བྱ་བཏང་རིན་ཆེན་བློ་གྲོས།
[ཟླ་ཚེས། 2023-08-25 22:41:29][རྩོམ་པ་པོ། དགེ་བཤེས་གཙུག་གཤེན་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༄༅། །སྟག་ལའི་ཐུགས་སྤྲུལ་བྱ་བཏང་རིན་ཆེན་བློ་གྲོས་མཆོག་གི་ལོ་རྒྱུས།
རྩོམ་པ་པོ། དགེ་བཤེས་གཙུག་གཤེན་རྒྱལ་མཚན།
དང་པོ། འཁྲུངས་ཡུལ་དང་ཡབ་ཡུམ་རིགས་རུས་སྐོར།
བོན་གྱི་ཡི་དམ་སྟག་ལའི་སྒྲུབ་གཤེན་བྱ་བཏང་རིན་ཆེན་བློ་གྲོས་མཆོག་ནི་མདོ་གམ་ཆུ་བཞི་སྒང་དྲུག་གི་ནང་ཚན་ཆུ་བོ་རྒྱལ་མོ་དངུལ་ཆུའི་འགྲམ་རྒྱུད། གནས་མཆོག་ཤེལ་ལེ་རྒྱ་སྐར་གྱི་ལྷོ་ཕྱོགས་སྦས་ཡུལ་ཤིང་རོང་ངམ་དེང་གི་བོད་ལྗོངས་ཆབ་མདོ་ལྷོ་རོང་རྫོང་ཤིང་རོང་ཤང་གི་ཁོངས་སུ་སྐུ་མཆོག་མངོན་པར་བཞད། ཁོང་གི་རིགས་རུས་ནི་འབྲེལ་ཡོད་ཡིག་ཆ་ཁག་ལས། མཁའ་འགྲོ་གསང་གཅོད་ཀྱི་བླ་རྒྱུད་ཚ་བེ་ཡེ་ཤེས་སེང་གེ་དང་དུས་ཕྱིས་ཁྱུང་ཡུལ་དུ་འཁྲུངས་པའི་གྲུབ་དབང་སྨོན་ལམ་རྒྱལ་མཚན(༡༨༤༢-༡༩༡༧)སོགས་སྐྱེས་མཆོག་དུ་མ་བྱོན་མྱོང་བའི་ཚ་བེའི་གདུང་རིགས་སུ་གཏོགས་པར་གསལ། ཚ་བེ་ནི་དུས་རབས་བཅུ་གཉིས་པའི་ནང་མདོ་གམ་སྨད་ནས་ཁྱུང་པོ་དང་མཉམ་དུ་མདོ་གམ་སྟོད་དུ་ཡོང་བའི་རུས་སྡེ་གཙོ་གྲས་གཉིས་ཡོད་པ་ལས་གཅིག་ཡིན་ལ། གཞན་དེ་ནི་ཁོང་གི་མ་ཡུམ་གྱི་ཆོ་འབྲང་སྟེ་ཁྲོམ་ཚང་ཡིན། ཡུལ་ཁམས་འདིར་དེང་གི་ཆར་ཡང་ཁྲོམ་རིགས་ཡིན་ཟེར་བ་མང་བས་དུས་སྐབས་དེར་ཁྱུང་པོའི་མི་སྡེ་འགའ་ཞིག་གནས་འདིར་གཞིས་ཆགས་པ་ཡིན་ནམ་སྙམ། སྤྱིར་ན་ཁྲོམ་ཚང་གི་ཡུལ་སྡེ་ཆེ་ཤོས་ལ་ཤོག་ཁ་བཞི་ཡོད་ཅིང་། འགག་གོང་དང་གཞུང་ཐ་གཉིས་ནི་དེང་གི་ནག་ཆུ་སྦྲ་ཆེན་རྫོང་ཁོངས་སུ་གནས་ཡོད། དྲིལ་རོང་དང་ཡུལ་པ་གཉིས་ནི་དེང་གི་ཆབ་མདོ་སྟེང་ཆེན་རྫོང་ཁོངས་སུ་གནས་ཡོད། འདི་དག་སྔར་བདེ་པ་གཞུང་གི་དུས་སུ་དཔོན་འགོ་གཅིག་གི་མངའ་ཞབས་ཡིན་ལ་ཧོར་ཚོ་སོ་དགུའི་གྲལ་དུ་གཏོགས་པ་ཡིན།
ཁོང་རིན་པོ་ཆེའི་འཁྲུངས་ཡུལ།
ཁོང་གི་ཡབ་ཡུམ་སྐོར་ལ་བཞེད་པ་མི་འདྲ་བ་གཉིས་སྣང་སྟེ། གཅིག《བྱ་བཏང་རིན་ཆེན་བློ་གྲོས་རིན་པོ་ཆེ་བླ་མའི་རྣམ་ཐར་བཞུགས་པ་ལེགས་སོ》(གཤམ་དུ་རང་རྣམ་ཞེས་བྲི་རྒྱུ་ཡིན)ཞེས་པ་ལས“ཤིང་རོང་བྱ་བའི་ས་ཆ་ན། ཡབ་ཚབ་བེ་མཁྲོའ། ཡུམ་ཁྲོམ་ཟ་གྲོད་ལོད་མ་གཉིས་ལ། སྲས་ལྕམ་དྲལ་ལྔ་ཡོད་པའི་ཆུང་ཤོས། བྱི་བ་ལོ་ལ་སྐུ་འཁྲུངས།” (༥༢༨)ཞེས་ཁོང་གི་ཡབ་ཀྱི་མཚན་ལ་མཁའ་འགྲོ་དང་ཡུམ་གྱི་མཚན་ལ་ཁྲོམ་བཟའ་གྲོད་ལོད་མ་ཞེས་འབོད་པ་གསལ་འདུག ཁོང་གི་རྣམ་ཐར་འདི་ནི་ཤོག་ངོས(༢༢)ཅན་གྱི་དཔེ་ཆ་སྣ་རིང་ཅན་ཞིག་ཡིན། དཔེ་ཆ་འདིའི་མཇུག་བྱང་ལས“དེ་ལྟར་ཁོ་བོའི་རྣམ་ཐར་ལོ་རྒྱུས་ཟུར་ཙམ་བཀོད་པ་འདི། དད་ལྡན་སློབ་མ་རྣམས་ཀྱིས་ཉེ་བར་བསྐུལ་ནས། བྲག་སེང་གེ་རྣམ་རྫོང་དུ་དགེ་སྦྱོར་ཐུན་མཚམས་སུ་སྦྱར་བ་དགེའོ།།”ཞེས་གསལ་བས་རྣམ་ཐར་འདི་ནི་ཁོང་རང་གིས་བརྩམས་པ་ཞིག་ཡིན་པ་ཤེས་ཐུབ། འདི་དང་ཅུང་མི་མཐུན་པ་