང་ལུང་མན་ངག་གི་གདམས་པ་གནང་སའི་སློབ་མ་ཡིན་ཚུལ་«བསྟན་འབྱུང་སྐལ་བཟང་མགྲིན་རྒྱན»ལས་གསལ་ཡོད། དེ་ཉིད་ལས། “སྐུ་མདུན་ཕུན་ཚོགས་བློ་གྲོས་དབང་རྒྱལ་ནི། །མདོ་ཁམས་ཚ་བ་རོང་དུ་མེ་བྱི་ལོར། སྐུ་བལྟམས་དེ་རྗེས་གཙང་བྱོན་གཡུང་གླིང་དུ། །མཚན་ཉིད་གཞུང་སྦྱངས་བླ་མ་གོང་རྣམས་ལས། །མདོ་སྔགས་དབང་ལུང་ཟབ་རྒྱས་གདམས་པ་ཞུས། །”ཞེས་དང་། “གཞན་ཡང་དགེ་སློང་ཉི་མ་གྲགས་པ་དང་། དྲང་སྲོང་གཡུང་ཚུལ་རྣལ་འབྱོར་བཟོད་པ་རྒྱལ། །མཚམས་ཆེན་གཡུང་དགའ་སོགས་ལས་གདམས་ཟབ་གསན། །”[14]ཞེས་གསལ། དུས་སྐབས་དེའི་སྨན་རི་དང་གཡུང་དྲུང་གླིང་། མཁར་སྣ་བཅས་ཀྱི་མཁན་སློབ་གཞན་རྣམས་དང་། འདུས་སྡེ་རྒྱ་མཚོར་དབང་གདམས་ཀྱི་འབྲེལ་བ་ཟབ་པོ་བྱུང་ཡོད་པར་ཤོད་རྒྱུན་ཡོད་པ་ཡང་དོན་ལ་གནས་པར་སྙམ། དཔོན་ཚང་ཐེག་མཆོག(༡༨༩༨-༡༩༧༡)རིན་པོ་ཆེས་རྩ་བའི་བླ་མ་བསྟེན་མྱོང་བར་གྲགས་ཤིང་། དེ་ནི། ག་རྒྱ་ཁྱུང་སྤྲུལ་མཁར་སྣར་ཕེབས་སྐབས་ཡིན་པར་སྙམས། སྐབས་དེར་དཔོན་ཚང་ཐེག་མཆོག་མཁར་སྣར་བཞུགས་ཡོད་ཚུལ་དང་། ཁྱུང་སྤྲུལ་རིན་པོ་ཆེས་ཀྱང་དཔོན་ཚང་ཐེག་མཆོག་དྲུང་དབང་ལུང་ཞུས་ཚུལ་ཁྱུང་སྤྲུལ་རིན་པོའི་ཆེའི་རྣམ་ཐར་ལས་གསལ།[15]ཡབ་བདེ་པ་དབུ་མཛད་ལྷུན་གྲུབ་རྒྱལ་མཚན་མཁར་སྣ་རུ་ཕེབས་ཏེ་ཁོང་གི་དྲུང་ནས་རྒྱལ་བ་བྲུ་ཡི་ལུགས་ཀྱི་ཆོ་ག་ཕྱག་ལེན་མང་པོར་སློབ་སྦྱོང་གནང་མྱོང་བ་མ་ཟད། དེ་འབྲེལ་དབང་ལུང་མན་ངག་གི་འབྲེལ་བ་མང་པོ་བྱུང་བར་གྲགས། དེ་བཞིན། དཔོན་ཚང་ལྷ་བཟོ་སྐལ་བཟང་ཚུལ་ཁྲིམས་ཞེས་པ་དེས། ཁོང་གི་དྲུང་ནས་བོན་ལུགས་མདོ་དྲི་མེད་གཟི་བརྗིད་ཀྱི་ལྷ་བྲིས་ཐིག་རྩ་དང་མཐུན་པའི་ལྷ་རིས་སྒྱུ་རྩལ་ལ་སློབ་སྦྱོང་གནང་བར་གྲགས་ལ། སྐལ་ཚུལ་དངོས་ཀྱི་ལུང་ཐོ་དཔེ་ཆ་རྙིང་པ་ཞིག་ཡོད་པ་དེ་ཉིད་ལས་ཁོང་གི་དྲུང་ནས་ཁྲིད་ལུང་མང་པོ་ཞུས་ཚུལ་གསལ།[16]
ཁོང་གི་གདན་ས་སྐྱོང་བའི་རྒྱལ་ཚབ་སློབ་མ་ནི། ཞང་ཞུང་དྲང་སྲོང་རྣམ་རྒྱལ་ཕུན་ཚོགས(འཁྲུངས་འདས་ལོ་ཚིག་མ་གསལ)མཆོག་ཡིན་ཞིང་། ཁོང་གི་མཚན་ལ་སྒྲུབ་ཕུག་བླ་རྒན་ཞེས་ཀྱང་གྲགས་ཤིང་། དེ་ནི། མཁར་སྣའི་གསང་ཕུག་ཏུ་ཡུན་རིང་བཞུགས་པས་ཡིན། གཡུང་དྲུང་གླིང་གི་དགེ་བཤེས་བློ་གྲོས་ཉི་མ་ཞེས་པས་བྲིས་མཛད་པའི་ཞང་ཞུང་དྲང་སྲོང་རྣམ་ཕུན་གྱི་ལོ་རྒྱུས་སུ་འཁོད་པ་ལྟར་ན། དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་ནི་ཁོང་གི་ཨ་ཞང་དངོས་ཡིན་འདུག