ཞང་བོད་གྲུབ་ཆེན་བརྒྱད་ཅུ་ངོ་སྤྲོད་མདོར་བསྡུས་མེས་པོའི་ཞལ་ལུང་།

[ཟླ་ཚེས། 2023-04-10 14:22:53][རྩོམ་པ་པོ། སེང་སྤྲུལ་རིག་འཛིན་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


འཆི་མེད་གཙུག་ཕུད།

  ཡབ་ནི་ཁུ་བྱུག་ལས། ཡབ་འཕྲུལ་གཤེན་སྣང་ལྡན་ཞེས་འབྱུང་བ་དང༌། རྩ་རྒྱུད་གསང་བ་བསེན་ཐུབ་ལས། ཡབ་ཁྲི་ཞི་ནམ་ཏིང་ཞེས་འབྱུང་བ་ནི་མཚན་འགྱུར་ཏེ། མ་རྒྱུད་ལས། ཁྲི་ཞི་ནམ་ཏིང་ཞེས་ཀྱང་བྱ། ཡབ་འཕྲུལ་གཤེན་སྣང་ལྡན་ལ་ཡོན་ཏན་ཞེས་དང༌། སྤྱི་སྤུངས་དོན་རྒྱུད་ལས། གཤེན་ཁྲི་ཞི་ནམ་ཏིང་སྤྲུལ་པའི་སྐུར་བསྟན་ནས་འཁྲུལ་གཤེན་སྣང་ལྡན་དུ་མཚན་གསོལ་བ་སྟེ། ཞེས་སོ། དེ་ཉིད་བྱ་ཁུ་བྱུག་ཏུ་སྤྲུལ་ནས་ཡུམ་བཟང་ཟ་མཚོ་འགྲམ་དུ་བཞུགས་པའི་ཕྲག་གཡས་སུ་བབ་པ་ལས་སྲས་ཤིག་བལྟམས་པ་ལ། དགོངས་པ། སྟང་མེད་ལུས་ལ་བུ་སྐྱེས་པ། ས་བོན་མེད་པའི་མྱུ་གུ་ཁྱོད། རིན་ཆེན་བསིལ་ཡབ་གནས་སུ་སྡོད། ཅེས་སྨྲས་མཚོ་འགྲམ་གསེར་ཕྱེ་བྲུས། རིན་ཆེན་ཁང་བུ་ཕུབ་ནས་བཞག ཞག་དགུ་ལོན་ནས་འོད་ཟེར་འབར། ཡུམ་ཡང་སྲས་ལ་བལྟ་རུ་བྱོན། སྲས་ཀྱིས་ཡུམ་དེ་ངོ་ཤེས་ནས། ཞལ་འཛུམ་མདངས་གསལ་འོད་དུ་འབར། གཙུག་ཏུ་ཨུད་འབར་སུམ་བརྩེགས་འཁྲུངས། དེ་ལ་ཡུམ་ཡང་ངོ་མཚར་ནས། ཡེ་སྲིད་རྒྱལ་བ་ལྷ་ཡི་སྲས། སྐྱེ་འཆི་མེད་པ་གཡུང་དྲུང་སྐུ། འགྱུར་མེད་ཡེ་ཤེས་ལྔ་ཡི་འོད། མུན་སེལ་སྒྲོན་མ་འགྲོ་བའི་མགོན། ཞག་དགུར་བོར་བས་མ་ཤི་བར། ཨུ་དུམ་འབར་རའི་གཙུག་ཕུད་འཁྲུངས། འཆི་མེད་གཙུག་ཕུད་ཞེས་སུ་བཏགས། ཞེས་རྒྱུད་ཉི་སྒྲོན་དང་སྤྱི་སྤུངས་དོན་རྒྱུད་ལས་གསུངས་སོ། །འོ་ན་ཡེ་གཤེན་དང་འཆི་མེད་གཉིས་སྐུ་ངོ་བོ་གཅིག་གམ་ཐ་དད་ཅེ་ན། འདི་ལ་སྒ་སྟོན་ཚུལ་རྒྱལ་གྱིས། འཆི་མེད་དང་ཡེ་གཤེན་གཙུག་ཕུད་གཉིས་ངོ་བོ་ཐ་དད་དུ་མི་བསམ་སྟེ། གཉིས་ཀ་ཨུ་དུམ་འབར་བའི་ཐོར་ཚུགས་ཀྱིས་ངེས་པའི་ཕྱིར་རོ། ཞེས་བཤད་དོ། འོག་མིན་ནས་བོན་གསན་ཚུལ་ནི། རྒྱུད་ཉི་སྒྲོན་ལས། སྲས་ཀྱི་ཡུམ་ལ་གསོལ་པ། ཨེ་མ་ཀུན་བཟང་གསང་བའི་ཡུམ། བདག་ཉིད་འགྲོ་བའི་དོན་ལ་དགོངས། འགྲོ་བ་འདུལ་ཐབས་འཕྲུལ་དག་བོན། འོག་མིན་དབྱིངས་ན་ཡབ་ལ་མངའ། བདག་ནི་དེ་རུ་ལུང་ཞུར་འགྲོ། ཞེས་གསུངས་པ་ལྟར་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་ནས་འོག་མིན་བོན་གྱི་དབྱིངས་སུ་སྟོན་པ་གཤེན་ལྷ་འོད་དཀར་བཞུགས་པའི་དྲུང་དུ་ཕྱིན་ནས་ཡེ་ཤེས་ཀྱི་སྣང་བ་ཆེན་པོའི་མཆོད་པས་བོན་དབྱིངས་བཀང་ནས་གསང་བ་བླ་མེད་ཀྱི་བོན་རྣམས་གསུངས་པར་ཞུས་པས། སྟོན་པ་ཉིད་ཀྱི་སྐུའི་གནས་རྣམས་ནས་འོད་ཟེར་ནམ་མཁའ་གང་བར་སྤྲོས་པས་སྣང་སྲིད་ཀྱི་འཇིག་རྟེན་ཀྱང་གཡོ་འགུལ་མེར་ལྡེག་འུར་ཐུག་སྟེ་རྣམ་པ་དྲུག་ཏུ་གཡོ་བའི་ཆོ་འཕྲུལ་དང་བཅས་ཏེ་རང་སྣང་གི་འཁོར་བསམ་གྱིས་མི་ཁྱབ་པ་རྣམས་ལ་བོན་གསུངས་པ་ནི། རྒྱུད་སྟོང་རི་ཐོ་ཆེན་ལས། ཉི་མ་ཤར་ལ་ཞལ་གྱུ་ནས་གསང་སྔགས་སྤྱི་སྤུངས་ལེའུ་ཁྲི་དྲུག་སྟོང་གསུངས་པ་ལ། དོན་དྲུག་རྒྱུད་དང་བདུན། རྒྱུད་དྲུག་སྡོམ་དང་བདུན། ཞེས་དང༌། ཉི་སྒྲོན་ལས། འགྲོ་བ་སེམས་ཅན་གྱི་དོན་དུ་འཕྲུལ་ངག་བདེན་པའི་བོན། གནམ་གྱི་སྐར་མ་ཙམ། རྩ་ཡི་མཆོག་མ་ཙམ། བྱེ་མའི་ལ་ཙམ་གསུངས་སོ། ཞེས་སོ། དེ་ལྟ་བུའི་བོན་རྣམས་ཐུགས་སུ་ཆུད་ནས་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་ནས་སླར་རང་གནས་སུ་ཕྱིན་ཏེ་ཡུམ་སྲས་མཇལ། ཡུམ་གྱིས་རྫོགས་སྐུ་ལས་བོན་ཉན་པས་ཁྱོད་ལ་ཤེས་རབ་རྒྱས་པའི་དོན་རྟགས་ཅི་ཞིག་མངའ་ཞེས་གསུངས་པས། སྲས་ཀྱི་སྐུ་གསུང་ཐུགས་ཀྱི་རྟགས་གསུམ་གསུམ་དགུ་ཕྲུགས་ཅིག་བདོག་གསུངས། དེར་ཡུམ་གྱིས་གཟིགས་པས། སྐུའི་རྟགས་གསུམ་ནི། དབུ་ལས་སྤྲུལ་པའི་འོད་ཟེར་བདུན་ཁྲི་དུས་གཅིག་ཏུ་ཤར། སྐུ་ལས་ཡེ་ཤེས་ཀྱི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་འགྱེད། ཞབས་ལ་འབྱུང་བ་ལྔའི་འཁོར་ལོ་བསྐོར་བ། གསུང་གི་རྟགས་གསུམ་ནི། སྨྲང་ཚིག་ཆུ་བོའི་གཞུང་ཙམ་ཞིག་སྦྱངས། བདེན་པའི་ལུང་ཉི་ཁྲི་བདུན་འབུམ་ཞལ་ནས་འདོན། གཡུང་དྲུང་གི་བོན་ཟབ་ལ་གཏིང་རིང་བ་བསླབས། ཐུགས་ཀྱི་རྟགས་གསུམ་ནི། ཐུགས་ལ་གསང་བའི་ཡི་གེ་ཨ་དཀར་པོ་ལུས་ཀྱིས་མ་བསྒྲིབས་པར་གསལ། རྟོགས་པའི་ཡེ་ཤེས་ནམ་མཁའ་དག་པའི་ངོགས་ལྟར་གྱུར། མཁྱེན་པའི་ཡེ་ཤེས་ཅིར་ཡང་མ་བསྒྲིབས་པར་མངའ་འོ། ཞེས་མ་རྒྱུད་སོགས་ལས་གསུངས་སོ། །གཉིས་པ་གནས་ཕུན་སུམ་ཚོགས་པ་ནི། ཡུམ་གྱིས་འོ་ན་འོ་སྐོལ་ཡུམ་སྲས་ཀྱི་བཞུགས་པའི་གནས་གང་བཟང༌། ཞབས་ཀྱིས་འཆག་ས་གང་བདེ། བསྒྲུབས་པའི་གནས་སུ་གང་ལེགས་གསུངས་པས། སྲས་ཀྱིས་ཞལ་ནས། བཞུགས་པའི་གནས་སུ་རྩེ་དྲུག་ལྷུན་གྱི་སྒང་བཟང༌། ཞབས་ཀྱི་འཆག་ས་རིན་ཆེན་གཡུ་སྟེང་ཚལ་བཟང༌། སྒྲུབ་པའི་གནས་གཡུ་ལུང་ཤེལ་གྱི་བྲག་ཕུག་བཟང་བས་འཚོལ་ཞིག་གསུངས། ཡུམ་གྱིས་རིན་པོ་ཆེའི་རི་ལྷུན་ཆགས་པ་ལ་ཤེལ་གྱི་རྩེ་མོ་དྲུག་ཡོད་པ་ཞིག་སྤྲུལ། གཡུའི་ལུང་པ་ལ་གསེར་གྱི་མེ་ཏོག་བཀྲ་བ་ཞིག་ཞབས་ཀྱིས་འཆག་ས་རུ་བཞག ཤེལ་གྱི་ཕུག་པ་ལ་གསེར་གྱི་གནས་སྐས་ཡོད་པ་ཞིག་བསྒྲུབ་པའི་གནས་སུ་བཀོད་པས། སྲས་ཀྱི་ཞལ་ནས་ཡུ+མ་གྱིས་བཙལ་བ་དེ་དག་ཀྱང༌། ཀུན་རྫོབ་སྒྱུ་མའི་ཚུལ་ཙམ་མོ་གསུངས་པས། འོ་ན་དོན་དམ་པ་གང་ལགས་བྱས་པས། ཡེ་ཤེས་ཆེན་པོ་གཞི་ཡི་རྩེ། སྣང་བ་རང་གྲོལ་སྐུ་གསུམ་རྩེ། སྐུ་བཞི་ལྷུན་གྲུབ་དོན་གྱི་རྩེ། ལུང་དོན་མཐའ་རུ་ཕྱིན་པའི་རྩེ། མན་ངག་ཐིག་ལེ་དབྱིངས་ཀྱི་རྩེ། རྩལ་མེད་ལྷུན་གྲུབ་འཕྲིན་ལས་རྩེ། དེ་རྣམས་རང་བཞིན་ལྷུན་གྲུབ་ཏུ་གནས་ན་རྩེ་དྲུག་ལྷུན་གྱི་སྒོ་ཀྱང་དེ་ཡིན། བཞུགས་པའི་གནས་སུ་ཡང་དེ་བཟང༌། རང་སེམས་རྣམ་པར་དག་ན་གཡུའི་ལུང་པ་ཡང་དེ་ཡིན། དགོངས་སྤྱོད་རྣམ་པར་དག་ན་གསེར་གྱི་མེ་ཏོག་ཀྱང་དེ་ཡིན། རང་སེམས་སྐྱོན་གྱིས་མ་གོས་ན་ཤེལ་གྱི་བྲག་ཕུག་ཀྱང་དེ་ཡིན། ཐར་ལམ་དངོས་སུ་གྲུབ་ན་གསེར་གྱི་གནམ་སྐས་ཀྱང་དེ་ཡིན་གསུངས་པས། ཡུམ་གྱི་ཞལ་ནས་དེ་ཀུན་ཡང་ཡིན་མོད། དཔེས་དོན་མཚོན། རྒྱུས་འབྲས་བུ་འཚོལ། ཐབས་ཀྱི་ཤེས་རབ་བསྐྱེད། བསོད་ནམས་ཚོགས་ཀྱིས་ཡེ་ཤེས་བསྒྲུབ་དགོས་པ་ཡིན་གསུངས་སོ། ཞེས་མ་རྒྱུད་དབུ་འཆད་ལས་སོ། གསང་སྔགས་ཀྱི་བོན་ཐམས་ཅད་ཀྱི་བདག་ཉིད་འཆི་མེད་གཙུག་ཕུད་ཀྱིས་གསང་སྔགས་ཀྱི་བོན་མཐའ་ཡས་པ་གསུང་ནས་ཇི་སྲིད་འཁོར་བ་མ་སྟོང་བར་དུ་འགྲོ་དོན་མཛད་དོ།།

གྲུབ་ཆེན་བརྒྱད་ཅུའི་རྣམ་དབྱེ།

  གཡུང་དྲུང་བོན་ལུགས་ཀྱི་ཞང་བོད་གྲུབ་ཆེན་བརྒྱད་ཅུའི་རྣམ་དབྱེ་ལ་རིགས་མི་འདྲ་བ་ཡོད་ནའང་། འདི་ནི་མ་རྒྱུད་ཕྱག་མཆོད་དང་དྲན་པའི་ཚེ་སྒྲུབ་ཀྱི་དགོངས་པ་ལྟར་ན། གྲུབ་ཆེན་བརྒྱད་ཅུ་ནི།  སྟོད་ཀྱི་བླ་མ་ཆེ་དྲུག་དང་།  བར་གྱི་གདུང་རྒྱུད་བཅུ་གསུམ།  སྨད་ཀྱི་མཁས་པ་མི་བཞི།  ལོ་པཎ་མཁས་ཆེན་སྡེ་དགུ། བྱིན་རླབས་བརྒྱུད་པའི་གཤེན་དགུ། མཐུ་བོ་ཆེ་མི་དགུ། གྲུབ་ཐོབ་རྫུ་འཕྲུལ་མ་དགུ། མཐའ་འདུལ་ཟིལ་གནོན་ཆེ་དགུ། བཀའ་ཁྲིམས་བཀའ་འཛིན་ཆེ་དགུ། བརྒྱུད་འཛིན་སེམས་དཔའ་རྣམ་གསུམ་བཅས་བསྡོམས་པས་བརྒྱད་ཅུའོ།  །

སྟོད་ཀྱི་བླ་མ་ཆེ་དྲུག

1 གསང་བ་འདུས་པ།

  གསང་བ་འདུས་པ་ནི་སྟག་གཟིག་གི་ཡུལ་ཤོད་མ་གསེར་སྟེང་ཚལ་བྱ་བ་རུ། མཁར་བང་བ་ལིང་ལིང་སྟག་རྩེའི་ནང་དུ་ཡབ་ཉེ་དབང་རྒྱལ་པོ་ཞི་བ་འོད་ལྡན་དང༌། ཡུམ་ལྷ་མོ་སྦྱིན་མཛེས་མ་གཉིས་ལ། ཀུན་ཏུ་བཟང་པོའི་སྤྲུལ་པ་ལྷ་མཁའ་འགྱིང་གི་རྫུ་འཕྲུལ་ལས། འོད་དཀར་མདའ་ཙམ་ཞིག་ཡབ་ཡུམ་གཉིས་ཀྱི་སྟ་དང་ལྷུམས་སུ་ཞུགས་ཏེ་སྟོན་ཟླ་ར་བའི་ཚེས་བཅོ་ལྔའི་གདུགས་ཀྱི་སྔ་དྲོར་སྲས་ཀྱི་ཚུལ་དུ་སྐུ་བལྟམས། མཚན་ལྡན་གྱི་ཁྱེའུ་དཀར་ལ་དམར་མདངས་ཆགས་པ། གཡུ་ཡི་དབུ་སྐྲ་རྫི་སྨིན་དུ་འཁྱུགས་པ། སྤྱན་མིག་བཀྲ་ལ་གསལ་བ། གསུང་ནི་འགག་མེད་ཚངས་དབྱངས་སྣ་ཚོགས་སྒྲོག ཐུགས་ལ་ཐིག་ལེ་དགུ་ཤར་བ་ཞིག་ཡིན། དགུང་ལོ་གསུམ་གྱི་སྐབས་སུ་གཡུ་ལུང་ཤེལ་གྱི་བྲག་ཕུག་ཏུ་སྟོན་པ་འཆི་མེད་གཙུག་ཕུད་དང་འཕྲུལ་གཤེན་སྣང་ལྡན། བཟང་བཟའ་རིང་བཙུན་གསུམ་གྱི་མདུན་དུ་བྱོན་ནས་མཆོད་པ་སྣ་ཚོགས་འབུལ། འཆི་མེད་གཙུག་ཕུད་ཀྱིས་མཚན་གསང་བ་འདུས་པ་གསོལ། གསང་སྔགས་ཀྱི་དབང་རྣམས་ཡོངས་སུ་རྫོགས་པ་བསྐུར། ཐེག་པ་རིམ་དགུའི་དོན་མ་ལུས་པ་བསྟན། བྲག་ཕུག་དབུ་རྒྱུད་དུ་གསང་སྔགས་ཀྱི་དཀྱིལ་འཁོར་ཞལ་ཕྱེས། བོན་སྒོ་ཕྱི་ནང་གསང་གསུམ་གྱི་དོན་རྒྱས་འབྲིང་བསྡུས་གསུམ་གྱི་ལུང་གནང༌། དེ་ནས་བདག་ཞལ་བདག་གིས་ཡོངས་སུ་ལྟ་བར་གྱིས། བསྙེན་བསྒྲུབ་ཟབ་མོའི་རྒྱུན་སྐྱོང༌། གསང་བ་འདུས་པ་འགྲོ་དོན་མཛད་ཚུལ་ནི། དེ་ཡང་ནམ་ཞིག་གི་ཚེ་བདུད་སྲིན་ལོག་པའི་དམག་ཚོགས་རྣམས་ཀྱིས་གཤེན་ལ་འགྲན་འཚོལ་ཞིང་བོན་ལ་དོ་བསྡོ། ལྷ་ལ་ཐོ་འཚམས་པ་བྱུང་སྟེ། དེའང་གནམ་ས་བར་གསུམ་ལ་དབང་བྱེད་པའི་ཆེད་ཁམས་བརླགས་རུམ་རྗེ། སྲིན་པོ་ར་མགོ། བདུད་རྒྱལ་ཧལ་པོ་དང་གསུམ་གྱིས་དྲེགས་པའི་དམག་ཚོགས་དང་བཅས་པས་ནད་མུག་མཚོན་གསུམ་གྱིས་ཚངས་རིས་ཀྱི་འཇིག་རྟེན་མན་ཆད་བརླག་ལ་ཐུག་པ་དེའི་ཚེ་གསང་བ་འདུས་པས་དྲེགས་པས་བསྐྱོད་དུ་མི་ཚུགས་པའི་དབལ་གྱི་གཞལ་ཡས་སྤྲུལ། སྐུ་འབར་བའི་ཁྲོ་བོར་བཞེངས་ཏེ་དྲག་པོའི་ཚད་བཅུ་གཅིག་ཕྱུང་ནས་ལོག་པའི་སྟོབས་བཅོལ། འོད་ཟེར་འཕྲོ་འདུ་དྲུག་གིས་ཐིག་ལེའི་མདངས་བསྡུས། དྲེགས་པ་ཕོ་རྒྱུད་རྣམས་ཀྱི་སྲོག་འཕྲོགས་ནས་བཀའ་དང་དམ་ལ་བཏགས་ཏེ་འཁོར་དུ་བསྡུས་པས་བདུད་ཀྱི་རྒྱལ་པོའི་གཟུགས་ཕུང་གི་ཆ་ཤས་རྣམས་སྐུའི་ཆས་རྒྱན་དང༌། མཆོད་པའི་རྫས་དང༌། རང་གཤེད་རང་ལ་དབབ་པའི་འབེན་དང་མཚོན་ཐུན་རྣམས་བྱུང་ངོ༌། དེའི་ཚེ་གསང་བ་འདུས་པས་བར་སྣང་ལ་སེམས་ཅན་གྱི་དོན་དུ་གསས་མཁར་བཅུ་གཉིས་དབུ་རྩེ་དང་བཅུ་གསུམ་བཞེངས། ཡོན་བདག་ལྷ་སྲིན་སྡེ་བརྒྱད་ཀྱིས་བྱས། སྐོས་མཁན་ཐགས་བཟང་སྐྱེས་ཀྱི་བྱས་ཏེ་ལྷ་སྲིན་དམ་ཅན་རྣམས་ཀྱིས་རྟགས་ཏུ་མཆོད་པའི་གནས་སུ་བཞག་གོ། དེ་ལྟར་འགྲོ་དོན་མཐར་ཕྱིན་ནས་ཡི་དམ་གྱི་ལྷ་དང་གཉིས་སུ་མེད་པར་གྱུར་ནས་སངས་རྒྱས་ཀྱི་ས་ལ་གཤེགས་སོ།།


2 སྟག་ལ་མེ་འབར།

  སྔོན་ཚེ་རྒྱལ་པོ་གསལ་འབར་བྱ་བ་ལ་ལོངས་སྤྱོད་ཕུན་སུམ་འཚོགས་པ་ཡོད་ཀྱང་སྲས་མེད་པས་ཤིན་ཏུ་སྡུག་བསྔལ་བའི་སྟེང༌། བྲན་མོ་དང་ཆུང་མ་གཉིས་རྟག་ཏུ་འཐབ་མོ་བྱས་པས་རྒྱལ་པོ་ཐུགས་ཁྲོས་ཏེ་ཐོ་བས་བྲན་མོའི་མགོ་ལ་བསྣུན་ཏེ་བསད། བྲན་མོ་ཤི་ཁ་སྨོན་ལམ་ལོག་པ་བཏབ། རྒྱལ་པོ་ཡབ་ཡུམ་འགྱོད་པ་བྱས་ཏེ་དགེ་བ་མང་དུ་བསྒྲུབས་ཀྱང་སྐྱེ་བ་ཕྱི་མར་ལན་ཆགས་བསྙེགས་པའི་བུར་སྐྱེས། དེ་ཡང༌། རྒྱལ་པོ་ཚེ་འཕོས་ནས་སྟག་གཟིག་གི་ཡུལ་དུ་ཡང་རྒྱལ་ལྷའི་རྒྱལ་པོ་དུ་སྐྱེས། ཁབ་སྟག་ཟ་ཧེ་ཏིང་བླངས། ཡུམ་ལ་བུ་གཉིས་མཚེར་མ་སྐྱེས། བུ་གཅིག་ནི་བྲན་པོ་སྨོན་ལམ་ལོག་པར་བཏབས་པས་བདུན་སྲིན་རུ་དྲ་ཅན་དུ་གྱུར། བུ་གཅིག་དེ་བདེ་བར་གཤེགས་པའི་ཐུགས་སྤྲུལ་དབལ་བོན་སྟག་ལ་མེ་འབར་ཞེས་བྱ་བ་སྐུ་བལྟམས། གཅུང་པོས་གདུག་རྩུབ་ཆེ་ཞིང་སེམས་ཅན་མང་པོའི་སྲོག་གཅོད་པས་སྲིན་རྒྱལ་དྷ་ཤ་གྷྲི་བ་བྱ་བར་གྲགས་སོ། རེ་ཞིག་དྷ་ཤ་གྷྲི་བས་ཡབ་ཀྱི་མགོ་བོ་བཅད་ནས་སྟག་གཟིག་གི་ལྷོ་ནུབ་རི་ཕུག་ལ་གནས་ཏེ་སེམས་ཅན་ལ་གནོད་འཚེར་བྱས། སྟག་ལ་མེ་འབར་སྟོན་པ་འཆི་མེད་གཙུག་ཕུད་ཀྱི་མདུན་ཏུ་ཕྱིན་ནས་ཐེག་པ་རིམ་དགུ་དང་གསང་སྔགས་ཀྱི་བོན་རྣམས་གསན། དཀྱིལ་འཁོར་ཆེན་པོ་དགུ་ཡི་དབང་ལུང་ཁྲིད་བཅས་ཞུ། རྫུ་འཕྲུལ་བཅུ་གསུམ་སྦྱོར་སྒྲོལ་རོལ་བའི་གར་ལ་གནས། དོན་རྒྱུད་བཅུ་ཡི་ཕྲིན་ལས་ཐམས་ཅད་རང་རྒྱུད་ལ་འབྱོར་བར་བྱེད། ནམ་ཞིག་ཡུམ་ཆེན་མོ་ཤེས་རབ་བྱམས་མས་སྲིན་པོ་དྷ་ཤ་གྷྲི་བ་བསྒྲལ་དགོས་པའི་ལུང་བསྟན། སྟག་ལ་དབལ་རོང་དྲག་པོ་གཏིང་རུམ་དུ་དབལ་གྱི་ཕུར་ནག་བསྙེན་སྒྲུབ་ལས་སྦྱོར་ལ་ཞུགས། སྟོང་ཉིད་དང་སྙིང་རྗེ་ཟུང་འབྲེལ་གྱི་སྒོ་ནས་སྲིན་པོ་དྷ་ཤ་གྷྲི་བའི་རྣམ་ཤེས་བོན་ཉིད་ཀྱི་དབྱིངས་སུ་བཀོད་པར་མཛད། དེ་ནས་བཟུང་དབལ་བོན་སྟག་ལ་མེ་འབར་གྱིས་སྲིན་པོ་སྒྲོལ་ཞིང་བདེ་ལམ་བཀོད། འགྲོ་དྲུག་བདེ་བའི་ལམ་ལ་བཀོད་པར་མཛད། འཇིག་རྟེན་ཞི་བདེ་བྱས། ཡི་དམ་དབལ་ཕུར་རྒྱུད་དགུ་བཅས་གྲངས་མེད་གསུངས་ནས་གསང་བ་སྔགས་ཀྱི་བསྟན་པ་མཐའ་རུ་རྒྱས་པར་མཛད། གྲུབ་པའི་རྟགས་ཀྱིས་མ་ཚོགས་དབལ་མོ་བྲན་དུ་ཁོལ། སྔགས་ཀྱི་ཕུར་པ་གནམ་ས་བྲག་ལ་ཐེབས། ཏིང་ངེ་འཛིན་གྱི་མེ་དཔུང་གིས་སྲིན་པོའི་ཡུལ་ཐམས་ཅད་བསྲེགས། མཐར་ཕུང་པོ་ལྔ་དེ་དབྱིངས་ཀྱི་ལྷ་ལྔར་གྲུབ་སྟེ་མཁའ་འགྱིང་དཀར་པོའི་སྐུ་དང་གཉིས་མེད་ཕྱག་རྒྱ་ཆེན་པོར་གྲུབ་པ་ཡིན།


3 ལྷ་གཤེན་ཡོངས་སུ་དག་པ།

  ལྷ་གཤེན་ཡོངས་སུ་དག་པ་ནི་ལྷའི་ཡུལ་སྣང་མང་གཡུ་སྟེང་བྱ་བར། ལྷ་མཁར་སྒྲོན་མ་དགུ་ཐོགས་ཀྱི་ནང་ན། ཡབ་ལྷ་རྒྱལ་བ་རབ་འོད་དཀར་རྗེ་བྱ་བ་དང། ཕྱྭ་ལྕམ་ནེ་ཏིང་བཙུན་བྱ་བ་གཉིས་ལ་གཤེན་གསང་བ་འདུས་པས་བྱིན་གྱིས་བརླབས་པའི་སྲས་མཚན་དང་ལྡན་པ་ཞིག་འཁྲུངས། དབལ་བོན་སྟག་ལ་མེ་འབར་གྱིས་མཚན་ལྷ་བོན་ཡོངས་སུ་དག་པ་གསོལ། དེས་ཆུང་ནས་འཆི་མེད་གཙུག་ཕུད་དང་གསང་བ་འདུས་པ། སྟག་ལ་མེ་འབར་གསུམ་གྱི་མདུན་དུ་གཅར་ཏེ་ལྷ་ཡི་བོན་སྒོ་ཞུས། བསྒྲགས་པ་སྐོར་གསུམ་ལས་མང་ལ་འགྲེལ་བ་ཉི་ཟེར་ལྟ་བུའི་བོན་ཐམས་ཅད་འཆི་མེད་གཙུག་ཕུད་མདུན་ནས་གསན། འཆི་མེད་གཙུག་ཕུད་ཀྱིས་ཁམས་ལྷ་འདུལ་བའི་དབང་བསྐུར། ལྷ་མོ་བསེན་ཐུབ་མ་དེ་གསང་སྔགས་སྒྲུབ་པའི་གྲོགས་སུ་བརྟེན་ནས་མཚལ་རི་ལྷ་ཡི་མདུན་སར་གསང་བའི་བྲག་ལ་སྒྲུབ་པར་མཛད། གྲུབ་པའི་རྟགས་ལ་སེ་གོལ་བརྡབ་པ་ཙམ་གྱིས་ལྷ་སྲིན་སྡེ་བརྒྱད་དབང་དུ་བསྡུ་བ་དང༌། བར་སྣང་ལ་བྱ་ཁྲུང་ཁྲུང་དུ་སྤྲུལ་ནས་འགྲོ་དོན་མཛད་པ་དང༌། ལྗགས་ཀྱི་མཆིལ་མ་ས་ལ་གཏོར་མ་ཐག་མེ་ཏོག་འཁྲུངས་བ་དང༌། མཁའ་ལ་བྱ་ལྟར་འཕུར་ཞིང་ལྷ་དང་ལྷ་མིན་གཡུལ་ངོ་བཟློག་པ་ནུས་པ་སོགས་གྲུབ་རྟགས་དཔག་མེད་མངའ་བའོ། དུས་ཀུན་ཏུ་ལྷ་ཡི་འགྲོ་བ་ཐམས་ཅད་ལ་རྒྱུ་འབྲས་ཀྱི་བོན་བསྟན་ཅིང་གསང་སྔགས་རིམ་གཉིས་ཀྱི་ལམ་ལ་བཀྲིད་པར་མཛད། ཡུམ་སྲས་གཤེན་དང་སྟག་ལའི་གསུངས་བའི་བོན་སྡེ་ཐམས་ཅད་ཀྱི་ལུང་བརྒྱུད་དང་ཁྲིད་བརྒྱུད་འཛིན། གསང་སྔགས་ཀྱི་བོན་སྡེ་ཕྱོགས་ཀུན་ཁྱབ་པར་མཛད། མཐར་མཆོག་གི་དངོས་གྲུབ་ནི་སྐུ་ཉིད་མཁའ་འགྱིང་ལྷ་དང་གཉིས་སུ་མེད་པར་གྱུར་ནས་བོན་སྐུའི་རྒྱལ་སར་འཇའ་འོད་བཅས་ཐིམ་མོ།།


4 རྒྱལ་གཤེན་མི་ལུས་བསམ་ལེགས།

  རྒྱལ་གཤེན་མི་ལུས་བསམ་ལེགས་ནི། དབུ་ནག་ཀུན་གྱི་སྤྱི་རྗེ་མང་པོས་བཀུར་བའི་རྒྱལ་པོ་མི་རྗེ་ལྷས་མཛད་པ་དེ་ཉིད་ཀྱི་སྲས་རྒྱལ་པོ་ཁྲི་འོད་དང་ཡུམ་སྨན་ཟ་དུམ་ཏིང་མ་བྱ་བ་གཉིས་ཀྱི་སྲས་སུ་བལྟམས། དེ་ཡང་རྒྱལ་པོ་ཡབ་ཡུམ་གཉིས་ལ་སྲས་མེད་པས་མཐའ་འཁོབ་ཀྱི་རྒྱལ་ཕྲན་ལས་སྤྱོད་ངན་པའི་བུ་གསུམ་ཤིན་ཏུ་དགའ་ནས་གཡུལ་བཤམས་པའི་གྲལ་སྒྲིག་མཛད། རྒྱལ་པོ་ཁྲིད་འོད་དང་སྨན་ཟ་དུམ་ཏིང་མ་གཉིས་སྡུག་བསྔལ་བའི་གནས་སུ་ཡོད་ཙམ། བློན་འབངས་ཐབས་ཤེས་ཅན་དག་གིས་གྲོས་བྱས་ནས་བཀྲ་ཤིས་རྒྱན་མང་མཆོད་རྟེན་གྱི་དྲུང་དུ་ཡུམ་ཆེན་མོ་བྱམས་མ་ལ་གསོལ་བ་བཏབས་ཏེ་མཆོད་འབུལ་སྣ་ཚོགས་བྱས་པས་ལོ་ཕྱི་མ་ལ་སྲས་ལེགས་པར་ཞིག་བལྟམས། དེ་ལྷ་གཤེན་ཡོངས་སུ་དག་པས་ཐུགས་ལ་མཁྱེན་ཏེ་མི་ཡུལ་དར་མ་ཁྲི་ཤེད་ཀྱི་སྐུ་མཁར་ཁྲི་བརྒྱད་རྩེ་འདུལ་བྱོན་ནས་རྒྱལ་བུ་ལ་ཁྲུས་དང་བཀྲ་ཤིས་གསོལ། མཚན་ཀྱང་རྒྱལ་གཤེན་མི་ལུས་བསམ་ལེགས་གསོལ། དེ་ནས་རྒྱལ་བུ་དེ་ལ་འཆི་མེད་སྲས་གསུམ་གྱིས་དབང་བསྐུར། སྟག་ལ་མེ་འབར་གྱིས་མཐུ་སྟོབས་མངའ་གསོལ། ལྷའི་བོན་ལྟ་བ་ཁྱད་པར་ཅན་དང༌། མན་ངག་ཟབ་མོ་ཡང་དག་དང༌། མཚན་ཉིད་སྡེ་ལྔ། གསང་བའི་རྒྱུད་ལྔ། དྲག་སྔགས་རྫུ་འཕྲུལ་བཅུ་གསུམ་རྣམས་ཐུགས་སུ་ཆུད་པར་མཛད། སྟོན་པ་འཆི་མེད་གཙུག་ཕུད་ཀྱིས་མི་རྣམས་འདུལ་བའི་མངའ་གསོལ། འགྲོ་དྲུག་འདྲེན་པའི་སྟོན་པར་ལུང་ཕོག རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་མ་རྒྱུད་ལྷ་འཁོར་སུམ་བརྒྱ་དྲུག་ཅུའི་དཀྱིལ་འཁོར་གྱིས་དབང་ཁྲིད་བཅས་ཐོབ་རྗེས་འོལ་མོའི་གླིང་གཡུང་དྲུང་དགུ་བརྩེགས་ཀྱི་རི་ལ་དགོངས་པ་བཞུགས། ལྷ་མོ་དཀར་མོ་མཚན་དང་ལྡན་པ་ལྔས་ལུང་བསྟན། མང་འབྲེལ་ལྷ་ཡི་བོན་ལ་ལོ་བཅུ་གཉིས་གསན་ནས་རང་གནས་བྱོན། ཕྱི་རྣམ་དག་པདྨ་ཀློང་ཡངས་ཀྱི་དཀྱིལ་འཁོར་ལྷ་གཤེན་རྣམས་ལ་ཞུས། དེ་ནས་མིའི་ཡུལ་རྒྱལ་བའི་མཉེན་ཚལ་དུ་སྒྲུབ་པར་མཛད། འཇིག་རྟེན་གྱི་ལྷ་འདྲེ་དབང་དུ་སྡུད། གནས་ཉེར་བཞིའི་མཁའ་འགྲོ་ཐམས་་ཅད་ལས་ལ་བསྐུལ། བར་སྣང་ལ་ཁྲོ་བོ་རོལ་པའི་གར་བཞི་བཅུ་རྩ་ལྔ་དང༌། ཁྲོ་མོ་རྔམ་པའི་གར་བཞི་བཅུ་རྩ་ལྔར་བསྒྱུར། མི་ཚེ་གང་བོ་གསང་མཆོག་མ་རྒྱུད་ཉམས་ལེན་ཁོ་ནར་མཛད་རྗེས་མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་འབྲེལ་བ་མང་དུ་མཛད་པ་དང༌། ཐིག་ལེ་ཞེ་ལྔའི་དོན་འགྲེལ་པོ་ཏི་བཅུ་ཕྲག་ཙམ་མཛད་ནས་རྒྱལ་ཁྲིམས་བོན་དུ་བསྒྱུར། དགེ་བཅུ་ཁྲིམས་ཀྱིས་གཅུར་ནས་འགྲོ་བའི་དོན་མཛད། འགྲོ་དོན་མཐར་ཕྱིན་མཛད་རྗེས་སྐུ་ལུས་ཟག་པ་མེད་པའི་ཡི་དམ་གྱི་ལྷ་མ་རྒྱུད་གསང་མཆོག་རྒྱལ་པོ་དང་དབྱེར་མེད་དུ་གྱུར་ནས་འཇའ་འོད་ཀྱི་སྦུབས་སུ་ཐིམ་པའི་ཚུལ་བསྟན་ཏོ།།