ཞིག་མཐོང་བ་ནི《སྟག་ལ་བཅུད་དྲིལ་སྲུང་ཟློག་བསད་གསུམ་གྱི་གུར་ཁང་བཞུགས་སོ》(གཤམ་དུ་སྟག་ལ་བཅུད་དྲིལ་ཞེས་བྲི་རྒྱུ་ཡིན)ཞེས་པའི་དཔེ་ཆ་སྣ་རིང་ཞིག་གི་མཇུག་བྱང་ལས“ཡབ་ཚ་བེ་གྲོ་ལུ་འབུམ་དང་ཡུམ་མྲོ་བཟའ་འཛུམ་ལུ་མ་གཉིས་ལ། སྲས་ལྔ་འཁྲུངས་པའི་ཆུང་བ་བྱི་བ་ལོ་པ”[2]ཞེས་གསལ་ཡོད། མ་གཞི་དཔེ་ཆ་འདི་ནི་བྱ་བཏང་རིན་ཆེན་བློ་གྲོས་ཀྱིས་བསྒྲིགས་པའི་སྟག་ལའི་སྒྲུབ་གཞུང་གི་ཆ་ལག་ཅིག་ཡིན་ལ། ལེའུ་འདིའི་མཇུག་ཏུ་ཁོང་གི་ངོ་སྤྲོད་མདོར་བསྡུས་ཤིག་བཀོད་ཡོད་པ་དེ་ཁོང་གི་སློབ་རྒྱུད་ཅིག་གིས་རྗེས་སུ་ཁ་སྣོན་བྱས་པ་ལས་ཁོང་གིས་སྦྱར་བ་ཞིག་མིན་པའང་། མཇུག་བྱང་ལས“ཅེས་ཀྱང་བྱ་བཏང་རིན་ཆེན་བློ་གྲོས་དེ་ཉིད་ཀྱིས་བསྒྲིགས་པ་དགེའོ།།”ཞེས་གསལ་བས་ཤེས། དཔེ་ཆ་འདི་གཉིས་ལས་སྔ་མ་བྱ་བཏང་རང་གིས་བརྩམས་པ་ཡིན་པ་དང་། ཡིག་ཚང་གཤིབ་བསྡུར་རིག་པའི་ལམ་ནས་བརྟགས་ནའང་སྔ་མ་འདི་རང་ཡིད་རྟོན་རུང་བར་འདོད་ཡོད།
གཉིས་པ། ཁོང་གི་འཁྲུངས་ལོ་དང་སྐུ་ཚེའི་སྟོད་ཀྱི་ལོ་རྒྱུས།
མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ལགས་ཀྱིས་བརྩམས་པའི《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན》ལས“གཞན་ཡང་རབ་བྱུང་དྲུག་པའི་ནང་དཀྱིལ་དུ།། འཁྲུངས་པའི་བོན་ནག་རིན་ཆེན་བློ་གྲོས་དང་།། དབྲ་བཙུན་ནམ་མཁའ་རིན་ཆེན་ཞེས་བྱ་སོགས།།”ཞེས་ཁོང་རབ་བྱུང་དྲུག་པའི་ནང་འཁྲུངས་པ་ལས་ལོ་ཚིགས་གསལ་པོར་བཀོད་མེད།《རང་རྣམ》དང《སྟག་ལ་བཅུད་དྲིལ》གཉིས་ཀ་ལས་ཁོང་བྱི་བ་ལོར་འཁྲུངས་པ་ལས་ལོ་ཁམས་བཀོད་མེད། ཁོང་གི་འཁྲུངས་ལོ་རྟོགས་པ་ལ་ཐོག་མར་ཁོང་གི་རྣམ་ཐར་ལ་རྒྱུས་ལོན་མ་བྱས་ཐབས་མེད་ཡིན་པས། མཚམས་འདི་ནས་ཁོང་གི་སྐུ་ཚེའི་སྟོད་ཀྱི་ལོ་རྒྱུས་གླེང་རྒྱུ་ཡིན། དེ་ཡང《རང་རྣམ》ལས“ཕ་མས་མིང་འདོག་པ་སྒྲ་བླ་སྲུང་། ཆུང་ནས་དད་པ་དང་མོས་གུས་ལྡན། མས་ཀྱང་དགེ་བཤེས་བརྩོན་འགྲུས་སྒོམ་བྱ་བ་ལ། ཁྱེད་ཀྱིས་ངའི་བུ་འདི་ལ་ཡི་གེ་སློབས་དང་། སེར་མོ་བ་ཞིག་ཨི་འོང་ཟེར་བ་སྐད། འདི་བླ་མ་གཅིག་གི་བུ་ཡིན། བླ་མ་དེ་ཧ་ར་ཅི་པར་གྱི་བྱིན་གྱིས་བརླབས་པའི་རག་ཤི་རྒྱལ་མཚན་ཡེ་ཤེས་ཡིན། དེ་ནས་ལོ་བརྒྱད་དུས་སུ་བླ་མ་རྒྱ་མཚོ་དཔལ་བཟང་ལ་སྐྱབས་སྡོམ་ཞུས་ནས་མིང་རིན་ཆེན་འོད་ཟེར་བཏགས། ལོ་བཅུ་གཉིས་ཀྱི་དུས་སུ་སྟག་ཚ་བླ་རྒྱལ་དང་མཇལ་ནས་གཙང་གཙུག་གི་སྡོམ་པ་བླངས་མིང་ཡང་རིན་ཆེན་རྒྱལ་མཚན་དུ་བཏགས། ལོ་བཅོ་ལྔ་ཆགས་ཕྱིར་འབྲིང་ནས། འདུལ་བ་ཁྲོ་ཀློང་གཉིས་དང་། གབ་པ་རྫོགས་སྙན་གཉིས་ལ་སོགས་ལ་བློ་སྦྱངས་བྱས། བླ་མས་ངའི་སྒར་འདིར་དཀོར་ཞུ་བ་གཉིས་ཙམ་ཞིག་འདུག