ཁོང་ཉིད་གཡས་རུ་མཁར་སྣ་རུ་ཕེབས་ཏེ། དགེ་སློང་ཆེ་ཆུང་གཉིས་ཀྱི་དྲུང་ནས་གཙང་མ་གཙུག་ཕུད་ཀྱིས་ཁྲིམས་བཞེས་པ་དང་། སློབ་པ་ལམ་གཉེར་གནང་རྗེས་ཨ་ཞང་དྲང་སྲོང་གཡུང་ཚུལ་གྱིས་ཁོང་ཉིད་མཁར་སྣར་བཞུགས་རྒྱུའི་བཀའ་ཕེབས་ཀྱང་དགོངས་ཁྲོལ་ཞུས་ཏེ་ས་གནས་ཕྱོགས་མེད་ལ་ཕེབས། དེ་རྗེས་དྲང་སྲོང་གཡུང་ཚུལ་གྱི་དངོས་སློབ་སྨན་རིའི་མཁན་ཆེན་ཕུན་ཚོགས་བློ་གྲོས་ཀྱི་བཀའ་ལྟར་མཁར་སྣའི་འོད་གསལ་ཕུག་ཏུ་སྒྲུབ་པ་ཉམས་ལེན་མཛད་ནས་བཞུགས་པའི་སྐོར་འཁོད་འདུག།[17]
     དེ་བཞིན། ག་རྒྱ་ཁྱུང་སྤྲུལ་རྣམ་ཐར་ནང་དུ། ཁྱུང་སྤྲུལ་རིན་པོ་ཆེ་(༡༨༩༧-༡༩༥༥)གཙང་སྨན་རིར་ཕེབས་སྐབས། སྐབས་དེར“བླ་མ་རྣལ་འབྱོར་བཟོད་པ་རིན་པོ་ཆེ། དགེ་སློང་ལྷ་བཟོ་རིན་པོ་ཆེ། སྤ་ཚང་འབྲུག་རིན་པོ་ཆེ། ག་ཤེལ་བླ་མ་ཡབ་སྲས། སྟོད་དང་རའི་བླ་མ་སོགས་བླ་ཁག་ཆེ་ཆུང་མང་པོ་ཡོད་པ་རྣམས་ལ་ཇ་དངུལ་གྱི་འབུལ་འབྲེལ་རེ་ཕུལ། བོན་འབྲེལ་དབང་ལུང་སྣ་ཚོགས་རེ་ཞུས”[18]ཞེས་འཁོད་པ་ལྟར་ན། དགེ་སློང་ལྷ་བཟོ་རིན་པོ་ཆེ་ཞེས་པ་ནི། དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་ཡིན་པར་ག་རྒྱ་ཁྱུང་སྤྲུལ་གྱི་རྣམ་ཐར་ལས་ཁོང་གི་མཚན་ལ་དེ་ལྟར་ལན་མང་གསལ་བས་ཤེས་སླ་ཞིང་། དུས་སྐབས་དེར་གོང་གསལ་གྱི་བླ་སྤྲུལ་དེ་དག་དང་དབང་ལུང་གི་འབྲེལ་བ་བྱུང་ཡོད་ཤས་ཆེ། ཁྱུང་སྤྲུལ་རིན་པོ་ཆེ་དངོས་ཀྱིས་དབང་ལུང་མན་ངག་ཞུས་ཚུལ་རྣམས་གཤམ་ནས་གླེང་བར་བྱ།
ག་རྒྱ་ཁྱུང་སྤྲུལ་རྣམ་ཐར་ལས་ཇི་ལྟར་གསལ་བའི་སྐོར།
    མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པའི«སྐྱབས་རྗེ་མཁས་གྲུབ་འཇིགས་མེད་ནམ་མཁའི་རྣམ་ཐར་དབྱར་སྐྱེས་རྔ་དབྱངས་དད་པའི་རྨ་བྱ་རྣམ་པར་རྩེ་བ་ཞེས་བྱ་བ»ཞེས་པའི་དཔེ་ཆ་དེའི་ནང་དུ། “སྙིགས་མའི་འགྲོ་མགོན་དགེ་སློང་ཉི་མ་གྲགས་པ་དང་། གཡུང་དྲུང་ཚུལ་ཁྲིམས་རྣམ་གཉིས་ཀྱི་ཞབས་པད་བསྟེན་ནས་ཐེག་ཆེན་གྱི་ཁྲིད་ལུང་ཞུས་ཏེ་བསྒྲུབས་ཚུལ”ཞེས་པའི་ལེའུ་ཞིག་དམིགས་བསལ་བྱུང་ཡོད། ག་རྒྱ་ཁྱུང་སྤྲུལ་རིན་པོ་ཆེ་ཐོག་མར་གྲྭ་སར་ཕེབས་དུས། ས་མོ་ལུག་གི་ལོ་སྟོན་ཟླ་ཐ་ཆུང་དུས་ཏེ། ༡༩༡༩ལོར་ཡིན་པར་གསལ[19]ཞིང་སྐབས་དེར་ག་རྒྱ་ཁྱུང་སྤྲུལ་དགུང་ལོ་ཉེར་གསུམ་ཡིན་ཞིང་། མཁར་སྣར་ལོ་གཅིག་ལས་བཞུགས་མེད