5 ཀླུ་གྲུབ་ཡེ་ཤེས་སྙིང་པོ།

  ཀླུ་གྲུབ་ཡེ་ཤེས་སྙིང་པོ་ནི་འཆི་མེད་གཙུག་ཕུད་ཀྱི་ཐུགས་ལས་འོད་ཟེར་ཞིག་ཀླུ་ཡུལ་དུ་སྤྲོས་ཏེ་ཡུལ་ཟིལ་ཏ་ཕུག་རིས་ཀྱི་ཚལ་མཁར་ལྗོན་པ་གཡུ་རྩེ་ཞེས་བྱ་བ་ན་བྲམ་ཟེ་མཛེས་ལྡན་བྱ་བ་དང་གཉན་ལྕམ་བརྗིད་མ་གཉིས་ལ་ཐིམ། ཡབ་ཡུམ་གཉིས་སྲས་མེད་པས་ཀླུ་བོན་དབྱར་རྙ་གྱིམ་བུ་སྤྱན་དྲང་ནས་མཉེས་པར་བྱེད། ཀླུ་བོན་གྱིས་ཀླུ་མཆོད་རྒྱ་ཆེན་མཛད་པས་ཕྱིའི་ལོ་མཚན་ལྡན་གྱི་སྲས་ཞིག་བལྟམས། དེ་ལ་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་ཀླུ་གྲུབ་ཡེ་ཤེས་སྙིང་པོ་ཞེས་མཚན་བཏབས། ཀླུ་གྲུབ་ཡེ་ཤེས་ཡང་འཆི་མེད་གཙུག་ཕུད་དང་གསང་བ་འདུས་པ་སོགས་ཀྱི་མདུན་ནས་བོན་སྒོ་མང་དུ་གསན། ཀླུ་གྲུབ་དགོང་ལོ་དགུ་ནས་ཤེས་རབ་ཚད་དུ་ཕྱིན། ཡབ་ལས་གསང་སྔགས་ཀྱི་བོན་སྒོ་འགའ་ཞུས་རྗེས། རྒྱལ་གཤེན་མི་ལུས་བསམ་ལེགས་ལས་གསང་སྔགས་ཟབ་བོན་མང་པོ་གསན། ཁྱད་པར་དུ་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་བསྙེན་བསྒྲུབ་དང་རྫུ་འཕྲུལ་བཅུ་གསུམ་སྐོར་སོགས་མི་ལུས་བསམ་ལེགས་མདུན་ནས་གསན་རྗེས་སྒྲུབ་པའི་ལས་ལ་ཞུགས། དེ་ནས་སྟོན་པ་གཤེན་ལྷ་འོད་དཀར་འཚོལ་དུ་ཕྱིན་པའི་གཏམ་རྒྱུད་ངོ་མཚར་བ་མང་དུ་མཆིས། སྟོན་པ་གཤེན་ལྷ་འོད་དཀར་འཚོལ་རྗེས་སེམས་རང་བྱུང་གི་སྟོན་པ་ཀུན་ཏུ་བཟང་པོ་ནི་བྱིན་གྱིས་བརླབས་པས་སྟོན་པ་ཀུན་ཏུ་བཟང་པོས་ངོ་སྤྲད་པས་སོ་སོ་རང་རིག་པའི་ཡེ་ཤེས་མངོན་སུམ་མཐོང་ངོ༌། ལྕམ་རྒྱུངས་ནེ་རོག་གསང་སྔགས་བསྒྲུབ་པའི་གྲོགས་སུ་བརྟེན་ནས་ཉུང་ལ་འདུས་པའི་བོན་རྣམས་ཉམས་སུ་མྱོང༌། ལུང་ནོད་པའི་བོན་སྒོ་དེ་ཆུ་མིག་བརྒྱད་ཅུའི་མགོར་བསྒྲུབ་པས། ཀླུ་རྣམས་དབང་དུ་བསྡུས་ཤིང་ཀླུ་ལ་བོན་འཆད། མཁའ་ལ་མེ་ཏོག་གི་ཆར་བབས་པ་དང༌། རྒྱ་མཚོའི་སྟེང་དུ་ཕྱིན་ན་ཆུའི་གཏིང་དུ་མི་བྱིང་བ་སོགས་གྲུབ་རྟགས་དཔག་མེད་མངའ་བའོ། གསུང་ལ་ཀླུ་རིགས་མཆོད་ཐབས་སྐོར་དང༌། ཀླུ་འབུམ་སྐོར་ཉུས་འདུས་མན་ངག་དམར་བཅུད་སྐོར་ཤིན་ཏུ་མང་ངོ༌། འགྲོ་དོན་མཐར་ཕྱིན་རྗེས་སྐུ་ལུས་འོད་ཟེར་དུ་གྱུར་ནས་ཡི་དམ་ལྷ་དང་གཉིས་མེད་དུ་གྱུར་ཏོ།།


6 ནམ་མཁའ་སྣང་བ་མདོག་ཅན།

  ནམ་མཁའ་སྣང་བ་མདོག་ཅན་ནི་སྟག་གཟིག་དམུ་རྒྱལ་སྲས་ཆེའི་གདུང་འཛིན་པ་ཡབ་ཀོང་ཚ་དབང་ལྡན་དང་ཡུམ་བཀྲ་ཤིས་ལྷ་མོ་གཉིས་ཀྱི་སྲས་སུ་ཁྱད་འཕགས་ཡོན་ཏན་བདུན་ལྡན་གྱི་ཚུལ་དུ་སྐུ་བལྟམས། བྲམ་ཟེ་མཚན་མཁན་གྱིས་བུ་འདི་ནི་གསང་བ་སྔགས་ཀྱི་བདག་པོར་གྱུར་ཏོ། ཞེས་མཚན་ཀྱང་ནམ་མཁའ་སྣང་བ་མདོག་ཅན་གསོལ། ཆུང་ནས་མི་ཡུལ་གྱི་མཁས་པ་དམུ་ཙ་ཏྲ་ཧེའི་མདུན་ནས་ཕྱི་ནང་གསང་བའི་བོན་གྱི་སྒྲོ་འདོགས་བཅད། དེ་རྗེས་རྫུ་འཕྲུལ་རྩལ་གྱིས་ལྷ་བོན་ཡོངས་སུ་དག་པའི་དྲུང་བྱོན་ནས་སྙན་བརྒྱུད་ཟབ་མོ་མང་འབྲེལ་སྐོར་ཞུས། མི་ལུས་བསམ་ལེགས་ཀྱི་མདུན་ནས་སོ་ཐུབ་རན་ལ་འཚམས་པའི་བཀའ་ལུང་ཞུ། ཀླུ་གྲུབ་ཡེ་ཤེས་སྙིང་པོ་ལས་མན་ངག་ཉུང་འདུས་ཀྱི་བོན་རྣམས་གསན། ལྷ་ཀླུ་མི་ཡི་སྟོན་པ་དང་སྣང་བ་མདོག་ཅན་བཞི་རི་རྒྱལ་ལྷུན་པོའི་རྩེ་མོའི་ཕོ་བྲང་དུ་སྤྱི་སྤུངས་ཞི་ཁྲོ་དབལ་མོའི་སྐོར་སྒྲུབ། ཡུམ་འོད་ལྡན་ཟེར་འཕྲོ་དེ་གསང་སྔགས་སྒྲུབ་པའི་གྲོགས་སུ་བརྟེན། གནས་སོ་སོར་བྱོན་ནས་གང་འདུལ་ཐབས་ཀྱི་འགྲོ་དོན་མཛད། སྣང་བ་མདོག་ཅན་གཡུང་དྲུང་དགུ་བརྩེགས་རི་ལ་གཤེགས། ཨ་བར་ནེ་ལྗོང་ཚལ་དུ་བཞུགས་ནས་གསང་སྔགས་བོན་ལ་བསྙེན་སྒྲུབ་ལས་གསུམ་ལ་ཞུགས། དེ་ནས་བོད་ཡུལ་ལ་བསྟན་པ་སྤེལ་བའི་ཕྱིར་དུ་ལྷ་རུ་གྱང་ཐོའི་རྩེ་མོ་ནས་མར་བྱོན། བོད་མི་ཕྲག་དོག་ཁེངས་སེམས་ཆེ། བོད་ལ་རྒྱལ་ཁྲིམས་མེད་པས་བོད་མི་ལ་དགེ་སེམས་ཞན་ཡང་སྣང་བ་མདོག་ཅན་གྱིས་ལྷ་སྲིན་སྡེ་བརྒྱད་དབང་དུ་བསྡུད་པར་མཐོང་ནས་དད་མོས་ལྷག་པར་སྐྱེས་ཏེ་བོད་རྒྱལ་གཉའ་ཁྲི་བཙན་པོའི་དབུ་ཡི་མཆོད་གནས་སུ་གྱུར། རྒྱལ་པོ་གཉའ་ཁྲི་བཙན་པོ་ལ་གསང་སྔགས་ཀྱི་བོན་སྒོ་རྒྱ་ཆེན་པོར་བསྟན་ནས་སླར་ཡང་གཡུང་དྲུང་དགུ་རྩེར་བྱོན། རྗེས་སུ་བོད་རྒྱལ་མུ་ཁྲི་བཙན་པོ་འཁོར་བཅས་བོད་ཀྱི་ལོ་སར་ཚེས་བཅོ་ལྔ་ལ་རི་བོའི་རྩེ་ལ་ཕྱིན་ནས་བསང་གསོལ་མཆོད་བསྟོད་བྱས་དུས་སྣང་བ་མདོག་ཅན་མཁྱེན་ནས་སླར་ཡང་ཀོང་པོ་བོན་རི་ལ་བྱོན། བོད་ཡུལ་ལ་གསང་སྔགས་ཀྱི་བོན་གྱི་འཁོར་ལོ་བསྐོར། བོན་མོ་སྟག་ཝེར་ལི་ཝེར་དེ་གསང་སྔགས་སྒྲུབ་པའི་གྲོགས་སུ་བཙལ་ཏེ། ཁྲོ་བོ་དབང་ཆེན་དཀྱིལ་འཁོར་ཞལ་ཕྱེས་ནས་བསྙེན་བསྒྲུབ་ལས་ལ་བསྐུལ། སྣང་བ་མདོག་ཅན་ཡི་དམ་ཁྲོ་བོ་དབང་ཆེན་ཞལ་མངོན་སུམ་མཇལ་ནས་སྐུ་ལུས་ཡེ་ཤེས་ཀྱི་ལྷ་དང་དབྱེར་མེད་དུ་གྱུར་ནས་བོན་ཉིད་ཀྱི་དབྱིངས་སུ་གཤེགས་སོ། །

བར་གྱི་གདུང་རྒྱུད་བཅུ་གསུམ།

7  གྲུབ་ཐོབ་མུ་ཁྲི་བཙན་པོ།

  གྲུབ་ཐོབ་མུ་ཁྲི་བཙན་པོ་ནི། ཡབ་གཉའ་ཁྲི་བཙན་པོ་དང་ཡུམ་གནམ་ཟ་མུག་མུག་གཉིས་ཀྱི་སྲས་སུ་སྤྱི་ལོ་སྔོན༡༠༧༤ལོ་སྟེ་མེ་སྟག་ལོ་ལ་སྐུ་བལྟམས། ཆུང་ནས་རྒྱལ་སར་ཕྱུང་ཏེ། ཁྲི་ལ་མངའ་གསོལ། ཡབ་ཀྱི་མདུན་ནས་བོན་སྒོ་མི་འདྲ་བ་འགའ་གསན། ཉིན་ཞིག་བོད་ཀྱི་ལོ་སར་ཉ་མཆོད་སྐབས་སུ། རྒྱལ་པོ་དང་ཡུལ་མི་རྣམས་རི་བོའི་རྩེ་ལ་ཕྱིན། ཀུན་གྱིས་བསང་གསོལ་མཆོད་བསྟོད་བྱས་པའི་དུས། མདུན་དུ་མཚན་ལྡན་ཁྱེའུ་མི་འདྲ་བ་ཞིག་བྱོན་པ་དང་མཇལ། དེ་ནི་ནམ་མཁའ་སྣང་བ་མདོག་ཅན་ཡིན་པས། རྒྱལ་པོ་འཁོར་བཅས་རབ་ཏུ་སྤྲོ་སེམས་བཅས་ཕྱག་འཚལ་ནས་ཕོ་བྲང་དུ་གདན་དྲངས། འོན་ཀྱང་སྣང་བ་མདོག་ཅན་དབེན་པའི་རི་ཁྲོད་པ་ཡིན་པས་ཀོང་པོ་བོན་རིའི་སྒྲུབ་ཕུག་བྱོན་ནས་བསྙེན་བསྒྲུབ་ལས་ལ་སྦྱོང༌། མུ་ཁྲི་བཙན་པོས་རྒྱལ་སྲིད་དོར་ནས་སྣང་བ་མདོག་ཅན་དང་ལྷན་དུ་བོན་རིའི་སྒྲུབ་ཕུག་དུ་བོན་གསན་དུ་ཕྱིན། ནམ་མཁའ་སྣང་བ་མདོག་ཅན་གྱིས་ཁྲོ་བོ་དབང་ཆེན། མ་རྒྱུད་སྐོར། སྤྱི་སྤུངས་བསྐོར། གསས་མཁར་གསང་བ་སྒོ་དགུ་སོགས་གསང་སྔགས་ཀྱི་བོན་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གནང༌། ཁྲོ་བོ་དབང་ཆེན་ལ་བསྙེན་བསྒྲུབས་བྱས་པས་ཡི་དམ་ལྷ་ཞལ་མངོན་སུམ་མཇལ། དེ་ནས་གསང་བ་སྔགས་ཀྱི་བསྟན་པ་སྤེལ་དགོས་སྙམ་ནས་ཞང་ཞུང་གི་ཡུལ་ནས་མཁས་ཆེན་བརྒྱ་རྩ་བརྒྱད་བོད་ཡུལ་དུ་གདན་དྲངས། གསང་བ་སྔགས་ཀྱི་བསྟན་པའི་སྲོལ་ཆེན་འཛུགས། འདུ་གནས་སོ་བདུན་ལ་གསས་ཁང་སོ་བདུན་འཛུགས། བོན་ལ་འཆད་ཉན་གྱི་སྲོལ་བཏོན། མུ་ཁྲིས་དབུ་ཁྲིད་པའི་འོག་ཏུ་དག་པ་ལྷ་ཡི་ཡི་གེ་སྟག་གཟིག་སྤུང་ཡིག་བསྒྱུར། སྟག་གཟིག་སྤུང་ཡིག་ཞང་ཞུང་ཡིག་རྒན་བསྒྱུར། ཞང་ཞུང་ཡིག་རྒན་སྨར་བསྒྲག་དུ་བསྒྱུར། དེ་ལ་སྨར་ཡིག་ཆེ་ཆུང་གཉིས་སུ་བསྒྱུར། སྨར་ཆེན་བོད་ཀྱི་ཡི་གེ་དབུ་ཅན་དུ་བསྒྱུར། སྨར་ཆུང་འབྲུ་ཚར་བསྒྱུར་ནས་གོ་བར་མཛོད། རེ་ཞིག་རྒྱལ་པོ་མུ་ཁྲི་བཙན་པོས་གསང་སྔགས་ཀྱི་བོན་ནི། ཡིད་བཞིན་གྱི་ནོར་བུ་ལྟ་བུ་དགོས་འདོད་འབྱུང་བའི་བོན་ཞིག་ཡིན་པ། འདི་འདྲ་གང་ཟག་ཐམས་ཅད་ཀྱིས་སྤྱོད་ན་ཤིན་ཏུ་ཕོངས་སྙམ་ནས་བོན་སྒོ་ཐམས་ཅད་རྒྱལ་པོའི་བང་མཛོད་དུ་སྦས་ནས་སུ་ལའང་མ་བསྟན་པས་གསང་བ་རྩ་འགག་རྒྱུ་སོང༌། རྫུ་འཕྲུལ་སྨན་བཞིས་འདི་འདྲ་བྱས་ན་གསང་སྔགས་ཀྱི་བསྟན་པ་ཉམས་པ་ལ་ཉེན་ཁ་ཆེ་སྙམ་ནས་རྒྱལ་པོའི་དཀོར་མཛོད་ཀྱི་བོན་སྡེ་བརྐུས་ཏེ་སྟག་ཝེར་ལི་ཝེར་དང་ཧ་ར་ཅི་པ་གཉིས་ལ་གནང༌། དེ་གཉིས་མ་བསླབ་ཀྱང་མཁྱེན་པར་བྱུང༌། འོན་ཀྱང་ལུང་བརྒྱུད་ཟབ་མོ་མེད་པས་སླར་ཡང་མུ་ཁྲི་བཙན་པོ་ལ་ལུང་བརྒྱུད་སྤེལ་བ་ཞུ་ཚེ་མུ་ཁྲི་བཙན་པོས་དབང་ལུང་མན་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གནང༌། མུ་ཁྲི་བཙན་པོས་ས་སླན་ཏིང་ཏིང་མ་གསང་སྔགས་སྒྲུབ་པའི་གྲོགས་སུ་བཙལ་ནས་སླར་ཡང་སྤྱི་སྤུངས་ཁྲོ་བོ་རམ་པ། ཁྲོ་བོ་དབང་ཆེན། ཁྲོ་བོ་སྤྱི་འདུལ། ཁྲོ་བོ་རོལ་པ། ཁྲོ་བོ་འབུམ་པ་སོགས་ལ་བསྙེན་བསྒྲུབ་མཛད་པས་གྲུབ་པའི་རྟགས་ནི་འབྲུག་ཁྱུང་སེང་གེ་ལ་སྤྲུལ། མཁའ་ལ་འཕུར་བ་དང༌། བདུད་རིགས་ཐམས་ཅད་ཚར་ཐག་གཅོད་པ་དང༌། བར་སྣང་ཁམས་སུ་ཡི་དམ་ལྷ་ཡི་དཀྱིལ་འཁོར་བཀོད་པ་སོགས་རྫུ་འཕྲུལ་དཔག་ཏུ་མེད་པ་མངའ། བོད་རྒྱལ་དགེ་ལ་དད་པས་བོད་མི་རྣམས་སྟོབས་འབྱོར་མངའ་ཐང་རྒྱས། བོད་མི་ཐམས་ཅད་གསང་སྔགས་ཀྱི་བོན་ལ་གསན་བསམ་མཛད། སྡིག་བཅུ་སྤང་ཞིང་དགེ་བཅུ་ལས་ལ་བསྐུལ། རྒྱུན་ཏུ་མ་ཏྲི་མུ་ཡེ་སྔགས་ཀྱི་སྒྲ་དབྱངས་སྒྲོག མུ་ཁྲི་བཙན་པོ་འགྲོ་དོན་མཐར་ཕྱིན་རྗེས་ཡི་དམ་དབལ་གསས་རྔམ་པ་དང་གཉིས་སུ་མེད་པར་གྱུར་ནས་སྐུ་ལུས་འཇའ་འོད་དུ་གྱུར་ནས་འཇའ་ལུས་ཆེན་པོའི་ས་ལ་གཤེགས་སོ།།


8  གྲུབ་ཆེན་ཧ་ར་ཅི་པར།

  གྲུབ་ཆེན་ཧ་ར་ཅི་པར་ཞེས་པ་ཞང་སྐད་ཡིན། བོད་སྐད་དུ་ཡེ་ཤེས་བླ་མ་ཞེས་མཚན། གྲུབ་ཆེན་ཧ་ར་ཅི་པ་ནི་མོན་གྱི་ཡུལ་དུ་སྐུ་འཁྲུངས། རེ་ཞིག་རྫུ་འཕྲུལ་སྨན་བཞིས་གསང་སྔགས་ཀྱི་བོན་ཐམས་ཅད་རྒྱལ་པོ་མུ་ཁྲིའི་དཀོར་མཛོད་ནས་བླངས་ཏེ་ཧ་ར་ཅི་པར་གནང༌། ཧ་ར་ཅི་པ་མ་བསླབ་ཀྱང་ཐོགས་མེད་མཁྱེན། སླར་ཡང་མུ་ཁྲི་བཙན་པོའི་མདུན་ནས་གསང་སྔགས་ཟབ་མོའི་ལུང་དང་དབང་བཅས་ཞུས་ནས་མོན་གྱི་རི་བོ་རྩེ་གསུམ་ལྡན་པའི་རྩེར། རྩ་མཆོག་ཀུ་ཤའི་སྐྱིལ་བུ་ཁང་དུ་ཡི་དམ་སྤྱི་སྤུངས་སྐོར་གསུམ་དང་གསས་མཁར་གསང་བ་སྒོ་དགུ་བཅས་ལ་བསྙེན་བསྒྲུབ་བྱས། ནམ་ཞིག་ཡུལ་དེའི་མི་རྒོད་སྲིན་པོ་ཞིག་ཡོད་པས་དེས་ཧ་ར་ཅི་པར་བསྙེན་བསྒྲུབ་ཞུགས་པ་ལ་བར་ཆད་བརྩོམ་པའི་ཚེ། ཧ་ར་ཅི་པ་རྫུ་འཕྲུལ་རྩལ་གྱིས་མི་རྒོད་དེ་འདུལ་ནས་རྣམ་ཤེས་བོན་ཉིད་དབྱིངས་སུ་བཀོད། རྗེ་འདི་ཉིད་ཉི་ཟེར་རྟ་ལ་བཅིབས་ནས་ཐེའུ་རུང་ཐམས་ཅད་འདུལ་ཞིང་བྲན་དུ་བཀོལ། ཡུལ་དེའི་ལྷ་སྡེ་བརྒྱད་ཀྱིས་གནོད་པ་རྩོམ་ཚེ་སྐུ་ལུས་ཁྲོ་བོར་སྤྲུལ་ནས་ཐབས་གང་ལ་གང་འདུལ་གྱི་མཛད་པ་སྣ་ཚོགས་བྱེད་པ་དང༌། རི་བོ་ཐམས་ཅད་ཟོར་གྱི་ཚུལ་ཏུ་འཕེན་པ། ཆུ་བོ་གྱེན་དུ་བསྒྱུར་བ་དང། ཡི་དམ་ལྷ་མཆོག་གི་ཞལ་མངོན་སུམ་གཟིགས་ནས་འགྲོ་བ་སེམས་ཅན་གྱི་དོན་མཛད། འགྲོ་དོན་མཐར་ཕྱིན་རྗེས་ཟག་བཅས་ཀྱི་ཕུང་པོ་ཟག་མེད་ཀྱི་ཡི་དམ་ལྷ་དང་དབྱེར་མེད་དུ་གྱུར་ནས་འཇའ་འོད་སྐུར་གྱུར་ནས་འཕོ་བ་ཆེན་པོར་གཤེགས་སོ།།


9  གྲུབ་ཆེན་བོན་མོ་སྟག་ཝེར་ལི་ཝེར།

  གྲུབ་ཆེན་བོན་མོ་སྟག་ཝེར་ལི་ཝེར་ནི། སྤྱི་ལོ་སྔོན་༡༧༥༡ལོ་སྟེ་ས་བྱའི་ལོ་མེ་ཏོག་པདྨའི་ཚལ་དུ་སྟག་གཟིག་རྒྱལ་པོས་སྲས་སྐལ་གྱི་ཚུལ་དུ་རྙེད་པས་ཡབ་ཡུམ་བློན་འཁོར་བཅས་དགའ་སྟོན་ཆེན་པོར་བྱས། སྲས་མོ་ནི་ཤིན་ཏུ་མཛེས་ཤིང་ཡིད་དུ་འོང་བ། ལྟ་ན་སྡུག་པས་ཀུན་གྱིས་བསྟོད་བསྔགས་བྱེད། རྫུ་སྐྱེས་ཡིན་པས་ཀུན་གྱིས་ངོ་མཚར་བར་གྱུར། ནམ་མཁའ་སྣང་བ་མདོག་ཅན་གྱི་མདུན་ནས་གསང་སྔགས་ཀྱི་བོན་སྒོ་དུ་མ་གསན་རྗེས། ནམ་མཁའ་སྣང་བ་མདོག་ཅན་གྱི་གསང་སྔགས་སྒྲུབ་པའི་གྲོགས་སུ་གྱུར། གསང་བ་སྔགས་ཀྱི་བོན་སྒོ་དང་གསང་བ་སེམས་ཕྱོགས་ཀྱི་བོན་སྡེ་ཐམས་ཅད་རྫུ་འཕྲུལ་སྨན་བཞིས་རྒྱལ་པོའི་དཀོར་མཛོད་ནས་བླངས་ཏེ་ཁོ་མོ་ལ་གནང༌། བོན་མོས་མ་བསླབ་རང་ཤུགས་ཀྱིས་མཁྱེན་ཡང༌། གསང་སྔགས་ནི་ལུང་བརྒྱུད་གལ་ཆེ་སྙམ་ནས་སྣང་བ་མདོག་ཅན་དང་མུ་ཁྲི་བཙན་པོ་ཟུང་གི་མདུན་ནས་གསང་སྔགས་དང་སེམས་ཕྱོགས་ཀྱི་བོན་སྡེ་དབང་ལུང་མན་ངག་ཁྲིད་བརྒྱུད་བཅས་ཞུས་རྗེས། མུ་ལེ་ཁྱུད་མཚོའི་གནས་སུ་སྒྲུབ་པར་མཛད། རྩ་རླུང་གཏུམ་མོའི་བཅུད་ལ་རོལ་ཞིང་ཡི་དམ་ཕྱི་ནང་གསང་གསུམ་ལ་བསྙེན་བསྒྲུབ་བྱས། ཁོ་མོ་སྙེན་བསྒྲུབ་བྱས་པའི་སྐབས་ཤིག་ཡུལ་དེའི་དམ་སྲིན་སྟག་ལ་སྤྲུལ་ནས་གསང་སྔགས་བསྒྲུབ་པ་ལ་བར་ཆད་བྱས་ཚེ། བླ་མས་རྫུ་འཕྲུལ་ཞགས་པས་སྟག་དེ་བཟུང་ནས་ཆིབས་པར་བྱོན། བོན་ཐམས་ཅད་ཀྱི་སྙིང་པོ་སྙིང་རྗེ་རྒྱུད་ལ་སྐྱེས་པས་སེམས་ཅན་གཞན་ལ་གནོད་མ་སྐྱེལ་བས་སྟག་གཟིག་དོམ་དྲེད་ཐམས་ཅད་བེའུ་ལུག་ལྟར་དུ་སྐྱོང༌། ས་བདག་ཀླུ་གཉན་ལ་གཡུང་དྲུང་གི་བོན་དེ་སྤེལ་ནས་རྗེས་སུ་འཇུག ངེས་མེད་ཀྱི་རྣལ་འབྱོར་སྤྲུལ་ནས་འཛམ་གླིང་ཕྱོགས་ཀུན་བྱོན་ནས་གཡུང་དྲུང་བོན་གྱི་བསྟན་པ་སྤེལ། མེ་ཏོག་པདྨའི་ཁར་ཏིང་ངེ་འཛིན་སྐྱོང༌། འབུ་སྲིན་སྦྲང་སྦྲུལ་སེང་གེ་གདུག་པ་ཅན་རྣམས་བཏུལ་ནས་རྣམ་ཤེས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེལ་མར་བྱེད། འགྲོ་བ་སེམས་ཅན་གྱི་དོན་དུ་མི་ལོ་སུམ་བརྒྱ་དྲུག་ཅུར་བཞུགས་ནས་འགྲོ་དོན་མཐར་ཕྱིན་མཛད། ངེས་མེད་ཀྱི་སློབ་མ་རྣམས་ལ་བཀའ་ཡི་འཁོར་ལོ་བསྐོར་རྗེས་བར་སྣང་གི་དབྱིངས་སུ་སྐུ་ལུས་ཁྱུང་ལ་སྤྲུལ་ནས་སྐུ་ལྔའི་ཞིང་ཁམས་སུ་བདེ་བར་གཤེགས་སོ། འདིས་རྣལ་འབྱོར་མ་ཀུན་གྱིས་ཐོག་མར་བཞག་པར་མཛད་པའི་སྲོལ་ཡང་བྱུང༌། གྲུབ་ཐོབ་འདི་ནི་ཐོག་མ་རྟེན་མོ་ལུས་བཞེས་པའི་སྐབས་བོན་མོ་སྟག་ཝེར་ལི་ཝེར་ཟེར། མོ་ལུས་དེ་གསང་སྔགས་སྒྲུབ་པའི་རྟེན་མཆོག་ཕོ་ལུས་བསྒྱུར་ནས་མཚན་ལ་ལི་ཤུ་སྟག་རིང་ཟེར། ལི་ཤུ་སྟག་རིང་ནི་འོག་ཏུ་འབྱུང་བའི་གྲུབ་ཐོབ་ལི་ཤུ་སྟག་རིང་དང་གཅིག་ཡིན། འདིར་སྟག་ཝེར་ལི་ཝེར་དང་ལི་ཤུ་གཉིས་བཀོད་པའི་དོན་ནི། སྟག་ཝེར་ནི་ཞང་ཞུང་གི་གྲུབ་ཐོབ་ཡིན། སྟག་ཝེར་དེ་བོད་ཡུལ་དུ་བྱོན་ནས་ལི་ཤུ་སྟག་རིང་ཟེར། དེའི་དུས་བོད་ཀྱི་གྲུབ་ཐོབ་ཡིན་ནོ།།


10  གྲུབ་ཆེན་ཨ་ནུ་འཕྲག་ཐག

  གྲུབ་ཆེན་ཨ་ནུ་འཕྲག་ཐག་ནི་གངས་དཀར་ཏི་སེའི་མཐར་སྐུ་འཁྲུངས་ཤིང་གངས་ཅན་བོད་ཀྱི་ཡུལ་དབུས་གངས་དཀར་ཏི་སེར་བྱོན་ནས་བོན་མོ་སྟག་ཟ་ལི་ཝེར་ཞེས་བྱ་བ་སྤྱི་བོར་གཙུག་ཏུ་བཀུར་ནས་གསས་མཁར་གྱི་དཀྱིལ་འཁོར་བརྒྱ་དང་རྩ་བརྒྱད་ཀྱི་དབང་ལུང་ཁྲིད་བཅས་ཞུས། གངས་དཀར་ཏི་སེ་གསང་བའི་སྒྲུབ་ཕུག་ཏུ་བྱོན་ནས་གསང་སྔགས་དཀྱིལ་འཁོར་བརྒྱ་དང་རྩ་བརྒྱད་ལ་བསྙེན་བསྒྲུབ་བྱས། གསར་མཁར་དེ་དག་གི་བསྙེན་པ་འབུམ་ཕྲག་བརྒྱ་ལ་སོགས་མང་དུ་བཟླས་པ་དང༌། བདག་ཉིད་ལྷ་ཡི་ང་རྒྱལ་བརྟན་པོ་བཟུང་ནས་ཡུལ་དེའི་ལྷ་སྲིན་སྡེ་བརྒྱད་ཀྱིས་གནོད་མི་ཚུགས། ནམ་ཞིག་ཡུལ་དེ་ཡི་སྲིན་མོ་དྲེགས་པ་ཅན་ཞིག་བྱུང་ནས་བླ་མའི་སྐུ་ལ་དོ་བསྡོ། འགྲན་བཙལ། བསྟན་པ་གཉེན་པོ་ཁྱད་དུ་བསད་པས་གྲུབ་ཆེན་ཨ་ནུ་ཕྲག་ཐག་གེ་ཁོད་གསེར་ཛྭོ་གྲུབ་ནས་འཕངས་པས་སྲིན་ལུས་མ་ལུས་པ་བསྲེག ཛྭོ་རིགས་མི་འདྲ་བར་བསྙེན་མཚམས་བཞུགས། ཤིག་ཙོ་ཞེས་པ་འཕངས་པས་གཡུང་དྲུང་བོན་ལ་ཁ་མིང་ངན་པ་བྱེད་པ་དང༌། སངས་རྒྱས་བསྟན་པ་བཤིག་པའི་ལུས་ལ་བརྒྱག་ན་ཤི་བ་དེ་གསོ་བ་སོགས་ངོ་མཚར་ཅན་གྱི་བོན་མང་པོར་སྒྲུབ། དུག་ཛྭོ་འཕངས་པས་སྲིན་ཡུལ་མ་ལུས་པ་བསྲེགས། དུག་ལ་སྨན་དུ་བསྒྱུར་ནུས་པ་དང༌། ཐུན་མོང་གི་གྲུབ་རྟགས་ལྔ་དངོས་སུ་སྟོན་ནུས་པ་དང་མཆོག་ཐུན་གཉིས་ཀྱི་ཏིང་འཛིན་ཟས་ལ་རོལ་ནས་འཇའ་འོད་དང་བཅས་བར་སྣང་ཁམས་སུ་འཕུར། དེ་ལྟར་དགུང་ལོ་ཉིས་བརྒྱ་ལྔ་བཅུ་རྩ་ལྔ་ནས་ནམ་མཁའ་ལ་འཕུར་བཞིན། འཇའ་ལུས་ཀྱི་ནང་གསེབ་འོད་ལུས་ཀྱི་སྐུར་གྱུར་ཏེ་དགོངས་པ་བོན་ཉིད་ཀྱི་དབྱིངས་སུ་གཤེགས་སོ།།