གཅིག་ལི་ཤུ་སྟག་རིང་གིས་བྱིན་གྱི་བརླབས་པའི་ཚབ་མྱག་ཡེ་ཤེས་འོད་ཟེར་ཡིན། གཅིག་ནི་ད་ལྟ་མི་གསལ། བྱི་བ་ལོ་པ་ཡིན། ནམ་ཞིག་སྒྲ་སྐད་འབྲུག་བཞིན་གྲགས་ནས་འོང་། ཀུན་གྱི་ཐོ་བཞག་བྱས་ནས། ད་ལྟ་ཁོ་བོ་ཡིན་པར་འདོད། དེ་ནས་ལོ་ཡ་ཟུང་ལ་ལི་ཤུའི་བསྙེན་པ་བསྐྱལ་ནས་མཚམས་སྒྲུབ་མཛད། ཚབ་མྱག་དྲང་སྲོང་མདུན་དུ་རྫོགས་སྙན་གཉིས་ཀྱི་རྩ་རླུང་ཞིབ་ཞུས་བྱས། དེ་ནས་རི་བཙུན་བཀྲ་ཤིས་རྒྱལ་མཚན་དང་ཞལ་མཇལ་ནས། དཔང་པོ་ཐར་གྱི་སྡོམ་པ་ཞུས་ནས་མིང་ཡང་རིན་ཆེན་བཀྲ་ཤིས་བཏགས། ལོ་གསུམ་ཆགས་ཕྱིར་འབྲིང་ནས་ཐེག་ཆེན་གཅོད་ཀྱི་གདམ་པ་དང་། རྫོགས་སྙན་གཉིས་དང་གབ་པ་སོགས་ལ་བློ་སྦྱངས་བྱས་ཤིང་། རི་འགྲིམ་ཡང་མང་དུ་བྱས། བླ་མས་ཀྱང་ནམ་ཞིག་འདི་ལ། ང་ཡི་རྒྱུད་པ་འཛིན་པ་ཅིག་འོང་གསུངས། དེ་ནས་སྨྲར་ཁྱུང་ཤེས་རབ་རྒྱལ་མཚན་དང་མཇལ་ནས་ཐེག་ཆེན་གཅོད་ཀྱི་དབང་ལུང་ཞུས། མིང་ཡང་རིན་ཆེན་ཤེས་རབ་ཏུ་བཏགས། བུ་འདི་ལས་ཅན་སྐྱེས་བུ་ཞིག་རེད་གསུངས། དེ་ནས་ཡར་དབུས་གཙང་དུ་བྱོན་ནས་གཤེན་ནམ་མཁའ་རྒྱལ་མཚན་ལ་ཚོགས་སྒྲུབ་ཞུས། ཞི་ཁྲོའི་གཏོར་དབང་རྒྱས་པར་བསྐུར་ནས། མིང་ཡང་རིན་ཆེན་ལྷུན་གྲུབ་ཏུ་བཏགས། དེ་ནས་རི་ཞིང་དུ་ལྷུན་གྲུབ་དཔལ་བཟང་དང་མཇལ་ནས། སྔོ་ཕུག་ཏུ་བདུད་རྩི་སྨན་གྱི་སྒྲུབ་པ་ཞུས། མིང་ཡང་རིན་ཆེན་གཡུང་དྲུང་དུ་བཏགས། དེ་ནས་ཚེ་སྤུངས་གཡུང་དྲུང་ཉི་ཤར་དུ་བོན་ཞིག་ཁྱུང་ནག་གི་དབོན་རྒྱུད། བོན་ཞིག་ཁྲོ་རྒྱལ་དཔལ་བཟང་དང་ཞལ་མཇལ་ནས་ཐེག་པ་ཆེན་པོ་དྲི་མེད་ལྷན་སྐྱེས་དང་། མན་ངག་དཀར་པོ་གསུམ་སྦྱོར་གྱི་དབང་ལུང་ཞུས། མིང་ཡང་རིན་ཆེན་དཔལ་བཏགས། བླ་མ་ལགས་མདང་སུམ་ཕྱེ་མར་ཅིག་མི་སྡེ་ལ་སྐྱེལ་ལེ་རྨིས་པ་ཅི་ཡིན་ལགས་ཞུས་ཛ། ཚོགས་ཀྱི་ལམ་སྒོ་བྱེ་བ་ཡིན། ཁྱོས་གཏོར་མ་གནས་སུ་ཐེངས་བ་ཡིན་གསུངས། དེ་ནས་སྨན་རི་ནས་མཁས་གྲུབ་རིན་ཆེན་རྒྱལ་མཚན་དང་ཞལ་མཇལ་ནས་དྲང་སྲོང་གི་སྡོམ་པ་བླངས་ནས་མིང་ཡང་རིན་ཆེན་བློ་གྲོས་སུ་བཏགས། མིང་ལ་རིན་ཆེན་དགུ་རུ་མ་འགྱུར་བ་དེ་རྟེན་འབྲེལ་བཟང་གསུངས།”(༥༣༢)ཞེས་གསལ་བ་འདི་དག་ཕྱོགས་བསྡོམས་བྱས་ན་ཁོང་གིས་བླ་མ་དགུ་ལ་བསྟེན་མྱོང་བ་དང་མཚན་མི་འདྲ་བ་དགུ་གསོལ་བ། ལྷག་ཏུ་ལོ་བཅུ་གཉིས་ཐོག་ཏུ་སྟག་ཚ་བླ་རྒྱལ་དང་མཇལ་ནས་གཙང་གཙུག་གི་སྡོམ་པ་ཞུས་སྐབས་མཚན་ལ་རིན་ཆེན་རྒྱལ་མཚན་ཞེས་གནང་ཞིང་། ལོ་བཅོ་ལྔའི་རིང་བླ་མ་འདིའི་ཞབས་ཕྱི་ཞུས། དེ་ནས་ལོ་ཁ་ཤས་ལ་མཚམས་སྒྲུབ་བྱས། ཡང་རི་བཙུན་བཀྲ་ཤིས་རྒྱལ་མཚན་ལགས་ཀྱི་སྐུ་འགྲམ་དུ་ལོ་གསུམ་རིང་ཁྲིད་གདམས་ཞུས། དེ་ནས་གཙང་གི་ཕྱོགས་སུ་ཕེབས་པ་ཡིན་པས་ཕལ་ཆེར་དགུང་ལོ་སུམ་ཅུ་ལྷག་ཙམ་གྱི་ཐོག་དབུས་གཙང་དུ་བསྐྱོད་པ་འདྲ། ཁོང་གིས་གཤེན་དར་སྡིངས་སུ་དམུ་གཤེན་ནམ་མཁའ་རྒྱལ་མཚན་མཇལ་བ་ཡིན་ལ། དམུ་གཤེན་ནམ་མཁའ་རྒྱལ་མཚན་ནི་གཙང་གཤེན་བཞད་པའི་བཤེས་གཉེན་གྱིས་བརྩམས་པའི《དམུ་གཤེན་གདུང་རབས་དབྱར་རྔའི་སྒྲ་དབྱངས》ལས་གཤེན་ཁྲི་འོད་རྒྱལ་མཚན་གྱི་སྲས་ཡིན་པར་བཤད་ཅིང་། མཁས་དབང་དཔལ་ཚུལ་གྱིས་བརྩམས་པའི《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན》ལས་གཤེན་ཉི་མ་རྒྱལ་མཚན(༡༣༦༠-?)མཆོག་ལ་སྲས་གསུམ(ཁྲི་འོད་རྒྱལ་མཚན། ཉི་མ་འོད་ཟེར། ནམ་མཁའ་རྒྱལ་མཚན)ཡོད་པ་ལས་གཅིག་ཡིན་པར་གསུངས་ཡོད། བྱ་བཏང་མཆོག་དབུས་གཙང་དུ་ཕེབས་སྐབས་ཀྱི་འབྲེལ་ཡོད་གནས་ཚུལ་གཞན་དག་ལ་གཞིགས་ན་གཤེན་ནམ་མཁའ་རྒྱལ་མཚན་མཆོག་ནི་དམུ་གཤེན་ཉི་མ་རྒྱལ་མཚན་གྱི་སྲས་ཡིན་པ་ཚོད་དཔག་བྱ་ཐུབ།《སྟག་ལ་བཅུད་དྲིལ》ལས“ཡང་གྲ་ས་ལ་བྱོན། སྤྱན་གཅིག་ཤེས་རབ་རྒྱལ་མཚན་གྱི་ཞལ་མཇལ། ཉིས་བརྒྱ་ལྔ་བཅུའི་ཁྲིམས་ཆེན་ཞུས། རྒྱུད་ལུང་མན་ངག་མདོ་སྡེ་འབུམ་སྡེ་ཐེག་པ་རིམ་དགུ་ལུང་ཟབ་མོ་མ་ཆད་པ་བྱུང་།”(༦༣༠)ཞེས་བྱ་བཏང་མཆོག་གིས་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན(༡༣༥༦-༡༤༡༥)དང་ཞལ་མཇལ་བར་གསུངས་མོད། ཁོང་གི《རང་རྣམ》ནང་གོང་དུ་དྲངས་པ་བཞིན་སྨན་རི་དགོན་དུ་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་མཇལ་བ་ལས་མཉམ་མེད་དང་མཇལ་བའི་སྐོར་འཁོད་མེད་པ་དང་། རང་རྣམ་གྱི་ཐོག་མཐའ་བར་གསུམ་དུ་ཁོང་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་གྱི་སློབ་མ་ཡིན་པ་ལས་མཉམ་མེད་མཆོག་དང་འབྲེལ་བ་བྱུང་བ་གསལ་མེད། གཞན་ཡང་ཁོང་དབུས་གཙང་དུ་ཕེབས་སྐབས་གཤེན་ཉི་མ་རྒྱལ་མཚན་བཞུགས་མེད་པ་དང་། ཁ་བཙུན་ཚུལ་ཁྲིམས་ཡེ་ཤེས་ཀྱིས་བརྩམས་པའི《སྟག་ལའི་བརྒྱུད་འདེབས》ལས“མཉམ་མེད་ཤེས་རྒྱལ་རྒྱལ་ཚབ་རིན་ཆེན་རྒྱལ། བོན་ནག་རིན་བློ་སློབ་དཔོན་བསོད་ཡེ་དང་།”ཞེས་གསལ་བ་རྣམས་ལ་བལྟས་ན་ཁོང་གིས་སྨན་རི་དགོན་དུ་མཉམ་མེད་ཤེས་རབ་རྒྱལ་མཚན་མཇལ་མེད་པ་ཤེས་ཐུབ། ཡང《རང་རྣམ》ལས“དེ་ནས་ལོ་བདུན་ཆག་ཕྱིར་འབྲིང་ནས། ཞི་ཁྲོ་ཕྱི་ནང་གསང་གསུམ། ཁྲོ་ཕུར་ཞང་གསུམ། རིག་འཛིན་མཁའ་འགྲོའི་སྐོར། གབ་མཛོད་ས་གསུམ། རྒྱུད་ཆེན་གསང་བ་བསེན་ཐུབ། ཁམས་བརྒྱད་མན་ངག ཨ་ཁྲིད་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད། སྤུ་གྲི་དཀར་ནག་བཅུད་དྲིལ་དང་བཅས་པ། བོན་སྐྱོང་ཕོ་རྒྱུད་མོ་རྒྱུད་གང་མཛད་དང་། ཁྱད་པར་དུ་གཉན་གྱི་སྙིང་བཅོས་དཀར་ནག་ཟབ་པ་མཛད་ནས་གནང་། བླ་མ་རིན་པོ་ཆེའི་བྱིན་རླབས་བདག་ལ་ཞུགས་ནས་མི་རྟག་པ་ཅུང་ཙམ་རྒྱུད་ལ་སྐྱེས་ནས་སེམས་རང་ངོ་ཤེས་པ་ཡང་བྱུང་། དེ་དུས་བོན་སྐྱོངས་མི་བདུད་ཀྱི་ཞལ་མངོན་སུམ་མཐོང་། ད་ནི་ཕྱི་རྒྱུད་ཀྱི་སློབ་གཉེར་ལ་དགོས་པ་མི་གདའ། ཁམས་སུ་འགྲོ་ནས་བློ་ཐག་ཆོད་ཀྱི་དགེ་སྦྱོར་ཞིག་བྱེད་བསམ་ནས་འོང་ཇ། ཕ་ཡུལ་དུ་སླེབས་ནས་ལོ་གསུམ་ལ་དགེ་སྦྱོར་དམར་པོ་བྱས། ཤིང་རོང་གི་ཡང་རྩེ་འོག་ཏུ། ཀུན་བཟང་རྒྱལ་འདུས་དང་པོམ་རའི་སྒྲུབ་པ་མཛད་དུས་བྱ་ར་མ་གསུམ་དང་པོམ་རའི་ཞལ་མངོན་སུམ་དུ་མཐོང་།”(༥༣༣)ཞེས་གསལ་ཡོད། རྒྱལ་ཚབ་རིན་ཆེན་རྒྱལ་མཚན་མཆོག་ནི་བོན་གྱི་བསྟན་རྩིས་རེའུ་མིག་ལྟར་ན། སྤྱི་ལོ(༡༤༡༥)ལོར་མཉམ་མེད་གསེར་ཁྲིར་ཕེབས་པ་ཡིན་ལ། སྤྱི་ལོ(༡༤༤༥)ལོར་སྐུ་གཤེགས་པ་རེད། གཤེན་ཉི་མ་རྒྱལ་མཚན