། དེར་བརྟེན་དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་སྐབས་དེར་དགུང་ལོ་ང་གཉིས་ཡིན་དགོས། ཁྱུང་སྤྲུལ་རྣམ་ཐར་ལས། “དགེ་སློང་ཆུང་བ་ལྷ་བཟོ་རིན་པོ་ཆེའི་མདུན་ནས་སྤྱི་སྤུངས་ཞི་ཁྲོ་སོགས་ཕྱི་ནང་གསང་གསུམ་གྱི་བཀའ་ལུང་མང་པོ་ཞུས།”ཞེས་དང་། དགེ་སློང་ཆུང་བ་ལྷ་བཟོ་རིན་པོ་ཆེའི་ཞལ་ནས། ཁྱེད་ལས་སྐལ་ལྡན་པའི་བུ་ཤེས་རབ་ཆེ་ཞིང་། བརྩོན་འགྲུས་སྙིང་སྟོབས་ཐོས་བསམ་ཀུན་བཟང་བས་བསྟན་འགྲོ་ཡོངས་ལ་ཕན་པ་དམ་པ་གོང་མའི་ཕ་རྗེས་ཟིན་ངེས་གསུངས་ནས་མཉེས་མཉེས་མཛད།”[20]ཞེས་དང་།གོང་གསལ་ལོ་ངོ་གཅིག་ཙམ་གྱི་རིང་ཁོང་ཉིད་གྲྭ་ས་ཁག་ལ་མཇལ་སྐོར་ཕེབས་ཤིང་། ལྷག་པར་མཁར་སྣ་རུ་དགེ་སློང་རྣམ་གཉིས་ཀྱི་དྲུང་ནས་དབང་ལུང་གདམས་པ་དུ་མ་ཞུས་ཤིང་། བསྙེན་སྒྲུབ་ཉམས་ལེན་མཛད་པ་དང་། དེ་ནས་ས་ཕྱོགས་གཞན་ལ་ཕེབས་རྒྱུའི་ཐུགས་འདུན་ལྟར་ཁོང་གིས་དགེ་སློང་རྣམ་གཉིས་ལ་དེ་དོན་ཞུ་གསོལ་ཕུལ་བའི་སྐོར་འཁོད། རྣམ་ཐར་ལས། “དགེ་སློང་ཆུང་བའི་མདུན་བཅལ་དགོངས་ཞུས་ཐོག། ཨ་བུ་ཁྱེད་མཁར་སྣར་བཞུགས་ན་བསྟན་འགྲོ་ལ་ཕན་ཐོག་ཆེ་བར་ཡོང་ངེས་ཀྱང་། དེ་ཕལ་ཆེར་གྱིས་མི་ཤེས་པར་འདུག། འོན་ཀྱང་ཕུག་ཏུ་མཁར་སྣར་ཕེབས་བཞུགས་ཞུ། ད་ནི་སྐྱབས་རྗེ་རིན་པོ་ཆེ་ཡང(དགེ་སློང་ཆེ་བ་ཚབ་ཞི་ཉི་གྲགས)དགུང་ལོ་ཤིན་ཏུ་བསྒྲེས(བགྲེས)གསུངས།” ཞེས་དང་། “དགེ་སློང་ཆུང་བའི་སྐུ་མདུན་དུ་བཅལ་ཏེ་ཞུ་གནང་གསུང་གླེང་ཞིབ་རྒྱས་མཛད་སྐབས་གོང་ལྟར་བཀའ་འདྲི་ཞུས་པས། སྐྱབས་རྗེ་རིན་པོ་ཆེ(དགེ་སློབ་ཆེ་བ་ཚབ་ཞི་ཉི་མ་གྲགས་པ)འདི་ནས་མཁའ་སྤྱོད་དག་པའི་ཞིང་དུ་འགྲོ་མགོན་ཚེ་དབང་རིག་འཛིན་དང་གཉིས་སུ་མེད་པར་སངས་རྒྱས་ཀྱི་ཐུགས་མདུན་གནང་བས་བདག་ཀྱང་དེ་མདུན་སྐྱེ་བའི་སྨོན་ལམ་འདེབས་ཡོད་གསུངས།” [21]འདི་དག་གིས་ཁོང་གིས་ལོ་ཟླ་ཅི་ཙམ་འགོར་ཡང་ཞེ་སུན་མེད་པའི་སྒོ་ནས་རྩ་བའི་བླ་མར་ཐུགས་བློ་གཏད་སྟངས་མོས་གུས་བསྐྱེད་སྟངས་ཀྱི་ཚུལ་གསལ་པོར་མངོན་འདུག། “དེ་ནས་ལྕགས་སྤྲེལ་ཟླ་བ་དགུ་པའི་ཚེས་དགུ་ལ་ཐོན་རྒྱུའི་གོང་གྲོ་ཁའི་ལྷག་མ་རྩམ་པ་དང་། མར་ཡོད་རིགས་ཀུན་ཚོགས་དང་མར་མེ་ཕུལ་ཏེ་འཕྲོ་མ་ལུས་པར་བྱས། ཇ་སྒམ་ཕྱེད་གཉིས་ལྷག་ཙམ་དང་། དངུལ་སྲང་དགུ་བཅུ་ཙམ་ཡོད་ནང་མཁར་སྣ་ལ་འགྱེད་མང་ཇ་ཞིག་བཏང་། ཇ་སྒམ་གཅིག་དང་དངུལ་སྲང་བཞི་ཅུ་སྐྱབས་རྗེ་ཆེ་བ་ལ་ཕུལ། ཇ་སྡུད་བརྒྱད་དང་དངུལ་སྲང་བཞི་ཅུ་སྐྱབས་རྗེ་ཆུང་བ་ལ་ཕུལ།” [22]ཞེས་གསལ། དེ་ལྟར་ཁྱུང་སྤྲུལ་རིན་པོ་ཆེའི་རྣམ་ཐར་ལས་གསལ་བར་གཞིགས་ན། ཁོང་ཉིད་མཁར་སྣར་དགེ་སློང་རྣམ་གཉིས་ཀྱི་དྲུང་ལོ་གཅིག་མ་ཟིན་ཙམ་བཞུགས་པར་གསལ་ཡོད།