11  གྲུབ་ཆེན་སད་ནེ་གའུ།

  གྲུབ་ཆེན་སད་ནེ་གའུ་ནི་ཡབ་ཞང་ཞུང་རྒྱལ་མཚན་བདེ་བ་དང༌། ཡུམ་རྒྱལ་བཟའ་ཀློང་ཡངས་གཉིས་ཀྱི་སྲས་སུ་ཆུ་མོ་ཕག་གི་ལོ་ལ་སྐུ་འཁྲུངས་ཤིང༌། ཞང་ཞུང་གི་མཁས་པ་ནེ་སད་གེ་གུ་དང༌། དཔོན་གསས་ཆེན་པོ་ཨ་ནུ་འཕྲག་ཐག་སོགས་མཁས་གྲུབ་རྒྱ་མཚོ་ལྟ་བུར་བསྟེན་ནས་སྟོད་དྭང་ར་གཡུ་བུན་གྱི་བྲག་ཕུག་ཏུ་ཚེ་དང་སྒྲུབ་པ་མཉམ་བསྐྱལ་མཛད། ཉིན་ཞིག་སྦྱིན་བདག་དད་ལྡན་འགའི་རེ་བ་ལྟར་མཚོ་སྨན་ལ་གཏེར་བུམ་བཞག་སྐབས་མཚོ་དེ་ལ་གནས་པའི་བདུད་སྲིན་དམག་ཚོགས་དང་བཅས་སྐུ་ལ་དོ་བསྡོ་བ་དང༌། སྟོད་དྭང་རའི་ཕྱོགས་ལ་ཁ་བ་བུ་ཡུག་རླུང་དམར་འཚུབས་པ་སོགས་ལྟས་ངན་ཆོ་འཕྲུལ་སྣ་ཚོགས་བསྟན་པ་ལ་གྲུབ་ཆེན་སད་ནེ་གའུ་སྙིང་རྗེ་དྲག་པོ་བསྐྱེད་དེ་སེ་གོལ་ཆུང་ངུ་ཞིག་བརྡལ་པས་དེ་དག་ཐམས་ཅད་ཕྱིར་བཟློག མཚོ་བདུད་ཆུའི་ངོགས་བྲོས་པའི་ཚ། སད་ནེ་གའུ་ཕྱག་གཡས་མཚོ་བདུད་བསྒྲལ་བྱེད་ཀྱི་ཐུན་རྡོ་དང་ཕྱག་གཡོན་དུ་དབལ་ཕུར་བསྣམས་ཤིང༌། རྔ་ལ་ཞོན་ནས་མཚོ་སྟེང་དུ་བྱིང་བ་མེད་པས་མཚོ་བདུད་ཀྱི་རྗེས་སུ་འདེད་ནས་དངོས་སུ་བསྒྲལ། མཚོ་བདུད་ཀྱི་འཁོར་ཐམས་ཅད་ཡུལ་ས་གཞི་བདག་ཏུ་མངའ་གསོལ་ནས་མ་འོངས་པ་ན་སངས་རྒྱས་ཀྱི་བསྟན་པ་སྐྱོང་བའི་སྲུང་མར་མངའ་གསོལ། མཚོ་བདུད་བསྒྲལ་བའི་ཕུང་པོ་སྟེང་དུ་མཚོ་ནང་དུ་རང་བྱུང་གི་མཆོད་རྟེན་བཞག་པར་མཛད། གཞན་དུ་ཤྭ་སྣ་ཆུ་སྣ་རུད་སྣ་བྱད་ཁ་སྣ་ཚོགས་བཟློག་པ་སོགས་གྲུབ་རྟགས་ལ་མངའ་དབང་ཐོབ། ཟབ་མོ་དབུ་མའི་ལྟ་བ་ལ་ཉམས་ལེན་མཛད་པ་དང༌། རྫོགས་པ་ཆེན་པོའི་དབུ་མའི་ལམ་རྣམས་ཐུགས་ལ་ཆུད་པས་ཏིང་ངེ་འཛིན་གྱི་ཟས་ལ་རོལ་ཞིང་སྐུ་ལ་མེ་སྟག་མཆེད་བཞིན་ཕུང་པོ་ལྔ་ཡང་ནམ་མཁའ་ལ་འཇའ་ཚོན་ཡལ་བ་ལྟར་ཟག་མེད་འཇའ་ལུས་འཕོ་བ་ཆེན་པོར་གཤེགས་སོ། །


12  གྲུབ་ཐོབ་ད་མི་ཐད་ཀེ།

  གྲུབ་ཐོབ་ད་མི་ཐད་ཀེ་ནི་ཞང་ཞུང་གི་ཡུལ་དུ་སྐུ་འཁྲུངས་ཤིང་སྐྱེས་བུ་དྲེགས་པ་ཅན་གྱི་ཚུལ་མཛད། ཡུལ་ཕྱོགས་ཀྱི་དཔོན་པོ་མང་པོ་དང་འགལ་ཟླ་ཆེན་པོ་བྱུང༌། ཉིན་ཞིག་ཞང་ཞུང་གི་གྲུབ་ཐོབ་སད་ནེ་གའུ་དང་ཞལ་མཇལ་དུས་དད་མོས་སྔར་མེད་གསར་དུ་འཁྲུངས་ནས་སད་ནེ་གའུའི་རྗེས་སུ་འབྲང༌། བོན་གསང་སྔགས་ཀྱི་སྐོར་མང་དུ་གསན་རྗེས་ཞང་ཞུང་སྤོས་རི་ངད་ལྡན་གྱི་གནས་སུ་སྒྲུབ་པ་མཛད། སྒྲུབ་པ་མཛད་ཚེ་གསང་རྒྱར་བྱས་ཀྱང་ཡུལ་མིའི་དཔོན་པོ་རྣམས་ཀྱི་མཐོང་ཐོས་བྱུང༌། ཀུན་གྱིས་གྲོས་བྱས་ཏེ་འདི་ནི་སྐྱེས་བུ་དྲེགས་པ་ཅན་ཡིན་པས་ནམ་ཞིག་འུ་ཅག་ལ་གནོད་སྐྱེལ་ངེས་ཞེས་ཟེར་ནས་དམག་བསྡུས་ནས་རྒོལ་བ་བྱེད་མགོ་བརྩམ། དེའི་ཞང་ཞུང་ནང་ཁུལ་དུའང་འགལ་ཟླའི་དཔོན་པོ་རྣམས་དོན་དེ་ལ་ཁ་གཡར་ནས་ཞང་ཞུང་ཁྲི་སྡེ་བདུན་གྱི་དམག་ཚོགས་དཔུང་ལས་ཁྲི་དང་དྲུག་སྟོང་དུས་གཅིག་ཏུ་འདུས་ནས་རིག་འཛིན་ཆེན་པོ་འདི་ལ་རྒོལ་བ་དང་ནང་ཕན་ཚུན་དམག་འཛིང་བྱས་ཚེ། གྲུབ་ཐོབ་ད་མི་ཐད་ཀེ་བར་སྣང་དབྱིངས་སུ་འཕུར་ནས་ཏིང་ངེ་འཛིན་རྩལ་གྱིས་དམག་མི་རྣམས་བརྒྱལ་བར་བྱེད། འོན་ཀྱང་རིག་འཛིན་ད་མི་ཐད་ཀེའི་རྒྱུད་ལ་སྙིང་རྗེ་སྐྱེས་ནས་དམག་མི་རྣམས་ཡར་སོས་པར་བྱེད། དམག་དཔོན་གཡོ་སྒྱུ་ཅན་འགས་གཡོ་ཐབས་ཀྱིས་རིག་འཛིན་ཆེན་པོ་ལ་མགོ་བཏགས་པའི་ཚུལ་མཛད། རིག་འཛིན་ཆེན་པོ་ཞང་ཞུང་ཁྱུང་ལུང་དངུལ་མཁར་ཕེབས་དུས་དམག་དཔོན་གཡོ་སྒྱུ་ཅན་དཔུང་ཚོགས་ཀྱིས་རི་དེ་ལ་མེ་བཏང་ནས་ད་མི་ཐད་ཀེ་བསྲེགས་པའི་ལས་བྱེད། གྲུབ་དབང་ད་མི་ཐད་ཀེ་མེ་དཔུང་གི་དབུས་ན་གནས་ཀྱང་བ་སྤུ་གཅིག་ཀྱང་ཚིག་མ་ནུས། སླར་ཡང་ཞལ་གྱི་མཆིལ་མ་ཐེབས་གསུམ་སྔགས་ཀྱིས་བཏབ་ཚེ་མེ་དཔུང་བར་སྣང་ལ་འཇའ་ཡལ་བ་ལྟར་གྱུར། དམག་དཔོན་རྣམས་བྲོས་ཚེ་ད་མི་ཐད་ཀེ་དབུ་ཞྭ་གནམ་ལ་འཕངས་ཚེ་གླག་གྱུར་ནས་དམག་དཔོན་རྣམས་རྗེས་འདེད་ནས་དབང་དུ་སྡུད། ཡུལ་དེའི་ཐེའུ་རུང་ཡང་གནོད་བྱེད་ཚེ་ལྷམ་དེ་བོང་བུར་སྤྲུལ་ནས་ཐེའུ་རང་བསྒྲལ། གྲུབ་རྟགས་མང་པོ་སྐྱེས་བུ་ཐམས་ཅད་ཀྱིས་མཐོང་ཡུལ་དུ་གྱུར་ནས་དད་མོས་སྐྱེས་ཏེ་ད་མི་ཐད་ཀེའི་རྗེས་སུ་འབྲང་ནས་གཡུང་དྲུང་བོན་གྱི་སྒོར་ཞུགས། དེ་ལྟར་གང་འདུལ་ཐབས་ཀྱི་འགྲོ་དོན་དགུང་ལོ་ཉིས་བརྒྱ་བདུན་ཅུའི་བར་དུ་མཛད་རྗེས་སྐུ་ལུས་གཡུ་འབྲུག་ཏུ་སྤྲུལ་ནས་ལྷོ་ཕྱོགས་སྤྲིན་བར་ཡལ་བའམ་མཁའ་ལ་འཇའ་ཚོན་དྭངས་བ་ལྟར་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་གཤེགས་སོ།།


13 གྲུབ་ཐོབ་རྒྱ་བོན་ཟིང་པ་མཐུ་ཆེན།

  གྲུབ་ཆེན་རྒྱ་བོན་ཟིང་པ་མཐུ་ཆེན་ནི་རྒྱ་ནག་གི་ཡུལ་དུ་སྐུ་འཁྲུངས་ཤིང་རིགས་རྒྱ་ཡི་རིགས་སུ་གཏོགས། ཟིང་པ་མཐུ་ཆེན་ཚེ་སྟོད་འཇིག་རྟེན་འཁོར་བའི་ལས་ལ་གཡེངས། ཉིན་ཞིག་ཞང་བོད་ཀྱི་ཡུལ་ན་གྲུབ་པར་ཐོབ་པའི་བླ་མ་མང་པོ་ཡོད་པ་ཐོས། དད་པ་དྲག་པོར་སྐྱེས་ནས་ཞང་ཞུང་གི་ཡུལ་དུ་བླ་མ་འཚོལ་བ་ཕྱིན་ཚེ་ཞང་ཞུང་སད་ནེ་གའུ་དང་ཞལ་མཇལ། དེ་ནས། གྲུབ་ཆེན་སད་ནེ་གའུ་སྤྱི་བོར་གཙུག་ཏུ་བཀུར་ནས་གསང་སྔགས་ཀྱི་བོན་ཞུ། སད་ནེ་གའུ་ཞལ་ནས། གསང་སྔགས་ཀྱི་བོན་འདི་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཡིན་པས་ཁྱེད་ཀྱིས་ཉམས་སུ་བླངས་ནུས་སམ། ཞེས་གསུངས་ཚེ། ཉམས་སུ་བླངས་ནུས་ཞེས་གཡར་དམ་བཅའ། དེ་ནས་གསས་མཁར་སྡོང་པ་དགུ་འདུས། གསས་མཁར་སུམ་བརྒྱ་དྲུག་ཅུ། མ་རྒྱུད་ལྷ་འཁོར་སུམ་བརྒྱ་དྲུག་ཅུ་སོགས་བུམ་པ་གང་བྱོའི་ཚུལ་དུ་སྤེལ། ཟིང་པ་མཐུ་ཆེན་གསང་སྔགས་ཀྱི་བོན་སྡེ་མང་པོར་ཁྱེར་ནས་རྒྱ་ནག་གི་ཡུལ་དུ་ཕྱིན། རྒྱ་ཡུལ་ཟིང་ཆུ་ཡུལ་གྱི་རི་བོ་ཆེན་པོ་ན། མཚལ་གྱི་བྲག་ཕུག་ཏུ་ཡི་དམ་ཕྱི་ནང་གསང་གསུམ་ལ་བསྙེན་བསྒྲུབ་ལས་གསུམ་ལ་འཇུག། རྒྱ་ནག་གི་སློབ་མ་མང་པོ་ལ་གསང་སྔགས་ཀྱི་བོན་མང་པོར་གསུངས། བླ་མ་འདི་ནི་རྒྱ་ནག་གི་ཡུལ་དུ་གསང་སྔགས་བོན་ཐོག་མ་སྤེལ་བའི་གྲུབ་ཐོབ་ཡིན། ཁོང་གིས་སྤེལ་བའི་གསང་སྔགས་ཀྱི་བོན་ཐམས་ཅད་དར་ཁྱབ་ཤིན་ཏུ་ཆེ་ཡང་ཕྱིས་སུ་གྲུབ་མཐའ་གཞན་དག་གི་བཅོས་བསྒྱུར་མཛད་པས་ད་ལྟ་འདི་ཡིན་ཞིག་ངོས་འཛིན་གནང་ཡུལ་རེ་ཞིག་མ་རྙེད། འོན་ཀྱང་རྒྱ་ནག་གི་གསང་སྔགས་ཆོས་ནི་བོན་ལ་གཏོགས་ཞེས་བོད་ཡུལ་བླ་མ་མང་ཕྱོགས་ཀྱི་གསུངས་སོ། ཟིང་པ་མཐུ་ཆེན་རྒྱ་ནག་གི་ཡུལ་དུ་བོན་གསང་སྔགས་སྤེལ་པས་རྒྱ་བོན་ཟིང་པ་མཐུ་ཆེན་ཞེས་མཚན་སྙན་ཡོངས་སུ་འབར། རྒྱ་ནག་གི་ཧྭ་ཤང་དང་རྫུ་འཕྲུལ་གྱི་རྩལ་འགྲན་ཚེ་ཟིང་པ་མཐུ་ཆེན་ཉི་མའི་ཟེར་ལ་ཞོན་ནས་མཁའ་ལ་གཤེགས་པ་དང༌། ཟླ་བའི་འོད་གུར་ཞོན་ནས་བར་སྣང་ཁམས་སུ་རྒྱུགས། འཇའ་འོད་ཀྱི་གོས་བཀླུབས་ཤིང་ནམ་མཁའི་ངོགས་ཡིག་འབྲུ་སྟོན་པ་ལ་སོགས་རྫུ་འཕྲུལ་དཔག་མེད་པ་མངའ། དེ་ནས་རྒྱ་ཡུལ་རྒྱ་པོ་དར་རྩེར་གསང་སྔགས་ཀྱི་བོན་བསྒྲུབ་ཅིང་རྫོགས་པ་ཆེན་པོའི་ཉམས་ལེན་ལ་སྦྱོར་པས་སྐུ་ལུས་སྣ་ཚོགས་སུ་སྤྲུལ་ནས་ཐབས་གང་ལ་གང་འདུལ་གྱི་འགྲོ་དོན་རྒྱ་ཆེན་པོར་མཛད་དེ་ཡི་དམ་གྱི་ལྷ་དང་གཉིས་སུ་མེད་པར་གཅིག་ཏུ་སངས་རྒྱས་སོ།།


14  གྲུབ་ཆེན་ཤད་བུ་ར་ཁུག

  གྲུབ་ཆེན་ཤད་བུ་ར་ཁུག་ནི་ཡུལ་ཞང་ཞུང་དུ་སྐུ་འཁྲུངས་ཤིང་ཞང་ཞུང་སད་ནེ་གའུ། ཨ་ནུ་འཕྲག་ཐག་སོགས་ལ་བསྟེན་ནས་ཁྲོ་བོ་དབང་ཆེན་གྱི་དབང་བསྐུར་ཞིང་ལུང་འབོག་པ་དང༌། མན་ངག་དམར་ཁྲིད་བྱས། གནམ་མཚོ་ཕྱུག་མོའི་ནུབ་ཀྱི་སྟག་ཚལ་ཞེས་བྱ་བ་ན་ཁྲོ་བོ་དབང་ཆེན་གྱི་བསྒྲུབ་པར་མཛད། མི་ལོ་མང་པོའི་བར་དུ་སྒྲུབ་པར་མཛད་ཀྱང་ལྷ་ཞལ་མ་འཁུམས། སླར་ཡང་བླ་མ་རྣམ་གཉིས་ཀྱི་མདུན་དུ་གཅར་ནས་ཟབ་གསང་རྫོགས་རིམ་གྱི་སྐོར་རྣམས་དམིགས་ཁྲིད་དང་དམར་ཁྲིད། ཟབ་ཁྲིད་མཛད་རྗེས། རྫོགས་པ་ཆེན་པོའི་བོན་སྡེ་མང་དུ་ཞུས་རྗེས་སླར་ཡང་གནས་མཆོག་གནམ་མཚོ་ཕྱུག་མོའི་རི་ལ་སྒྲུབ་པར་མཛད། དེ་ལྟར་ལོ་དུ་མ་བསྙེན་བསྒྲུབ་བྱས་པས་གཏོར་མ་ལ་མེ་འབར་བ་དང༌། རྔ་དང་གཤང་ལ་དབལ་མེ་འབར་ཞིང་བུམ་ཆུ་ཕྱོགས་བཅུར་བབས་པ་དང༌། གཡུང་དྲུང་བོན་ལ་དོ་བསྡོ་བ་དང་འགྲན་བཙལ་བ། བོན་ལ་སྨད་པ་བཏང་བའི་དགྲ་བོ་ཐམས་ཅད་དབལ་མེ་འབར་བའི་གསེར་ཕུར་ཕྱར་བ་ཙམ་གྱིས་དངོས་སུ་བསྒྲལ། ཡུལ་དེ་ལ་བདུད་དྲེགས་པ་ཅན་ཞིག་ཡོད་པ་དེས་སེམས་ཅན་ལ་གནོད་སྐྱེལ་ཚེ་ཤད་བུ་ར་ཁུག་དངོས་སུ་བསྒྲལ་བ་བརྩམ། བདུད་དྲེགས་པ་དེ་ར་ལུག་ལ་སྤྲུལ་ནས་བྲོས་ཚེ་ཤད་བུ་ར་ཁུག་གཟིག་ལ་སྤྲུལ་ནས་བདའ། བདུད་དེ་བྱིའུ་ཆུང་ལ་སྤྲུལ་ནས་མཁའ་ལ་བྲོས་ཚེ་རེ་ཞིག་རྒོད་ལ་སྤྲུལ། རེ་ཞིག་ཁྲ་ལ་སྤྲུལ་ནས་བདུད་དྲེགས་པ་ཅན་དེ་བསྒྲལ། ཡུལ་ཕྱོགས་ཀྱི་འབྲོང་གཡག་རྒོད་པོ་ལ་ཁལ་འགེལ་ཞིང་སྐྱེས་བུ་དྲེགས་པ་ཐམས་ཅད་དབང་དུ་བསྡུས་ནས་བོན་གྱི་བཀའ་འཁོར་བསྐོར། གསང་སྔགས་ཀྱི་མན་ངག་ཐམས་ཅད་ལས་ལྡན་གྱི་སློབ་མ་རྣམས་ལ་སྤེལ་བས་སློབ་མ་གྲུབ་པ་ཐོབ་པ་བརྒྱ་ཕྲག་མང་པོ་འཕེལ་ལོ། ཤད་བུ་ར་ཁུག་གི་སྐུ་ལུས་ལ་མེ་འབར་ཞིང་སྟག་ལྤགས་ཀྱི་ན་བཟའ་བནབས་ནས་དབལ་མོ་མ་ཚོགས་བྲན་དུ་བཀོལ། ཏིང་ངེ་འཛིན་གྱིས་གཞན་སེམས་ཤེས་པ་དང་གཞན་སྡུག་བསྔལ་ཅན་ལ་ལུས་སེམས་བདེ་བར་བསྐྱེད་ནུས་པ་སོགས་གྲུབ་རྟགས་མང་དུ་མཆིས། དགུང་ལོ་ཉིས་བརྒྱའི་བར་དུ་འགྲོ་དོན་མཛད་རྗེས་སྐུ་ལུས་འཇའ་འོད་དུ་གྱུར་ནས་བོན་ཉིད་ཀྱི་དབྱིངས་སུ་སངས་རྒྱས་སོ།།


15  གྲུབ་ཐོབ་སྤེ་བོན་ཐོག་རྩེ།

  གྲུབ་ཐོབ་སྤེ་བོན་ཐོག་རྩེ་ནི། སྤེའུ་ཡུལ་དུ་མཁའ་འགྲོ་མའི་སྲས་སུ་འཁྲུངས། སྤེའི་རིགས་ཡིན། སངས་རྒྱས་གཡུང་དྲུང་བོན་ལ་དད་ནས་སློབ་དཔོན་ཆེན་པོ་ཤད་བུ་ར་ཁུག་ལ་བོན་ཉན་པས་གསང་སྔགས་ཀྱི་བོན་ལ་ཡིད་ཆེས་ནས་གསང་སྔགས་ཀྱི་དམ་ཚིག་ཚུལ་བཞིན་དུ་སྲུང། དེ་ནས་ཡར་ལྷ་ཤམ་པོ་གཡུང་དྲུང་གསང་བའི་བྲག་ལ་གསང་སྔགས་ཀྱི་བོན་ལས་གསས་མཁར་མཆོག་ལྔར་བསྙེན་པའི་གཞི་མ་སྒོ་དགུས་ཁོག་དབུབ། བསྒྲུབ་པའི་ཡན་ལག་བཅོ་བརྒྱད་ཀྱིས་གཞུང་བསྲང༌། ལས་ཀྱི་འཕྱང་ཆེན་སྡེ་དགུས་མཐར་སྡུད་ནས་རིམ་གཉིས་གསང་སྔགས་ཀྱི་ལམ་ལྔ་ས་བཅུ་ཅིག་ཆར་དུ་བསྒྲོད་པར་མཛད། སླར་ཡང་འཕན་ཡུལ་བྲག་དཀར་གྱི་གནས་ལ་མ་རྒྱུད་ཀྱི་བོན་ལ་ཉམས་སུ་ལེན། མི་རྐང་གླིང་བུ་འབུད་པས་མཁའ་འགྲོ་མ་ཐམས་ཅད་མ་འབད་མགྲོན་དུ་འགུགས་ནས་གསང་སྔགས་སྒྲུབ་པའི་གྲོགས་བྱེད། མཁའ་འགྲོ་གསང་བའི་སྒྲུབ་པ་ལ་བརྩོན། གཡག་རྒོད་དང་ཆུ་སྲིན་བྲན་ཏུ་བཀོལ་དེ་ཞོན་ནས་ཕྱོགས་མེད་དུ་འགྲོ་དོན་ཕེབས། དམུ་བདུད་བཙན་གསུམ་བྲན་དུ་འཁོལ་བ་དང༌། སྤྲུལ་པ་ཕྱོགས་བཅུར་དུས་གཅིག་ཏུ་འགྱེད་པར་བྱེད། བདུད་སྲིན་བསྒྲལ་བའི་ཐོད་པ་དེ་ཕྲེང་བར་བྱེད། རིན་པོ་ཆེའི་ཕྲེང་བ་ས་གནས་བརྒྱ་རྩ་བརྒྱད་ལ་སྦས་ཚེ་ཕྲེང་བ་རེ་རེའི་སྟེང་དུ་ཆུ་མིག་རེ་རེར་བྱུང༌། ཆུ་མིག་རེ་རེ་ལ་མ་དང་མཁའ་འགྲོ་རེ་རེ་གནས། མ་དང་མཁའ་འགྲོ་ཐམས་ཅད་འགྲོ་བ་སེམས་ཅན་གྱི་དོན་དང་གཡུང་དྲུང་བོན་གྱི་བསྟན་པ་སྤེལ་བ་སྡོང་གྲོགས་མཛད་པ་དང༌། བྱིན་རླབས་ཀྱི་བདུད་རྩི་འགྲོ་བ་རྣམས་ལ་སྤྲོ། དེ་ལྟར་དགུང་ལོ་བརྒྱ་དང་སོ་ལྔའི་བར་དུ་འགྲོ་དོན་མཛད་རྗེས་ཕུང་པོ་ལྷག་མ་མེད་པ་མྱང་འདས་ཀྱི་ས་སྟེ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་གཤེགས་སོ།།


16  གྲུབ་ཐོབ་སྤེ་བོན་ཐོག་འཕྲུལ།

  གྲུབ་ཐོབ་སྤེ་བོན་ཐོག་འཕྲུལ་ནི་སྤེའི་ཡུལ་དུ་སྐུ་འཁྲུངས། ཆུང་མིང་སྤེ་ཡི་བོན་པོ་ཟེར། ཤད་བུ་ར་ཁུགས་སོགས་གསང་སྔགས་ཀྱི་བླ་མ་རྒྱ་མཚོ་ལྟ་བུར་བསྟེན་ནས་གསང་སྔགས་གསང་བའི་དཀྱིལ་འཁོར་བརྒྱ་དང་རྩ་བརྒྱད་ཀྱི་དབང་ལུང་མན་ངག་གསན། བྱམས་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་རྒྱུད་སྡེ་དང་སྒྲུབ་སྡེ་ཐམས་ཅད་གསན་རྗེས་ཕན་པོ་ཡུལ་གྱི་བྲག་དཀར་ཆུ་གླིང་ན་བྱམས་མ་བསྙེན་སྒྲུབ་བྱེད། དེ་རྗེས་ཡར་ལྷ་ཤམ་པོ་གངས་རི་ལ་དཀར་མོ་སྤྱན་གཅིག་མ་གསང་སྔགས་བསྒྲུབ་པའི་གྲོགས་སུ་བརྟེན་ནས་མ་རྒྱུད་གསང་མཆོག་མཐར་ཐུག་དང༌། བྱམས་མ་འཇིགས་པ་བརྒྱད་སྐྱོབས་ཀྱི་སྒྲུབ་སྡེ་དབུ་བཟུང་ནས་བསྙེན་བསྒྲུབ་ལས་ལ་སྦྱོར། རེ་ཞིག་བོད་རྒྱལ་གནམ་གྱི་ཁྲི་བདུན་ཐ་མ་རྒྱལ་པོ་སེང་ཁྲི་བཙན་པོའི་སྲས་འཁྲུངས་ཚད་ཡུལ་དེར་བྲག་དེལ་ཞིག་ལ་བདུད་ཐེལ་མོ་ཞིག་གནས་པ་དེས་ཟོས་པས། རྒྱལ་པོས་སྤེ་ཡི་བོན་པོ་ལ་བདུད་ཐེལ་མོ་འདུལ་བར་ཞུས་པས་སྤེ་བོན་གྱིས་བྱམས་མ་བསྒྲུབས་ནས་བྲག་དེལ་མགོར་བུམ་ཆུ་བླུག་པ་ཙམ་གྱིས་བྲག་དེ་ཐོག་ཕོག་པ་བཞིན་དུ་ཉིལ་བས་སྤེའི་བོན་པོ་ལའང་སྤེ་བོན་ཐོག་འཕྲུལ་དུ་གྲགས་སོ། དེར་བདུད་ཐེམ་མོས་སྐད་ངན་ཕྱུང་སྟེ་ང་རང་གི་བུ་འདི་རྒྱལ་པོའི་སྲས་སུ་ཕུལ་བ་ལས་འོས་མེད་ཟེར་བས། ཕྱི་ལོ་རྒྱལ་བུ་གྲི་གུམ་བཙན་པོ་འཁྲུངས། སྤེ་བོན་ཐོག་འཕྲུལ་ཡང་རྒྱལ་པོའི་མཆོད་གནས་སུ་སྤྱན་དྲངས་ཀྱང་མ་འབྱོན། སླར་ཡང་དབེན་པའི་རི་ལ་བྱོན་ནས་གསང་སྔགས་ཀྱི་བོན་ལ་ཉམས་ལེན་མཛད། ཀུན་ཏུ་བཟང་པོ་ཞལ་མངོན་སུམ་མཇལ། ཉི་ཟེར་ལ་ཞོན་ནས་འཛམ་བུ་གླིང་ལ་བསྐོར་བར་བྱེད། ཞང་ཞུང་ཁ་ཡུག་མཚོ་ཆེན་གཡུ་རི་ཞེས་པ་དེ་ལ་སྨར་ཞི་ཧྲང་ལ་བསྟེན་ནས་ཉིན་གསུམ་གྱིས་བསྐོར་བར་བྱེད། སྐུ་ལུས་དུ་མར་སྤྲུལ་ནས་འགྲོ་དོན་མཛད་པ་སོགས་མཆོག་གི་དངོས་གྲུབ་ཐོབ་སྟེ། དགུང་ལོ་བརྒྱ་དང་དྲུག་ཅུ་རྩ་ལྔ་བཞུགས། གསང་སྔགས་ཀྱི་བོན་ཐམས་ཅད་སྤེ་བོན་ཐོག་རྩེ་སོགས་ལ་བརྒྱུད་ཕུང་པོ་འཇའ་འོད་གྲུབ་ནས་མངོན་པར་སངས་རྒྱས་ཀྱི་ས་ལ་གཤེགས་སོ།།


17 གྲུབ་ཐོབ་ཐིས་ཆེན་ཧྲིང་ནི་མུ་ཏིང༌།

  གྲུབ་ཐོབ་ཐིས་ཆེན་ཧྲིང་ནི་མུ་ཏིང་ནི་རྒྱལ་བའི་རིགས་སུ་འཁྲུངས་ཀྱང་ཁྱིམ་དུ་འདོད་པའི་ཡོན་ཏན་གྱི་རོ་ཉམས་སུ་མྱོང་བར་འདུག་ལ། ཐར་པའི་ལམ་དགེ་བའི་བོན་ལ་ནི་བློ་བག་ཙམ་མ་ཞུགས་པར་འཇིག་རྟེན་འདི་འབའ་ཞིག་དོན་དུ་གཉེར་ཞིང་འདུག་པའི་ཚེ། གློ་བུར་དུ་མཛེ་ནད་བྱུང༌། ནད་དེ་ཇེ་ཐུབ་བྱུང༌། སྨན་པས་ཀྱང་བཅོས་ཐབས་མ་བྱུང༌། ཉིན་ཞིག་སྤེ་བོན་ཐོག་འཕྲུལ་དང་ཞལ་མཇལ་ནས་སྡུག་བསྔལ་ཞུ་ཚེ། སྤེ་བོན་ཐོག་འཕྲུལ་གྱིས་བྱམས་མ་ཀླུ་ཡི་འཇིགས་སྐྱོབས་ཀྱི་བོན་དང་ཁྱུང་སྒྲུབ་སྐོར་སོགས་གསང་སྔགས་དང་རྫོགས་ཆེན་གྱི་བོན་སྡེ་མང་པོ་ཐིས་ཆེན་ཧྲིང་ནི་མུ་ཏིང་ལ་བརྒྱུད། ཐིས་ཆེན་ཧྲིང་ནི་མུ་ཏིང་བླ་མས་གསུང་བཞིན་དུག་མཚོ་ཚལ་ཆེན་དོ་གླིང་ན་དབལ་ཁྱུང་སྒྲུབ། མཚོ་དེ་ལ་གནས་པའི་ཀླུ་བདུད་དེ་སྦྲུལ་ལ་སྤྲུལ་ནས་བླ་མའི་སྐུ་ལ་འབྱར། བླ་མས་ཀླུ་བདུད་ཡིན་པར་མཁྱེན་ནས་དེ་མ་ཐག་ཏུ་བྱ་རྒྱལ་ཁྱུང་ཆེན་ཞིག་སྤྲུལ་ནས་ནམ་མཁར་ལྡིང་ནས་སྦྲུལ་དེ་ཟོས། མཚོ་ནང་དུ་བདུད་རྩི་འོ་མ་དཀར་པོ་སོགས་མཆོད་གཏོར་བྱས་པས་མཛེ་ནད་ལས་ཐར། དེ་ནས་གསང་སྔགས་ཀྱི་བཀའ་ཟབ་མོ་ལ་ལྷག་པར་དད་པ་འཕེལ་ནས་བསྙེན་བསྒྲུབ་ཀྱི་ལས་ལ་བརྩོན། དད་ལྡན་གྱི་སློབ་མ་རྣམས་ལ་འདུས་བྱས་ཐམས་ཅད་ཀྱི་མདོ་མི་རྟག་པ། ཟག་པ་དང་བཅས་པའི་མདོ་སྡུག་བསྔལ་བ། མྱ་ངན་འདས་པ་ཐམས་ཅད་མདོ་ཞི་བ། བོན་ཐམས་ཅད་ཀྱི་མདོ་བདག་མེད་པ་གཏན་ལ་ཕབ་ནས་རིམ་བཞིན་བློ་ཁ་གསང་སྔགས་དང་རྫོགས་ཆེན་གྱི་ལམ་ལ་བཀོད་པར་མཛད། རིག་འཛིན་ཆེན་པོ་ཁོང་ཉིད་མི་ཚེ་གསང་སྔགས་ཀྱི་བོན་ལ་སྐྱེལ་ནས་འདི་དག་གི་རྣམ་རྟོག་ཐམས་ཅད་བདེ་བ་དང་སྟོང་བའི་ངང་དུ་སྟོར་ནས་དེའི་སེམས་ཀྱི་དྲི་མ་དག་སྟེ་བདེ་ཆེན་འོག་གསལ་གྱི་རྟོགས་པའི་ཉམས་སྐྱེས་པ་དང་ཡི་དམ་ལྷ་ཞལ་མང་དུ་མཇལ། བདུད་སྲིན་བསྒྲལ་བའི་ཚེ་གསེར་གྱི་ཕུར་པ་བྲག་ལ་བརྒྱག་ནས་བྲག་རྡོ་ནང་དུ་ནུབ། ཀུན་གྱིས་ཐིས་ཆེན་གསེར་ཕུར་བྲག་ལ་བསྣུན་ཞེས་བསྔགས་བརྗོད་བྱེད། བདེན་པའི་དོན་མཐོང་སྟེ་གྲུབ་པ་ཐོབ། རྩ་རླུང་ཐིག་ལེ་ལ་དབང་འབྱོར་བས་རླུང་སེམས་ལ་རང་དབང་ཐོབ་པར་རྡོ་རྗེ་བྲག་ཡང་བསྙིལ་བ་མཛད་པ་སོགས་ཐུན་མོང་གི་གྲུབ་རྟགས་མངའ། ལྷུན་གྱིས་གྲུབ་པའི་རིག་འཛིན་ས་ལ་བགྲོད་དོ། མཆོག་ཐུན་གྱི་ཡོན་ཏན་འབད་མེད་ལྷུན་གྲུབ་ཏུ་རྫོགས་ཞིང་སྐུ་གསུམ་གྱི་ཡོན་ཏན་མ་འབད་ངང་གིས་རྫོགས་ནས་སྐུ་ལུས་ཟག་མེད་འོད་ཀྱི་རང་བཞིན་དུ་གྱུར་ཏེ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་བདེ་བར་གཤེགས་སོ། །