་མཆོག་གི་འདས་ལོ་ད་སྔོན་གསལ་པོར་ཤེས་རྟོགས་ཐུབ་མེད་ཀྱང་སྤྱི་ལོ(༡༤༡༥)ལོའི་རྗེས་སུ་གཤེགས་པ་རེད། དེས་ན་བྱ་བཏང་མཆོག་གིས་དབུས་གཙང་དུ་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་མཇལ་བའི་དུས་དེ་སྤྱི་ལོ(༡༤༡༥-༡༤༤༥)བར་ཡིན་པ་རྟོགས་ཐུབ། ཁོང་གིས་རྒྱལ་ཚབ་མཇལ་བའི་སྐབས་དེར་དགུང་ལོ་སུམ་ཅུ་སོ་གསུམ་ཡན་མན་བསླེབས་ཡོད་པ་གོང་གི་རང་རྣམ་ལས་ཤེས་ཐུབ། དེ་ལྟར་དཔྱད་ན་བྱ་བཏང་རིན་ཆེན་བློ་གྲོས་མཆོག་གི་འཁྲུངས་ལོ་དེ་རབ་བྱུང་དྲུག་པའི་ཤིང་བྱི(༡༣༨༤)ལོར་ཡིན་པ་ཚོད་དཔག་བྱ་ཐུབ་བོ།།
གསུམ་པ། དགོན་པ་ཕྱག་བཏབ་སྟེ་འདུས་སྡེ་བསྐྱངས་པའི་སྐོར།
ཁོང་སྨན་རི་དགོན་དུ་ལོ་བདུན་བཞུགས་རྗེས་ཕྱིར་ཕ་ཡུལ་ཤིང་རོང་དུ་བྱོན་ཏེ་ལོ་གསུམ་རིང་མཚམས་སྒྲུབ་གནང་བ་རེད། ཁོང་བཞུགས་སའི་སྒྲུབ་གནས་གང་ཞིག་ཡིན་མིན་ཐད་ཕྲན་ནས་ཤིང་རོང་སྦས་ཐོ་གྲོང་གི་རྒན་རབས་རྟ་མགྲིན་ལགས་ལ་བཅར་འདྲི(༢༠༢༣-༨-༢༣)ཞུས་དུས། ཁོང་གིས་གསུངས་པ་ལྟར་ན། དེང་སང་ས་མིང་ལ་ཐིས་ཉག་ཟེར་བ་དེར་ཁོང་བཞུགས་མྱོང་བའི་ངག་རྒྱུན་ཡོད་ཟེར་བས། ང་ཚོ་དེར་བསྐྱོད་ནས་བརྟག་དཔྱད་བྱས་པས་ཉག་ཁ་དེར་ཁང་པའི་རྩིག་ཤུལ་མཐོང་རྒྱུ་འདུག དེས་ན་ཁོང་གི་རང་རྣམ་དུ“ཤིང་རོང་གི་ཡང་རྩེ་འོག་ཏུ། ཀུན་བཟང་རྒྱལ་འདུས་དང་པོམ་རའི་སྒྲུབ་པ་མཛད།”ཅེས་པའི་ས་གནས་དེ་འདིར་ཡིན་ནམ་སྙམ། ཡང《རང་རྣམ》ལས“དེ་ནས་བསྟན་པ་ལ་ཕན་ཅིག་ཐོགས་སྙམ་ནས། རྒོན་ཆུང་ཡ་ཟུར་ཡང་བྱས། གྲལ་བརྒྱ་སྐོར་ཡང་ཆགས་ནས། མཚན་ཉིད་ཀྱི་གྲ་ཡང་ཅུང་ཙམ་བྱས”(༥༣༣)ཞེས་གསལ་ཞིང་། འོད་ཟེར་སྦྱིན་པ་ལགས་ཀྱིས་བརྩམས་པའི་སྦས་ཐོ་དགོན་གྱི་ལོ་རྒྱུས《རབ་གསལ་ཤེལ་གྱི་མེ་ལོང》ལས“དེ་ནས་དགོན་འདིའི་བསྟན་པའི་བདག་པོ། བོན་ནག་རིན་ཆེན་བློ་གྲོས་ཀྱིས་གཙོ་འགན་བཞེས་ཤིང་དེའི་སྐབས་ཁྱིམ་སྤང་རབ་བྱུང་གི་སྡེ་དང་། དགེ་བསྙེན་ཁྱིམ་པའི་སྡེ་གཉིས་སུ་ཕྱེས་ནས་འདུས་སྡེ་སུམ་བརྒྱ་ལས་བརྒལ་བ་བྱུང་བ་དང་། དགེ་བསྙེན་པ་རྣམས་ལོ་རེར་ཞག་བརྒྱ་རེ་དགོན་པར་བཞུགས་ནས་སྒོམ་སྒྲུབ་ཉམས་ལེན་བྱེད་པའི་སྲོལ་བཟང་བཙུགས།”ཞེས་གསལ་བ་དང་། དགེ་བཤེས་ཤེས་རབ་གྲགས་པས་བཏུས་རྩོམ་བྱས་པའི《ཞང་བོད་གདན་རབས》ལས་སྦས་ཐོ་དགོན་གྱི་ལོ་རྒྱུས་འཆད་སྐབས“བོན་ནག་རིན་ཆེན་བློ་གྲོས་དགོན་འདིའི་བསྟན་པའི་བདག་པོར་མངའ་གསོལ། དེའི་སྐབས་ཁྱིམ་སྤང་རབ་བྱུང་གི་སྡེ་དང་། དགེ་བསྙེན་ཁྱིམ་པའི་སྡེ་གཉིས་སུ་ཕྱེས་ནས་འདུས་སྡེ་རྒྱ་ཆེན་པོ་བྱུང་བའི་ལོ་རྒྱུས་དང་ཆགས་ཤུལ་ད་ལྟའང་མཐོང་བ་མངོན་སུམ་དུ་གྱུར།”(༣༤༧)ཞེས་གསལ་ཡོད། ཡིག་ཆ་འདི་དག་ལ་གཞིགས་ན་ཁོང་དགུང་ལོ་བཞི་བཅུ་ལྷག་ཙམ་སྟེ། སྤྱི་ལོ(༡༤༢༤)གཡས་གཡོན་དུ་ཡུལ་དེའི་རྒྱབ་རི་ཤིང་ཤོད་གཡུང་དྲུང་སྤུངས་རིའི་མདུན་ཞོར་དུ་དགོན་པ་བཏབ་སྟེ་འདུས་སྡེ་བསྐྱངས་ཡོད་པ་དང་། གྲྭ་སའི་ལུགས་ལྟར་མཚན་ཉིད་རྩོད་གྲྭ་ཡང་ཅུང