   དགེ་སློང་ཆེ་བ་ཚབ་ཞི་ཉི་མ་གྲགས་པའི་འདས་ལོ་ནི། སྤྱི་ལོ༡༩༢༣ལོ་དང་། ༡༩༢༤ལོ་གང་རུང་ངོས་འཛིན་བྱས་ན་ཆོག་འདུག་སྟེ། ཁྱུང་སྤྲུལ་རྣམ་ཐར་ལེའུ་བཅུ་པའི་ནང་དུ་ཁོང་ཉིད་ཁྱུང་ལུང་དངུལ་མཁར་དུ་སྒྲུབ་པ་བཞུགས་སྐབས། གངས་སྐོར་ཡོང་མཁན་མཁར་སྣའི་གྲྭ་པ་འགའ་ཞིག་གི་ངག་བརྒྱུད་ནས་དགེ་སློང་ཆེ་བ་ཚབ་ཞི་ཉི་མ་གྲགས་པ་མཆོག་ཞིང་ཕེབས་ནས། ལོ་ཕྱེད་དང་གཉིས་ཙམ་འགོར་བའི་སྐོར་གསན་པས་ཐུགས་ཤིན་ཏུ་སྐྱོ་བ་བྱུང་ཞེས་དང་། “ཕྱི་ཉིན་དགེ་སློང་དགེ་སློང་ལྷ་བཟོ་རིན་པོ་ཆེ་ལ་ཞུ་ཡིག་དང་སྦྲག་སྐྱབས་ཞུ་ལྷ་རེག་དང་སྒོར་ལྔ། དགེ་སློང་གོང་མ་རིན་པོ་ཆེའི་སྐུ་གདུང་མདུན་མཆོད་མེ་འབུལ་བྱེད་སྒོར་བཅུ་སྙལ་ཤལ་བཅས་བསྐུར”[23]ཞེས་གསལ། མེ་སྟག་ལོར་དགེ་སློང་ལྷ་བཟོ་རིན་པོ་ཆེས་བསྐུར་གནང་བའི་འཕྲིན་ལན་དང་བྱིན་རྟེན་བཅས་འབྱོར་ཞིང་ཁྱུང་སྤྲུལ་རིན་པོ་ཆེ་མཁར་སྣར་ཕེབས་དགོས་ཀྱི་བཀའ་འབྱོར་བར་སྐབས་ཕྲལ་དགོངས་ཞུ་ཕུལ་བ་བཅས་ཀྱི་སྐོར་འཁོད་ཡོད།[24]
གསུང་རྩོམ་དང་མཛད་ཕྲིན་སྐོར།
   དུས་འགྱུར་གོང་དུ་ཁོང་གིས་མཛད་པའི་དཔེ་ཆ་མང་པོ་ཡོད་པར་གྲགས་ཀྱང་། དེང་སང་མཇལ་ཡུལ་དུ་གྱུར་པ་ནི། «དབང་ཆེན་ངོ་མཚར་རྒྱས་ཟློག་ལག་ལེན་གཞུང་དོན་གསལ་བྱེད་བཞུགས»ཞེས་པའི་འདོན་ཆོག་ཟིན་རིས་ཤིག་ཡོད། སྤྱིར་ཁྲོ་བོ་ངོ་མཚར་རྒྱས་ཟློག་ལ་ཟིན་རིས་མང་པོ་ཞིག་ཀྱང་ཡོད་ཀྱང་། དེ་དག་མང་ཤོས་ཡུལ་ལུགས་འདྲ་མིན་གྱི་ཤན་ཤུགས་ཆེ་ཞིང་གཅིག་གྱུར་མིན་པས་ཡོངས་ཁྱབ་དེ་ཙམ་བྱུང་མེད། ཁོང་གིས་མཛད་པའི་ཟིན་རིས་འདི་ཉིད་གཙོ་བོར་གྲྭ་ས་སྨན་རིའི་ཕྱག་སྲོལ་དང་མཐུན་ཞིང་། དེང་ཆར་ཁྱུང་ཡུལ་གཙོས་པའི་ས་ཆ་ཁག་ལ་སྤྱོད་ཤུགས་ཆེ་བ་མ་ཟད། འདི་ནི་བྲུ་ལུགས་སམ་གྲྭ་སའི་ལུགས་ཀྱི་ཟིན་བྲིས་སྨར་དག་ཤོས་སུ་ངོས་འཛིན་བྱེད་བཞིན་ཡོད། ཟིན་རིས་འདིའི་འགོར། “འདིར་དབང་ཆེན་ངོ་མཚར་རྒྱས་པའི་ལས་ཀྱི་མཆོང་ཆེན་སྡེ་དགུའི་ནང་ནས། ཐེག་པ་གསུམ་པ་དབལ་མོ་ལས་ཀྱི་ཐེག་ལེ་བདེལ་ཐུང་ཁ་བཞིའི་ཆ་ལག་ཏུ་གཏོགས་པ། སྤ་གྲོའི་གཏེར་བྱང་བྷན་ཟློག་ཆེན་མོ་འདི་ཉམས་སུ་བླང་བ་ལ། གཉོས་དང་འགྲོ་མགོན་ཕྱག་བཞེས་མ་འབྱོར་རུང་། ཞུ་གཤེན་མཁས་པའི་ཕྱག་བཞེས་སྣ་ཚོགས་འདུག་ཀྱང་། རྗེ་སྨན་རི་བའི་ཕྱག་བཞེས་ལྟར་ཉམས་སུ་ལེན་བདེའི་གསལ་བྱེད། གཞན་བསྐུལ་ཚུལ་དུ་བསྟན་པ་ལ” ཞེས་གསལ་ཡོད་པ་དང་། ཟིན་རིས་ཀྱི་མཇུག་ཏུ། “དེ་ལྟར་བྷན་ཟློག་ཆེན་མོའི་ལག་ལེན་འདི་ནི། སྔོན་གྱི་ཡུལ་ལུགས་ཀྱི་ལག་ལེན་འདྲ་མིན་མང་འདུག་ཀྱང་། མཁས་པའི་ཕྱག་བཞེས་དང་། གཞུང་དོན་རེས་སུ་བོར་ཏེ། རང་འདོད་ཀྱིས་མཐོང་ཐོས་བོན་དུ་གྱེར་ཞིང་། གོ་རིམ་འཁྲུག་པ་མང་བས་བསྐུལ་ཏེ། བཀྲ་ཤིས་སྨན་རི་བའི་ཕྱག་ལེན་ལྟར། གཞུང་དོན་གསལ་བར་བདེ་ཆོག་ཏུ་བཀོད་པ་པོ་ནི་གཡུང་ཚུལ་པས་སྨྲས་པའོ། །”[25]ཞེས་གསལ་ཡོད་པས་ཟིན་རིས་འདིའི་བྱུང་ཁུངས་དང་། དགོས་དབང་དང་རྒྱབ་ལྗོངས་ཞིབ་པར་བཀྲལ་འདུག།
 ཁོང་གི་མཛད་ཕྲིན་སྐོར་ལ། «བསྟན་འབྱུང་སྐལ་བཟང་མགྲིན་རྒྱན»ལས།  “དགེ་སློང་ཆེ་བ་གཤེགས་རྗེས་དགོངས་རྫོགས་ཀྱི། །སྒྲུབ་མཆོད་ཚོགས་བསགས་རྟེན་བཞེངས་རྒྱ་ཆེན་མཛད། །དེ་བཞིན་བསྟན་འགྲོའི་དོན་མཛད་མཐར་ཕྱིན་གཤེགས། །”ཞེས་གསུངས་པ་ལྟར་ཡིན་འདུག་ལ། ངག་རྒྱུན་གོ་ཐོས་ལྟར་ན། དགེ་སློང་རྣམ་གཉིས་ཀྱི་སྐུ་དུས་སུ་མཁར་སྣའི་ཕྱི་ནང་གི་རྟེན་དང་བཞེངས་པ་ཧ་ཅང་དར་ཞིང་རྒྱས་པར་བྱུང་བ་དང་། ལྷག་དོན་དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་ཀྱིས་དམིགས་བསལ་དུ་མཁར་སྣར་བཀའ་འགྱུར་འབྲི་བཞེངས་མཛད་པ་མ་ཟད་བཀའ་འགྱུར་ལྷ་ཁང་ཞིག་ཀྱང་བཞེངས་པའི་སྐོར་ཤོད་སྲོལ་ཡོད་འདུག།
འདས་ལོའི་སྐོར།
   ད་ཡན་བར་དུ་ཁོང་གི་འཁྲུངས་དུས་ལོ་ཚིགས་ཕུད་པའི་འདས་ལོའི་སྐོར་ལ་ཡིག་ངག་གང་གི་སྒོ་ནས་གསལ་ཁ་ཅན་ཅི་ཡང་མཐོས་ཐོས་མ་བྱུང་བས་ཞིབ་ཕྲ་གླེང་ཐབས་བྲལ། གོང་གསལ་ཡོངས་འཛིན་རིན་པོ་ཆེས་ཁོང་ཉིད་ཐོག་མར་གྲྭ་སར་ཕེབས་དུས་དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་མཆོག་ཞིང་ལ་ཕེབས་ཟིན་འདུག་ཅེས་གསུངས་པ་ལྟར་ན། ཡོངས་འཛིན་མཆོག་ཐོག་མར་གྲྭ་སར་ཕེབས་དུས་དགུང་ལོ་བཅོ་ལྔ་ཙམ་ཞིག་ཡིན་པར་མངོན་ལ། སྐབས་དེར་སྤྱི་ལོ(༡༩༤༠)ལོར་ཡིན་པར་ངེས། ཡོངས་འཛིན་མཆོག་ཐོག་མར་གྲྭ་སར་ཕེབས་དུས་ཁོང་ཉིད་སྐུ་གཤེགས་ཚར་ཡོད་པ་དང་། གོང་གསལ་ཁྱུང་སྤྲུལ་རིན་པོ་ཆེའི་རྣམ་ཐར་ནང་དུ་མེ་སྟག་ལོར་ཁོང་གིས་ཁྱུང་སྤྲུལ་ལ་འཕྲིན་ཡིག་བཏང་ཚུལ་གསལ་བས། སྐབས་དེའི་མེ་སྟག་ནི་རབ་བྱུང་བཅོ་ལྔ་པའི་མེ་སྟག་ལོ་ཡིན་དགོས། དེས་ན་ཁོང་གི་འདས་ལོ་དེ་སྤྱི་ལོ༡༩༢༦ལོ་ནས། ༡༩༤༠ཐམས་པ་ལོའི་བར་དུ་ཁེལ་ཡོད་པ་གཏན་ཁེལ་བྱ་ཆོག་ཀྱང་། ཞིབ་ཕྲའི་གནས་ཚུལ་དེ་སྔར་ཡིག་ངག་གང་ནས་གསལ་བར་མ་ཤེས་སྟབས་རེ་ཞིག་འགོད་ཐབས་བྲལ།