18 གྲུབ་ཆེན་སུམ་པ་སྦུ་ཁ།

  གྲུབ་ཆེན་རིག་འཛིན་སུམ་པ་སྦུ་ཁ་ནི་སུམ་པའི་ཡུལ་དུ་སྐུ་འཁྲུངས་ཤིང་བྲམ་ཟེའི་ཚུལ་མཛད། དགུང་ལོ་ཧ་ཅང་གཞོན་པའི་དུས་ན་ཡུམ་བསྙུང་ནས་འགུམ་དང་ལ་ཐུག་པའི་ཚེ། ཡུམ་གྱི་སྲས་ལ་ཞལ་ཆེམས་སུ། སེམས་ཅན་གྱི་བདེ་སྡུག་ཐམས་ཅད་ནི་ལས་དགེ་སྡིག་ལ་རག་ལས་པས། སྲོག་ལ་བབས་ཀྱང་སྡིག་པའི་ལས་མ་བྱེད་ཅིག བླ་མ་ཐིས་ཆེན་ཧྲིང་ནི་མུ་ཏིང་གི་རྗེས་སུ་འབྲངས་ནས་ཟབ་མོ་རྫོགས་པ་ཆེན་པོར་ཉམས་སུ་ལོངས་ཤིག་ཅེས་གསུངས་ནས་གྲོངས་སོ། དེ་ནས་སུམ་ལ་སྦུ་ཁས་ཡུམ་གྱི་ཞལ་ཆེམས་ཇི་བཞིན་གྲུབ་ཐོབ་ཐིས་ཆེན་ཧྲིང་མུ་ཏིང་རྩ་བའི་བླ་མར་བསྟེན། བླ་མའི་མདུན་ནས་ཀུན་བཟང་བོན་སྐོར་དང༌། གསས་མཁར་སུམ་བརྒྱ་དྲུག་ཅུ་སོགས་གསན་རྗེས་གསང་སྤྱོད་ལྗོན་ཤིང་ནགས་ཚལ་གླིང་དུ་ཕེབས་ནས་ཟབ་གསང་སྔགས་ཀྱི་བོན་ལ་བསྙེན་མཚམས་བྱེད་པ་དང་གྲོལ་ལམ་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་འབྲས་རང་རྒྱུད་ལ་སྦྱར་ནས་ཉམས་སུ་ལེན། ཡུན་རིང་མ་འགོར་བ་མདུན་གྱི་བར་སྣང་ལ་ཀུན་ཏུ་བཟང་པོ་རྒྱན་མེད་གཅེར་བུ་བ། སྐུ་མདོག་སྔོ་ལྗང་ཅན་ཞིག་ཞལ་མངོན་སུམ་དུ་གཟིགས། སླར་ཡང་བླ་མའི་མདུན་དུ་གཅར་ནས་གདམ་ངག་ཞུས་ཚེ། བླ་མས་རང་བས་གཞན་གཅེས་ཀྱི་གདམས་པ་མང་དུ་བསྟན། རྗེ་འདི་ཉིད་ཉམས་ལེན་རང་རྒྱུད་ལ་སྦྱར་ནུས་ཤིང་སྐུ་ལུས་བཤིག་པ་དང༌། གཞན་སེམས་ཅན་ཚེ་འཕོས་པ་དག་གི་རྣམ་ཤེས་འོག་མིན་བདེ་བ་ཅན་གྱི་ཞིང་དུ་འཕོ་བ་སོགས་མཛད་ཕྲིན་རྨད་དུ་བྱུང་ངོ།། གཞན་ཡང་ངོ་མཚར་བ་ཞིག་ནི། སུམ་པ་སྦུ་ཁ་ཁོང་སུམ་པའི་ཡུལ་དུ་བྱོན་ཚེ་འབུ་སྦྲང་རྣམས་ལུས་ལ་འབྱར་ནས་ཁྲག་འཐུང༌། ཁོང་དེ་དག་ལ་སྙིང་རྗེ་དྲག་ཏུ་སྐྱེ་ཞིང་གཞན་གྱི་སྡུག་བསྔལ་རང་སྟེང་དུ་ལེན་པ་དང་རང་གི་བདེ་བ་གཞན་ལ་སྟེར་དགོས་སྙམ་ནས་སྐུ་ལུས་འབུ་སྦྲང་ལ་སྦྱིན་པ་ཙམ་གྱིས་འབུ་སྦྲང་ཐམས་ཅད་མཁའ་འགྲོ་བསྒྱུར། བར་སྣང་ཁམས་ན་ཀུན་ཏུ་བཟང་པོ་ཞལ་སླར་ཡང་གཟིགས། མེ་ཡི་ཕུང་པོ་ཀློང་དུ་གཅེར་བུ་གནས་ཤྀང་རླུང་སེམས་རང་དབང་ཐོབ་པས་གྲུབ་ཐོབ་ཆེན་པོར་གྱུར། དེ་ལྟར་འགྲོ་དོན་མཛད་རྗེས་ཀུན་ཏུ་བཟང་པོ་དང་དབྱེར་མེད་པར་གྱུར་ནས་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་གཤེགས་སོ།།


19  གྲུབ་ཆེན་གླང་ཆེན་མུ་ཝེར།

  གྲུབ་ཆེན་གླང་ཆེན་མུ་ཝེར་ནི་ཞང་ཞུང་གི་ཡུལ་དུ་སྐུ་འཁྲུངས་ཤིང་ཆུང་ནས་ཡབ་ཀྱི་རྗེས་སུ་འབྲངས་ཏེ་ཡི་གེ་དང༌། གསང་སྔགས་དང༌། རྫོགས་ཆེན་སྐོར། གཞན་དུ་རིག་གནས་སྐོར་སོགས་ལ་བསླབ་པས་བདའ་བསྟན་པ་ཙམ་གྱིས་ཕུལ་དུ་ཕྱིན་པ་མཁྱེན་ཏེ་ཡོན་ཏན་དུ་མའི་བདག་ཉིད་ཅན་དུ་གྱུར། ལོ་བཅུ་གཉིས་ཡན་མན་ཡབ་ཡུམ་གཉིས་སྐུ་གྲོངས་བ་དུར་ཁྲོད་དུ་བསྐྱལ་ནས་ས་སྤུར་བྱས། ཉིན་རེ་བཞིན་དུར་ཁྲོད་དུ་ཡབ་ཡུམ་གྱི་སྤུར་ལ་བལྟར་སོང༌། དེའི་རྒྱུ་མཚན་གྲུབ་ཆེན་ཐིས་ཆེན་ཧྲིང་ནི་མུ་ཏིང་ཤེས་ནས་མདུན་གྱི་བར་སྣང་ལ་བྱོན་ནས་གསང་སྔགས་དུར་གཅོད་དང་ནད་གཅོད། བགེགས་གཅོད། བྱ་གཅོད་སོགས་གཅོད་ཀྱི་རིགས་མི་འདྲ་བ་མང་དུ་གསུང་བའི་སྟེང་དུ་གསང་སྔགས་ཀྱི་བོན་དང་གྲོལ་ལམ་རྫོགས་པ་ཆེན་པོའི་བོན་སྡེ་མཐའ་དག་གནང༌། བླ་མའི་ལུང་བསྟན་པར་བཞིན་དུར་ཁྲོད་ཆེན་པོ་བརྒྱ་རྩ་འགྲིམས་ནས་གཅོད་ཁོ་ན་ཉམས་སུ་ལེན། དུར་ཁྲོད་ཆེན་པོ་གསང་བའི་རོ་ཁྲི་ཡི་སྟེང་དུ་བཞུགས་ནས་དུར་བདག་ཕོ་མོ་དང་དུར་ཁྲོད་ལ་གནས་པ་རྣམས་ལ་དཀར་འགྱེད་དང་དམར་འགྱེད་བཏང༌། སྐུ་ལུས་ཚོགས་སུ་དམིགས་ནས་ཡར་སྲི་ཞིའི་མགྲོན་དང༌། ཡོན་ཏན་མགྲོན། མར་ལན་ཆགས་མགྲོན་དང་སྙིང་རྗེ་མགྲོན་ལ་མཆོད་སྦྱིན་བྱེད། མཁའ་འགྲོ་ལས་བྱེད་མ་གསང་སྔགས་སྒྲུབ་པའི་གྲོགས་སུ་བཙལ་ནས་ཟབ་མོ་གསང་སྔགས་མཁའ་འགྲོ་གཅོད་ཀྱི་སྒྲུབ་པ་ཉམས་ལེན་མཛད། དུར་ཁྲོད་དེ་ལ་གནས་པའི་གཤིན་རྗེ་བདུད་ཀྱི་རྒྱལ་པོ་ལ་སོགས་ལོག་པར་འདྲེན་པའི་རིགས་ཐམས་ཅད་རྡུལ་དུ་བརླག་པར་མཛད། དེ་ལྟར་དུར་ཁྲོད་ཁོ་ནར་འགྲིམས་ནས་འགྲོ་དོན་མཐར་ཕྱིན་པ་མཛད་དེ་ཏིང་ངེ་འཛིན་གྱི་ཟས་ལ་ལོངས་སུ་སྤྱོད་པ་དང་བདེ་ཆེན་གཡོ་བ་མེད་པའི་བོན་སྐུའི་ཀློང་དུ་ཡི་དམ་གྱི་ལྷ་དང་གཉིས་སུ་མེད་པ་དབྱིངས་སུ་ཐིམ་པའི་ཚུལ་མཛད་དོ།།

སྨད་ཀྱི་མཁས་པ་མི་བཞི།

20 གྲུབ་ཐོབ་སྟོང་རྒྱུང་མཐུ་ཆེན།

  གྲུབ་ཐོབ་སྟོང་རྒྱུང་མཐུ་ཆེན་ནི་སྤྱི་ལོ་སྔོན་༩༧༦ལོ་སྟེ་ཤིང་ཕོ་འབྲུག་གི་ལོ་ལ་ཞང་ཞུང་སྟོད་དུ་སྐུ་འཁྲུངས། རིག་འཛིན་སྤེ་བོན་ཐོག་འཕྲུལ་ལས་མན་ངག་ཛྭ་ཡི་རྒྱུད་སྡེ་དང་བསྒྲུབ་སྡེ་ཐམས་ཅད་བཀའ་དབང་ཐོབ། ལྷག་པར་དུ་བསྒྱུར་ལམ་གསང་སྔགས་ཀྱི་བོན་དང༌། གྲོལ་ལམ་རྫོགས་པ་ཆེན་པོའི་བོན་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གནང༌། དེ་ནས་གནམ་མཚོ་དོ་རིང་གི་གནས་སུ་མཚོ་སྨན་རྒྱལ་མོ་དེ་གསང་སྔགས་སྒྲུབ་པའི་གྲོགས་སུ་བཙལ་ནས་བྱིན་རླབས་བཅུ་གཉིས་ཀྱི་སྒྲུབ་པ་མཛད་ཅིང་བཞུགས་པའི་ཚེ་ན། བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོས་བོན་བསྣུབས་པས་སྲུང་མའི་དབུ་ཡོག་ཕོག་ནས་བློན་པོ་ལོ་ངས་སྐུ་བཀྲོངས། སྲས་གསུམ་ཀོང་པོ་སོགས་ལ་བྲོས། གྲི་གུམ་བཙན་པོའི་སྲས་སྤུ་ལྡེ་གུང་རྒྱལ་གྱི་སླར་ཡང་ཡབ་ཀྱི་རྒྱལ་ས་ཚུར་བླངས་ཏེ་གཡུང་དྲུང་བོན་དར་སྤེལ་བྱེད་ཚེ་རིག་འཛིན་སྟོང་རྒྱུང་མཐུ་ཆེན་གདན་དྲངས་རྒྱལ་པོས་མཁས་རྟོགས་དོན་དང་ལྡན་པའི་པནྚི་ཏ། བདག་ནི་སྔོན་ནས་ལྷ་སྲས་གཉན་གྱི་སྲས། གཡུང་དྲུང་བོན་གྱི་བརྒྱུད་པ་ཟམ་མ་ཆད། བདག་གི་ཡབ་ཀྱི་ཐུགས་སུ་གདོན་གསོལ་ཏེ། བོན་བསྣུབས་གཤེན་པོ་རྣམས་ཀྱང་མཐའ་རུ་སྤྱུགས། བཀའ་ཆད་བདག་ཅག་རྒྱལ་བློན་ཀུན་ལ་བྱུང༌། རྒྱལ་པོའི་སྐུ་བཀྲོངས་རྒྱལ་སྲིད་འབངས་ཀྱིས་ཁྱེར། ཡབ་མྱཻས་གོང་མས་བཞེངས་པས་གསས་ཁང་བཤིག ཉང་རོ་ཤམ་པོའི་ཕོ་བྲང་ཐོག་གིས་བསྒྱེལ། ལ་ལ་མཐར་སྤྱུག་ལ་ལ་བྲན་དུ་བཀོལ། ཁྱོད་ཀྱི་ཐུགས་རྗེས་བཟུང་ཞིང་བཀའ་ལ་འདོགས་པར་ཞུ། ཞེས་ཞུས་པས། སྟོང་རྒྱུང་གིས་བོན་གྱི་བསྟན་པ་དར་བར་བྱ་བའི་ཕྱིར་རིག་འཛིན་བརྒྱ་རྩ་སྤྱན་དྲངས་ཏེ་བསྟན་པ་གཏེར་ནས་བཏོན་ཏེ་སྤེལ་བར་དགོངས། ཞེས་གསུངས་པ་ལྟར་གཤེན་པོ་བརྒྱ་དུས་གཅིག་ལ་སྤྱན་དྲངས། ཀོང་ཡུལ་བྲེ་སྣར་རྒྱལ་གྱི་གྲི་འདུར་མཛད་པས་གསོན་པོ་བཀྲ་ཤིས་ཏེ་སྤུ་ལྡེས་རྒྱལ་ས་ཟིན། གྲི་རུམ་ཐར་པ་ཐོབ་བོ། ད་ལྟ་ཡང་རྒྱལ་གྲི་རུམ་གྱི་གྲི་འདུར་ཡོག་བར་པ་སུམ་བརྒྱ་དྲུག་ཅུ་བྱ་བའི་བོན་བཞུགས་སོ། གཤེན་པོ་ལ་གཙིགས་སྔར་བཞིན་དུ་བྱིན་ནོ། ཡབ་ཀྱིས་བོན་ལ་སྡང་ཡང་ངས་བོན་དར་དུ་འཇུག བོན་ཁྲིམས་སྲིད་པའི་ཐོ་ཆེན་འཛུག་དགོས་ཞེས་གསུངས་ཏེ་དུས་དེར་བོན་བསྟན་དར་རྒྱས་སུ་སྤེལ་བར་དགོངས་པ་ལ། གཏེར་བདག་དང་ལྷ་སྲིན་གྱིས་མ་བསྒྲིབས་པའི་བོན་ཁ་ཡར་ལས་གཏེར་ནས་མ་ཐོན་པས་ཞང་ཞུང་གི་ཡུལ་ནས་ཁྱུང་ཕོ་མུ་ཁྱུང་རྒྱན་དང༌། ལྷ་ཁྱུང་རྒྱན་སྐུ་མཆེད་གཉིས་གདན་དྲངས་ནས་བོད་ཡུལ་དུ་འབུམ་སྡེ་ལྔ་དང༌། བོན་སྒོ་བཅུ་གཉིས་དང༌། བོན་གྱི་མཛོད་སྒོ་མང་པོ་དང༌། ཕྲ་མོ་བཅུ་དང༌། ཐེག་པ་ཐ་དད་པའི་བོན་སྒོ་མང་པོ་སྤེལ་ནས་སླར་ཡང་བསྟན་པ་དར་བར་གླིང་གྲགས་ལ་སོགས་ནས་བཤད་དོ། བོད་ཡུལ་བདེ་བར་བཀོད་རྗེས་རྫུ་འཕྲུལ་རྩལ་གྱིས་མཁའ་སྤྱོད་ཀྱི་ཞིང་དུ་བྱོན་ཏེ་གསང་འདུས་གཤེན་གསུམ་གྱི་མདུན་ནས་མན་ངག་དམར་ཁྲིད་བཅས་ཞུས། སླར་ཡང་གནམ་མཚོ་དོ་རའི་སྒྲུབ་ཕུག་ཏུ་མི་གཡོ་བའི་ཏིང་ངེ་འཛིན་ལ་བཞུགས། དགུང་ལོ་བརྒྱ་ཕྲག་དུ་མ་ཏིང་ངེ་འཛིན་ལ་བཞུགས། གྲུབ་པའི་རྟགས་ནི་གསེར་དང་ཉུང་དཀར་གྱིས་ཛྭ་དམར་འཕེན་ནས། བསྟན་དགྲ་བསྒྲལ་བ། གནམ་མཚོ་དར་གྱིས་དྲིལ་ཏེ་འཁྱེར་ནས་ནམ་མཁའ་ལ་བཞག་པ་དང༌། རི་བྲག་ཟོར་དུ་འཕེན་པ། ཏིང་ངེ་འཛིན་གྱི་ཟས་ཀྱིས་འཚོ་བ། བདེར་གཤེགས་རིགས་ལྔ་བྱང་ཁོག་ནས་ལམ་མེར་སྟོན་པ། སྐུ་ལུས་འོད་ཟེར་སྣ་ཚོགས་འཕྲོ་འདུ་འབྱེད་པ་སོགས་མཆོག་དང་ཐུན་མོང་གི་དངོས་གྲུབ་རོལ་ནས། མ་འོངས་གཤེན་རབ་སྟོན་པའི་མདོ་སྔགས་སེམས་གསུམ་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུའི་ཐུགས་བསྐྱེད་དང་མི་དང་མི་མ་ཡིན་གྱི་འགྲོ་དོན་རྒྱ་ཆེར་མཛད། ཚེ་དང་སྒྲུབ་པ་མཉམ་དུ་སྐྱེལ་བ་དང༌། ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་ས་ལ་གནས་པས་ཚེ་ལ་རང་དབང་ཐོབ་པས་ཁྲི་སྲོང་ལྡེའུ་བཙན་གྱི་བར་དུ་བཞུགས། ཁྲི་སྲོང་ལྡེའུ་བཙན་གྱིས་བོན་གྱི་བསྟན་པ་བསྣུབས་ཤིང་ཆོས་ཀྱི་བསྟན་པ་གསར་དུ་བཙུགས་ཏེ་བོན་པོ་དང་བན་དྷེ་གྲུབ་ཐོབ་ཐམས་ཅད་རྫུ་འཕྲུལ་གྱི་རྩལ་འགྲན་དགོས་ཞེས་བཀའ་ནན་ཕབ་ཚེ། རིག་འཛིན་སྟོང་རྒྱུང་མཐུ་ཆེན་གྱིས་བོད་རྒྱལ་འདི་ཐལ་བ་རྡུལ་ཕྲན་དུ་བཏང་བ་ལ་སེ་གོལ་གཅིག་མ་གཏོགས་མི་དགོས། རྒྱ་གར་གྱི་གྲུབ་ཐོབ་ཐམས་ཅད་ཕམ་པ་མཛད་པ་ལ་ཐལ་ལྕགས་གཅིག་ལས་མི་དགོས་མོད། འོན་ཀྱང་བོད་རྒྱལ་བགྲོང་ན་བོད་མི་ལ་དབུ་ཁྲིད་མེད་པས་བོད་སིལ་བུ་འཐོར་ན་སྡུག་བསྔལ་མྱོང་ངེས་རེད། རྒྱ་གར་གྱི་གྲུབ་ཐོབ་ཕམ་པར་མཛད་ནས་བྱང་ཆུབ་སེམས་ཀྱི་བསླབས་པ་ལ་འགལ་བར་འབྱུང་བས་དེའི་ཕྱིར་བདེར་གཤེགས་ན་ལེགས་སོ། ཞེས་ཟེར་ནས་རྔ་གྲམ་པོ་གཞུང་རྒྱལ་ལ་བཅིབས་ནས་བར་སྣང་གི་དབྱིངས་སུ་གཤེགས། གཤེགས་པའི་དུས་སུ་རྒྱལ་བློན་འཁོར་བཅས་དང་བན་བོན་གྲུབ་ཆེན་ཀུན་གྱིས་མཐོང་ཡུལ། སྟོང་རྒྱུང་མཐུ་ཆེན་སྐུ་དེ་ཡི་དམ་དབལ་གསས་རྔམ་པའི་སྐུ་དང་དབྱེར་མེད་དུ་གྱུར། དེ་ནས་འཇའ་འོད་ཀྱི་སྦུབས་སུ་ཐིམ་ནས་སངས་རྒྱས་ཀྱི་ས་ལ་གཤེགས་སོ།། སྟོང་རྒྱུང་གི་མཛད་པའི་བརྔན་བསང་ཆེན་པོ་དང་གཞུང་འགྲེལ་པོད་བཅུ་ཕྲག་འགའ་ཡོད་པར་གྲགས་སོ།།


21  གྲུབ་ཐོབ་སེ་བོན་ཤ་རི་དབུ་ཆེན།

  གྲུབ་ཐོབ་སེ་བོན་ཤ་རི་དབུ་ཆེན་ལ་བོད་སྐད་དུ་དཔལ་ལྡན་གསང་ཆེན་ཟེར། ཞང་ཞུང་སེ་ལྡེར་སྐུ་འཁྲུངས་ཤིང་རྣལ་འབྱོར་བའི་ཚུལ་མཛད། སྐྱེས་སྟོབས་ཀྱི་ཤེས་རབ་མེ་འབར་ཡང༌། བླ་མ་མཚན་དང་ལྡན་པ་ཞིག་དང་མ་ཐུག་པས་ལོ་དུ་མའི་རིང་ལ་རྣམ་གཡེང་ལྟ་བུར་གྱུར། རེ་ཞིག་ཡུལ་དེ་ལ་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་བྱོན་པ་དང་ཐུག་ནས་གསེར་དངུལ་སོགས་རིན་པོ་ཆེ་འབུལ་ཏེ་གདམས་ངག་ཞུས། སྟོང་རྒྱུང་མཐུ་ཆེན་གྱིས་སྒྲ་དང་རྩིས་རིག་པ་དང༌། བརྡ་སྤྲོད་དང་ཞང་བོད་སྐད་གཉིས་ཤན་བསྒྱུར་སོགས་ཉེར་མཁོ་ཡི་བོན་སྡེ་འགའ་ཞིག་བསླབ། ཤ་རི་དབུ་ཆེན་དུས་རྟག་ཏུ་ཐོས་པ་ལ་བརྩོན་པར་གནས་པས་རིག་གནས་སྐོར་ལ་ཕུལ་དུ་ཕྱིན། སླར་ཡང་སྟོང་རྒྱུང་མཐུ་ཆེན་སྤྱི་བོར་གཙུག་ཏུ་བཀུར་ནས་གདམ་ངག་ཞུས་ཚེ་འཆི་མེད་གཙུག་ཕུད་དང་གཤེན་གསང་བ་འདུས་པའི་བཀའ་བཞིན། རྒྱ་ཆེ་བའི་རྒྱུད་དང༌། གཏན་ཚིགས་སུ་ཕབས་པའི་ལུང༌། རྩོལ་སྒྲུབ་ཆུང་ལ་དོན་སྒྲིབ་གཡོག་མེད་པར་བསྟན་པའི་མན་ངག་ཐམས་ཅད་གནང༌། བླ་མའི་བཀའ་བཞིན་བོད་ཡུལ་གྱི་གངས་བྲག་ནགས་ཚལ་ཆེན་པོས་ལྷ་ལྕམ་འོད་འཕྲོ་དེ་གསང་སྔགས་སྒྲུབ་པའི་གྲོགས་སུ་བཙལ་ནས་རིམ་གཉིས་ཟབ་མོ་སྒོ་ནས་གསང་སྔགས་ཀྱི་བོན་སྡེ་ལ་ཉམས་ལེན་མཛད། མང་མཁར་ལྕགས་འཕྲང་དུ་ཕེབས་ནས་སློབ་དཔོན་གསུང་བཞིན་རྒྱུད་ལུང་མན་ངག་གི་བོན་སྡེ་ཐམས་ཅད་ལས་ལྡན་གྱི་སློབ་མ་རྣམས་ལ་བཀའ་ཁྲིད་གནང༌། སངས་རྒྱས་ཀྱི་གསུངས་བའི་བཀའ་སྡེ་སྣོད་ཀྱི་དཀའ་གནད་མདུད་པ་བརྒྱ་ལྷན་ཅིག་ཏུ་བཀྲོལ་ནས་བོད་ཀྱི་ལོ་ཙ་བ་ཆེན་པོ་ཞེས་གྲགས། སྟོང་རྒྱུང་མཐུ་ཆེན་དང་སེ་བོན་ཤ་རུ་དབུ་ཆེན། མེ་ཉག་ལྕེ་ཚ་མཁར་བུ། ལྡེ་བོན་གྱིམ་ཚ་རྨ་ཆུང་བཞི་ལྷན་ཅིག་ཏུ་འཚོགས་ནས་མཁས་བཞི་སྒྲ་འགྲེལ་ཆེན་པོ་མཛད་པ་སོགས་ཀྱི་ལོ་རྒྱུས་རྗེས་ནས་གསལ། ཐུན་མོང་གི་གྲུབ་རྟགས་ནི་ནམ་མཁའ་ལ་འཕུར་བ་དང༌། མཚོ་མ་པང་གཡུ་མཚོའི་སྟེང་དུ་ཕྱིན་ཚེ་མི་བྱིང་བ་དང༌། ཆུ་བོ་གྱེན་དུ་བསྒྱུར་བ། བར་སྣང་སྤྲིན་གྱི་ན་བཟའ་གྱོན་པ། ཆུ་རྟ་ལ་ཞོན་ནས་རྒྱ་མཚོའི་གཏིང་དུ་འགྲོ་བ་སོགས་རྫུ་འཕྲུལ་དུ་མ་མངའ་བའོ། ལུང་རིགས་སྨྲ་བའི་དབང་ཕྱུག་ཆེན་པོར་གྱུར་ནས་ཕས་རྒོལ་ཕྱི་རོལ་མུ་སྟེགས་དང་རྒྱ་གར་གྱི་པཎ་ཊི་ཏ་ཐམས་ཅད་ཚར་ཐག་གཅོད་པ། སྐད་གཉིས་ཤན་འབྱེད་ལ་དབང་ཐོབ་པས་ཞང་ཞང་བོན་སྡེ་མང་པོ་བོད་སྐད་དུ་བསྒྱུར་བ་སོགས་མཛད་ཕྲིན་མཐའ་ཡས་སོ། ཚེ་ལ་གྲུབ་པ་ཐོབ་པས་མི་ལོ་བརྒྱ་ཕྲག་དུ་མར་ཏིང་ངེ་འཛིན་ལ་ཞུགས་ནས་ཁྲི་སྲོང་ལྡེའུ་བཙན་སྐུ་རིང་བན་བོན་འགྲན་ཟླ་བྱེད་ཚེ་མཚོ་མ་པང་དུ་གཤེགས་ཏེ་ཆུ་རྟ་བཅིབས་ནས་མཁའ་དབྱིངས་སུ་གཤེགས་ཚེ་ཟག་བཅས་ཕུང་པོ་འཇའ་འོད་དུ་གྱུར་ནས་ལྷག་མེད་མྱང་འདས་ཏེ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་གཤེགས་སོ། །ཤ་རི་དབུ་ཆེན་འདིས་མཛད་པའི་ཤ་རིའི་སྒྲ་མདོ་དང༌། ཤ་རིའི་སྒྲ་འགྲེལ། གཏན་ཚིགས་གལ་མདོ། གཏན་ཚིགས་ཐིག་མདོ་སོགས་གསུང་འབུམ་ཤིན་ཏུ་མང་ངོ༌།།


22  གྲུབ་ཐོབ་མེ་ཉག་ལྕེ་ཚ་མཁར་བུ།

  གྲུབ་ཐོབ་མེ་ཉག་ལྕེ་ཚ་མཁར་བུ་ནི་མེ་ཉག་གི་ཡུལ་དུ་སྐུ་འཁྲུངས་ཤིང༌། མཁས་གྲུབ་ཆེན་པོ་སེ་བོན་ཤ་རི་དབུ་ཆེན་གྱི་རྗེས་སུ་འབྲངས་ནས་ཟབ་གསང་སྔགས་ཀྱི་བོན་སྡེ་དང༌། གྲོལ་ལམ་རྫོགས་པ་ཆེན་པོའི་བོན་སྡེ་ཐམས་ཅད་ཀྱི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་དབང་ལུང་མན་ངག་དམར་ཁྲིད་བཅས་གསན། མེ་ཉག་གསེར་བྲག་ཆེན་པོ་བོན་གྱི་སྒྲུབ་གནས་སུ་གསང་སྔགས་ཀྱི་བོན་སྒོ་མཐའ་ཡས་པ་ལ་བསྙེན་བསྒྲུབ་བྱས་ཤིང་ཉམས་ལེན་མཛད། ཞི་གནས་དང་ལྷག་མཐོང་ཟུང་འཇུག་གི་སྒོ་ནས་བོན་ཐམས་ཅད་རང་རྒྱུད་ལ་སྦྱར་བ་དང༌། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་ལས་ལ་བསྐུལ་ནས་འགྲོ་དོན་རྒྱ་ཆེན་པོ་མཛད། མེ་ཉག་གི་མི་རྣམས་ལ་བསྒྱུར་ལམ་གསང་སྔགས་ཀྱི་བོན་ལས་མ་རྒྱུད་དང་ཁྲོ་བོ་དབང་ཆེན། སྤྱི་སྤུངས་སྐོར་གསུམ་སོགས་ཀྱི་དབང་བཞི་བསྐུར་ཞིང་ཉམས་ལེན་ལ་རིམ་གྱིས་བཀྲིད། ལས་རྒྱུ་འབྲས་ཀྱི་རྣམ་བཞག་མང་དུ་མཛད་པ་དང་དབུ་མའི་ལྟ་བ་གཞིར་བཟུང་བའི་སྟེང་སྔགས་རྫོགས་གཉིས་ཀྱི་ལྟ་སྒོམ་སྤྱོད་འབྲས་ཀྱི་ཁྱད་པར་སོགས་བསྟན་པས་གྲུབ་པར་ཐོབ་པའི་སྐྱེས་བུ་སྟོང་ཕྲག་མང་པོར་བྱུང༌། ཡི་དམ་ལ་བསྙེན་བསྒྲུབ་བྱེད་པས་ཐུན་མོང་གི་གྲུབ་རྟགས་ནི་ལྕགས་ཕུར་གྱིས་ཡུལ་དེའི་འདྲེ་སྲིན་ཐམས་ཅད་བསྒྲལ་ནས་ཐར་པའི་ལམ་ལ་བཀོད་པ་དང༌། སྐྱེས་བུ་དྲེགས་པ་ཅན་མང་པོས་གདུང་པའི་མཚོན་ཆ་ཕྱར་ནས་སྐུ་བགྲོངས་བའི་ལས་ལ་སྦྱོར་ཚེ་སྙིང་རྗེ་དྲག་པོ་བཅས་ལྗགས་ཀྱི་མཆིལ་མ་བཏབས་པ་ཙམ་གྱིས་མཚོན་ཆ་ཅན་གྱི་དམག་དཔུང་བཤིག་པ་དང༌། སྐུ་ལུས་གསེར་གྱི་མི་དང་རྟར་སྤྲུལ་ནས་ཆུ་བོ་ཆེན་པོ་སྐྱི་ཆུ་དང་རྨ་ཆུ་གལ་དུ་བསྒྱུར་བར་ནུས། རྨ་བཙུན་ཕྱུག་མོ་དེ་གསང་སྔགས་སྒྲུབ་པའི་གྲོགས་སུ་བཙལ་ནས་ཡབ་ཡུམ་ཐབས་ཤེས་ཟུང་འབྲེལ་གྱི་སྒོ་ནས་གསང་སྔགས་བོན་རྣམས་ཉམས་ལེན་མཛད། དེ་ནས་སྟོད་མངའ་རིས་མན་ཆད། སྨད་རྒྱ་ནག་ཟིང་ཆུ་ཡན་བྱོན་ནས་རི་གཉན་བྲག་གཉན། མཚོ་གཉན་ཐམས་ཅད་བཀའ་དམ་བཞག་ནས་ཡུལ་ལྷ་གཞི་བདག་ལ་མངའ་གསོལ་མཛད། ཕྱག་གི་ཐལ་མོ་སྦྱར་ཞིང་ཉི་ཟླ་ཁ་སྦྱོར་ནས་ནམ་མཁའི་དབྱིངས་སུ་འཕུར་བ་དང༌། རྒྱ་གར་གྲུབ་ཐོབ་ཞེ་གནག་ཅན་གྱིས་དམག་དྲངས་སྐབས། ལྕེ་ཚ་མཁར་བུས་སྙིང་རྗེའི་སྒོ་ནས་ལྗགས་ཀྱི་མཆིལ་མ་བཏབ་པ་ཙམ་གྱིས་གདུག་པའི་མཚོན་ཆ་ཐམས་ཅད་བཤིག་ཅིང་མེ་ཏོག་པདྨ་ལམ་ལམ་དུ་གྱུར། སྐུ་ལུས་བྲག་ལ་ཟང་ཐལ་ལྗུར་བུད་མཛད། རིག་པའི་དབང་ཐོབ་གསང་སྔགས་ཀྱི་བོན་རྣམས་མེ་ཉག་གི་སློབ་མ་འབུམ་ཕྲག་མང་པོར་སྒྲོག ཡི་དམ་དཀྱིལ་འཁོར་ལ་བརྟེན་ཅིང་མངོན་སྤྱོད་དྲག་པོའི་སྒོ་ནས་དབལ་གཏོར་འཕེན་པ་ཙམ་གྱི་ལྷ་སྲིན་སྡེ་བརྒྱད་དབང་དུ་བསྡུད་བར་མཛད། ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་བན་བོན་རྫུ་འཕྲུལ་གྱི་རྩལ་འགྲན་ཞེས་བཀའ་ནན་བབས་ཚེ་ལྕེ་བཙུན་མཁར་བུའི་ཞལ་ནས་བོད་རྒྱལ་འཁོར་བཅས་ཐལ་བར་རྡུལ་དུ་བརླག་པ་ལ་གསེར་ཛྭ་གཅིག་ལས་མི་དགོས་ཀྱང༌། རྒྱ་གར་གྲུབ་ཐོབ་ཕྲག་དོག་ཅན་དང་བོད་རྒྱལ་རྨོངས་པ་ཅན་གཉིས་སེམས་ཅན་སྤྱི་ལ་གནོད་སྐྱེལ་པ་མ་ཡིན། ང་བོན་པོ་ལ་འགྲན་ཟླ་བྱས་འདུག། དེ་ན་བཟོད་པ་སྒོམ། འོན་ཀྱང་རེ་ཞིག་རྒྱལ་པོས་རེ་བ་བསྐང་ཕྱིར་རྫུ་འཕྲུལ་གྱི་རྩལ་ཞིག་བསྟན་དགོས་འདུག། ཞེས་གསུངས་ནས་སོག་ཆུ་གྱེར་དུ་བསྒྱུར་བ་སོགས་རྫུ་འཕྲུལ་མང་དུ་བསྟན། འགྲོ་དོན་མཐར་ཕྱིན་རྗེས་མཁའ་སྤྱོད་བདེ་བར་ཅན་གྱི་ཞིང་དུ་བདེ་བར་བཤེགས་སོ། །མེ་ཉག་ལྕེ་ཚ་མཁར་བུས་མཛད་པའི་བཀའ་འགྲེལ་པོད་ལྔ་ཙམ་ཡོད་པར་གྲགས་སོ།།


23  གྲུབ་ཐོབ་གྱིམ་ཚ་རྨ་ཆུང༌།

  གྲུབ་ཐོབ་གྱིམ་ཚ་རྨ་ཆུང་ནི་བོད་ཡུལ་དུ་སྐུ་འཁྲུངས་ཤིང་གྲུབ་ཐོབ་སྟོང་རྒྱུང་མཐུ་ཆེན་དང༌། ཤ་རི་དབུ་ཆེན། ལྕེ་ཚ་མཁར་བུ་སོགས་གྲུབ་ཐོབ་མང་པོར་གཞེར་ནས་བྱང་སེམས་གབ་པའི་བོན་སྡེ་དང༌། ཁྲོ་བོ་རོལ་པ། ཁྲོ་བོ་འབུམ་པ། ཁྲོ་བོ་རམ་པ། ཁྲོ་བོ་སྤྱི་འདུལ་ལ་སོགས་ཞི་ཁྲོ་དམ་པ་རིགས་བརྒྱའི་དབང་ལུང་ཁྲིད་གསུམ་ཞུས། ཀླུ་ལྕམ་མཐིང་བཙན་མ་དེ་གསང་སྔགས་སྒྲུབ་པའི་གྲོགས་སུ་བཙལ་ནས་བོད་ཡུལ་མང་མཁར་ལྕགས་འཕྲང་བོན་གྱི་སྒྲུབ་གནས་སུ་གསང་སྔགས་ཀྱི་བོན་ཐམས་ཅད་གཏན་ལ་ཕབ་ནས་བསྒྲུབ། གྲོལ་ལམ་རྫོགས་ཆེན་གྱི་བོན་སེམས་སྨད་སྡེ་དགུ་སོགས་ཐུགས་དམ་མཛད་དེ་ལོ་དུ་མའི་རིང་མཚམས་ལ་བཞུགས། སྟོན་པས་དཔྱད་བུ་ཁྲི་ཤེས་ལ་བསྟན་པའི་སྨན་འབུམ་དཀར་ནག་ཁྲ་གསུམ་དེ་ཐུགས་དམ་གྱི་མཐིལ་བྱས་ནས་གསོ་དཔྱད་ཀྱི་དེད་དཔོན་དང་གཏོ་བོན་ཆེན་པོར་གྱུར། གསུང་བའི་སྨན་གཞུང་ཡོད་པར་གྲགས། གསང་སྔགས་ཀྱི་བོན་དེ་དག་བསྒྲུབས་པས་འགྲུབ་རྟགས་ནི། གྱིམ་ཚ་རྨ་ཆུང་ཕ་བོང་ལ་ཞོན་ནས་རྒྱུགས་པ་དང༌། གཅན་གཟན་སྟག་གཟིག་དོམ་དྲེད་ལ་ཁལ་འགེལ་བ་སོགས་གྲུབ་པ་ཐོབ་པའི་རྟགས་ངོ་མཚར་བ་ཅན་བསམ་གྱིས་མི་ཁྱབ་པར་ཡོད། གྱིམ་ཚ་རྨ་ཆུང་སྟོད་ཁྱུང་ལུང་དངུལ་མཁར་མན་ཆད། སྨད་ཤེལ་ལེ་རྒྱལ་ཁབ་ཡན་ཆད་འགྲོ་དོན་ཁོ་ན་མཛད་པ་དང༌། རྩེ་དྲུག་ལྷུན་པོ་སྒང་ལ་ཚེ་དང་སྒྲུབ་པ་མཉམ་དུ་སྐྱེལ། སངས་རྒྱས་ཀྱི་སྡེ་སྣོད་གཞུང་བརྒྱ་ཡི་དཀའ་གནད་ཐམས་ཅད་བཀྲོལ་ཞིང་ལུང་རིགས་སྨྲ་བའི་དབང་པོར་གྱུར་བས་ཕས་རྒོལ་ལོག་པར་སྨྲ་བ་ཐམས་ཅད་ཚར་ཐག་གཅད་པ་དང་ཡི་དམ་ལ་བསྙེན་བསྒྲུབ་བྱེད་སྐབས་བུམ་པའི་ཁ་ལ་མེ་ཏོག་འཁྲུངས། མེ་ཏོག་ལས་བདུད་རྩིའི་ཆུ་བོ་བབས། བདུད་རྩིའི་ཆུ་དེ་འགྲོ་བ་སུའི་ཁ་ལ་རེག་པ་ཙམ་གྱིས་ཕྱི་མར་ངན་སོང་གསུམ་དུ་འགྲོ་མི་དགོས་པ་སོགས་ཀྱི་ཡོན་ཏན་དུ་མ་མངའ་བའོ། གཙུག་ལག་གི་བོན་བཞིས་གདུལ་བྱའི་སེམས་ཅན་རེ་བ་བསྐངས་ནས་སྡུག་བསྔལ་གྱི་རྒྱ་མཚོ་བསལ་བར་མཛད། སྲིད་པ་རྒྱལ་མོའི་བསྒྲུབ་གཞུང་ལ་ནན་ཏན་བསྙེན་བསྒྲུབ་བྱས་པས་མ་མཆོག་སྲིད་པ་རྒྱལ་མོའི་ཞལ་མངོན་སུམ་དུ་གཟིགས། དེ་ལྟར་མཆོག་ཐུན་གྱི་ཡོན་ཏན་དུ་མ་མངའ་བའི་སྒོ་ནས་འགྲོ་དོན་མཐར་ཕྱིན་མཛད་རྗེས་གཟུགས་སྐུ་འཇའ་འོད་དུ་གྱུར་ནས་མངོན་པར་རྫོགས་སངས་རྒྱས་སོ། དེ་ལྟར་སྟོང་རྒྱུང་མཐུ་ཆེན། སེ་བོན་ཤ་རི་དབུ་ཆེན། ལྡེ་བོན་གྱིམ་ཚ་རྨ་ཆུང༌། མེ་ཉག་ལྕེ་ཚ་མཁར་བུ་བཞི་ལ་ཞང་བོད་ལོ་ཙཱ་བ་མི་བཞི་འམ། སྒྲ་བསྒྱུར་ལོ་ཙཱ་བ་མི་བཞི་ཞེས་བྱ་སྟེ། དེ་བཞི་ནི་མཁས་པའི་ཡོན་ཏན་གྱི་རྩལ་རྫོགས། གྲུབ་པའི་ཡོན་ཏན་གྱི་སྟོབས་རྒྱས་ནས། རྒྱལ་བ་སྟོན་པ་གཤེན་རབ་མི་བོའི་མདོ་སྔགས་རྒྱ་མཚོའི་བཀའ་ལུང་རྣམས། གཡུང་དྲུང་ལྷ་ཡི་སྐད་དུ་སྟག་གཟིག་གི་སྐད་དང༌། ཞང་སྐད་རྣམས་བོད་རང་གི་སྐད་དུ་བསྒྱུར། དེ་ཡང༌། དེ་བཞིས། ཞང་ཞུང་ཁ་ཡུག་གི་ཡུལ། ཁྱུང་ལུང་དངུལ་མཁར་གྱི་ཕྱོགས་བཞི་ནས་སྒྲ་བསྒྱུར་ལོ་ཙཱ་བྱས་ཏེ། བདལ་འབུམ་གྱི་བསྒྱུར་བྱང་དང༌། མདོ་རྒྱུད་དག་ལས། དེ་ལྟར་བོན་གྱི་མདོ་སྔགས་རྒྱ་མཚོའི་རྒྱུད་སྡེ་རྣམས། མཁས་པ་མི་བཞིས་བསྒྱུར་ཞིང་གཏན་ལ་ཕབ། མཐུ་ཆེན་མི་དགུས་སྤྱོད་ཅིང་ཉམས་སུ་བླངས་ཞེས་དང༌། དེའི་ཚུལ་ཡང༌། དེ་ཉིད་ལས། ཡུལ་བྱེ་མ་གཡུང་དྲུང་དུ། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱིས། བོད་ཀྱི་བོན་པོ་ཤ་རི་དབུ་ཆེན་སོགས་ལ་བོན་སྡེ་ཁྲི་བཤད་ཅིང་བསྒྱུར། དབུས་ནས་ཞང་ཞུང་གི་སྐད་སློབ་པ་དེའོ། ཞེས་དང༌། རྩ་འགྲེལ་ལས། དེར་སྒྲ་སྐད་མི་གཅིག་པ་སུམ་བརྒྱ་དྲུག་ཅུ། བྱེ་བྲག་ཁྲི་དྲུག་འབུམ་ལས། ཀ་པི་ཏ་ལྷ་ཡི་སྐད་ལས། སཾསྐྲྀཏ་སྟག་གཟིག་སྐད་དུ་བསྒྱུར། སྟག་གཟིག་དབྱལ་མོ་དག་པ་ལས། ཞང་ཞུང་སྐད་དུ་བསྒྱུར། ཞང་ཞུང་ཏི་ཀ་རྒྱ་སེ་དར་པ་ལས། བོད་སྐད་དུ་མངོན་པ་གསལ་བྱེད་ཀྱི་ཞལ་ཕྱེས་ནས་མཛད་དོ། ཞེས་དང་ཡང་མདོར་འདུས་ལས། དག་པ་ལྷའི་ཡི་གེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར།(དེ་ཏ་ཟིག་དབྱལ་མོ་དག་པ་ཡིན་འདུག)སྟག་གཟིག་སྤུངས་ཡིག་དེ་ཞང་ཞུང་ཡིག་རྒན་དུ་བསྒྱུར། ཡིག་རྒན་སྨར་བསྒྲག་ཏུ་བསྒྱུར། དེ་སྨར་ཆེན་ཆུང་དུ་བསྒྱུར་སྨར་ཆེན་གཟབ་ཆེན་དུ་བསྒྱུར། སྨར་ཆུང་འབྲུ་མར་བསྒྱུར། ཡིག་འབྲུ་སྣ་ཚོགས་ལས་འབྲུ་མར་བརྩམས་སོ། ཞེས་གསུངས་སོ། དེ་ལྟར་དུ་སྒྲ་བསྒྱུར་ལོ་ཙཱ་བྱས་པའི་ཚུལ་དེ་དག་ཐོག་མར་འཛམ་གླིང་བསྟན་པའི་རྒྱན་དྲུག་དང༌། སྙ་ཆེན་ལི་ཤི་སྟག་རིང་བཅས་ཀྱིས། ཀ་པི་ཏ་ཡི་སྐད་ལས། སྟག་གཟིག་སྤུངས་ཡིག་དང༌། དེ་ལས། ཞང་ཞུང་གི་ཡིག་རྒན། ཏ་ཟིག་དབྱལ་མོ་དག་པ་སོགས་ལ་བསྒྱུར་ཚུལ་བསྒྲགས་བྱང་མདོ་རྒྱུད་སོགས་ལ་གསལ་བ་དང༌། དེ་ནས་མཁས་པ་མི་བཞིས་བོད་སྐད་དུ་མངོན་པར་གསལ་བྱེད་ཀྱི་ཞལ་ཕྱེས་ནས། ཞེས་སོགས་གསལ་བ་ལྟར། ཞང་བོད་ཀྱི་མཁས་པ་སྟོང༌། སེ། ལྡེ། མེ་བཞིས། ཞང་ཞུང་སྨར་བསྒྲགས་སྨར་ཆེན་སྨར་ཆུང་དུ་བསྒྱུར། དེ་བོད་ཡིག་རྫབ་གཤར་དཀར་ནག་སོགས་སུ་བསྒྱུར་ནས། བོད་ཡིག་གི་གཟུགས་དང་གདངས་སོགས་བཟོས་ཡོད་པ་དེ་ནི། ཁྱབ་གདལ་སོང་བའི་ལོ་རྒྱུས་བསྙོན་དུ་མེད་པ་དོན་སྙིང་དང་ལྡན་པས་ཚད་གྲུབ་ཏུ་བསྟན་ཡོད། གཞན་དུ་མཁས་པ་མི་བཞིས་གསུངས་བའི་བྱང་སེམས་གབ་པ་དགུ་སྐོར་གྱི་འགྲེལ་དང་མཁས་བཞིའི་མཛོད་འགྲེལ། རིག་འཛིན་རྣམ་བཞིས་ཞུ་ལན་རྒྱ་མཚོ་སོགས་རྒྱུད་འགྲེལ་དང་གཞུང་འགྲེལ་དོན་འགྲེལ།དགོངས་འགྲེལ་སོགས་མང་ངོ༌། རྒྱས་པར་གཞན་དུ་གསལ་ལོ།།

 ལོ་པཎ་མཁས་ཆེན་སྡེ་དགུ།

24 གྲུབ་ཐོབ་དམུ་ཙ་ཏྲ་ཧེ།

  གྲུབ་ཐོབ་དམུ་ཙ་ཏྲ་ཧེ་ནི་སྟག་གཟིག་གི་ཡུལ་དུ་སྐུ་འཁྲུངས་ཤིང་རིག་འཛིན་གོང་མའི་རྣམ་སྤྲུལ་ཡིན་པས་སྟག་གཟིག་འོལ་མོ་ལུང་རིང་རང་བྱུང་མཆོད་རྟེན་ཆེན་པོ་བཞིའི་དྲུང་དུ་གདུང་སོབ་མུ་ཆོ་ལྡེམ་དྲུག་གི་མདུན་ནས་གཤེན་རབ་མི་བོ་སྒྲོན་མ་ཅན་གྱི་སྡེ་སྣོད་བཀའ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་པར་མ་ཟད་བསྙེན་རྫོགས་ཀྱི་སྡོམ་པ་ཞུས་པས་སྟག་གཟིག་གི་རབ་བྱུང་བ་ཐམས་ཅད་ཀྱི་མཁན་པོར་མཛད་ནས། མཁན་བུ་འབུམ་ཡོད་པར་གྲགས། སླར་ཡང་སློབ་དཔོན་ཁྱེའུ་ཆུང་བཞི་སོགས་སློབ་དཔོན་མང་པོ་ལ་གདམས་ངག་ཞུས་ཀྱང་གྲུབ་པའི་རྟགས་མ་ཐོན་པས། ཞང་ཞུང་ན་མཁས་པ་མི་བཞི་བཞུགས་པའི་གཏམ་ཐོས་ནས་ཕྱིན་པ་དང་ལོ་ཙ་བ་མི་བཞིའི་ཞལ་ནས་གསང་བོན་དང་སེམས་བོན་ཏེ་རྫོགས་ཆེན་གྱི་བོན་སྡེ་མ་ལུས་གསན། མཁས་པ་མི་བཞིའི་ཐུགས་དགོངས་ཅི་བཞིན་པར་ཐུགས་སུ་ཆུད་པས་གསེར་གྱི་སྟེགས་བུར་མདོ་སྔགས་རྫོགས་གསུམ་བོན་སྡེ་ལ་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་བྱས་པས་བསྟན་པའི་ཉི་འོད་ས་སྟེང་ཁྱབ་པར་མཛད། གངས་ཏི་སེའི་རྩེ་ལ་བསྙེན་བསྒྲུབ་བྱས་རྗེས་བར་སྣང་གི་དབྱིངས་སུ་འཕུར་བ་དང༌། གངས་དཀར་རྩེ་ལ་བོན་གྱི་བཀའ་རྟགས་དང་ཞབས་རྗེས་མང་པོ་བཞག སྲུང་ཁྲིམས་རྣམ་པ་དག་པའི་སྒོ་ནས་བསྟན་འགྲོའི་དོན་ཆེན་མཛད་པ་དང༌། གསང་སྔགས་བོན་ལ་ཐུགས་དམ་མཛད་པས་གྲུབ་པ་ཐོབ་པའི་རྟགས་ཚད་ཐམས་ཅད་རྫོགས་པའི་ངང༌། མཐར་ཐུག་ཕྱག་རྒྱའི་རིག་འཛིན་གྱི་ས་ནོན་ནས་ལྷུན་གྱིས་གྲུབ་པའི་རིག་འཛིན་ཆེན་པོ་གྱུར། སྟོན་པའི་གསུང་བའི་མདོ་སྔགས་ཀྱི་བོན་སྡེ་ཐམས་ཅད་སྟག་གཟིག་ཕྱོགས་མཚམས་ཀུན་ཏུ་སྤེལ་བས་འགྲོ་བའི་མགོན་པོ་གདུང་སོབ་མུ་ཆོ་ལྡེམ་དྲུག་ལྟ་བུ་ཤིང་རྟའི་སྲོལ་འཛིན་ཆེན་པོར་གྱུར། དེ་ལྟར་འགྲོ་དོན་མཛད་རྗེས་མཁའ་སྤྱོད་བདེ་བ་ཅན་གྱི་ཞིང་ཁམས་སུ་འཇའ་འོད་དང་བཅས་སངས་རྒྱས་སོ། །


25 གྲུབ་ཐོབ་ཁྲི་ཐོག་སྤར་རྩ།

  གྲུབ་ཐོབ་ཁྲི་ཐོག་སྤར་རྩ་ནི་སྟག་གཟིག་གི་ཡུལ་དུ་སྐུ་འཁྲུངས་ཤིང་སྟག་གཟིག་ཡངས་པ་ཅན་གྱི་གནས་མཆོག་ཏུ་བྱོན་ནས་གསས་ཁང་ཆེན་པོ་བདུན་གྱི་དྲུང་ནས་གདུག་སོབ་མུ་ཆོ་ལྡེམ་དྲུག་སོགས་མཁས་གྲུབ་གཉིས་ལྡན་གྱི་སློབ་དཔོན་མང་པོར་བསྟེན། སྟོན་པ་སྒྲོན་མ་ཅན་གྱི་བཀའ་རྒྱ་ཆེ་བ། ལུང་གྲངས་མང་བ། མན་ངག་མདོར་འདུས་པ་སོགས་ལ་ཐོས་བསམ་སྒོམ་གསུམ་བྱས་ནས་མཁས་བརྒྱས་འགྲན་ཟླ་བྲལ་བ་ཞིག་ཏུ་གྱུར། རྣམ་མཁྱེན་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་ཆེའི་མདོ་ཡི་བསྟན་འཛིན་ཆེན་པོར་གྲགས། ཡངས་པ་ཅན་གྱི་སྟེགས་བུའི་སྟེང་དུ་བོན་གྱི་རྒྱུད་སྡེ་ཐམས་ཅད་ཆུ་བོ་བཞུགས་ལ་བབས་བཞིན་འཆད། ཕས་རྒོལ་ལོག་རྟོག་ཐམས་ཅད་ཚད་མ་གསུམ་གྱིས་སྒྲོ་འདོགས་བཅད་ནས་གཡུང་དྲུང་བོན་གྱི་སྒོར་བཅུགས། རྒྱལ་བསྟན་གསལ་བྱེད་དུ་རྩོམ་གཞུང་མང་པོར་སྤེལ་པས་བར་སྣང་སྤྲིན་གསེབ་ནས་ལྷ་དང་ལྷ་མིས་རོལ་མོ་འབུལ་བ་དང༌། ཕྱོགས་གང་དུ་བྱོན་ན་མེ་ཏོག་གི་ཆར་འབེབས་པ་སོགས་ངོ་མཚར་བའི་རྟགས་མཚན་དུ་མ་དང་ལྡན། མཁན་བུ་འབུམ་ཕྲག་ལྷག་ཡོད་པར་བཤད། གསུང་བའི་བོན་ཡང་མང་ངོ༌། འདུལ་བ་མདོའི་བོན་ལ་མཁས་ནའང་གསང་སྔགས་ཀྱི་རྒྱུད་སྡེ་ལ་ཤེས་རྟོགས་མེད་པས་སླར་ཡང་ཞང་བོད་ལོ་ཙཱ་མི་བཞི་དང༌། དམུ་ཙ་ཏྲ་ཧེ་ལ་སོགས་མཁས་གྲུབ་རྒྱ་མཚོ་ལྟ་བུ་ལ་སྒོ་གསུམ་གུས་པའི་སྒོ་ནས་གསང་སྔགས་གསས་མཁར་སུམ་བརྒྱ་དྲུག་ཅུ་དང་རྫོགས་ཆེན་བོན་སྡེ་མཐའ་ཡས་པ་ཞུ། གསང་སྔགས་ཀྱི་བོན་སྡེ་ཐམས་ཅད་ལ་བསྙེན་ཅིང་བསྒྲུབ། རྫོགས་ཆེན་གྱི་བོན་སྡེ་ཉམས་སུ་བླངས་པས་ཉམས་རྟོགས་ཀྱི་ཡོན་ཏན་ཉིན་རེ་བཞིན་གོང་འཕེལ་དུ་སོང་བས་བོན་སྒོ་བརྒྱད་ཁྲི་བཞི་སྟོང་གི་བདག་ཉིད་དམ་པར་གྱུར། སྲུང་ཁྲིམས་རྣམ་པར་དག་པ་མཚོན་བྱེད་དུ་རང་བྱུང་གི་མཆོད་རྟེན་ཞིག་འཛིན། ལ་ལས་མཆོད་རྟེན་འཛིན་པ་དེ་ནི་ཁྲི་ཐོག་སྤར་ཙ་སྟག་གཟིག་དང་པོ་བྱོན་དུས་གདུང་སོབ་མུ་ཆོ་ལྡེམ་དྲུག་མ་རྙེད། ཡུལ་དེ་ལ་གསས་ཁང་ཆེན་པོ་བདུན་གྱི་ནང་དུ་ཕྱིན་ཚེ་རང་བྱུང་མཆོད་རྟེན་རེ་བཞག་ཡོད། དེའི་མདུན་ནས་སྡོམ་པ་བླང་རྗེས་གདུག་སོབ་མུ་ཆོའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས་བས་མཆོད་རྟེན་འཛིན་དགོས་པའི་རྒྱུ་མཚན་དེ་བླ་མ་འགས་གསུང༌། གང་ལྟར་ཡང་ཁྲི་ཐོག་སྤར་ཙ་དེ་སྲུང་ཁྲིམས་རྣམ་པར་དག་པའི་སྒོ་ནས་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་ས་ལ་གཤེགས་སོ། །


26 གྲུབ་ཐོབ་ཧུ་ལི་སྤར་ཡ།

  གྲུབ་ཐོབ་ཧུ་ལི་སྤར་ཡ་ནི་སྟག་གཟིག་གི་ཡུལ་སུ་སྐུ་འཁྲུངས་ཤིང་གདུང་སོབ་མུ་ཆོ་ལྡེམ་དྲུག་ལས་རབ་ཏུ་བྱུང༌། སླར་ཡང་གདུང་སོབ་མུ་ཆོ་ལྡེམ་དྲུག་ལ་མཆོད་པ་སྣ་ཚོགས་བཤམས་ནས་སྟོན་པའི་གསུང་བའི་བོན་ཐམས་ཅད་གནང་བ་ཞུས་ཚེ། མུ་ཆོ་ལྡེམ་དྲུག་གིས། སྐལ་བ་དང་ལྡན་པ་རིགས་ཀྱི་བུ། ཁྱེད་ནི་གཡུང་དྲུང་སེམས་དཔའི་རིགས་སུ་གཏོགས་པས་བརྒྱད་ཁྲི་བཞི་སྟོང་གི་བོན་རྣམས་ཁྱེད་ལ་གཏད་དོ། ཞེས་གསུངས་ནས། བོན་སྒོ་མཐའ་ཡས་ཀྱི་ཁྲིད་ལུང་མན་ངག་བཅས་གནང་ཡང་རྟོགས་པ་རྒྱུད་ལ་སྐྱེས་མ་ནུས། དེ་ནས་ཤེས་རབ་སྨྲ་བའི་སེང་གེ་ཞབས་རྡུལ་སྤྱི་བོར་བླངས་ནས་ཉིན་མཚན་ཀུན་ཏུ་བརྩོན་འགྲུས་གང་གའི་རྒྱུན་བཞིན་མཛད་པས་ཤེས་རབ་ཡེ་ཤེས་ཀྱི་ལྷ་སྨྲ་བའི་སེང་གེ་ཞལ་མཇལ་བ་དང་དུས་མཉམ་གནས་ལུགས་ཀྱི་རྟོགས་པ་རྒྱུད་ལ་སྐྱེས། དེ་ནས་མཁས་པ་མི་བཞི་དང་ཁྲི་ཐོག་སྤར་ཙ་སོགས་ལས་ཤེས་རབ་བྱམས་མའི་འབུམ་ལྔའི་རྒྱུད་དང༌། མ་རྒྱུད་སངས་རྒྱས་རྒྱུད་གསུམ་སོགས་གསང་སེམས་ཀྱི་བོན་སྡེ་མང་པོ་གསན་ནས་སྟག་གཟིག་མེ་ཏོག་གླིང་གི་ཚལ་གསེབ་ན་བསྙེན་བསྒྲུབ་སྔགས་ཀྱི་ཡན་ལག་སོ་དྲུག་གི་སྒོ་ནས་ཉམས་ལེན་མཛད། ཏིང་ངེ་འཛིན་གྱི་དགོངས་པ་ལས་མི་གཡོ་བའི་རི་རྒྱལ་ལྷུན་པོ་ལྟ་བུའི་རྟོགས་པ་རྒྱུད་ལ་སྐྱེས། བསྙེན་བསྒྲུབ་ཀྱི་ལས་ལ་འཇུག་དུས་འཚོ་བ་ནི་ཡུལ་དེའི་གླིང་ཚལ་ནང་གི་ཨུ་མེར(མཆན་མེ་ཏོག་ཞིག་ཡིན་པར་འདྲ)གསོལ། བོན་གྱི་གསང་སྔགས་རྒྱུད་སྡེ་ཐམས་ཅད་སྟག་གཟིག་ཡུལ་དུ་སྤེལ་བར་མཛད། དེ་ལྟར་འགྲོ་དོན་མཐར་ཕྱིན་ནས་ཤེས་རབ་སྨྲ་བའི་སེང་གེ་དང་དབྱེར་མེད་དུ་གྱུར་ནས་ཤེས་རབ་ལྷ་མཆོག་གི་གོ་འཕང་མངོན་དུ་ཐོབ་བོ།།


27 གྲུབ་ཐོབ་རྒྱ་གར་ལྷ་བདག་སྔགས་གྲོལ།

  གྲུབ་ཐོབ་རྒྱ་གར་ལྷ་བདག་སྔགས་གྲོལ་ནི་རྒྱ་གར་གྱི་ཡུལ་དུ་སྐུ་འཁྲུངས་ཤིང་བྲམ་ཟེའུ་རིགས་སོ། ལོ་བཅུ་ཕྲག་ལྷག་ལ་བྲམ་ཟེའི་ཆོས་སྒོར་འཇུག་ཀྱང་ཡོན་ཏན་ཅི་ཡང་རྒྱུད་ལ་མ་སྐྱེས། སྟག་གཟིག་འོལ་མོ་ལུང་རིང་ན་སྟོན་པ་གཤེན་རབ་མི་བོ་བཞུགས་ཞེས་ཐོས་ནས་སེམས་ཐག་གཙང་བཅད་བྱས་ཏེ་རྒྱ་གར་ནས་སྟག་གཟིག་གི་ཡུལ་དུ་ཕྱིན། ལམ་བར་དུ་དཀའ་ཁག་ཆེན་པོ་མྱོང་ཡང་སེམས་མ་ཞུམ་པས་སྟག་གཟིག་ཏུ་སླེབས་དུས་སྟོན་པ་གཤེན་རབ་མི་བོ་མྱ་ངན་ལས་འདའ་ནས་དུས་ཡུན་རིང་སོངས་བས་ཡིད་ཆད་དེ་མྱ་ངན་བྱེད། སླར་རྒྱ་གར་བྱོན་མགོ་རྩམ་ཚེ་གདུང་སོབ་མུ་ཆོ་ལྡེམ་དྲུག་ཞལ་མཇལ། མུ་ཆོ་ལྡེམ་དྲུག་ལ་མཆོད་པ་གྱ་ནོམ་པས་རྙེད་བཀུར་བྱས་རྗེས་བསྙེན་རྫོགས་ཀྱི་སྡོམ་པ་ཞུ། སྟོན་པ་གཤེན་རབ་མི་བོའི་གསུང་བའི་སྡེ་སྣོད་རབ་འབྱམས་ཀྱི་གཞུང་ཐམས་ཅད་དང༌། དེ་ནས་མཁས་པ་མི་བཞི་དང༌། ཧི་ལི་སྤར་ཡ་སོགས་ལས་གསང་སྔགས་ཀྱི་བོན་ཐམས་ཅད་གསན། རྫོགས་ཆེན་ཀྱི་བོན་སྡེ་ཡང་མང་དུ་གསན་ནས་གནས་མཆོག་རི་བོ་ཏ་ལའི་རྩ་བ་ན་རང་གནས་ལྗོན་པར་ལོ་མའི་བསིལ་དུ་མདོ་སྔགས་རྒྱུད་སྡེའི་བོན་རྣམས་སྒྲུབ་ཅིང་སྤེལ། དེ་ནས་རི་བོ་ཧི་མ་ལ་ཡར་བྱོན་ནས་གསང་སྔགས་ཀྱི་བོན་སྡེ་ཐམས་ཅད་གསར་སྤེལ་གྱི་ཚུལ་མཛད་དེ་གསང་བའི་སྔགས་འཆང་རྡོ་རྗེ་འཛིན་པ་ཅན་ཞེས་འབོད་སྲོལ་ཆགས་འདུག་ཅེས་མཁས་པ་འགས་གསུངས། ལྷ་བདག་སྔགས་གྲོལ་རྡོ་རྗེ་འཛིན་པ་དེ་ཉིད་ཀྱིས་རི་བོ་ཧི་མ་ལ་ཡ་ནས་གསང་སྔགས་ཀྱི་བོན་སྡེ་འགའ་ཞིག་རྒྱ་གར་གི་ཡུལ་དུ་སྤེལ། ལྷ་བདག་སྔགས་གྲོལ་ཏེ་འགར་རབ་བྱུང་གི་ཚུལ་མཛད། རེ་འགར་སྔགས་འཆང་གི་ཚུལ་མཛད་པ་སོགས་མཛད་པ་མ་ངེས་པ་དང༌། མེ་ཏོག་གླིང་ཚལ་གསེབ་ན་རྒྱུགས། འཚོ་བ་ནི་ཤིང་གི་བཅུད་ལ་རོལ། གསང་ཆེན་སྔགས་ཀྱི་ཕྲིན་ལས་མ་ལུས་པར་གྲུབ། རྒྱ་གར་ཡུལ་གྱི་ལས་ཅན་རྣམས་ལ་གསང་སྔགས་ཀྱི་བོན་འཁོར་སྐོར། ལྷ་བདག་སྔགས་གྲོལ་ལ་བརྒྱུད་པའི་གསང་སྔགས་ཀྱི་བོན་སྒོ་འགའ་རྒྱ་གར་ནས་བོད་ཡུལ་དུ་དར། འགའ་ཞིག་རྙིང་མའི་སྔགས་ཆོས་སུ་བསྒྱུར་ནས་བོད་ཡུལ་དུ་དར་ཟེར། གང་ལྟར་ཡང་རྒྱ་གར་ནས་དར་བའི་གསང་སྔགས་ཀྱི་ཆོས་ཐམས་ཅད་ལྷ་བདག་སྔགས་གྲོལ་ལ་ཐུག་པར་བཤད། དེ་ལྷ་བདག་སྔགས་གྲོལ་གསང་སྔགས་ཀྱི་བཀའ་འཁོར་བསྐོར་བཞིན་བདེ་བ་ཆེན་པོའི་ས་ལ་གཤེགས་སོ། (འདིར་གསལ་བཤད་ཞིག་ནི་ལྷ་བདག་སྔགས་གྲོལ་ནི་རྒྱ་གར་ཤཱཀྱ་ཐུབ་པ་མ་འཁྲུངས་སྔ་རོལ་ནས་བྱོན་པའི་བོན་གྱི་གྲུབ་ཐོབ་ཞིག་ཡིན་ནོ།)


28 གྲུབ་ཐོབ་ལེགས་ཏང་རྨང་པོ།

  གྲུབ་ཐོབ་རྒྱ་ནག་མཁས་པ་ལེགས་ཏང་རྨང་པོ་ནི་ཡུལ་རྒྱ་ནག་རི་བོ་རྩེ་ལྔར་སྐུ་འཁྲུངས་ཤིང་རྒྱ་ནག་ཧྭ་ཤང་གི་རྗེས་སུ་ཞུགས་པ་ཡིན་ནའང་རྒྱུད་ལ་ངེས་ཤེས་ཙམ་ཡང་མ་སྐྱེས་པ་ཡིད་མུག་ནས་གནས་ཆེ་སྟག་གཟིག་འོལ་མོ་ལུང་རིང་ན་སྟོན་པ་གཤེན་རབ་མི་བོ་བྱོན་ནས་བོན་གྱི་འཁོར་ལོ་རྒྱ་ཆེན་པོར་བསྐོར་བ་དང་བསྟན་པ་རྗེས་སུ་བཞག་པ་ཐོས་ཚེ་རྒྱ་ནག་ནས་ཞང་ཞུང་གི་ཡུལ་དུ་ཆས། ལམ་དུ་ཕེབས་པ་ན། ཞང་ཞུང་གི་མཁས་པ་ཁྲི་ཐོག་སྤར་ཙ་དང་མཇལ། ཁྲི་ཐོག་སྤར་ཙ་ལ་གསེར་དངུལ་སོགས་རིན་པོ་ཆེ་སྣ་ཚོགས་ཕུལ་ནས་གསང་སྔགས་ཀྱི་བོན་གསུངས་བར་ཞུ། ཁྲི་ཐོག་སྤར་ཙས་ཁྲོ་བོ་དབང་ཆེན་དང༌། གསོ་དཔྱད་སྐོར་དང་རིག་གནས་ཀྱི་རྒྱུད་གཞུང་མང་པོར་གསུངས། དེ་ནས་སྟག་གཟིག་གི་ཡུལ་དུ་སླེབས་ཚེ་རྒྱལ་པའི་གདུང་སོབ་མུ་ཆོ་ལྡེམ་དྲུག་དང་ཞལ་མཇལ་ནས་འདུལ་བ་རྒྱུད་དྲུག་དང་འདུལ་བ་མདོ་ཡི་བོན་སྡེ་མང་པོར་གསུངས། དེ་ནས་མཁས་པ་མི་བཞི་སོགས་དང་མཇལ་ནས་གསང་པ་སྔགས་དང་ཟབ་ལམ་རྫོགས་ཆེན་གྱི་བོན་སྡེ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་ནས་སླར་ཡང་རྒྱ་ནག་རི་བོ་རྩེ་ལྔ་ན་ལྗོན་པ་ཨ་དཀར་རུ་ཡི་ཁང་བཟང་ནང་དུ་གསང་སྔགས་ཀྱི་བོན་རྣམས་ཉམས་ལེན་མཛད། ལྷག་པར་དུ་ཤེས་རབ་སྨྲ་བའི་སེང་གེའི་སྐོར་ཉམས་ལེན་མཛད། གནས་དེ་ཤེས་རབ་ལྷ་མཆོག་འཇམ་པའི་དབྱངས་ཀྱི་གནས་རིར་མངའ་གསོལ། སྐར་རྩིས་ཀྱི་སྐོར་དང་སྨན་གྱི་སྐོར། དཔྱད་ཀྱི་སྐོར། གསང་སྔགས་ཀྱི་སྐོར། རིག་གནས་ཀྱི་སྐོར་རྩོམ་ཞིང་རྒྱ་ནག་གི་བོན་པོ་དང༌། རི་བོ་རྩེ་ལྔར་གནས་པའི་ཧྭ་ཤང་རྣམས་ལ་འཆད། ཤེས་རབ་ལྷ་མཆོག་ལན་མང་བསྒྲུབས། ཤེས་རབ་སྨྲ་སེང་ངམ་འཇམ་དཔལ་སྨྲ་བའི་སེང་གེའི་ཞལ་མཇལ། གཟུགས་སྐུ་འཇམ་དཔལ་སྨྲ་བའི་སེང་གེ་སྐུར་གྱུར་ནས་བར་སྣང་སྤྲིན་གསེབ་དུ་སེང་གེ་ལ་བཅིབས་ནས་བྱོན། ཕྱག་ན་རལ་གྲི་དང་ཨུཏྤལ་གྱི་སྟེང་དུ་པོ་ཏི་འཆང༌། རེས་འགའ་ཚུལ་གོས་རྣམ་གསུམ་མནབ་ཅིང་སེང་གེར་ཞོན། ཕྱག་ན་པོ་ཏི་འཛིན། དེང་སང་རྒྱ་ནག་གི་འཇམ་དབྱངས་སེང་ཞོན་ཅན་ནི་རྒྱ་ནག་ལེགས་བཏང་རྨང་པོ་སྐུའི་སྤྲུལ་པ་ཡིན་པར་གྲགས། རི་བོ་རྩེ་ལྔར་ངོ་མཚར་བའི་བཀའ་རྟགས་མང་དུ་བཞག། རྒྱ་ནག་གི་ཡུལ་དུ་བོན་བསྟན་སྤེལ་བའི་སྐྱེས་མཆོག་དམ་པ་འདི་ནི་སྨྲ་བའི་སེང་གེ་དང་སྐུ་གཉིས་སུ་མེད་པར་གྱུར། ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་འགྲོ་བའི་དོན་མཛད་ཅེས་ཐུགས་བསྐྱེད་སྨོན་ཚིག་བཅས་རི་བོ་རྩེ་ལྔའི་རི་བོ་ལ་གནས་པར་མཛད། གནས་དེ་ལ་ལེགས་བཏང་རྨང་པོའི་བསྙེན་པ་འདོན་ན་ཤེས་རབ་མེ་ལྟར་འབར་བར་བཤད་དོ། ལེགས་བཏང་རྨང་པོ་བཞུགས་སྐབས་རྒྱ་ནག་གི་ལོ་པཎ་འབུམ་ཕྲག་བྱུང་བར་བཞིན་མ་འོངས་པའི་དུས་ན་རི་བོ་རྩེ་ལྔར་བོན་གྱི་གྲུབ་མཐའ་འཛིན་པའི་གྲུབ་ཐོབ་བརྒྱ་རྩ་འབྱུང་བ་མ་འོངས་ལུང་བསྟན་མང་པོ་ལས་གསལ་ལོ་ཞེས་བདག་གི་ཡབ་རྗེ་མི་ཡི་དབང་པོ་གཏེར་སྟོན་ཐུགས་གླིང་རིན་པོ་ཆེས་གསུངས་སོ།།


29 གྲུབ་ཐོབ་གསེར་ཐོག་ལྕེ་འབྱམས།

  གྲུབ་ཐོབ་གསེར་ཐོག་ལྕེ་འབྱམས་ནི་ཕྲོམ་གྱི་ཡུལ་དུ་སྐུ་འཁྲུངས། ཁྱིམ་ཚང་ཧ་ཅང་དབུལ་བས་སྐུ་ལུས་རིད་པས་ཞང་པོས་གསོས། ཆུང་དུས་ནས་ཡི་གེ། རྩིས། སྒྲ། བརྡའི་རིག་བྱེད་སོགས་ལ་བསླབས་པས་ཐམས་ཅད་ཐོགས་མེད་མཁྱེན་པར་བྱུང་བས་ཀུན་གྱིས་གསེར་ཐོག་ལྗགས་ངར་ཞེས་འབོད། ལོ་བརྒྱད་ཡན་མན་སྐབས་སུ་ཡི་དམ་མང་པོ་ཞལ་གཟིགས་ཡང་ལྷ་འདི་ཞེས་ངོས་འཛིན་མ་ནུས། ལོ་བཅུ་གཉིས་ལོན་པའི་ཚེ་རིག་གནས་ཀུན་ལ་མཁྱེན་དཔྱོད་རྒྱས་པ་ཞིག་བྱུང༌། དེ་ནས་གདུང་སོབ་མུ་ཆོ་ལྡེམ་དྲུག ལྷ་བདག་སྔགས་གྲོལ། ལེགས་བཏང་རྨང་པོ་སོགས་ཞང་བོད་རྒྱ་སྟག་གི་གྲུབ་ཐོབ་ཞལ་མཇལ་ནས་མཁའ་འགྱིང་ལྷ་ལྔའི་དབང་བསྐུར་བྱིན་གྱིས་བརླབས་ཏེ་ནུས་པ་མཆོག་དང་ལྡན་པའི་གྲུབ་ཐོབ་ཏུ་གྱུར། གདུང་སོབ་མུ་ཆོ་སོགས་ཀྱི་ལུང་བསྟན་བཞིན་གནས་མཆོག་སྨན་གྱི་ཕྱུག་མོའི་རི་བོ་ན་དྲི་བཟང་སྤོས་ངད་ལྡན་པའི་ཁང་བཟང་དུ་ཡི་དམ་ཕྱི་ནང་གསང་གསུམ་གྱི་རྒྱུད་སྡེ་དང་སྙན་བརྒྱུད་ཀྱི་གདམས་ངག་རྣམས་ལ་ཉམས་ལེན་ཁོ་ནར་མཛད། གནས་དེར་ལོ་དུ་མར་བཞུགས་རྗེས་མཁའ་འགྱིང་རིགས་ལྔའི་ཞལ་མངོན་སུམ་གཟིགས། རེས་འགར་རྣལ་འབྱོར་བའི་ཚུལ་མཛད། རེས་འགར་གཅེར་བུར་བུད་དེ་རི་ཁྲོད་སོགས་ལ་རྒྱུག རེས་འགར་སྔགས་འཆང་ཕུར་ཐོད་འཛིན། རེས་འགར་ཚུལ་གོས་རྣམ་གསུམ་ཡང་ན་ནབ་བཟའ་གོས་དྲུག་མནབ་པ་སོགས་སྤྱོད་པ་ཆགས་མེད་མཛད། རྣལ་འབྱོར་བ་སྟོང་ཕྲག་དུ་མ་ལ་གསང་སྔགས་གཡུང་དྲུང་བོན་གྱི་རྒྱུད་དང་འགྲེལ་བཤད་ཀྱི་བཀའ་འཁོར་ཕྱོགས་མེད་བསྐོར། སྒྲ་དང་ཚད་མའི་རིགས་རྣམས་དང༌། ཟློས་གར་སོགས་རིག་གནས་ཆེ་ཆུང་བཅུ་ལ་མཁས་པས་དེ་དག་གཞན་ལ་འཆད་པའི་སྡེ་བཙུགས། སྒྲུབ་པ་ཉམས་ལེན་གྱི་དབུ་ཁྲིད་སོགས་མཛད་ཕྲིན་མཐའ་ཡས་སོ། རང་བས་གཞན་གཅེས་ཀྱི་སེམས་དང་བཅས་གཞན་དོན་མཐར་ཕྱིན་མཛད་བཞིན་དགོངས་པ་བོན་ཉིད་ཀྱི་དབྱིངས་སུ་སངས་རྒྱས་སོ། །


30 གྲུབ་ཐོབ་ཛྭ་མེན་གྱེར་རྒྱུང༌།

  གྲུབ་ཐོབ་ཛྭ་མེན་གྱེར་རྒྱུང་ནི་ཞང་ཞུང་གི་ཡུལ་དུ་སྐུ་འཁྲུངས་ཤིང་དུས་རྟག་ཏུ་གཞན་ལ་རོགས་རམ་བྱེད་པས་ཀུན་གྱིས་རྒྱལ་བའི་སྲས་ཞིག་ངེས་སོ། ཞེས་བཤད། ཞང་ཞུང་གི་ས་གནས་མང་པོར་སློང་མོ་བའི་ཚུལ་མཛད་ནས་སློང་མོར་བྱེད། ཉིན་ཞིག་ཕྲོམ་ལ་མཁས་པ་གསེར་ཐོག་ལྕེ་འབྱམས་དང་ཞལ་མཇལ། བླ་མ་ལ་མཁས་ཤིང་གྲུབ་པའི་དབང་ཕྱུག བདག་ནི་དབུལ་པོ་སློང་མོ་བའི་ལུས་སུ་བླངས། བདག་སྡུག་བསྔལ་འདི་ལས་སྐྱོབ་བའི་བོན་ཞེས་གསུངས་རོགས་ཞུ་ཞུས་ཚེ། བླ་མས་བདག་ལ་བོན་གྱི་རྣམ་གྲངས་མཐའ་ཡས་པ་ཐམས་ཅད་ཁྱེད་ལ་སྤེལ་ན་ཁྱེད་ཀྱིས་སྤེལ་ནུས་སོ། ཞེས་གསུངས་པ་ལ་བདག་གིས་ནུས་ཞེས་ཞུས་རྗེས་ཞང་ཞུང་ཛྭ་ཡི་བོན་སྡེ་གཞིར་བཞག་པའི་སྟེང༌། གསས་མཁར་གསང་སྔགས་ཀྱི་བོན་སྡེ་ཐམས་ཅད་སྤེལ། རྫུ་འཕྲུལ་རྩལ་གྱིས་ཞང་ཞུང་དང་སྟག་གཟིག་ལྷ་གནས་འཆི་མེད་གསང་འདུས་གཤེན་གསུམ་སོགས་ཀྱི་གྲུབ་ཐོབ་མང་པོའི་སྤྱན་སྔར་ནས་གསང་སྔགས་ཀྱི་བོན་སྡེ་ཞུས། ཁྲོ་བོ་འབྲུག་གསས་ཆེམ་པ་དང༌། གཙོ་མཆོག་མཁའ་འགྱིང་སྒྲུབ་སྐོར་སོགས་གསན་རྗེས་གསང་བྲག་རི་ལ་སྒྲུབ་པ་མཛད་ཚེ་གནས་དེ་ལ་གནས་པའི་ཡུལ་འདྲེས་གནོད་པ་སྐྱེལ་བ་ལ་གསེར་ཛྭ་འཕངས་པས་དབང་དུ་བསྡུས། ཛྭ་འཕེན་པས་སེར་བ་བཟློག་པ་དང༌། ཆུ་བོ་གལ་དུ་བསྒྱུར་བ་དང༌། སྣང་སྲིད་ཁམས་ཀྱི་ལྷ་སྲིན་སྡེ་བརྒྱད་དྲེགས་པ་ཅན་ཐམས་ཅད་འདུལ་བ་སོགས་མཆོག་དང་ཐུན་མོང་གི་གྲུབ་རྟགས་དཔག་ཏུ་མེད་དོ། དེ་ལྟར་མངོན་ལྐོག་གཉིས་ཀྱི་སྒོ་ནས་འགྲོ་དོན་མཛད་རྗེས་དགོངས་པ་བོན་ཉིད་ཀྱི་དབྱིངས་སུ་གཤེགས་སོ།།


31 གྲུབ་ཐོབ་རྐོང་བུ་མར་མེ།

  གྲུབ་ཐོབ་རྐོང་བུ་མར་མེ་ནི་གངས་རི་ལྷུན་པོའི་ཞོལ་མཚོ་ན། རྟག་ཏུ་ངུ་བའི་རི་བོ་ལ་གནས་པའི་རྔོན་པ་གཅིག་ཡོད་པ་ལ། དེ་ལས་སུ་སྲོག་ཆགས་མང་པོ་བསད་ཅིང༌། ཟས་སུ་ཤ་ཟ་བ། དུས་རྟག་ཏུ་འཚོ་བའི་ཕྱིར་སེམས་ཅན་མང་པོ་ལ་གནོད་ཅིང་འཚེ་བའི་སྡིག་པ་ལས་འབའ་ཞིག་བྱེད་པ་ལ་ཡུམ་ཆེན་མོ་ཤེས་རབ་བྱམས་མས་གཟིགས་ནས་དེ་འདུལ་བར་བཏང་བའི་རྒྱལ་བའི་རྣམ་སྤྲུལ་ཞིག་ཡིན། རྐོང་བུ་མར་མེ་དེ་རྔོན་པར་སྤྲུལ་ནས་མདའ་འཕེན་པའི་འཕོང་གི་རྩལ་འགྲན་པས་རྔོན་པ་དེ་བཏུལ་བར་མཛད། རྔོན་པས་སྤྲུལ་པ་ལ་སྨྲས། ཁྱེད་དེ་འདྲ་བའི་འཕོང་སྐྱེན་པ་ཡིན། ཁྱེད་ཀྱི་རྩལ་དེ་ང་ལ་སློབས་བྱས་པ་དང༌། སྤྲུལ་པས་སྨྲས་པ། ང་ལའང་རེ་བ་ཞིག་ཡོད། དེ་སྒྲུབ་པ་ཁྱོད་ཀྱི་ཁས་བླངས་ན་བདག་གིས་འཕོང་རྩལ་དེ་ཁྱོད་ལ་བསླབ་ཅེས་གསུངས་ཚེ། རྔོན་པས་དགའ་ནས་ཁས་ཅི་ལེན་དགོས་ཀྱང་བདག་གིས་ལེན་ཞེས་ཟེར། སྤྲུལ་པས། ཁྱེད་དེ་རིང་ནས་རྔོན་བྱེད་མི་ཆོག་ཞེས་བསླབ་བྱ་མང་པོར་གནང་རྗེས་མདའ་འཕེན་པའི་རྩལ་དེ་ཁོ་ལ་བསླབ། རྔོན་པ་དེ་ནས་བཟུང་སེམས་ཅན་ཅིག་ཀྱང་མ་བསད། མར་མེ་རྐོང་བུའི་རྗེས་སུ་འབྲངས། མར་མེ་རྐོང་བུ་ཡང་གྲུབ་ཐོབ་ཙོ་མེན་གྱེར་རྒྱུང་གསེར་ཐོག་ལྕེ་འབྱམས། མཁས་པ་མི་བཞི་སོགས་ཀྱི་མདུན་ནས་བོན་གསང་སྔགས་སོགས་ཀྱི་མདུན་ནས་བོན་གསང་སྔགས་མཁའ་ཀློང་རབ་འབྱམས་ཀྱི་བོན་ཐམས་ཅད་གསན་ནས་རྟག་ཏུ་ངུ་བའི་གནས་རིར་ཉམས་ལེན་མཛད། ཞེས་བཤད། ལོ་རྒྱུས་གཞན་དག་ལས། རྐོང་བུ་མར་མེ་དེ་རྔོན་པ་ཞིག་ཡིན་པས་ཉིན་རེ་བཞིན་རི་དྭགས་མང་པོ་བསད། ཡུལ་དེར་བླ་མ་ཞིག་ཡོད་པ་དེ་ལ་རི་དྭགས་ཀྱི་ཤ་དུམ་རེ་འབུལ་སྲོལ་ཆགས། ལོ་ཆ་ཤས་རྗེས་བླ་མའི་གཟིམ་ཁང་ཟུར་དུ་རུས་པ་མང་པོ་སྤུངས་ཡོད་པར་མཐོང༌། རྐོང་བུ་མར་མེས་བླ་མ་ལགས། རུས་པ་མང་པོ་འདི་འདྲ་ག་ནས་བྱུང༌། ཞེས་དྲིས་ཚེ། བླ་མའི་ཞལ་ནས། ཁྱེད་རང་གིས་བདག་ལ་ཕུལ་བའི་ཤ་རྣམས་བསལ་ནས་རུས་པ་འདིར་སྤུངས་པ་ཡིན། ཞེས་གསུངས་ཚེ་རྐོང་བུ་མར་མེ་འཇིགས་སྐྲག་དྲག་པོ་སྐྱེས། བླ་མ་ལགས། ངས་སེམས་ཅན་འདི་འདྲ་མང་པོ་བསད་ཚར། ངན་སོང་གསུམ་ལས་ཐར་པའི་དུས་མེད་དོ། ཞེས་ཟེར་ནས་འགྱོད་སེམས་དྲག་པོ་དང་བཅས་བྲག་སྟེང་ནས་གཅོང་རོང་དུ་མཆོངས་ཚེ། བྲག་ཕུག་དེ་ན་གནས་པའི་གྲུབ་ཐོབ་ཞིག་གིས་བཟུང་ནས་བདེ་བའི་ས་ལ་བཞག། རང་སྲོག་བཅད་ན་ཐར་པའི་དུས་མེད་པས། དེ་བས་གསང་སྔགས་ཀྱི་བོན་ཉམས་སུ་ལོངས་དང༌། ཉེས་པ་དེ་དག་བཤགས་ནུས་གསུངས་ནས་མི་སྣང་བར་གྱུར། དེ་ནས་རྐོང་བུ་མར་མེ་ཞང་ཞུང་གི་ཡུལ་དུ་ཕེབས་ནས་མཁས་པ་མི་བཞི་དང་གསེར་ཐོག་ལྕེ་འབྱམས་སོགས་ལས་གདམས་ངག་མང་པོར་གསན། སྟོབས་བཞིའི་སྒོ་ནས་བཤགས་པ་མཛད་པས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ལྷ་ཀུན་སྣང་ཁྱབ་པ་ཞལ་མངོན་སུམ་གཟིགས་པ་སོགས་གྲུབ་པ་ཐོབ་པའི་རྟགས་དུ་མར་མངའ། གདུལ་བྱ་སེམས་ཅན་ཐམས་ཅད་འདྲེན་པའི་སྒོ་ནས་དགོངས་པ་བོན་ཉིད་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ།།


32 གྲུབ་ཐོབ་ནམ་ར་རྩེ་སྐུ།

  གྲུབ་ཆེན་ནམ་ར་རྩེ་སྐུ་ནི་སོ་ལྗོན་ཞེས་པའི་ས་ཆར་སྐུ་འཁྲུངས། ཆུང་དུས་ནས་ཡབ་ཀྱི་མདུན་ནས་རྒྱུ་ཡི་བོན་བཞི་ལ་སྦྱང་བ་ལེགས་པར་བྱེད། དེ་ནས་མཁས་པ་མུ་བཞི་དང༌། རྐོང་བུ་མར་མེ། ཞང་ཞུང་ཙོ་མེན་གྱེར་རྒྱུང་སོགས་བླ་མར་བཀུར། དེ་ནས་བསིལ་ལྗོངས་ཡུལ་གྱི་རྒྱ་མཚོའི་གླིང་དུ་ཉམས་ལེན་ལ་གཞོལ་ཚེ་ཡུལ་ཕྱོགས་དེ་ལ་ནད་ཡམས་སྣ་ཚོགས་འབྱུང༌། གནམ་ལས་ཆར་པ་མི་འབེབས་པ་དང༌། ས་ལ་འབྲུ་དྲུག་མི་རྒྱས། མི་ནད་དང་ཕྱུགས་ནད་སྣ་ཚོགས་པ་བྱུང་བས་ཡུལ་དེ་ལས་བཀྲ་མི་ཤིས་པའི་རྟགས་མཚན་མང་པོར་བྱུང༌། ཡུལ་སྡེ་མི་རྣམས་ཀྱིས་གྲུབ་ཐོབ་ནམ་ར་རྩེ་སྤྱན་དྲང་ནས་སྣང་སྲིད་སྐོང་བའི་མདོས་གླུ་རྒྱ་ཆེ་པོར་བཤམས། མཁའ་ཀློང་རབ་འབྱམས་ཀྱི་མདོས་གླུ་ཚད་ལྡན་བཤམས། ཉིན་ཞག་བདུན་བསྒྲུབས་རྗེས་བླ་མའི་མཐུ་རྩལ་ཤུགས་ཀྱིས་ཡས་སྟགས་སམ་ཕོ་གླུད་མོ་གླུད་ཆུང་གླུ་སེར་གླུ་ཐམས་ཅད་རང་འགྲོས་བྱེད། གསེར་གྱི་གཤང་ཆེན་དཀྲོལ་བས་སྣང་སྲིད་ཁམས་ཀྱི་ལྷ་སྲིན་སྡེ་བརྒྱད་ཟིལ་གྱིས་གནོན། དེ་ནས་གླུ་རྫས་རྣམས་སོ་ལྗོངས་ཡུལ་གྱི་མཚོར་བརྫངས་པས་ཡུལ་ཕྱོགས་ཀྱི་ནད་ཡམས་ཆད་པ་དང་ཆར་ཆུ་དུས་སུ་འབབས། ལོ་ཕྱུག་རྟག་ཏུ་ལེགས་པ། དགེ་བ་དང་མཐུན་བའི་བཀྲ་ཤིས་ཀྱི་ཉི་མ་སླར་ཡང་འཆར། གྲུབ་ཆེན་ནམ་ར་རྩེ་རྔ་ལ་ཞོན་ནས་སྣང་སྲིད་ཁ་ལོ་བསྒྱུར་ཞིང་གསང་སྔགས་བོན་སྡེ་མ་ལུས་འཛིན་པ་དང་སྐྱོང་བ་དང་སྤེལ་བར་བྱེད་པས་ལས་ལྡན་སློབ་མ་ཁྲི་ཕྲག་བྱུང་བར་གྲགས། དབེན་གནས་ལ་བཞུགས་ནས་ཚེ་དང་སྒྲུབ་པ་མཉམ་བསྐྱལ་གྱི་སྒོ་ནས་སྐུ་གསུམ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་གཤེགས་སོ། །

བྱིན་རླབས་བརྒྱུད་པའི་གཤེན་དགུ།

33 གྲུབ་ཐོབ་སྤུངས་རྒྱུང་མཐུ་ཆེན།

  གྲུབ་ཐོབ་སྤུངས་རྒྱུང་མཐུ་ཆེན་ནི་ལི་ཡུལ་དུ་སྐུ་འཁྲུངས་ཤིང་ཆུང་ནས་ཡབ་ཀྱི་རྗེས་སུ་འབྲངས་ནས་རྒྱུ་ཡི་བོན་བཞི་དང༌། འབྲས་བུའི་བོན་བཞི། བླ་མེད་རྫོགས་པ་ཆེན་པོའི་བོན་སྡེ་རྣམས་ལ་ཐོས་པ་དྲག་ཏུ་མཛད་པས་ལི་ཡུལ་རྣམས་ཀྱིས་ལི་བོན་སྤུངས་རྒྱུང་ཞེས་འབོད། རྒྱུ་ནོར་ལ་ཧ་ཅང་སྲེད་པ་ཆེ་བས་ཕྱོགས་ཀུན་ཏུ་གདུལ་བྱ་མང་པོ་མཛད། ནམ་ཞིག་རྒྱུ་འབྱོར་གྱིས་ཕྱུག་པས་ཁེངས་དྲག་དང་ལྡན་པའི་དུས། གྲུབ་ཆེན་ནམ་ར་རྩེས་འགྲོ་བ་གཞན་ལ་ཕན་ཕྱིར་རྒྱུ་ནོར་ཟས་གསུམ་ཐམས་ཅད་གླུད་རྫས་བྱེད་ཅིང་སྣང་སྲིད་བསྐང་བའི་མདོས་གླུད་རྒྱ་ཆེན་པོ་མཚོ་ནང་དུ་བརྫངས་བ་མཐོང༌། ལི་བོན་སྤུངས་རྒྱུང་རྒྱུ་ནོར་སེམས་ཕམ་ནས་ནམ་ར་རྩེ་ལ་འདི་ལྟར་གསོལ། གྲུབ་པའི་དབང་ཕྱུག་ལགས། འདི་འདྲ་གླུད་རྒྱ་ཆེན་པོ་བརྫངས་ཏེ་རྒྱུ་ནོར་བཏང་བ་ནི་ཡིད་ཕམ་པ་ཞིག་མ་རེད་དམ། ཞཻས་ཞུས་ཚེ་བླ་མའི་ཞལ་ནས། སྣང་སྲིད་ཀྱི་ལྷ་འདྲེ་ལ་མདོས་ཡས་མ་བརྫས་ན་འཇིག་རྟེན་གྱི་སེམས་ཅན་ལ་བདེ་བར་མེད། ང་འགྲོ་བའི་དོན་དུ་འཇིག་རྟེན་ཁམས་སུ་བྱོན་པ་ཡིན། རྒྱུ་ནོར་ཐམས་ཅད་ནི་ཐར་པ་རྫོགས་པའི་སངས་རྒྱས་གོ་འཕང་ཐོབ་པའི་གདོས་ཐག་ཡིན། ནོར་ནི་ནོར་བ་ཡིན་ཏེ་ཤིན་ཏུ་ནོར། ཆགས་ཞེན་གྱི་བློ་མ་སྤངས་ན་འཁོར་བ་ལས་གྲོལ་བ་ག་ལ་ནུས། སེམས་ཆགས་པ་མེད་ན་འཁོར་བ་མེད། འཁོར་བ་མེད་ན་ལྟུང་བ་མེད། ཆགས་མེད་ཞེན་མེད་ཀྱི་བོན་འདི་ནི་བློ་རེ་བདེ། ཞེས་གསུངས་པས་ལི་བོན་སྤུངས་རྒྱུང་བླ་མས་གསུངས་བཞིན་རྒྱུ་ནོར་ཐམས་ཅད་ལ་ཆགས་སེམས་ཀྱི་བློ་སྤངས་ནས་བོན་ལ་ཉམས་ལེན་མཛད། ནམ་ཞིག་ཆགས་མེད་ཞེན་མེད་ཀྱི་སེམས་རྒྱུད་ལ་སྐྱེས་ནས་རྒྱུ་ནོར་ཐམས་ཅད་འགྲོ་བ་གཞན་ལ་སྦྱིན་པ་རྒྱ་ཆེན་པོར་མཛད། སླར་ཡང་ནམ་ར་རྩེའི་རྗེས་སུ་སྤྲང་པོའི་ཚུལ་མཛད་ནས་བོན་ཞུས། ལི་ཡུལ་ལྕང་ར་སྨྱུག་པོ་རི་སོགས་བྲག་རི་ནགས་ཚལ་མཚོ་གླིང་ལ་བསྐྱེད་རྫོགས་ཟུང་འཇུག་ཏུ་བསྒོམས་པས་རྟོགས་པ་རང་ཤུགས་ཀྱིས་ཤར་ནས། ཕྱག་རྒྱ་ཆེན་པོའི་དོན་གྲུབ། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན། སེམས་ཅན་ལ་གནོད་འཚེར་བྱེད་པའི་བདུད་དང་སྲིན་པོ་ཐམས་ཅད་ཀྱི་སྙིང་ལ་ལྕགས་ཕུར་བསྣུན་ཞིང་རྣམ་ཤེས་འོག་མིན་བདེ་བ་ཆེན་པོའི་ས་ལ་བཀོད། ཕྱག་རྒྱ་ཆེན་པོས་བདུད་ཀྱི་ཆོ་འཕྲུལ་གྱིས་བརྩིགས་པའི་བྲག་རི་ཐམས་ཅད་བཤིག་པར་མཛད། རེ་འགར་དུར་ཁྲོད་ཀྱི་གནས་སུ་ཕྱིན་ནས་དུར་ཁྲོད་བདག་པོ་དང་བདག་མོ་རྣམས་ལ་ལུས་སྦྱིན་དཀར་འགྱེད་དང་དམར་འགྱེད་མཛད་པས་ཀུན་གྱིས་མཚན་ལ་སྤུངས་རྒྱུང་མཐུ་ཆེན་ཞེས་གསོལ། བླ་མའི་གདམ་ངག་དང་རང་གི་བརྩོན་འགྲུས། སྔོན་མའི་ལས་འཕྲོ་བཟང་པོ་དང་གསུམ་འཛོམས་ནས་འདོད་ཡོན་མ་སྤངས་ཀྱང་གྲོལ་ལོ། གྲུབ་པ་ཐོབ་པའི་རྟགས་མཚན་དུ་མ་མངའ་བའི་སྒོ་ནས་འགྲོ་དོན་དཔག་མེད་མཛད་ཅིང༌། གསང་སྔགས་རྫོགས་ཆེན་གྱི་ཤིང་རྟའི་སྲོལ་འཛིན་ཆེན་པོར་གྱུར། འགྲོ་དོན་མཛད་རྗེས་མཐར་མཁའ་སྤྱོད་དུ་གཤེགས་སོ།།


34 གྲུབ་ཐོབ་སྙ་ཆེན་ལི་ཤུ་སྟག་རིང༌།

  བླ་མ་ལི་ཤུ་སྟག་རིང་གི་ལོ་རྒྱུས་ལ། སྔོན་ཡུལ་ཉག་ཟ་ར་སྟག་སྐྱ་བྱ་བ་ན། རྒྱལ་པོ་གཉན་སྟག་སྤུང་བྱ་བ་དང༌། ཡུམ་མུ་ལ་ཙ་བྱ་བ་གཉིས་ལ། འབངས་གྲོང་ཁྱེར་འབུམ་ཚོ་བརྒྱད་བཅས། ནོར་བུ་ལོངས་སྤྱོད་བསམ་དུ་མེད་པ་མངའ། དུས་ནམ་ཞིག་རྒྱལ་པོ་ལ། གཡུ་བྱ་ཁུ་བྱུག་ཅིག་ན་རེ། ཙན་ཏན་ནགས་ཀྱི་གསེབ་ན། མེ་ཏོག་ལ་དངོས་གྲུབ་ཡོད་ཟེར་བ་བྱུང་ནས། རྒྱལ་པོ་ནགས་གསེབ་དུ་བྱོན་དུས། མེ་ཏོག་གི་སྟེང་ན། བུ་མོ་སྐྱེ་མཆེད་ལེགས་པ་གཅིག་འདུག། བླངས་སྟེ་ཡུམ་ལ་ཕུལ་བས། ཤིན་དུ་མཉེས་ནས་མིང་ཡང་རླུང་རྒྱལ་སྟག་ཟ་ལི་ཝེར་དུ་བཏགས་སོ། ཤིན་ཏུ་བཀྲ་ཤིས་རྫུ་འཕྲུལ་དང་ལྡན། སྟག་གཟིག་ལ་ཁལ་འགེལ། བྲག་རིན་ཆེན་སྤུངས་པ་ན། མཆོག་ལྔའི་སྒྲུབ་པ་མཛད་པས། མོ་ལ་ཕོ་རུ་གྲུབ་ནས། ཡབ་རྒྱལ་པོའི་སྤྱན་སྔར་བྱོན་པ་ལ། ཀྱཻ་སྲས་མཆོག་སྐྱེས་བུ་ཁྱད་པར་ཅན། མོ་ལུས་ཕོ་གྲུབ་ཅི་ལྟ་བུ། ཞེས་སོགས་ཞུས་ཚེ་བླ་མས། ང་ནི་འགྲོ་བའི་དོན་ལ་འོང༌། འཆི་མེད་གཙུག་ཕུད་སྤྲུལ་པ་ཡིན། ཁོ་མོས་གཉན་གྱི་གདུང་རྒྱུད་འཛིན། གཉན་ལི་ཤུ་སྟག་རིང་བྱ་བ་ལགས། རྒྱལ་པོ་ཡབ་དང་ཁོ་མོ་སྲས། སྐྱེ་བ་བདུན་ནས་ཡབ་སྲས་འབྲེལ་གསུང་ནས། དེ་ཡི་ལོ་རྒྱུས་ཡོད་སྐད། དེར་མི་ལོ་བརྒྱ་དང་རྩ་གཉིས་ལ་རྒྱལ་སྲིད་བཟུང༌། བོན་གྱི་བསྟན་པ་དར། དེ་ནས་སྤྲུལ་པའི་སྐུ་དེ་འགྲོ་བའི་དོན་མཛད་པ་དགོངས་ནས། སྟག་གཟིག་གིས་ཡུལ་དུ། དུས་གསུམ་སངས་རྒྱས་ཐམས་ཅད་སྐུ་འཁྲུངས་བའི་ཡུལ་འོལ་མོ་གླིང་ཆེན་དུ་བྱོན། དམུུ་ཙ་ཏྲ་ཧེ་ཆེན་པོ་ལ། སྐད་རིགས་མི་མཐུན་པ་སུམ་བརྒྱ་དྲུག་བཅུའི་ལོ་ཙཱའི་སྐད་སྦྱང༌། བར་པོ་སོ་བརྒྱད་དུ། སྒོ་བཞི་མཛོད་ལྔའི་རྒྱུད་གསན། སྐུ་ཚབ་རྒྱལ་བ་དོན་གྲུབ་གྱིས་ངོ་སྤྲད་པས། བོན་ཉིད་མ་བུ་དང་མཇལ། མེ་ཏོག་མཛེས་པའི་གླིང་ལ་དཀའ་ཐུབ་མཛད་ནས་རིག་པ་སྲོང་དུ་བཅུག གཡུང་དྲུང་རྩེ་དགུ་ལ་སྒོམ་པ་ཐང་བཅད་པས། ཉམས་གསུམ་དྲོད་བཞི་རྟགས་དྲུག་རྫོགས་ནས་མངོན་དུ་གྱུར། ལྷོ་ཤར་དགོན་པའི་ནགས་གསེབ་དུ། མ་མོ་གཙུག་གི་རྒྱན་ཅིག་མ། ཁྲོ་བོ་དབང་ཆེན་ཨུད་དུ་འབར་བའི་རྒྱུད་དྲུག་དང༌། དྲག་ཟློག་གི་རྒྱུད་ལ་སོགས་ཏེ། གསང་སྔགས་ཟབ་མོ་མང་པོ་གསུངས། ལོ་བདུན་བརྒྱ་བཞེངས་པའི་དུས་སུ། ཨོ་རྒྱན་གྱི་ཡུལ་དུར་ཁྲོད་བསིལ་བར། དབལ་བོན་རོམ་པོ་ལ་དྲག་སྔགས་ཀུན་ཞུས། སྡེ་བརྒྱད་བྲན་དུ་འཁོལ། རྒྱ་གར་གསས་ཁང་གཡུ་རྩེ་ཅན་དུ་ལྷ་བདག་སྔགས་གྲོལ་ལ། མ་མོའི་རྒྱུད་སྡེ་ཀུན་གསན། ཡེ་ཤེས་དང་མ་མོས་གཏོར་མ་ལེན། མཐུ་དང་རྫུ་འཕྲུལ་རྩལ་རྫོགས། རྒྱ་ནག་འབྲིང་ཐང་སྣང་བ་རུ། ལེགས་ཏང་རྨང་པོ་ལ། རིན་པོ་ཆེ་གཏོར་ཟློག་གི་རྒྱུད་སྲུང་ཟློག་ཀུན་ཞུས། དུར་ཁྲོད་གནས་བརྒྱད་དུ་མཁའ་འགྲོ་རྣམས་དབང་དུ་བསྡུས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ། མུ་ལེན་ཧད་དུ་ཀླུ་བརྒྱད་ཀྱི་ནོར་བུ་ཕུལ། ལོ་སྟོང་དང་ཉིས་བརྒྱའི་དུས་སུ། སྟག་གཟིག་གི་ཡུལ་ནས་བོན་གྱི་ཡང་བཅུད་ཁྲི་ཕྲག་ཅིག། ཁྲུང་ཁྲུང་ཀང་ཀ་བྱ་རྒོད་དུར་ལ་བཀལ་ནས། དྲོ་ཐེབ་ཅིག་གིས་ཏི་སེ་རུ་ཕེབས། དེ་ནས་དྲོ་ཐེབ་ཅིག་གིས་བསམ་ཡས་སུ་ཕེབས། རྒྱལ་པོའི་བླ་མཆོད་མཛད། བོད་ཡུལ་དབུས་སུ་གྲུབ་རྟག་དུ་མ་བསྟན། གཡག་རྒོད་དང་ཆུ་སྲིན་བཅིབས། ཡར་ལུང་གི་ཆུ་བོ་གྱེན་དུ་བསྒྱུར་བ། རི་བོ་ཕྱག་གིས་འཁྱེར་བ། ཉི་ཟླ་ཆ་ལང་སྡེབས་པ་ལ་སོགས་གྲུབ་རྟགས་དུ་མ་ཡོད། ཧོས་པོ་རི་ལ་བཟང་བཟའ་རིང་བཙུན་གྱི་སྤྲུལ་པ། ཅོ་ཟ་བོན་མོ་སྣོད་ལྡན་གྱི་ཕྱག་རྒྱ་མ་རུ་མཁྱེན་ནས། གསང་སྔགས་ལྟར་ཐབས་ལམ་དང༌། རྩ་རླུང་གནད་མང་དུ་བསྟན་པས། ཕྱི་ནང་གི་ལྷ་ཀུན་གྱི་ཞལ་གཟིགས། རྩ་རླུང་ཐིག་ལེ་ལ་དབང་ཐོབ། རྫུ་འཕྲུལ་ཞབས་དང་ལྡན། ཞང་ཞུང་སྟག་གཟིགས། རྒྱ་དཀར་ནག། བྲུ་ཤ་མེ་ཉག ཟ་ཧོར། བོད་ལ་སོགས། སྐད་རིགས་མི་མཐུན་སུམ་བརྒྱ་དྲུག་བཅུའི་ལོ་ཙཱ་མཛད། བོན་གྱི་བསྟན་པ་ཀུན་ཏུ་སྤེལ། སྟག་གཟིག་ཟ་ར་དོས་འཛུག་དང༌། མཁས་པ་ཉི་ཤུ་ལ་བསྟན་པ་བཞག བྲག་དཀར་དུ་སྒྲུབ་པ་མཛད་པས། སྐྱེ་ཤི་མེད་པ་ཚེ་ཡི་རིག་འཛིན་ཐོབ། ཉིས་སྟོང་ལྔ་བརྒྱ་འགྲོ་དོན་མཛད། ཕམ་འཐིང་བྱ་བ་རུ། མཁས་པ་ཉི་ཤུ་དང༌། ཉི་མ་འོད་ལྡན་མཁའ་འགྲོ་འབུམ་ཚོགས་ནས། བམ་གྱི་ཚོགས་སྒྲུབ་མཛད་ནས། སྲོད་ལ་བླ་མ་མཁའ་འགྲོ་ཀུན་གྱི་གཟིགས། ནམ་གུང་ཁྲོ་བོ་གཟིགས། ཧ་ཧ་ཞེས་པའི་གད་རྒྱངས་ཀྱིས། ས་ཡང་རྣམ་པ་དྲུག་དུ་གཡོས། དེ་དུས་མ་རྒྱུད་རྩ་འདུས་ཞེས་བྱ་བ། མཁའ་འགྲོ་ཀུན་འདུས་པ་ཅིག་མཛད། གྱད་ཕུར་ཞེས་བྱ་བ་ཁྲོ་བོ་ཀུན་འདུས་པ་ཅིག་མཛད། གཞན་ཟབ་འདུས་བརྒྱ་རྩ་བརྒྱད་གསུང༌། གླང་ཆེན་འགྱིང་རི་དང༌། འཇིགས་སུ་རུང་པའི་དུར་ཁྲོད་ལ་སོགས་སྟེ། གནས་ཆེན་ཀུན་བྱོན་ནས་མཁའ་འགྲོ་དབང་དུ་འདུས། མི་རུ་སྤྲུལ་ཅིང་དཔའ་བོ་རིག་འཛིན་ཀུན་གྱི་ཐུགས་བཅུད་བསྡུས། བྲག་དཀར་རྩེ་རྫོང་བཀའ་རྟགས་བརྩེགས་པའི་ཕྱག་རྒྱ་ཅན་དུ། ལྷ་ཀླུ་མི་གསུམ་གྱི་རྣལ་འབྱོར་བ་ཐུགས་ཀྱི་མཛོད་སྐུལ་ནས། བསྒྲག་པ་གསུམ་གྱི་བཅུད་སྡུས་ནས། ཡང་རྩེ་ཀློང་ཆེན་མཛད། ནམ་ཞིག་དུས་སྙིགས་མའི་རྒྱལ་པོའི་ཐུགས་སུ་གདོན་ཞུགས། བོད་ཡུལ་དུ་བོན་བསྣུབས་ནས། བཀའ་ཡི་བྱ་ར་མ་གསུམ་ལ་སེམས་ཕྱོགས་ཀྱི་བོན་ཀུན་གཉེར་དུ་གཏད། ལྷོ་བྲག་ཁམས་ཏིང་དུ་སྦས། གསང་སྔགས་ཀྱི་བོན་ཀུན་རྨ་རྒྱལ་པོམ་ར་དམ་ལ་བཏག་ནས་གཉེར་གཏད། བསམ་ཡས་ཅ་ཏ་ནག་པ་ལ་སྦས། གཞན་ཡང་གཏེར་ཁ་བཅུ་གསུམ་སོ་སོར་གཉེར་གཏད་ནས་སྦས། མཁའ་སྤྱོད་དུ་གཤེགས་ཚེ་མཁས་པ་ཉི་ཤུ། ཅོ་ཟ་བོན་མོ། ཞང་ཞུང་གི་རྒྱལ་པོ། གུ་གེ་སྨྲར་དང་འཁོར་རྣམས་ལ་གསུངས་པ། ང་བོན་ལ་བྱོན་ཅིང་བསྐལ་སྟོང་སངས་རྒྱས་ཀྱི་ངོ་བོ་ཡིན་པས། སྟག་གཟིག་གི་ཡུལ་ལ་སོགས་ཡུལ་ཆེན་བཅྭོ་བརྒྱད་ལ་སྤྲུལ་པ་སྣ་ཚོགས་བསྟན། ཁྱད་པར་དུ་བོད་གྱི་ཡུལ་འདི་རུ། ལྷོ་རུ་ནགས་ཡོད་པ་ན། བྱང་བ་ཙ་ཅན་ཚུན་ལ། སྤྲུལ་སྐུ་རྩ་ཅིག། རྫུ་འཕྲུལ་སྟོན་པ་བརྒྱ། འགྲོ་བའི་དོན་ནུས་པ་སྟོང༌། ཉམས་སུ་ལེན་པ་ཁྲི་འབུམ་ཡོད་གསུངས་ཏེ། བོན་བསྟན་པ་བཞག་པའི་ས་ཡིན། གསུངས་ནས་དགོངས་པ་མཁའ་སྤྱོད་དུ་གཤེགས་སོ།།


35 གྲུབ་ཐོབ་མུ་ལི་མུ་འགྱུར།

  གྲུབ་ཐོབ་མུ་ལི་མུ་འགྱུར་ནི་སྟོད་མངའ་རིས་ཕྱོགས་སུ་རིགས་ངན་ཤན་པའི་རིགས་སུ་སྐུ་འཁྲུངས་ཤིང་ཡབ་ཀྱི་རྗེས་སུ་འབྲང་ནས་དུད་འགྲོ་མང་པོ་བསད། ནམ་ཞིག་སེམས་ལ་སྐྱོ་ཤས་སྐྱེས་ནས་གྲོང་ཁྱེར་བདོལ་བའི་མཐའ་གླིང་ལ་སྐྱོ་བསང་ཕེབས་དུས། སྙ་ལི་ཤུ་སྟག་རིང་ཞལ་མཇལ་གསུང་ཐོབ། གསས་མཁར་གསང་བ་སྒོ་དགུ་སོགས་བོན་སྒོ་མང་པོ་གསན་རྗེས་གྲོང་ཁྱེར་དེའི་མཐར་གྱི་གནས་མཆོག་དེ་ལ་བསྐྱེད་རྫོགས་ཟུང་འབྲེལ་གྱི་སྒོ་ནས་གསང་སྔགས་ཀྱི་བོན་རྣམས་ཉམས་སུ་ལེན། ལོ་གསུམ་ན་ཐ་མལ་ཤན་པའི་རྣམ་རྟོག་བདེ་བ་དང་སྟོང་པའི་ངང་དུ་སྟོར་ནས་སེམས་ཀྱི་དྲི་མ་དག་སྟེ་བདེ་ཆེན་ཡེ་ཤེས་དགོངས་པ་འཆར། དེ་ནས་རིག་སྟོང་མ་བུ་ངོ་འཕྲོད་པས་གྲུབ་ཐོབ་ཆེན་པོར་གྱུར། རོལ་པའི་ཕྱག་རྒྱ་ཡུམ་དང་གཉིས་མེད་འཁྲིལ་བའི་སྒོ་ནས་འགྲོ་དོན་མཛད། གྲོང་ཁྱེར་དེའི་ཤན་པ་རྣམས་ཐར་ལམ་བཀོད་དགོས་སྙམ་ནས་སླར་ཡང་ཤན་པའི་ཚུལ་མཛད་དེ་ཤན་པའི་ཡུལ་ལ་ཕེབས་ནས་ཤན་པའི་ཚུལ་མཛད། འོན་ཀྱང་ཁོང་བཤས་ཚེ་དེ་མ་ཐག་ཤ་དང་རུས་པ་ལས་འཇའ་འོད་ཤར་བས་རིགས་ངན་ཤན་པ་ཐམས་ཅད་ཀྱི་རྒྱུད་ལ་དད་པ་སྐྱེས། དེ་ནས་ཤན་པ་ཐམས་ཅད་ལ་ལས་རྒྱུ་འབྲས་ཀྱི་རྣམ་བཞག་དང༌། སྲོག་གཅོད་པའི་ཉེས་དམིགས། ཚེ་ཕྱི་མ་ལ་སྡུག་བསྔལ་མྱོང་ཚུལ་སོགས་བསླབ་བྱ་ནན་ཏན་མཛད་པས་རིགས་ངན་ཤན་པ་མ་ལུས་པ་དེ་མ་ཐག་ཏུ་ཤན་པའི་ལས་མཚམས་བཞག་ནས་མུ་ལི་མུ་འགྱུར་གྱི་རྗེས་སུ་འབྲངས། གྲུབ་ཐོབ་དེས་ཤན་པ་རྣམས་ལ་བོན་ཐམས་ཅད་ཀྱི་གཞི་མ་སྙིང་རྗེ་དང༌། བོན་ཐམས་ཅད་ཀྱི་རྩ་བ་སྟོང་ཉིད་གཉིས་ཟུང་འབྲེལ་གྱི་བོན་བསྟན། དེ་ནས་རིམ་གྱིས་གསང་སྔགས་ཀྱི་དབང་བསྐུར། གསང་སྔགས་ཀྱི་ལྟ་བ་དང༌། སྤྱོད་པ། སྒོམ་པ། དམ་ཚིག འཕྲིན་ལས། འབྲས་བུ་སོགས་རིམ་བཞིན་འཆད། རིགས་ངན་ཤན་པ་རྣམས་བོན་ཚུལ་བཞིན་ཉམས་སུ་བླངས་པས་གྲོལ་ཐོབ་བརྒྱད། གྲུབ་ཐོབ་བརྒྱ། རྒྱུད་ལ་ས་བོན་ཐེབས་པ་འབུམ་ཕྲག་བྱུང༌། དེ་ནས་གྲོང་ཁྱེར་ཆེན་པོའི་མི་རྣམས་ལ་ལས་འབྲས་སོགས་མང་དུ་གསུངས། ཡེ་ཤེས་བཞི་སྦྱོར་གྱི་དགའ་བདེའི་སྣང་བ་ཆེན་པོ་འབར། སྦྱོར་སྒྲོལ་ཟབ་མོ་ཡེ་ཤེས་མཆོག་གི་གོ་འཕང་བརྙེས་ཤིང་རྒྱ་ཆེན་ཚོགས་ཀྱི་འཁོར་ལོ་བསྐོར། གསང་བའི་དུར་ཁྲོད་དུ་བྱོན་ནས་དེར་གནས་པའི་སེམས་ཅན་ལ་རང་ལུས་ཚོགས་ཀྱི་འཁོར་ལོ་བསྐོར། འགྲོ་རྣམས་བདེ་བར་ཆེན་པོའི་ས་ལ་བཀོད་པ་མཛད་བཞིན་སྐུ་ལུས་ཡི་དམ་གྱི་ལྷ་དང་དབྱེར་མེད་དུ་གྱུར་ནས་བདེ་བར་གཤེགས་པའི་ས་ལ་གཤེགས་སོ།།


36 གྲུབ་ཐོབ་ཕུ་ལི་ཡ་དོར།

  གྲུབ་ཐོབ་ཕུ་ལི་ཡ་དོར་ནི་མཁས་པ་མི་བཞི་དང་གྲུབ་ཐོབ་མི་ལེ་མུ་འགྱུར་སོགས་བསྟེན་ནས་གདམ་ངག་མང་པོར་གསན། སྡེ་སྣོད་ཀྱི་གཞུང་ལ་ཐོས་པས་སྒྲོ་འདོགས་མང་དུ་བཅད་ཀྱང༌། རྒྱུད་ལ་སྦྱར་མ་ཐུབ་པས་སྤྱོད་པ་ཐམས་ཅད་ཕལ་བའི་སྤྱོད་པ་ཇི་བཞིན་གྱུར། སླར་ཡང་དབེན་པའི་རི་ཁྲོད་འགྲིམས་ནས་ཉམས་ལེན་མཛད། ཐོས་པས་སྒྲོ་འདོགས་ཆོད། བསམ་པས་ལྟ་བ་རྙེད། སྒོམ་པས་དྲོད་ཐོབ། སྤྱོད་པ་ཆགས་མེད་དུ་གྱུར། འབྲས་བུ་རེ་དགོས་མེད་པའི་ས་ལ་ཕྱིན། སྤྱོད་པ་བརྟུལ་ཤུགས་ཆགས་མེད་དུ་བསྐྱངས་ནས་དབེན་པའི་རི་ལ་ལོ་བཅུ་ཕྲག་ཙམ་བཞུགས། དུས་རེ་ཞིག་ན་ས་གཡོ་བར་བྱེད་ཅིང༌། ཡི་དམ་དབལ་གསས་རྔམ་པའི་ཞལ་གཟིགས་ནས་དགའ་བ་སྐྱེས་པ་ལ། བླ་མས། སྐལ་བ་དང་ལྡན་པའི་བུ། འདི་དག་ནི་མཚན་མ་ཅན་ཡིན་པས་ང་རྒྱལ་མ་སྐྱེས། གནས་ལུགས་གྱི་དོན་ཁོ་ན་ཉིད་ལ་རྟོག་པ་མེད་པས་མཐོང་བྱ་དང་མཐོང་བྱེད་མེད་དོ་ཞེས་གསུངས། སླར་ཡང་དབེན་ཁྲོད་ལ་ཉམས་ལེན་མཛད། ཉིན་ཞིག་ཡུལ་ཕྱོགས་དེ་ལ་མུ་གེ་བྱུང་བས་མི་རྣམས་སྡུག་བསྔལ་བའི་གནས་སུ་ལྟུང་བ་མཐོང་ནས་དེ་དག་སྐྱོབ་པའི་ཕྱིར་ཉར་སྤྲུལ་ནས་ཁོ་ཚོ་མཐོང་སར་ཤི་བའི་ཚུལ་བསྟན། མི་དེ་དག་ཉ་དེ་ཟོས་པས་མུ་གེའི་སྡུག་བསྔལ་ལས་ཐར་ཏེ། ཆུ་ལ་གནས་པའི་ཉ་དང་སྦལ་བ། ཉ་ལྕོག་སོགས་ཀྱི་གདུང་བ་བསལ། སྐུ་ལུས་ལ་ཞེན་པར་མེད་པ་གཞན་ལ་སྦྱིན་པ་བཏང་བ་དང༌། ཁས་ཞན་དམན་པའི་གྲོང་ཁྱེར་དུ་བྱོན་ནས་རྒྱུ་ནོར་ཐམས་ཅད་ཕམ་སེམས་བྲལ་བའི་སྒོ་ནས་སྦྱིན་པ་ཆགས་མེད་མཛད། ཆགས་མེད་རང་གྲོལ་གྱི་བོན་རྣམས་རིགས་དམན་པའི་སྐྱེས་བུ་རྣམས་ལ་སྟོན་བཞིན་ཚོགས་བདག་ཆེན་པོའི་སྐུར་གྱུར་ནས་མཁའ་སྤྱོད་དུ་གཤེགས་སོ།།


37 གྲུབ་ཐོབ་ཟ་རང་མེ་འབར།

  གྲུབ་ཐོབ་ཟ་རང་མེ་འབར་ནི་མོན་པའི་ཡུལ་དུ་སྐུ་འཁྲུངས་ཤིང་ཕལ་གྱི་སྤྱོད་པ་ལ་བརྩོན། དུས་རེ་ཤིག་གྲུབ་ཐོབ་རལ་པ་ཐོར་ཅོག་ཅན་འོད་ཟེར་གཟི་བརྗིད་དང་ལྡན་པ་ཞིག་ནམ་མཁའ་ལ་གཤེགས་པ་མཐོང། དེ་ལ་ངོ་མཚར་སྐྱེས་ཏེ་ཡུལ་མི་རྣམས་ལ་དྲིས་ཀྱང་མ་ཤེས། འདི་འདྲ་ངོ་མཚར་བ་ཅི་ཡིན་སྙམ་ནས་སེམས་ཐག་བཅད་དེ་གྲུབ་ཐོབ་དེ་འཚོལ་བར་སོང༌། ལམ་བར་དུ་གྲུབ་ཐོབ་སྙ་ལི་ཤུ་སྟག་རིང་དང་ཞལ་མཇལ་ནས་ལོ་རྒྱུས་ཞུས་ཚེ། སྙ་ལི་ཤུ་སྟག་རིང་གིས། དེ་ལ་ཡ་མཚར་རྒྱུ་ཅི་ཡང་མེད། ཁྱོད་རང་ཡང་འཕུར་འདོད་ན་འཕུར་ཆོག་ཅེས་གསུངས། ཟ་རང་མེ་འབར་གྱིས་ང་ལ་དེ་འདྲ་བའི་གདམ་པ་མེད་པས་འཕུར་ག་ལ་ནུས་ཞེས་ཞུས། བླ་མས། གདམ་ངག་ང་ལ་ཡོད། ཁྱེད་ཀྱི་སྒྲུབ་ནུས་སམ། ཞེས་ཟེར། ཟ་རང་མེ་འབར་དགའ་བ་ཆེན་པོ་དང་བཅས་སྒྲུབ་ནུས་ཟེར་བཞིན་རིན་ཆེན་སྣ་ཚོགས་མཎྜལ་རྟེན་དུ་ཕུལ། བླ་མས་ཀྱང་ཨུད་དུ་འབར་བའི་རྒྱུད་དྲུག་དང༌། དབལ་ཕུར་ནག་པོའི་རྒྱུད། སྤྱི་སྤུངས་སྐོར་གསུམ་སོགས་གསང་སྔགས་ཀྱི་བོན་སྡེ་ཟབ་མོ་མང་པོ་གསུང༌། ཟ་རང་མེ་འབར་ལྷོ་རོང་གི་གནས་སུ་ལོ་བཅུ་ཕྲག་ཙམ་བསྙེན་བསྒྲུབ་ཀྱི་ལས་ལ་སྦྱོར་ཞིང་བདག་ཉིད་ལྷ་ཡི་ང་རྒྱལ་དང་འབྲལ་མེད་ཀྱི་ཡི་དམ་བསྙེན་ཚད་སྐྱོང༌། བསྙེན་ཚད་རྫོགས་མཐར་ཡུལ་དེའི་གནམ་ཐེའུ་ཡིས་ཟ་རང་མེ་འབར་གྱི་སྐུ་ལ་དོ་བསྡོ་བ་ལ་བླ་མས་ལྗགས་ཀྱི་མཆིལ་མ་བཏབ་ཚེ་ཁ་ནང་ཏིང་ངེ་འཛིན་གྱི་མེ་འབར་ཏེ་གནམ་ཐེའུ་བསྲེགས་པར་བྱེད། སླར་ཡང་སྒྲུབ་ཕུར་དེས་གནམ་ཐེའུ་ལ་བརྡཻགས། གནམ་ཐེའུ་ཡི་རྣམ་ཤེས་ཐར་པའི་ལམ་ལ་བཀོད། དུར་ཁྲོད་ཀྱི་གནས་སུ་ཕྱིན་ཏེ་སྐུ་ལུས་ཚོགས་སུ་དམིགས་ནས་མགྲོན་བཞི་ཡོངས་ལ་སྦྱིན་པར་བཏང༌། དུག་སྦྲུལ་གྱིས་གནོད་སྐྱེལ་བ་ལ་བཟོད་པར་བསྒོམས་ནས་སྐུ་ལུས་ཀྱི་ཤ་བཅད་ནས་དུག་སྦྲུལ་ལ་སྦྱིན། སྤྱང་གུས་རྗེས་འདོད་དུས་བྱ་ལྟར་བར་སྣང་ལ་འཕུར་བ་དང་དབལ་ཆུ་བསྐོལ་བའི་ཟོར་རྡོ་དམར་པོ་འཕེན་པས་གཅན་གཟན་གསའ་སྤྱང་སྦྲུལ་ཚོགས་བསྒྲལ་ནས་བདེ་བའི་ལམ་ལ་བཀོད། འཚོ་བ་ཤིང་ཐོག་བཅུད་འཐུང་ཞིང་ཏིང་ངེ་འཛིན་གྱི་ཉམས་དགའ་སྐྱོང་བ་དང་རྟོགས་པ་རི་བོ་ལྟ་བུར་རྒྱུད་ལ་སྐྱེས་ནས་དགོངས་པ་བོན་ཉིད་ཀྱི་དབྱིངས་སུ་གཤེགས་སོ།།


38 གྲུབ་ཐོབ་ལྷ་སྲས་ལྡེ་རོ།

  གྲུབ་ཐོབ་ལྷ་སྲས་ལྡེ་རོ་ནི་ཞང་ཞུང་གི་མི་དང༌། ལས་འཚོ་བའི་དམངས་རིགས་ཡིན་ལ། དེ་ཡང་བཞུགས་པའི་ཡུལ་དང་ཉེ་བར་དུར་ཁྲོད་ཅིག་ཡོད་པ་ལ། ནང་ནུབ་མེད་པ་སྒྲ་སྐད་སྣ་ཚོགས་གྲགས་པས་ཤིན་ཏུ་འཇིགས་ཏེ་ལྷ་སྲས་ལྡེ་རོ་ཉི་མཚན་མེད་པར་དུར་ཁྲོད་ཀྱི་འཇིགས་པ་ཡིད་ལ་བྱེད་ཀྱིན་འདུག་པ་དང༌། འཇིགས་པ་དེ་ལས་སྐྱོབ་པའི་ཐབས་ཅི་ཞིག་བྱ་སྙམ་དུས། དེའི་གམ་དུ་གྲུབ་ཐོབ་ཞུ་ལ་ཡ་དོར་བྱོན་པ་ལ་ཕྱག་འཚལ་ཞིང་སྐོར་བར་བྱེད། མཆོད་རྫས་གྱ་ནོམ་པ་ཕུལ་བས་འཇིགས་པ་དེ་ལས་སྐྱོབས་པར་ཞུ། གྲུབ་ཐོབ་དེས་ཐོག་མ་དབང་བསྐུར། གདམས་ངག་ནི་འཇིགས་པས་འཇིགས་པ་སྤོང་བའི་གདམ་ངག་ནི་འདི་ལྟ་སྟེ། ཁྱེད་དག་ལ་སོགས་པས་དུར་ཁྲོད་ཀྱི་སྐད་ལ་འཇིགས་པ་ན་ཁྱོད་ཀྱིས་འཇིག་རྟེན་གྱི་སྒྲ་སྐད་ཐམས་ཅད་ཡི་དམ་ལྷ་ཡི་བསྙེན་འཛབ་དང་དབྱེར་མེད་དུ་བསྒོམ། འཇིགས་སུ་རུང་བའི་དུར་ཁྲོད་དེ་ལྷ་ཡི་གཞལ་ཡས་ཁང་དུ་བསྒོམ། སྒྲ་གྲགས་པ་ཐམས་ཅད་ཡི་དམ་ལྷ་ཡི་འཛབ་གྱི་སྒྲ་ལ་བསྒོམ། སེམས་ལ་དྲན་རྟོག་ཐམས་ཅད་ཡི་དམ་དུ་སྒོམས་ཤིག། གནས་ཀྱང་དུར་ཁྲོད་དུ་ཁང་བུ་གྱིས་ལ་སྡོད་ཅེས་གདམས་པ་བྱིན་པ་དང༌། གཞན་དུ་གསང་སྔགས་ཀྱི་བོན་ཐམས་ཅད་ཁོང་ལ་བརྒྱུད། དེས་ཀྱང་དེ་བཞིན་དུ་བྱས་ཏེ་བསྒོམས་པས། སྒྲ་ཐམས་ཅད་གྲགས་སྟོང་དབྱེར་མེད་དུ་རྟོགས་པའི་ངང་ལ་འཇིགས་པ་ཐམས་ཅད་རང་གྲོལ་འཇིགས་མེད་བདེ་ཆེན་གྱི་ཉམས་སྐྱེས། ལོ་བདུན་བསྒོམས་པས་ལུས་སེམས་ལྷ་སྐུའི་ངོ་བོར་གྱུར་ཏེ་སེམས་ཀྱི་དྲི་མ་དག་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ས་ལ་གནས། དེ་ནས་ཤུགས་ཆེན་ཕྱག་རྒྱ་ཡུམ་དུ་སྦྱོར། གཏུམ་པའི་དུར་ཁྲོད་སོགས་ལ་ཕེབས་ཏཻ་དུར་ཁྲོད་ཀྱི་བམ་རོ་ཚོགས་སུ་གསོལ་ཞིང་མིའི་རྐང་མ་འཇིབ། ཐོད་པ་ནང་དུ་ཁྲག་བཞེས་པ་སོགས་རྟུལ་ཤུགས་ཀྱི་སྤྱོད་པ་མཛད། གདུལ་བྱ་ལ་གཙང་དམེ་གཉིས་མེད་དང་སྣང་སྟོང་དབྱེར་མེད་ཀྱི་གདམ་པ། རིག་སྟོང་དབྱེར་མེད་ཀྱི་གདམ་པ་མང་པོར་བསྟན་ནས་བར་སྣང་གི་དབྱིངས་སུ་བྱ་འཕུར་བ་སོགས་གྲུབ་པའི་རྟགས་ཚད་བཅུ་གསུམ་རྫོགས་སོ། དུར་ཁྲོད་དུ་ཕྱིན་ནས་དུར་ཁྲོད་ཚོགས་བདག་མ་ཚོགས་རྣམས་དང་སྦྱོར་བ་མཛད་པའི་སྒོ་ནས་འགྲོ་བ་སེམས་ཅན་ཐམས་ཅད་ལ་སྣང་སྟོང་མ་བུ་ངོ་སྤྲད་དེ་བདེ་བའི་ལམ་ལ་བཀོད་བཞིན་མཁའ་སྤྱོད་བདེ་བ་ཆེན་པོའི་ས་ལ་གཤེགས་སོ།།


39 གྲུབ་ཐོབ་གྲུ་ཤ་གནམ་བོན།

  གྲུབ་ཐོབ་གྲུ་ཤ་གནམ་བོན་ནི་གྲུ་ཤའི་རྒྱལ་པོའི་སྲས་སུ་སྐུ་འཁྲུངས་ཤིང་ཆུང་ནས་རྒྱལ་སར་ཕྱུང་ཡང་རྒྱལ་སྲིད་ལ་ཡིད་སྨོན་མེད་པས་དོར། དུས་རྟག་ཏུ་རྣལ་འབྱོར་པ་ཞིག་ལ་འཚོ་བ་དྲངས་པས། དེས་བྱིན་རླབས་འཕོ་པའི་དབང་བསྐུར་བ་མཛད། དེ་ནས་འཕོ་བ་བཏགས་ཀྱང་མ་ཐེབས། སླར་ཡང་སྟོང་རྒྱུང་མཐུ་ཆེན་སོགས་མཁས་པ་མི་བཞི་དང༌། སྙ་ཆེན་ལི་ཤུ་སྟག་རིང་སོགས་ཀྱི་མདུན་ནས་འཕོ་པའི་ཁྲིད་ཐོབ། གཞན་དུ་མེ་རི་སྐོར་དང༌། གེ་ཁོད་གསང་སྔགས་ཀྱི་རྒྱུད༌། མ་རྒྱུད་མཁའ་འགྱིང་རིགས་ལྔའི་རྒྱུད། ཕུར་པའི་རྒྱུད་དགུ་འགྲེལ་བཅུ་ལ་སོགས་གསང་སྔགས་ཀྱི་བོན་ཆུ་བོ་གཞུང་གི་རྒྱུན་ལྟ་བུའི་ཁྲིད་ལུང་དབང་དང་བཅས་ཐོབ། སེམས་ཉིད་ངོ་སྤྲོད་པའི་གདམས་པ་འདི་ལྟར་གནང༌། རང་སེམས་ཡིད་བཞིན་ནོར་བུ་ལ། འཁོར་འདས་བོན་གྱི་རྣམ་པར་འཆར། རྟོགས་དང་མ་རྟོགས་ཁྱད་པ་ལས། སེམས་ཅན་སངས་རྒྱས་གཉིས་སུ་དབྱེ། འགྱུར་མེད་སེམས་ཉིད་ངོ་བོ་ལ། འཕོ་བྱ་འཕོ་བྱེད་ག་ལ་འབྱུང༌། འཕོ་མེད་སེམས་ཉིད་ངང་ལ་ལྟོས། རིག་སྟོང་དབྱེར་མེད་ངང་དུ་སྐྱོང་ཞེས་གསུངས་པས། དེས་ཀྱང་སྣང་བ་ཐམས་ཅད་སེམས་སུ་གོ། སེམས་དེ་ལ་བྱུང་གནས་འགྲོ་སར་མེད་པ་གནས་ལུགས་ཀྱི་ངང་དུ་གོ། འཕོ་བྱ་དང་འཕོ་བྱེད་གཉིས་འཛིན་གྱི་རྟོག་པ་ནི་འཕོ་མེད་བདེ་བ་ཆེན་པོའི་གེགས་ཡིན་པ་གོ། འཕོ་མེད་བདེ་བ་ཆེན་པོའི་སེམས་ཉིད་ནི་རིག་སྟོང་དབྱེར་མེད་དུ་གོ་ནས་ཟླ་བདུན་ན་འཁྲུལ་བའི་རྟོག་པ་འགགས་ནས་རང་སེམས་རིག་སྟོང་དབྱེར་མེད་ཀྱི་དོན་རྟོགས་སོ། མ་རྒྱུད་མཁའ་འགྱིང་ལྷ་ལྔ་ལོ་གཅིག་སྒྲུབ་པས་མཁའ་འགྱིང་དཀར་པོ་མདུན་གྱི་བར་སྣང་ལ་ཞལ་གཟིགས། ལས་ཀྱི་དབལ་མོ་ཐམས་ཅད་བྲན་དུ་བཀོལ་ཅིང་གཅན་གཟན་ལྟར་རྟག་ཏུ་དུར་ཁྲོད་འགྲིམ་པར་བྱེད། གསང་ཆེན་གྱི་མཁའ་འགྲོ་མ་ཐམས་ཅད་གསང་སྔགས་སྒྲུབ་པའི་གྲོགས་སུ་བརྟེན། རྒྱལ་པོ་ཡབ་ཡུམ་གྱི་རེ་བ་ལྟར་གསང་སྔགས་ཀྱི་བོན་ཐམས་ཅད་བྲུ་ཤའི་ཡུལ་དུ་སྤྱན་དྲངས་ནས་རྒྱལ་མཁར་རྩེ་མོ་ཤེལ་གྱི་གུར་ཁང་ནང་དུ་ཕྱག་ཏུ་མར་མེ་འཛིན་པའི་སྒོ་ནས་གདུལ་བྱ་རྣམས་ལ་སེམས་ཉིད་རིག་པའི་སྒྲོན་མ་ངོ་སྤྲད་པས་ཀུན་གྱིས་བྲུ་ཤ་གནམ་གསས་ཞེས་མཚན་གསོལ། ལས་ལྡན་གྱི་སྐྱེས་བུ་འབུམ་ཕྲག་དང་གྲུབ་ཐོབ་བརྒྱ་ལྷག་བྱུང༌། གསུང་བའི་བོན་ཡང་ད་ལྟར་པོ་ཏི་གསུམ་ཙམ་མཇལ་ཡུལ་དུ་སྣང༌། དེས་ཟབ་མོའི་བོན་གྱིས་གདུལ་བྱ་མང་དུ་བརྡུལ་ནས་ལུས་དེ་ཉིད་མཁའ་སྤྱོད་དུ་གཤེགས་སོ།།


40 གྲུབ་ཐོབ་ཐོབ་ལེ་རྒྱང་གྲགས།

  གྲུབ་ཐོབ་ཐོབ་ལེ་རྒྱང་གྲགས་ནི་ཐོ་དཀར་གྱི་ཡུལ་དུ་སྐུ་འཁྲུངས་ཤིང་འཚོ་བའི་ཆེད་དུ་ཚོང་ལས་དང་ཞིང་ལས་བྱས་ནས་ཡུན་རིང་སོང༌། དེ་ནས་འཁོར་བའི་བོན་ལ་སྐྱོ་ཤས་དང་སུན་སྣང༌། ལས་རྒྱུ་འབྲས་ལ་ཡིད་ཆེས། ཐར་པ་ལ་ངེས་འབྱུང་སྐྱེས་ནས་ཡུལ་དཀོན་མཆོག་གསུམ་ལ་སྐྱབས་བཙལ། དུར་ཁྲོད་དུ་ཕྱིན་ཏེ་བྲུ་ཤ་གནམ་གསས་ཀྱི་རྗེས་སུ་འབྲང༌། བྲུ་ཤ་གནམ་གསས་ཀྱིས་སྣང་བ་ཐམས་ཅད་སེམས་སུ་ངོ་སྤྲོད་པ་སོགས་གདམ་ངག་མང་དུ་གསུངས། དེས་ཐོ་དཀར་ཡུལ་གྱི་བྲག་རི་གསང་ཕུག་ཉི་འོད་འབར་བ་ལ་ཉམས་ལེན་མཛད། རིགས་ཀྱི་མཁའ་འགྲོ་མང་པོས་ལུང་བསྟན་པ་དང་གདམ་ངག་འདི་ལྟར་སྟོན། རིགས་ཀྱི་བུ། བོན་རྣམས་རང་གི་སེམས་ལས་བྱུང༌། རང་སེམས་འགྱུར་དྲན་ཐམས་ཅད་ནི། མཚན་མེད་དངོས་མེད་སྟོང་པ་ཉིད། སྟོང་པའི་རྩལ་ལས་འོད་གསལ་བས། གསལ་སྟོང་གཉིས་མེད་དབུ་མའི་ལམ། རྟག་ཆད་མུ་ཞི་མཐའ་བརྒྱད་བྲལ། སྣང་སྟོང་གཉིས་མེད་དབུ་མའི་ལམ། ལྟོས་ཤིག་ལྟོས་ཤིག་སེམས་ལ་ལྟོས། སེམས་རིག་དབྱེ་མེད་དབུ་མའི་ལམ། ཞེས་གསུངས། དེས་ཀྱང་ཉམས་ལེན་མཛད་པས་ལོ་གསུམ་ནས་སེམས་ཉིད་ཀུན་ཏུ་བཟང་པོ་ཞལ་མཇལ། སྣང་སྟོང་དབྱེར་མེད་དབུ་མའི་ལམ་གྱི་དོན་རྟོགས། རྟོག་པ་ཡེ་ཤེས་སུ་སློང་ནུས་པ་སོགས་ལ་བསྟེན་ནས་གྲུབ་པའི་རྩལ་ལྡན། དེ་ནས་གསང་སྔགས་ཀྱི་བོན་རྣམས་ཐོ་དཀར་གྱི་སྐལ་ལྡན་སྐྱེས་བུ་རྣམས་ལ་སྤེལ། ཕྱག་ཏུ་འཇའ་འོད་དང་ཉི་ཟེར་འཇུས་ནས་འགྲོ། ཐོད་དཀར་ཚལ་ཆེན་གྱི་སྦྲང་བུ་ཐམས་ཅད་བསྒྲལ་ནས་མཁའ་འགྲོར་བསྒྱུར་ཏེ་འཇའ་འོད་ཀྱི་ལམ་ནས་མཁའ་སྤྱོད་ཀྱི་ཞིང་དུ་དྲངས། རང་ཉིད་ནམ་མཁའི་བྱར་བསྒོམས་ནས་བར་སྣང་ལ་འཕུར་བར་མཛད། ཉམས་ལེན་གྱི་རྒྱུན་སྐྱོང་བཞིན་མཁའ་སྤྱོད་བདེ་བ་ཆེན་པོའི་ས་ལ་གཤེགས་སོ།།