་ཙམ་བྱས་མྱོང་བ་ཡིན་ནམ་སྙམ། སྦས་ཐོ་དགོན་གྱི་མཁན་པོ་གཡུང་དྲུང་ཉི་མ་ལགས་ནས་གསུངས་པ་ལྟར་ན། བྱ་བཏང་རིན་ཆེན་བློ་གྲོས་མཆོག་གིས་སྐབས་དེར་འདུས་སྡེ་བཙུགས་ས་ནི་དེང་གི་དགོན་པའི་གཡོན་ངོས་སུ་དགོན་ཤུལ་གྱི་གྱང་རོ་མཐོང་རྒྱུ་ལྷག་འདུག་པ་དེར་ཡིན་ཟེར། གང་ལྟར་ཁོང་གི་སྐུ་དུས་སུ་ཤིང་རོང་ཕྱོགས་སུ་གྲྭ་བཙུན་བརྒྱ་ལྷག་ཙམ་འདུས་སྡེ་ཚུགས་ཤིང་བོན་གྱི་བསྟན་པ་རྒྱས་པའི་འགོ་ཚུགས་ཡོད་འདུག །
ཁོང་གི་གདན་སའི་ཞིག་ཤུལ།
ཡང《རང་རྣམ》ལས“དེའི་དུས་སུ་གེ་ཤན་དུན་རྩེ་དགྲར་ལངས་ནས། མི་ཆོས་ཀྱི་རྩོད་པ་ཡང་བྱས། ལྷ་ཆོས་ཀྱི་མཐུ་འགྲན་ཡང་བྱས། ལྷ་ཆོས་ཀྱི་མཐུ་འགྲན་ཡང་བྱས་ནས། དུན་རྩེ་འགའ་ཞིག་ཁྲག་སྐྱུག་ནས་ཤི། མཐུ་ཡི་གྲགས་པ་ཐོགས་ཡང་ལན་ཅིག་བྱུང་། དེ་ནས་བན་བོན་བསྟན་པ་རྩོད་ལ་དགོས་པ་མི་གདའ། ཆགས་སྡང་རྨོངས་གསུམ་རེད། རང་ཡང་རྒས་ཤི་གསུམ་ནི་མ་གཏུག བླ་མ་ད་ལྟ་མངོན་སུམ་དུ་བཞུགས་པ་ལ། གདུལ་བྱ་ཆེ་བ་དང་མཐུའི་གྲགས་པ་ཐོབ་པ་ཡང་། འཇིག་རྟེན་པའི་ལྟར་སྣང་རེད་ན་ཡང་། བླ་མའི་བཀའ་དྲིན་ཡིན་པས། བླ་མ་མཇལ་དུ་སོང་བ་ལ། ལམ་དུ་བར་ཆོད་མེད་པར་བླ་མའི་མདུན་དུ་ཕྱིན། རྟ་དྲིལ་ཇ་གསུམ་གསེར་དངུལ་གོས་དར་སོགས། ཟང་ཟིང་གི་འབུལ་བ་ཡང་མང་དུ་བྱས། མི་ཀུན་གྱིས་གསེར་དངུལ་གྱི་འབུལ་བ་ཆེ་ལུགས་ཀྱིས་བླ་མའི་སྐུ་ཚེ་ལ་ཨི་གནོད་ཟེར་བ་བྱུང་། བླ་མ་རིན་པོ་ཆེའི་ཞལ་ནས། སྔར་ཡང་མི་གཅིག་གི་འདི་བས་འབུལ་བ་ཆེ་འོང་མ་མྱོང་གསུངས་སོ།། ཐེག་པ་ཆེན་པོའི་གདམ་ངག་ཡང་དུ་ཞུས། ད་ནི་གྲལ་པ་འདི་རྣམས་སྐུ་མདུན་དུ་སློབ་གཉེར་བྱེད་ནི་འདུག་འཇུག ང་ནི་བཀྲ་ཤིས་ཕྱུག་མོ་རི་ན་ལོ་གསུམ་དགེ་སྦྱོར་ཐག་ཆོད་བྱེད་ཞུས་ཛ། བླ་མ་རིན་པོ་ཆེའི་ཞལ་ནས། དེ་འདྲ་ཅི་ཡང་མ་བྱེད་ཁྱེད་རང་རང་གི་ཕ་ཡུལ་དུ་སོང་ལ་བསྟན་པ་ལ་ཕན་ཅི་ཐོག་གྱིས། དེ་སྔ་ཡང་བསྟན་པ་ལ་ཕན་ཐོག་པ་བྱུང་། སྐད་གཡུ་འབྲུག་བཞིན་དུ་གྲགས་བྱུང་ཨ་ལ་ལ། གེ་ཆོད་ང་ཡང་དགའ་བྱུང་། བླ་མའི་བཀའ་མ་བཅག་ནས། ཁམས་སུ་ཡུང་ནས་ཕ་ཡུལ་དུ་བསྡད་ནས་བསྟན་པའི་ཆ་ལུགས་བྱས་པ་ལ། ཡང་སྔོན་གྱི་ལས་ཀྱི་འཕེན་ལེན་གྱིས། བན་དྷེའི་གྲ་ལང་སྟོང་དམག་མང་པོས་ལན་གཅིག་ལན་གཉིས་བསྐོར་དུས་སུ། མི་ཆོས་ཀྱི་རྩོད་པ་བྱས། ལྷ་ཆོས་ཀྱི་མཐུ་འགྲན་བྱས། མི་ཆོས་ལྷ་ཆོས་གང་ཡང་རྒྱལ་བ་བྱུང་། མཐུ་ཡི་གྲགས་པ་ནི་འཇིག་རྟེན་ཁམས་ན་དུག་པ་བྱུང་། གྲ་པ་ཡོན་བདག་རྣམས་རྐང་བཟང་པ་དང་། རང་ཡང་ཐབས་ཐུགས་རྗེ་དང་མ་བརླག་པ་ཙམ་བྱུང་བ་འདི། བླ་མའི་བཀའ་དྲིན་དང་། ཡི་དམ་སྟག་ལའི་ཐུགས་རྗེ་བྱིན་རླབས་ཡིན་བསམ་པ་བྱུང་།”(༥༣༥)ཞེས་ཁོང་གིས་འདུས་སྡེ་བསྐྱངས་ནས་ལོ་ཤས་འདས་རྗེས་བསྟན་པ་རྒྱས་པ་ལ་ཉེ་འགྲམ་གྱི་གྲུབ་མཐའ་གཞན་པ་ཁག་འཕྲག་དོག་ལངས་ཏེ། ཁྲིམས་ལ་གཏུགས་པ་དང་མཐུ་རྒྱག་པ་སོགས་ཀྱི་བར་ཆོད་བྱས་པར་བརྟེན། ཁོང་གི་མཛད་འཕྲིན་ལ་དཀའ་ཁག་ཆེན་པོ་འཕྲད་ཡོད། ཤིང་རོང་ཕྱོགས་སུ་ད་ལྟ་ཡང་བོན་སྡེ་མང་པོ་མེད་ཅིང་གཡས་གཡོན་གྱི་ཡུལ་སྡེ་ཕལ་ཆེར་གྲུབ་མཐའ་གཞན་པ་ཡིན། ཁོང་གི་སྐུ་དུས་སུ་ཡང་ཡུལ་ཕྱོགས་འདིར་གྲུབ་མཐའ་གཞན་པ་མང་བ་འདྲ། དེ་ནས་ཁོང་སླར་ཡང་སྨན་རི་དགོན་དུ་བྱོན་ཏེ་རྩ་བླ་རིན་ཆེན་རྒྱལ་མཚན་མཆོག་ལ་དབེན་པའི་རི་ཁྲོད་འགྲིམ་རྒྱུའི་ཐུགས་འདུན་ཞུས་ཀྱང་། བླ་མས་བོན་བསྟན་སྤྱི་ལ་ཕན་ཕྱིར་ཁོང་སླར་ཡང་ཕ་ཡུལ་དུ་ཕྱིར་ཕེབས་ནས་སྔོན་གྱི་བསྟན་པའི་འཕྲོ་བསྐྱང་དགོས་པའི་བཀའ་སློབ་བསྩལ་ཡོད། ཁོང་མུ་མཐུད་ཕ་ཡུལ་དུ་བཞུགས་རྗེས་སླར་ཡང་གྲུབ་མཐའ་གཞན་གྱིས་བར་ཆོད་བྱས། སྐབས་དེར་ཁོང་གི་མཐུ་ནུས་ལ་སྐད་གྲགས་ཆོད་ཅིང་གྲུབ་མཐའ་གཞན་དག་གིས་བོན་ནག་ཅེས་སྨ་འབེབས་བྱས་པས་ཕྱིས་སུ་བོན་ནག་རིན་ཆེན་བློ་གྲོས་ཞེས་འབོད་སྲོལ་བྱུང་འདུག ཡུལ་འདིའི་རྒན་རབས་མཆོད་རྟེན་ལགས་ནས་གསུངས་པ་ལྟར་ན། ཁོང་ཐིས་ཉག་ནས་མར་ཡོང་སླབས་ཡུལ་དེའི་ས་མཚམས་སྲུང་མཁན་གྱིས་རྗེས་དེད་ནས་རི་རྡལ་ཞེས་པའི་འགག་འཕྲང་ལས་འཕངས་པས། ཁོང་གིས་དབུ་ཞྭ་ལན་གསུམ་བརྡབས་པས་སྐྱེ་བོ་དེ་ཚང་ཁྱིམ་གཞིས་སྟོང་པར་ཕྱིན་པ་རེད་ཟེར། གང་ལྟར་ཁོང་གི་ལོ་རྒྱུས་དང་ངག་རྒྱུན་བཅས་ལ་གཞིགས་ན་ཁོང་ལ་བར་ཆད་མང་པོ་འཕྲད་ཡོད་པ་ཤེས་ཐུབ་པས་མི་ཚད། ཁོང་ལ་དམིགས་བསལ་མཐུ་ནུས་ཆེན་པོ་ཡོད་པ་ཤེས་ཐུབ་ཀྱིན་འདུག་གོ།
ཁོང་བཞུགས་མྱོང་བའི་གནས་ཤུལ།
བཞི་པ། བསྟན་པ་བར་ཆད་ལྡངས་ཏེ་ཡུལ་གཞན་དུ་ཕེབས་དགོས་བྱུང་བ།
གོང་དུ་ཁོང་གི་རྣམ་ཐར་ལས་མི་ཆོས་ལྷ་ཆོས་གཉིས་ཀ་ལས་རྒྱལ་བ་བསྟན་ཀྱང་དོན་དངོས་སུ་ཁོང་ལ་དཀའ་ཁག་ཧ་ཅང་ཆེན་པོ་འཕྲད་དེ་དབུས་གཙང་དུ་བླ་མའི་འགྲམ་དུ་གནས་ཚུལ་ཞུ་རུ་ཕེབས་དགོས་བྱུང་བ་རེད། བླ་མས་མུ་མཐུད་བསྟན་པ་བསྐྱང་དགོས་པའི་བཀའ་སློབ་གནང་རྗེས་མུ་མཐུད་དེ་ཕ་ཡུལ་དུ་བཞུགས་ཀྱང་བར་ཆོད་སྔར་ལས་ཆེ་བ་བྱུང་བ་མ་ཟད། ཐ་ན་སྐུ་སྲོག་ལ་ཡང་ཉེན་ཁ་འཕྲད་ཡོད་པ་རེད། དེ་ཡང《རང་རྣམ》ལས“དེ་ནས་ཕ་ཡུལ་དུ་དཔོན་དང་བླ་མ་གཉིས་ཀ་བྱེད་ཅིང་འདུག་པ་ལ་དགོས་པ་མི་གདའ། མི་ཡུལ་དུ་འགྲོ་ནས་དགེ་སྦྱོང་ཐག་ཆོད་པ་ཅིག་བྱེད་བསམ་ནས་ཡོད་ཙམ་ན། མཁའ་འགྲོ་མ་དྲིལ་ལ་བཅིབས་པ་ཅིག་གིས་ཆང་ཞིག་བླུད་ནས་འདི་སྐད་ཟེར་བའི་སྣང་བ་བྱུང་། ཕ་ཡུལ་དུ་ཡུན་མ་རིང་། ཡུན་རིང་ན་བདུད་ཆེན་ཐར་པ་མགོན་ཅེས་བྱ་བའི་སྐྱེ་བ་ཞིག་གིས་ཁྱོད་ལ་བར་ཆད་ཡོད། ཡུལ་རྒྱ་ཤོད་རྐོང་པོའི་ཡུལ་དུ་སོང་། གནས་ཆེན་བོན་རི་ལ་བསྒྲུབ་པ་བརྒྱ་རྩ་གྱིས། ཚོགས་ཀྱི་འབྲེལ་བ་ཁྲི་ཚོ་གྱིས། དཔའ་བོ་དཔའ་མོ་རྣམས་ལ་འབྲེལ་བ་ཞོགས། ཅེས་མཁའ་འགྲོ་མས་ལུང་བསྟན་པའི་ཚུལ་དུ་གསུངས་སོ།།”(༥༣༩)ཞེས་དང་། ཡང་དེ་ཉིད་ལས།“དེ་བས་གྲྭ་འཁོར་མང་པོ་མ་ཁྲིད་ནས། གཅིག་པུར་རྐོང་པོའི་ཡུལ་དུ་ཕྱིན་པས། རི་བོན་རི་ཆེན་པོ་ལ་ལོ་དགུ་ཙམ་བསྡད་ནས། ལུང་ཐོབ་བོན་ལ་བསྒྲུབ་པ་སུམ་ཅུ་ཙམ་ཡང་བྱས། ཚོགས་ཁྲི་ཚོ་གསུམ་ཙམ་བྱས། ཐེག་ཆེན་དགོངས་པ་མཐིལ་དུ་ཕེབས། རྩལ་ངེས་མེད་འགྲོ་དོན་ཀུན་ཏུ་བྱེད་བསམ་པའི་ཉམས་ཡང་སྐྱེས། ཕྱི་ནང་གི་མེ་ལྷ་དང་འདུལ་གཤེན་དྲུག་ལ་སོགས་ལྷ་ཚོགས་འགའ་ཡི་ཞལ་ཡང་གཟིགས།”(༥༤༠)ཞེས་སོགས་གསལ་ཡོད། དེ་བཞིན《སྟག་ལ་བཅུད་དྲིལ》ལས་ཀྱང་།“རྐོང་ཡུལ་དུ་བྱོན་ནས་བསྒྲུབས་པ་བརྒྱ་རྩ་བརྒྱད་མཛད། སྟག་ལའི་ངོ་བོ་ཡིན་པས་དུན་ཙེ་སྟོང་ཚོ་ཡོ་ལིང་བཏང་ཟེར་བ་བྱུང༔”(༦༥༣)ཞེས་གསལ་བས་ཁོང་སྐུ་ཚེའི་དཀྱིལ་སྨད་ནས་བཟུང་ཤིང་རོང་དུ་བཞུགས་སྟབས་མ་བདེ་བས་ཀོང་པོ་བོན་རིར་བྱོན་ཏེ་སྒོམ་སྒྲུབ་ཉམས་ལེན་གནང་ཡོད་པ་ཤེས་ཐུབ།
ལྔ་པ། ཁོང་དང་འབྲེལ་བའི་ཚ་ཁང་སྣ་ཚོགས་ཡོད་པ།
ཕྲན་རང་ཁོང་དང་འབྲེལ་བའི་གནས་ཚུལ་སྐོར་ནས་ཡུལ་དངོས་རྟོག་ཞིབ་བྱེད་དུ་སྐྱོད་སྐབས་དམངས་ཁྲོད་དུ་ཁོང་གི་ཚ་ཁང་རེད་ཟེར་བ་མང་དུ་མཐོང་རྒྱུ་འདུག དཔེར་ན། དེང་གི་ཆར་ཤིང་རོང་སྦས་ཐོ་གྲོང་གི་མར་ཤམ་དུ་བོན་ནག་ཚ་ཁང་ཟེར་བ་ཁོང་གིས་བཞེངས་པའི་ཚ་ཁང་ཞིག་འདུག ཚ་ཁང་འདི་ནི་ཉམས་གསོ་ཐེངས་མང་པོ་བྱས་མྱོང་བ་མངོན་གསལ་དོད་པོ་རེད། ཡུལ་འདིའི་གྲྭ་བཙུན་ཚུལ་ཁྲིམས་ནོར་བུ་ལགས་ནས་གསུངས་པ་ལྟར་ན། བྱ་བཏང་རིན་ཆེན་བློ་གྲོས་མཆོག་གི་སྐུ་དུས་སུ་ཡུལ་སྡེ་མང་ཆེ་བ་དེང་གི་མར་གྲོང་ཞེས་པའི་ས་དེར་ཆགས་ཡོད་པ་ལ། འབུར་ནག་ནད་ཡམས་ཀྱི་གནོད་པ་བྱུང་བས་ཁོང་གིས་དེ་བཟློག་ཆེད་དུ་ཚ་ཁང་འདི་བཞེངས་པར་བཤད་སྲོལ་ཡོད་ཟེར། ཡང་ཤིང་རོང་ག་འབུམ་གྲོང་དཀྱིལ་ཚ་ཁང་ཞིག་ཡོད་ཅིང་། དེ་ལ་ཡུལ་མི་རྣམས་ཀྱིས་བོན་ནག་ཚ་ཁང་ཞེས་འབོད་པ་དང་བཤད་སྲོལ་ལ་དེར་ཁོང་གི་སྐུ་གདུང་བཤམས་ཡོད་པ་རེད་ཟེར། ཤིང་རོང་གྲྭ་དགོན་གྱི་བླ་མ་རྣམ་སྲས་མཆོག་གིས་གསུངས་པ་ལྟར་ན། བྱ་བཏང་རིན་ཆེན་བློ་གྲོས་ཁོང་གིས་རྒྱལ་མོ་དངུལ་ཆུའི་འགྲམ་རྒྱུད་གང་སར་འགྲོ་དོན་མཛད་མྱོང་བ་དང་། དེང་གི་ལྷོ་རོང་ཤོག་ལྔ་དང་ཚ་རོང་མཛོ་སྒང་སོགས་སུ་ཡང་བྱ་བཏང་ཁོང་གིས་བཞེངས་པའི་ཚ་ཁང་ཡོད་ཟེར། གཞན་ཡང་ཁོང་གི་རང་རྣམ་ནང་དུ་ལུང་བསྟན་བྱུང་ཚུལ་དང་ཉམས་སྐྱེས་ཚུལ། རྟོགས་པ་ཤར་ཚུལ་སོགས་འགའ་ཞིག་སྣང་མོད་འདིར་ཡིག་ཚོགས་ལ་འཇིགས་ནས་བཀོད་མེད། མོས་པ་ཅན་ཚོས་ཁོང་གི་རྣམ་ཐར་ལ་གཟིགས་ན་ཆོག གཞན་ཁོང་གི་སྐུ་གཤེགས་ཡུལ་དང་གཤེགས་དུས་སོགས་ནི་ད་སྔོན་ལག་ཏུ་སོན་པའི་ཡིག་ཆ་ཁག་ཏུ་མ་གསལ་བས་ད་དུང་དཔྱད་གཞི་གཞན་པ་འཚོལ་ཏེ་མུ་མཐུད་དེ་དཔྱད་དགོས་པར་སྣང་ངོ་།།
ཁོང་གིས་བཞེངས་པའི་ཚ་ཁང་།
ཞེས་རྩེ་དྲུག་དགོན་གྱི་དགེ་བཤེས་ཀྱི་གྲལ་མཐར་གནས་པ་གྱི་ན་བ་གཙུག་གཤེན་རྒྱལ་མཚན་གྱིས་འབྲེལ་ཡོད་ཡིག་ཆ་ཁག་དང་ངག་རྒྱུན་སོགས་ལ་བརྟེན་ནས་དམ་པ་ཁོང་གི་རྣམ་ཐར་མདོར་བསྡུས་ཙམ་ཞིག་གྱིམ་ཤོད་ཤེལ་བྲག་དགའ་བའི་ཚལ་དུ་བོད་རབ་བྱུང་བཅུ་བདུན་པའི་ཆུ་ཡོས(༢༠༢༣-༨-༢༥)ལོར་མཇུག་རྫོགས་པར་བགྱིས་པ་འདི་ཡང་དཀར་ཕྱོགས་དབུ་འཕང་མཐོ་བའི་རྒྱུ་རུ་གྱུར་ཅིག བཀྲ་ཤིས་དགེའོ།།