རྩོམ་པ་པོ་ཁོང་གི་འཁྲུངས་གཞིས་སུ་ཡུལ་དངོས་རྟོགས་ཞིབ་ལ་སྐྱོད་སྐབས།

   ཐུགས་རྗེ་ཆེ་ཞུ་ཡུལ། རྩོམ་ཡིག་འདི་འབྲི་བའི་རྒྱུད་རིམ་ཁྲོད་དུ་ཐུགས་རྗེའི་ལེགས་གསོལ་ཞུ་འོས་འགའ་ཞིག་སྟེ། ཐེངས་འདིའི་བཅར་འདྲིའི་མི་སྣ་ཡུལ་མི་བགྲེས་སོན་འབུ་མགར་དཔའ་ཐོད་ལགས་ནས་ངག་རྒྱུན་དཔྱད་གཞི་སྣ་ཚོགས་གསུངས་གནང་མཛད་པ་དང་། སྐྱབས་རྗེ་ཡོངས་འཛིན་ཆེན་མོའི་སྐུ་བཅར་ཕྱག་ཕྱི་དགེ་བཤེས་སྐལ་བཟང་བློ་གསལ་ལགས་ནས་ཡོངས་འཛིན་མཆོག་ལ་སྐབས་དོན་བཀའ་འདྲི་གནང་རོགས་མཛད་པ་དང་། ལྷག་དོན་འཁྲུངས་གཞིས་དངོས་ལ་ཡུལ་དངོས་རྟོག་ཞིབ་སྐབས་སུ་རོགས་རམ་གནང་མཁན་བདེ་པ་གྲྭ་སྐལ་བཟང་ཚུལ་ཁྲིམས་གཙོས་པའི་འཁྲུངས་གཞིས་བདེ་པ་ཚང་གི་ནང་མི་རྣམས་ཀྱིས་དགའ་སྤྲོ་ཆེན་པོས་སྣེ་ལེན་རོགས་རམ་མཛད་པ་མ་ཟད་ངག་རྒྱུན་ལོ་རྒྱུས་ཀྱི་དཔྱད་གཞི་སྣ་ཚོགས་འཁོ་འདོན་མཛད་པར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ།
སྤྱི་ལོ༢༠༢༣ལོའི་བོད་ཟླ་གསུམ་པའི་ཡར་ཚེས་ཉིན་མོར་རྩ་བའི་བླ་མའི་གདན་ས་ཅོང་རིའི་གླིང་གི་བླ་བྲང་ནས་མཇུག་རྫོགས་པར་བྲིས།
ཟུར་མཆན་དང་དཔྱད་གཞིའི་ཡིག་ཆ།
[1]གྲྭ་ས་གོང་མ་གཙང་བཀྲ་ཤིས་སྨན་རིའི་གླིང་དང་། གྲྭ་ས་བར་མ་མཁར་སྣ་བསམ་གཏན་གླིང་། གྲྭ་ས་འོག་མ་གཡུང་དྲུང་གླིང་བཅས་ཡིན།
  [2] ཁོང་ལ་མཚན་གྱི་རྣམ་གྲངས་མི་འདྲ་བ་འགའ་ཞིག་ཡོད་འདུག་སྟེ། ཁྱུང་སྤྲུལ་རྣམ་ཐར་ལས། སྐབས་འགར་དགེ་སློང་ལྷ་བཟོ་རིན་པོ་ཆེ་དང་། དགེ་སློང་ཆུང་བ། སྐྱབས་རྗེ་ཆུང་བ། དགེ་སློང་ཆུང་བ་ལྷ་བཟོ་རིན་པོ་ཆེ་ཞེས་སོགས་གསལ།
 [3] བདེ་པ་ཞེས་པའི་འབྲི་ཚུལ་ནི《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན》ལས་བྱུང་ཡོད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ལོར།
  [4]བདེ་པ་དབུ་མཛད་མཛད་ལྷུན་གྲུབ་རྒྱལ་མཚན་གྱི་འཁྲུང་འདས་ལོ་ཚིགས་གསལ་བར་མ་ཤེས་ཀྱང་དུས་རབས་བཅུ་དགུ་པའི་དུས་སྟོད་ཙམ་ལ་སྐུ་འཁྲུངས། ཆུང་ནས་ཡི་གེ་ཀློག་འདོན་དང་བོན་གྱི་ཆོ་ག་ཕྱག་ལེན་ཁག་ལ་སྦྱོང་པ་གནང་བ་མ་ཟད། སྐབས་དེར་ས་གནས་དེར་དར་ཁྱབ་ཆེ་བའི་མེས་པོའི་ཕྱག་སྲོལ་ག་ངས་ལུགས་ཞེས་སྔ་མོ་ག་ངས་དགོན་པའི་ཆོ་ག་ཕྱག་ལེན་གྱི་རྒྱུན་སྲོལ་ལ་ཧ་ཅང་མཁས། གསང་སྔགས་ཀྱི་ཡི་དམ་ལ་བསྙེན་སྒྲུབ་ཀྱི་གྲུབ་རྟགས་ཐོན་པའི་སྔགས་འཆང་པ་ཞིག་ཡིན་ཞིང་། ཡུལ་ལུང་དེའི་གསོན་གཤིན་གཉིས་ཀའི་དོན་ཆེད་སྒྲུབ་མཁན་ཞིག་ཡིན། སྐུ་ཟླ་ངས་གཞུང་ཆུང་རྒྱུད་ཚང་གི་བུ་མོ་ཞིག་བསུས་ནས་སྲས་རྒྱུད་མཁར་སྣ་དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་དང་སྲས་མོ་འགའ་ཙམ་བྱུང་། དེ་རྗེས་བོན་གྱི་གྲྭ་ས་སྨན་རི་དང་གཡུང་དྲུང་གླིང་སོགས་ལ་ཕེབས་ཏེ་གྲྭ་སའི་མཁན་སློབ་རྣམ་པའི་དྲུང་ནས་དབང་ལུང་མན་ངག་མང་དུ་ཞུས། ལྷག་དོན་གཡས་རུ་མཁར་སྣ་རུ་ཕེབས་ཏེ་སྲས་རྒྱུད་དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་ཀྱི་དྲུང་ནས་རྒྱལ་བ་བྲུ་ལུགས་ཀྱི་ཆོ་ག་ཕྱག་ལེན་ཁག་ལ་སློབ་སྦྱོང་གནང་། དེ་ནས་ཕྱིར་ཡབ་ཡུལ་དུ་ཕེབས་ཏེ་བྲུ་ལུགས་ཀྱི་ཕྱག་སྲོལ་ཁག་རྣམས་རྒྱུད་འཛིན་དང་དར་སྤེལ་མཛད།
    ཁོང་ནི་ཕ་མེས་ཀྱི་དམངས་སྲོལ་རིག་གནས་སྔར་ལུགས་དང་། བྲུ་ལུགས་གཉིས་ཀའི་ཆོ་ག་ཕྱག་ལེན་དང་གྱེར་དབྱངས་འདེབས་གསུམ་ལ་མཁས་པ་མ་ཟད། རྩིས་དཀར་ནག ལྷ་བྲིས་ཐིག་མཚོན། ཡིག་གཟུགས་སྒྱུ་རྩལ་སོགས་ལ་ཧ་ཅང་མཁས་ཤིང་། ཁོང་གིས་བྲིས་པའི་དཔེ་ཆའི་དབུ་ལྷ་དང་། ལེའུ་ཕྲན་ཐོར་བུ་འགའ་ཞིག་ངས་གཞུང་འབུ་མགར་ཚང་དུ་ཡོད། ཁོང་གིས་མཛད་པའི་དགེ་བསྙེན་གྱི་གསོལ་ཁ་དང་། ཡུལ་སྐྱོང་ཟེ་ཆུང་གི་གསོལ་ཁ་བཅས་ཡོད། ཁོང་གི་མཚན་ཟུར་དུ་དབུ་མཛད་ཅེས་བྱུང་བ་ནི། སྤྱིར་ཁོང་ཉིད་གསང་སྔགས་ཀྱི་ཆོ་ག་ཕྱག་ལེན་ཁག་གི་དབུ་མཛད་ཡིན་པ་མ་ཟད། ལྷག་དོན་ཧོར་སྤྱི་ཁྱབ་ཚང་གི་བཀའ་འགྱུར་བཞེངས་སྐབས་ཁོང་ཉིད་བཀའ་འགྱུར་གྱི་དབུ་རྒྱག་མཁན་མཛད་པས་སྡེ་པ་དབུ་མཛད་ཅེས་དེ་ནས་ཐོགས་པར་གྲགས།
  [5]དེང་ཆར་སྲིད་གཞུང་གི་ཡིག་ཆའི་ནང་དུ་གྭ་ངེད་དང་གྭ་ངས་ཞེས་འབྲི་སྲོལ་ཅི་རིགས་འདུག་ཀྱང་། དོན་དུ་ག་ངས་རང་ངེས་ཏེ་ག་ངས་ཤང་སྲིད་གཞུང་གི་གནས་ཡུལ་ག་ཆུ་དང་ངས་ཆུ་གཉིས་ཀྱི་འདུས་མདོར་ཆགས་པས་དེ་ལྟར་འབོད་པ་ཡིན།
  [6]ཟེ་བདེམ་ཞེས་པ་ནི་སྤྱི་ལོ་ཉིས་སྟོང་བརྒྱད་ལོའི་གོང་དུ་ཡུལ་དེར་ཟེ་མདའ་དང་བདེ་མདའ་ཞེས་པའི་སྲིད་འཛིན་གྲོང་ཚོ་ཆུང་ཆུང་གཉིས་ཡོད་ཀྱང་། རྗེས་སུ་སྲིད་གཞུང་གི་གྲོང་ཚོ་གཉིས་པོ་གཅིག་གྱུར་བཟོས་པས་ད་ལྟའི་ཆར་བསྡུས་མིང་ལ་ཟེ་བདེམ་གྲོང་ཚོ་ཞེས་གྲོང་ཚོ་ཅུང་ཆེ་བ་ཞིག་ཏུ་གྱུར་ཡོད།
[7][9][10][11]དཔལ་ལྡན་ཚུལ་ཁྲིམས། 《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ལོར། ཤ༢༦༧ལས་གསལ།
 [8]ག་ངས་དགོན་པ་ནི་སྔར་ཁྱུང་རབས་རིམ་བྱོན་གྱིས་དབུ་བླ་མཛད་པའི་དགོན་པ་ཆེན་པོ་ཞིག་ཡོད་པ་སྟེ། འདུས་སྡེ་ཁྲི་ཕྲག་ལས་བརྒལ་བའི་དགོན་ཆེན་ཞིག་ཡིན་པར་གྲགས་ཤིང་། ཕྱིས་སུ་སོག་དམག་གི་གཏོར་བརླག་བཏང་པས་ད་ལྟར་རྨིང་མེད་དུ་གྱུར་ཡོད། འོན་ཏེ་ས་ཡུལ་དངོས་ལ་བརྟག་ན་གནའ་ཤུལ་གཞི་རྒྱ་ཆེན་པོ་མཐོང་རྒྱུ་ཡོད་པ་མ་ཟད་ཁང་ཤུལ་དང་རྩིག་རྨིང་སོགས་མང་དུ་མཐོང་རྒྱུ་ཡོད། ལོ་འགའི་ཡར་སྔོན་དུ་ས་ཡུལ་དངོས་ནས་གསེར་ཡིག་སྡེབ་མ་འགའ་ཡང་ཐོན་མྱོང་། ཤོད་སྲོལ་ལ་སོག་དམག་གིས་ག་ངས་དགོན་པ་མེར་བསྲེག་བཏང་བར་གྲགས་ཤིང་། ད་ལྟའི་ཆར་གནས་དེའི་ས་འོག་ཅུང་བསྔོག་ཚེ་སོལ་བ་མང་པོ་ཐོན་བཞིན་ཡོད་པས་དོན་ལ་གནས་ངེས།
  [12]འབྱུང་གནས། «བོན་གྱི་འཇུག་སྒོ་གནད་བསྡུས» (དཔེ་བསྐྲུན་ཁང་དང་དཔར་བསྐྲུན་དུས་ཚོད་སོགས་མ་གསལ) ཤ་༡༤༦ལས་གསལ།
  [13] [14] བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། «བསྟན་འབྱུང་ཤེལ་གྱི་རྒྱང་མཐོང» ཞང་བོད་ཤེས་རིག་ཞིབ་འཇུག་དར་སྤེལ་ལྟེ་གནས་ཀྱིས་བསྒྲིགས། ཁྲིན་ཏུ་འཕེལ་རྒྱས་པར་འདེབས་ཀུང་ཟི། ༢༠༡༤ལོར་དཔར་ཐེངས་དང་པོ་བཏབ། ཤ༢༠༢ ཤ༢༥༨ བཅས་ལས་གསལ།
[15][18][19][20][21][22][23][24][25]མཁས་དབང་དཔལ་ལྡན་ཚུལ་ཁྲིམས། «མཁས་གྲུབ་ཁྱུང་སྤྲུལ་འཇིག་མེད་ནམ་མཁའི་རྣམ་ཐར་དབྱར་སྐྱེས་རྔ་དབྱངས» ཞང་ཞུང་རིག་གནས་དཔེ་རྙིང་དཔེ་ཚོགས། ཞང་ཀང་གྱི་ལིང་དཔེ་བསྐྲུན་ཀུང་སི། ༢༠༤ལོར་དཔར་ཐེངས་དང་པོ་བཏབ། ཤ༡༣༠ ཤ༡༢༦ ཤ༡༣༢ ཤ༡༣༦ ཤ༡༣༧ ཤ༡༣༨ ཤ༢༦༥ ཤ༢༦༨ ཤ༡༢༤བཅས་ལས་གསལ།
  [16] ལུང་ཐོ་དཔེ་ཆ་རྙིང་པ། ད་ལྟ་དཔོན་ཚང་ལྷ་བཟོ་ཚང་དུ་ཡོད།
  [17]དགེ་བཤེས་བློ་གྲོས་ཉི་མ། ཞང་ཞུང་རྣམ་རྒྱལ་ཕུན་ཚོགས་ཀྱི་ལོ་རྒྱུས། དེ་སྔར་དཔར་བསྐྲུན་བྱས་མེད།
  [26]དབང་ཆེན་ངོ་མཚར་རྒྱས་ཟློག་ལག་ལེན་གཞུང་དོན་གསལ་བྱེད་བཞུགས དཔེ་རྙིང་དཔར་མ། དཔེ་བདག་སྐལ་བཟང་རྒྱལ་མཚན།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།