41 གྲུབ་ཐོབ་ཉི་མ་འོད་གསལ།

  གྲུབ་ཐོབ་ཉི་མ་འོད་གསལ་ནི་བོད་ཀྱི་ཡུལ་དུ་སྐུ་འཁྲུངས་ཤིང་ཆུང་ནས་ཡབ་ཀྱི་རྗེས་སུ་འབྲང་སྟེ་རྒྱུ་བོན་བཞི་གསན། ཁྱད་པར་དུ་ཞང་ཞུང་ཇུ་ཏིག་སྐོར་གསན་པས་ཕ་རོལ་གྱི་སེམས་ཤེས་བ་སོགས་མངོན་ཤེས་ཐོགས་མེད་འཆར། སྨྲ་བ་གཙོ་བོར་བྱས། སྒྲུབ་པ་གཙོ་བོ་མ་བྱས་པས་གྲུབ་པའི་རྩལ་མི་མངའ་ཡང་ཤེས་རིག་ཡོན་ཏན་རྒྱས་པས་སྙེམས་པའི་དུས་སུ། ཞང་བོད་རིག་འཛིན་ཐམས་ཅད་རྫུ་འཕྲུལ་གྱི་རྩལ་འགྲན་པ་དེ་མཐོང་ནས་ཡིད་ལ་སྔར་མེད་པའི་མོས་གུས་འཕེལ། ཞང་ཞུང་དུ་ཕེབས་ནས་ཤ་རི་དབུ་ཆེན་དང་ཐོད་དཀར་གྱི་གྲུབ་ཐོབ་བྲུ་ཤ་གནམ་བོན་སོགས་གྲུབ་ཐོབ་མང་དུ་བསྟེན། དེ་དག་གིས་གདམས་ངག་འདི་ལྟར་གནང༌། ཕྱི་སྣང་བ་ལ་ཞེན་ན། ཞིང་ཁམས་ལ་རྩལ་སྦྱང༌། ནང་ཕུང་པོ་ལ་དངོས་པོ་འཛིན་ན། ལྷ་ལྷ་ལ་བག་ཆགས་གཏད་དོ། གསང་བ་མ་རིག་པ་ལ་བློ་རྨོངས་ན། འོད་ལྔ་ལ་ཤེས་པ་དྲིལ། ཡང་གསང་བོན་ཉིད་དུ་རྟོགས་འདོད་ན། ཡེ་ཤེས་ལྔ་ལ་ལ་བཟླའོ། ཡང༌། བོན་ཐམས་ཅད་སྒྱུ་མ་དང་རྨི་ལམ་དུ་བཤད། རྟོགས་ཚད་ལ་བདེན་པར་མ་འཛིན། འབྲས་བུ་སེམས་ཡིན་པས། སངས་རྒྱས་གཞན་ནས་མ་འཚོལ། རྩ་རླུང་ཐིག་ལེ་གསུམ་ནི་ལམ་ཡིན་པས། གནད་དུ་བསྣུན། འཛིན་པ་དང་ཆགས་པ་དུག་ཡིན་པས་ལག་དུ་མ་ལེན། བདག་མེད་སྟོང་ཉིད་ཀྱི་གྲོགས་ཡིན་པས་མ་བྲལ་བར་གྱིས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ལ་མ་འདུས་པ་མེད་དོ། ཞེས་གསུངས་བ་དང་ཆབས་ཅིག་སྔགས་རྫོགས་ཀྱི་བོན་ཐམས་ཅད་ཁོང་ལ་བརྒྱུད། དེས་ཨ་མདོ་རྨ་རྒྱལ་བོམ་རའི་ཡུལ་དུ་བྱོན་ནས་ཉམས་ལེན་མཛད། འཚོ་བ་ནི་ཤུག་འབྲུ་བདུན་གསོལ་ཞིང་དཀའ་ཐུབ་བཅུད་ལེན་ལ་གནས། མཚོ་མ་ཧ་དེ་བར་བྱོན་སྐབས་སྲིན་པོ་ཆུ་སྲིན་གཟུགས་བརྙན་ཅན་གྱིས་བླ་མའི་སྐུར་དོ་བསྡོ་བའི་ཚེ་བར་སྣང་གི་ཉི་ཟེར་ལ་འཇུས་ནས་ཆུ་སྲིན་དེ་དམ་ལ་བཏབས། ཆུ་སྲིན་རྟ་བཞིན་བཅིབས་ནས་རྒྱ་མཚོའི་གཏིང་དུ་རྒྱུག་པ་སོགས་ངོ་མཚར་བའི་ལོ་རྒྱུས་མང་དུ་མཆིས། བྱ་རྒོད་དུ་སྤྲུལ་ནས་རྨ་རྒྱལ་བོམ་རའི་རྩེ་ལ་བྱོན། ཕྱོགས་བཞི་གཟིགས་ནས་སྟོན་པ་གཤེན་རབ་མི་བོ་ཐུགས་སྤྲུལ་རྨ་རྒྱལ་བོམ་ར་ལ་མཆོད་བསྐང་ཆེན་པོ་གསུངས། ཉི་མའི་དཀྱིལ་འཁོར་ཕྱག་གིས་བསྒྱུར་བར་མཛད། དེ་ལྟར་གྲུབ་རྟགས་མཆོག་གྱུར་རྣམས་ཡུལ་མི་རྣམས་ཀྱིས་མཐོང། ཡུལ་དེའི་རྒྱལ་པོས་མཆོད་གནས་སུ་སྤྱན་དྲངས། རྒྱལ་སྲིད་ལ་དབང་བསྒྱུར་བའི་ཚུལ་བསྟན་ནས་གསང་སྔགས་ཀྱི་བོན་ཐམས་ཅད་ཨ་མདོ་རྨ་རྒྱལ་བོམ་རའི་ཕྱོགས་སུ་སྤེལ། ལྷག་པར་དུ་ཁྲོ་བོ་འབུམ་པ་དང༌། རོལ་པ། སྤྱི་འདུལ། རམ་པ། ཁྲོ་བོ་དབང་ཆེན། ངོ་མཚར་རྒྱས་པ་སོགས་ལ་ཉམས་ལེན་མཛད་པའི་སྔགས་པ་ཐོར་ཅོག་ཅན་འབུམ་ཕྲག་ལྷག་དང༌། ཡི་དམ་ལྷ་ཞལ་མཇལ་བ་བརྒྱ་ཕྲག་ལྷག་བྱུང་བར་གྲགས། གསང་སྔགས་ཀྱི་བོན་རྣམས་འཁོར་ལ་བསྟན་བཞིན་སྐུ་ལུས་འཇའ་འོད་དང་བཅས་སྟེ་དེ་བཞིན་གཤེགས་པའི་ས་ལ་མངོན་པར་འཚང་རྒྱ་བའོ།།

མཐུ་བོ་ཆེ་མི་དགུ།

42 གྲུབ་ཐོབ་ལི་བོན་མུ་ཕྱ།

  གྲུབ་ཐོབ་ལི་བོན་མུ་ཕྱ་ནི་བོན་གྱི་འདུས་གནས་ལིའི་ཡུལ་དུ་སྐུ་འཁྲུངས། ཡབ་ཡུམ་གཉིས་ཤིན་ཏུ་དགེ་བ་ལ་དད་ཅིང་མོས་པ་ཡོད་པས་བུ་ལ་དགེ་བའི་ལས་ལ་བཀོལ་ཅི་ཐུབ་བྱེད་ནའང་ལི་བོན་མུ་ཕྱ་ནི་འཁོར་བའི་བྱ་བ་ལ་ཡིད་སྨོན་པས་ཕ་མའི་རེ་བ་སྟོང་ཟད་དུ་སོང༌། ནམ་ཞིག་ཡབ་ཡུམ་གྲོངས་ནས་སྡུག་བསྔལ་དཔག་མེད་མྱོང༌། དེ་ནས་ཡབ་ཡུམ་གྱི་ཞལ་ཆེམས་ཡིད་ལ་དྲན་ནས་ཕ་མའི་དྲིན་ལན་མཇལ་འདོད་སྐྱེས། ཡུལ་མི་རྣམས་ལ་ཕ་མའི་དྲིན་ལན་འཇལ་ཐབས་ཡོད་དམ་ཞེས་དྲིས་ཚེ། ཀུན་གྱི་དགེ་བ་བསྒྲུབ་པ་ལས་མེད་ཅེས་ཟེར། གང་ལྟར་ཡང་ཕ་མའི་རེ་བ་དེ་བསྐང་ཐུབ་པར་བྱེད་དགོས་སྙམ་ནས་ཞང་ཞུང་བོན་གྱི་འདུས་གནས་དེར་བྱོན་ནས་གྲུབ་ཆེན་སྙ་ལི་ཤུ་སྟག་རིང་གི་རྗེས་སུ་འབྲང༌། ཤ་རི་དབུ་ཆེན་སོགས་གྲུབ་ཐོབ་མང་པོར་བསྟེན། དགེ་སྒྲུབ་སྡིག་སྤང་གི་སྒོ་ལ་བཞུགས་ནས་བཟུང༌། འགྱུར་ལྡོག་མེད་པའི་དམ་བཅའ་བརྟན་པོའི་སྒོ་ནས་བོན་ཞུ། དཔལ་བ་གོར་དེད་དེ་རྒྱལ་བས། དགེ་སྡིག་བླང་དོར་སེམས་ཀྱི་སྡོང་བོ་བསྲེག ཡེ་སྲུང་ཆེན་པོ་དོན་ལ་སྤང་བླང་མེད། རྣམ་དག་བྱང་ཆུབ་སྐུ་ལྔ་ལྷུན་གྱིས་གྲུབ། ཞེས་སྐུ་ལྔ་ལྷུན་གྱིས་གྲུབ་ཐབས་ཀྱི་གདམ་ངག་བསྟན་པ་ཙམ་གྱིས་ཡེ་སྲུང་ཆེན་པོའི་ལྟ་བ་རྟོགས་ནས་སྤང་བླངས་གཉིས་འཛིན་གྱི་རྟོག་པ་ལས་གྲོལ་ཞིང་རྣམ་པ་དག་པ་མངོན་པར་བྱང་ཆུབ་པའི་སྐུ་ལྔ་མངོན་དུ་གྱུར། དེ་ནས་གངས་དཀར་ཏི་སེའི་གནས་སུ་བསྐྱེད་རྫོགས་ཟུང་འཇུག་གི་སྒོ་ནས་ཡི་དམ་ལ་བསྙེན་པར་བྱེད། དག་རྫོགས་སྨིན་གསུམ་གྱི་ཡོན་ཏན་རྒྱུད་ལ་སྐྱེས་ཤིང་འཁོར་འདས་བོན་རྣམས་རྫུན་པར་མཐོང༌། ལྕགས་ཀྱི་རྡོ་ཕ་བོང་དེ་མཁར་ཁང་ལ་བསྒྱུར། སེན་མོའི་རྩེ་ནས་སེར་བ་འབེབས། གངས་རིའི་ཆུ་བོ་ཞལ་དུ་གསོལ་ཞིང་ཞལ་ནས་ཧ་ཧའི་སྒྲ་སྒྲོག རི་བྲག་ཐམས་ཅད་ཁ་བ་འཕེན་པ་ལྟར་ཕྱོགས་མེད་དུ་འཕེན། བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བཀའ་ལྟར་བན་བོན་རྩལ་འགྲན་སྐབས་གངས་རི་ཕྱག་གི་སོར་མོའི་རྩེ་ལ་འདེབས་ནས་མཁའ་ལ་འཕུར་བ་སོགས་རྫུ་འཕྲུལ་དཔག་མེད་མངའ་བའོ། གསང་སྔགས་ཀྱི་བོན་རྣམས་ལི་ཡུལ་དུ་སྤེལ་ནས་སྣོད་ལྡན་སློབ་མ་གྲངས་ལས་འདས་པར་བྱུང་བར་གྲགས་སོ། །འགྲོ་བ་དཔག་ཏུ་མེད་པའི་དོན་མཛད་ནས་འཁོར་ལྔ་བརྒྱ་དང་བཅས་མཁའ་སྤྱོད་དུ་གཤེགས་སོ།།


43 གྲུབ་ཐོབ་ཇོ་བོན་གྱིམ་བུ།

  གྲུབ་ཐོབ་ཇོ་བོན་གྱིམ་བུ་ནི་ཡར་ལུང་གཙང་གི་ཡུལ་དུ་སྐུ་འཁྲུངས་ཤིང་ཆུང་ནས་དགེ་བ་ལ་འདུད་པ་ཡོད་པར་གྲགས། དེ་ལ་ཅོ་བོན་གྱིམ་བུ་ཡང་ཟེར། ནམ་ཞིག་ཞང་ཞུང་གི་གྲུབ་ཐོབ་མང་པོར་མཇལ། དེ་དག་གིས་འཁོར་བའི་ཉེས་པ་དང༌། མྱ་ངན་འདས་པའི་ཡོན་ཏན་བཤད་པས་དེ་འཁོར་བ་ལས་བློ་ལྡོག་སྟེ། གྲུབ་ཐོབ་སྟོང་རྒྱུང་མཐུ་ཆེན་སོགས་མཁས་པ་མི་བཞི་ལ་ཐར་པ་ཐོབ་པའི་བོན་ཞིག་ཞུ་ལགས་ཟེར་བར། གྲུབ་ཐོབ་དེ་དག་གིས་ཐོག་མར་སྨིན་བྱེད་ཀྱི་དབང་བསྐུར་བ་དང༌། རང་བཞིན་ཀུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་རྒྱལ་ཐབས་སྤྱི་བླུག་ལྟ་བའི་དབང་བསྐུར། ཀ་དག་ཆེན་པོའི་ངོ་བོ་དེ་ཐ་མལ་ཤེས་པའི་སྟེང་དུ་ཀུན་ཏུ་བཟང་པོའི་དགོངས་པ་ཡིན་པར་ངོ་སྤྲད་པ་སོགས་གདམ་ངག་ཐམས་ཅད་བསྟན། གཞན་དུ་གསང་སྔགས་རྒྱུད་ཆེན་དྲུག་དང་རྫོགས་ཆེན་བསྒྲགས་པ་སྐོར་གསུམ་སོགས་གསང་སྔགས་དང་རྫོགས་ཆེན་གྱི་བོན་སྡེ་མ་ལུས་བརྒྱུད། དེས་ཡར་ལུང་གཙང་གི་ཡུལ། སོག་ཁ་མཚམས་ཤོང་ཞེས་བྱ་བར་དགའ་བ་བཞིའི་འཁོར་ལོ་བཞི་ལ་བསྒོམས། འཁོར་བའི་རྣམ་རྟོག་གི་དྲི་མས་མ་གོས་པས་ལོ་གསུམ་ན་གནས་ལུགས་གཉུག་མ་ཆེན་པོ་ཀ་དག་ལྷུན་གྲུབ་དབྱེར་མེད་ཀྱི་དོན་རྟོགས་ཤིང་འཁྲུལ་རྟོག་གི་དྲི་མ་ཐམས་ཅད་དག་སྟེ་གྲུབ་པ་ཐོབ་པའི་རྟགས་ཚད་རྫོགས་སོ། གྲུབ་ཐོབ་དེས་ནགས་ཚལ་ལ་བལྟས་པ་ཙམ་གྱིས་ཚལ་ཀྱི་ཤིང་ཐམས་ཅད་རང་འདུས་བྱེད། འཚོ་བ་ནི་ཤིང་བཅུད་ལ་འཐུང་ཞིང་ལྷོ་ཕྱོགས་ཤིང་གི་འབྲས་བུ་སྙིང་པོ་ལེན་ནས་གསོལ་བར་མཛད། དེ་ལྟར་དཀའ་ཐུབ་བཅུད་ལེན་མཛད་པ་སོགས་ཀྱི་ལོ་རྒྱུས་རྒྱས་པར་གཞན་དུ་གསལ། ཁྲི་སྲོང་ཞེ་གནག་ཅན་གྱིས་བོན་ཆོས་རྩལ་འགྲན་དགོས་ཞེས་བཀའ་བབས་ཚེ་གྲུབ་ཐོབ་འདིས་རྫུ་འཕྲུལ་ཕྱག་རྒྱ་གར་སྟབས་ཀྱི་སྒོ་ནས་ཡུལ་དེའི་རྩི་ཤིང་སྐད་ཅིག་མ་གཅིག་གིས་རང་འདུས་བྱས་ནས་རྒྱལ་པོའི་མདུན་དུ་སྤུངས་བས་རྒྱལ་པོ་ཡང་ཡིད་ཆེས་ཆེན་པོར་བྱུང༌། གསང་སྔགས་ཀྱི་བོན་ཐམས་ཅད་སྤེལ་བ་དང་འགྲོ་དོན་མཐར་ཕྱིན་མཛད། སྐལ་ལྡན་གྱི་སེམས་ཅན་ཁྲི་ཕྲག་མང་པོའི་རྒྱུད་ལ་ཐར་པའི་ས་བོན་ཐེབས། དེ་དག་མངོན་གྱུར་དང་ལྐོག་གྱུར་གྱི་སྒོ་ནས་འགྲོ་དོན་མཐར་ཕྱིན་རྗེས་མཁའ་སྤྱོད་བདེ་བ་ཆེན་པོའི་ས་ལ་མངོན་པར་གཤེགས་སོ།།


44 གྲུབ་ཐོབ་སུམ་པ་མུ་ཆོ།

  གྲུབ་ཐོབ་སུམ་པ་མུ་ཆོ་ནི་ཞང་ཞུང་སྒོ་བ་སུམ་པ་གླང་གི་གྱིམ་ཤོད་ཀྱི་གནས་སུ་སྐུ་འཁྲུངས། ཆུང་ནས་རིགས་སད་པའི་རྟགས་ཚད་བཞི་དང་ལྡན་ཞིང་གསང་སྔགས་ཀྱི་བོན་ལ་མོས་གུས་འཕེལ། ནམ་ཞིག་གྲུབ་ཐོབ་ལྡེ་གྱིམ་ཐང་རྨང་པོ་ཞེས་བྱ་བ་ལ་གདམས་ངག་ཞུ་ཚེ། བླ་མས། འདུས་བྱ་མཚན་མའི་དངོས་པོ་འདི། ཤེས་བྱ་གཤིས་ལ་གྲུབ་པ་མེད། ཤེས་བྱ་ཟད་ན་ཡེ་ཤེས་ཡིན། ཞེས་གསུངས། དེས་བླ་མའི་གསུངས་བཞིན་རྒྱ་མཚོའི་དོ་གླིང་དུ་ཉམས་ལེན་མཛད། འདུས་བྱས་མཚན་འཛིན་གྱི་བོན་ཐམས་ཅད་བདེན་གཉིས་ཀྱི་སྒོ་ནས་གཏན་ལ་ཕབས། ཤེས་བྱ་གཤིས་ཀྱི་འདུག་ལུགས་ལ་ཚད་གསུམ་ཟུང་འབྲེལ་གྱི་སྒོ་ནས་གཏན་ལ་ཕབས། ཤེས་བྱའི་གཤིས་ཀྱི་གནས་ལུགས་ལ་རྣམ་རྟོག་འཁྲུལ་བློ་ཟད་སར་བསྐྱལ་ནས་ཡེ་ཤེས་ལྔ་བོ་འབད་མེད་ལྷུན་གྲུབ་ཏུ་འཆར། རང་སེམས་གཉུག་མ་འགྱུར་མེད་རིག་གསལ་མ་འགག་ཉི་ཟླ་སྐར་ཚོགས་རྒྱུ་བ་ལྟ་བུ་དང༌། ཐུགས་རྗེ་ཟད་མེད་ནམ་མཁའ་འདྲ་བ་འོད་ཟེར་ལྟ་བུའི་དོན་རྟོགས་པས་འགྲོ་དོན་རྒྱ་ཆེན་པོར་མཛད། ཡར་ཆབ་གཙང་པོའི་ཆུ་བོ་ཕྱག་གཉིས་ཀྱིས་འཛིན་ཏེ་བར་སྣང་ཁམས་ནས་འདྲེན་པས་ཁྲི་སྲོང་ཡབ་ཡུམ་དང་རྒྱ་གར་གྲུབ་ཐོབ་རྣམས་ཀྱིས་བསྔགས་བརྗོད་བྱེད་ཡུལ་དུ་གྱུར། བུམ་པས་ཆུ་བཅུད་དུས། ཆུ་ཐམས་ཅད་བདུད་རྩིར་བསྒྱུར། བདུད་རྩི་དེ་གཞན་ལ་སྦྱིན་པས་འགྲོ་བ་སྡུག་བསྔལ་ལས་གྲོལ། མཁའ་ལ་བྱོན་ནས་སྤྲིན་གྱི་གོས་གྱོན། སྤྲིན་སྡུད་ནས་ཆར་པ་འབེབས་པ་སོགས་རྫུ་འཕྲུལ་དཔག་མེད་མངའ། གསང་སེམས་ཀྱི་བོན་རྣམས་སུམ་པའི་ཡུལ་དུ་སྤེལ། ལོ་བཅུ་གཉིས་ན་དངོས་གྲུབ་ཐོབ། འགྲོ་དོན་མང་དུ་མཛད་པས་ལུས་དེ་ཉིད་མཁའ་སྤྱོད་དུ་གཤེགས་སོ།།


45 གྲུབ་ཐོབ་ཁུ་བོན་མཐོང་གྲགས།

  གྲུབ་ཐོབ་ཁུ་བོན་མཐོང་གྲགས་ནི་བོད་ཡུལ་དུ་སྐུ་འཁྲུངས། སྐྱེས་གཟུགས་མི་ལེགས་པས་ཀུན་གྱིས་བརྙས་པ་དང༌། ཡུལ་དེ་ཡི་མི་མང་པོ་ཤི་བ་ལ་སྐྱོ་སྟེ་འཁོར་བ་ལ་བློ་ལྡོག་ནས་ཕྱོགས་མེད་སློང་མོ་བའི་ཚུལ་མཛད་ནས་ཞུང་ཞུང་གི་ཡུལ་དུ་སླེབས། ཡུལ་དེར་སྙ་ལི་ཤུ་སྟག་རིང་གིས་བོན་གྱི་འཁོར་ལོ་བསྐོར་བ་དང་འགྲོ་དྲུག་ཁ་ལོ་བསྒྱུར་བར་མཐོང༌། སྔར་གྱི་ལོ་རྒྱུས་རྣམས་ཞུས་ཚེ། བླ་མས། སྒྱུ་ལུས་གཟུགས་ཀྱི་ཕུང་པོ་འདི། ཤེས་ན་ལྷ་ཡི་གཞལ་ཡས་ཡིན། ཟག་མེད་བདེ་ཆེན་མངོན་སུམ་རྒྱས། ཞེས་གསུངས། དེས་བླ་མས་གསུང་བཞིན་བསམ་ཡས་ཧོས་པོ་རི་ལ་སྒྱུ་ལུས་གཟུགས་ཀྱི་ཕུང་པོ་འདི་ལྷ་ཡི་གཞལ་ཡས་ཁང་དུ་སྒོམ་པ་དང་ཡང་ན་ཟག་བཅས་ཀྱི་ཕུང་པོ་དེ་ཟག་མེད་འོད་ལུས་སུ་སྒོམ། སྒྱུ་ལུས་གཟུགས་ཀྱི་ཕུང་པོ་དེ་ཡི་དམ་དབལ་གསས་རྔམ་པ་སོགས་ཕུང་པོ་ལྔ་དེ་གསས་ཆེན་ཡབ་ཡུམ་ལྔར་བསྒོམ། ལྷ་དེ་དག་ཐམས་ཅད་ནི་འོད་ཀྱི་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན། གསལ་ལ་དངོས་པོ་མེད་པ་ཆུ་ཟླའི་དཀྱིལ་འཁོར་ལྟ་བུར་བསྒོམས་པས་གྲུབ་པ་ཐོབ་ནས་གྲུབ་ཐོབ་ཁུ་བོན་མཐོང་གྲགས་སུ་གྲགས། དེའི་ཞལ་ནས། སྒྱུ་ལུས་བཟང་ངན་བར་མཚམས་ན། ཐ་དད་ཡོད་པར་མ་མཐོང་སྟེ། བཟང་ངན་གཉིས་སུ་འཛིན་པ་ཐང་རེ་ཆད། འཁོར་བ་མྱང་འདས་གཉིས་ཀྱི་བར། ཐ་དད་ཡོད་པར་མ་མཐོང་སྟེ། འཁོར་འདས་གཉིས་འཛིན་ཡིད་རེ་ཆད། འཁོར་འདས་གཉིས་མེད་བདེ་བར་ཆེན། ཅེས་གསུངས། ཁྲི་སྲོང་སྐུ་རིང་ལ་བན་བོན་རྩལ་འགྲན་ཚེ་ཁུ་བོན་མཐོང་གྲགས་ཀྱིས་ཧོས་པོ་རི་ལ་མེ་ཡི་ཞགས་པ་འཕེན་པས་ཧོས་པོ་རིའི་རྩེ་ལ་རྩི་ཤིང་མི་སྐྱེས་པའི་གཏན་ཚིགས་ཡང་དེ་ནས་བྱུང༌། ནམ་མཁའ་ལ་འཕུར་བ་དང་མེའི་ཞགས་པས་ཡུལ་ཁམས་བསྲེགས་ཚུལ་སོགས་ནི་ཐུན་མོང་གི་གྲུབ་རྟགས་སོ། གཡུ་འབྲུག་ལ་ཞོན་ནས་བར་སྣང་གི་ཁམས་སུ་འཕྱོ་བ་དང༌། གློག་ཞགས་མེ་འབར་བ་ལུས་ལ་བཅིངས། ཐོག་སེར་ཆར་ལྟར་འབེབས་པ་དང༌། སྲིན་པོ་ངོ་དམར་དེ་ཐན་རྡོའི་འོག་ཏུ་མནན་པ་སོགས་ཀྱི་གཏམ་རྒྱུད་ངོ་མཚར་བ་མང་དུ་མཆིས། མེ་རི་གྱད་ཕུར་སོགས་བསྒྲུབ་པས་མེ་ལ་དབང་ཐོབ་པས་མེ་ཡི་བོན་པོ་གསང་བདག་མཐུ་ཆེན་ཁུ་བོན་མཐོང་གྲགས་ཞེས་གྲགས། འགྲོ་བ་རྣམས་ལ་གསང་སྔགས་བོན་གྱི་བསླབ་བྱ་མང་དུ་གསུངས་རྗེས་མེ་འོད་དང་བཅས་མཁའ་སྤྱོད་བདེ་བ་ཅན་གྱི་ཞིང་དུ་འོད་དང་བཅས་ཏེ་གཤེགས་སོ།།


46 གྲུབ་ཐོབ་མུ་ཆོ་འབར་བ།

  གྲུབ་ཐོབ་མུ་ཆོ་འབར་བ་ནི་ཞང་ཞུང་གི་ཡུལ་དུ་སྐུ་འཁྲུངས་ཤིང་རྒྱལ་སྲིད་འབྱོར་བ་ཕུན་སུམ་འཚོགས་པ་ལ་ལོངས་སྤྱོད་པའི་ཚེ། ཡུལ་དེ་ཡི་མི་རྣམས་ཞང་ཞུང་གྲུབ་ཐོབ་ག་ལ་བའི་མདུན་དུ་བོན་ཉན་པར་ཕྱིན་པས་ཁོ་ཡང་རྗེས་སུ་ཕྱིན་ཚེ། ལི་བོན་མུ་ཕྱས་བཀའ་འཁོར་བསྐོར་བ་མཐོང༌། ལི་བོན་མུ་ཕྱས། འཁོར་བའི་ཕུན་འཚོགས་ལོངས་སྤྱོད་ལ། ཡིད་སྨོན་འདི་ནི་ངན་སོང་རྒྱུ། ཆགས་ཞེན་མེད་ན་སངས་རྒྱས་སོ། སེམས་ལ་སྐྱེ་ཤི་མེད་ཀྱང༌། ལུས་སྒྱུ་མ་ལ་བླང་དོར་དགོས། སྐྱེ་ཤི་ལ་གཏིང་ནས་འཇིགས་དགོས། སྣང་བ་ཡེ་ཤེས་ཀྱི་རྒྱན་ཡིན་ཏེ། དེར་མ་སླེབ་བར་དུ། ཆགས་ཞེན་གྱི་བློ་སྐྱུང་དགོས། ཞེས་སོགས་བཀའ་བོན་འཆད་པ་དེ་ཐོས་པས། སྔོན་མའི་ལས་འབྲས་བཟང་པོ་དང་བླ་མའི་གདམ་ངག་ཟབ་མོ། རང་གི་བརྩོན་འགྲུས་རྟ་མཆོག་ལ་བསྟེན་ནས་ཞང་ཞུང་ཁ་རག་ཡུལ་གྱི་གནས་མཆོག་དེར་རིམ་གཉིས་ཟུང་འཇུག་གི་སྒོ་ནས་ཉམས་ལེན་ལོ་དྲུག་མཛད་རྗེས་གྲུབ་པའི་རྟགས་ནི། བདུད་དང་སྲིན་པོ་ཐམས་ཅད་དངོས་སུ་བསྒྲལ་ཅིང་ཐུན་རྡོས་གནམ་བདུད་ས་སྲིན་ཐམས་ཅད་གདུལ། ཏིང་ངེ་འཛིན་མེ་ཡི་ཞགས་པས་དྲི་ཟ་ཐམས་ཅད་དབང་དུ་སྡུད། སྦྱིན་བསྲེགས་ཀྱི་ཆོ་ག་མཛད་ཚེ་མེ་དཔུང་ཐམས་ཅད་མཁའ་ལ་སྤོར་ནས་བར་སྣང་གི་དབྱིངས་སུ་སྦྱིན་བསྲེགས་མཛད། གསང་རྒྱུད་གྲུབ་པ་ཐོབ་པས་སྙ་ལི་ཤུ་དང་མཁས་པ་མི་བཞིའི་ཐུགས་དགོངས་ཇི་ལྟར་གྱུར་བའི་གསང་སྔགས་བརྒྱུད་འཛིན་ཆེན་པོར་གྱུར། ཟག་པ་མེད་པའི་བདེ་བ་ལ་ལོངས་སྤྱོད་པའི་གྲུབ་ཐོབ་འདི་དང་མཉམ་པ་འགའ་ཡང་མེད་དོ་ཞེས་མཚན་སྙན་བཅས་འཁོར་མང་པོ་དང་བཅས་མཁའ་སྤྱོད་དུ་གཤེགས་སོ།།


47 གྲུབ་ཐོབ་བ་གོ་དོད་དེ་རྒྱལ་བ།

  གྲུབ་ཐོབ་བ་གོ་དོད་དེ་རྒྱལ་བ་ནི་བ་གོའི་གདུང་ལས་སྐུ་འཁྲུངས་ཤིང་ཡབ་ཀྱི་རྗེས་སུ་འབྲང༌། གསང་སྔགས་ཀྱི་བོན་དང་རྒྱུའི་བོན་ལ་གསན་བསམ་དྲག་པོར་མཛད་པས་མཁས་པའི་སྙན་གྲགས་ཕྱོགས་ཀུན་ཁྱབ། ཡིན་ནའང༌། གནས་ལུགས་ཀྱི་རྟོགས་པ་རྒྱུད་ལ་མ་སྐྱེས་པས་ང་རྒྱལ་ཧ་ཅང་ཆེ་བ་དང༌། གཞན་ཡོན་ཏན་ཅན་ལ་ཕྲག་དོག་སྐྱེས། ནམ་ཞིག་ཡུལ་ཕྱོགས་དེ་ལ་ཞང་བོད་གྱི་གྲུབ་ཐོབ་མང་པོ་འགྲོ་དོན་ལ་ཕེབས་པ་ལས་སྙ་ལི་ཤུ་སྟག་རིང་དང་ཞལ་མཇལ། བླ་མས་ལི་ཤུ་སྟག་རིང་ལ་ཚོད་བགམ་དུ་ཕྱིན་པ་ལ་བླ་མ་ལི་ཤུ་སྟག་རིང་གིས་སྨོན་ལམ་ཞིག་གསུང༌། འཇིག་རྟེན་གྱི་སྣང་བ་ལ་མི་ཆགས་པ། ཆགས་མེད་ཀྱི་རང་གྲོལ་སྤྱོད་པར་ཤོག། ཐ་སྙད་ཀྱི་ཚིག་ཕྱིར་མི་འབྲང་བ། དོན་ཟབ་ཀྱི་རོལ་མཚོ་རྙེད་པར་ཤོག། སྟོང་གསལ་དུ་སྣང་བ་ལྷན་ཅིག་གིས། སྣང་སྟོང་དུ་རང་ངོ་འཕྲད་པར་ཤོག ཅེས་གསུངས་བ་ལས་ལན་ཅི་ཡང་མ་གསུང༌། བ་གོར་དོད་དེ་རྒྱལ་བས་སྨོན་ཚིག་དེ་དག་གི་དོན་གོ་རྗེས་བླ་མ་འདི་ནི་ངེས་པ་དོན་གྱི་རྫོགས་ཆེན་རྣལ་འབྱོར་བ་ཞིག་རེད་སྙམ་ནས་བླ་མར་གཞེར། ལི་ཤུ་སྟག་རིང་གིས་སྐྱེས་བུ་འདི་ནི་སྐལ་ལྡན་གྱི་སྐྱེས་བུ་ཡིན་པར་མཁྱེན་ནས་གསང་སྔགས་ཀྱི་བོན་ཕལ་ཆེ་ཁོ་ལ་བརྒྱུད། དེ་ནས་བ་གོ་དོད་དེས་གཙང་པོའི་ཆུ་འགྲམ་དུ་འཇིག་རྟེན་གྱི་སྣང་བ་བཟང་ངན་ཐམས་ཅད་ལ་ཆགས་པར་མེད་པ་སྦྲུལ་མདུད་མཁའ་ལ་རང་བཤིག་ལྟ་བུ། ཉོན་མོངས་རང་གྲོལ་ལ་ཉམས་ལེན་མཛད། རྒྱལ་བའི་གཞུང་ལུང་ཐམས་ཅད་ཐ་སྙད་ཀྱི་ཚིག་ལ་བརྟེན་ནས་གཏན་ལ་ཕབས་རྗེས་ཚིག་སྙན་སྙན་ལེགས་ལེགས་ཀྱི་རྗེས་སུ་མི་འབྲངས། ཡང་དག་གནས་ལུགས་ཀྱི་དོན་ཟབ་མོ་རང་རྒྱུད་ལ་སྦྱར་ཞིང་ཉམས་དང་རྟོགས་པ་རྒྱུད་ལ་སྐྱེས་ཕྱིར་ཉམས་ལེན་མཛད། བོན་ཐམས་ཅད་ཀྱི་ངོ་བོ་ནི་སྟོང་བ་དང༌། རང་བཞིན་ནི་གསལ་བ། སྣང་བ་གང་ཡིན་སྟོང་བ། སྟོང་བ་དེ་ཉིད་སྣང་བ་དང་མི་འབྲལ། སྣང་སྟོང་དབྱེར་མི་ཕྱེད་ལྷན་ཅིག་ཏུ་གནས་པ་ངོ་སྤྲད་པའི་ཐབས་ལ་ཉམས་ལེན་མཛད་པས་འོད་གསལ་དུ་སེམས་རིག་མ་བུ་མཇལ་བ་སོགས་རྟོགས་པ་རྒྱུད་ལ་སྐྱེས་ནས་གྲུབ་པ་ཐོབ་པའི་སྐྱེས་བུ་ཆེན་པོར་གྱུར། མཛུབ་མོས་ཡར་ཆབ་གཙང་པོ་གྱེན་དུ་འཁྲིད། ཆུ་བོའི་ཉ་དང་སྲམ་ལ་རྩེ་ཞིང་རོལ། ཆུ་སྟེང་དར་དཀར་གུར་གྱི་ནང་དུ་བཞུགས། གསང་ཡིག་འབྲི་ཞིང་བརྡ་ཡིས་ཡི་གེའི་དོན་སྟོན། ཀླུ་རྣམས་ཀྱིས་ཡིད་བཞིན་ནོར་བུ་ཕུལ། གསང་སྔགས་བོན་རྣམས་སྐལ་ལྡན་གྱི་སྐྱེས་བུ་རྣམས་ལ་སྤེལ་བཞིན་དགོངས་པ་བོན་ཉིད་ཀྱི་དབྱིངས་སུ་གཤེགས་སོ། འདི་ཡི་ལོ་རྒྱུས་རྒྱས་པ་གཞན་དུ་གསལ་ལོ།།


48 གྲུབ་ཐོབ་ལྗང་ཚ་འཕེན་སྣང༌།

  གྲུབ་ཐོབ་ལྗང་ཚ་འཕེན་སྣང་ནི་བ་གོ་དོད་དེ་རྒྱལ་དང་སྙ་ཆེན་ལི་ཤུ་སྟག་རིང་སོགས་ཀྱི་མདུན་དུ་གཅར་ནས་གསས་མཁར་གསང་བ་སྒོ་དགུའི་བོན་སྡེ་དང་བཀའ་རྒྱུད་དང་སྙན་བརྒྱུད། བོན་སྒོ་མང་དུ་གསན་རྗེས་རི་བོ་བྲག་དཀར་རྩ་ཡི་ཞོལ། རྒྱལ་བུའི་རྩ་ཡི་གནས་སུ་སྨྲ་བ་བཅད་ནས་ལོ་དགུའི་བར་དུ་ཡི་དམ་བསྙེན་བསྒྲུབ་བྱས་ནས་ཉམས་ལེན་མཛད། ཐུགས་དམ་དབྱིངས་སྟོང་པ་ཉིད་ཀྱི་ངང་དུ་སྐྱོང་བ་དང་རིག་གདང་ཀ་དག་ལྷུན་གྲུབ་ཟུང་འཇུག་གི་སྒོ་ནས་ཀུན་བཟང་ཞལ་མངོན་སུམ་མཇལ། ཡི་དམ་མཁའ་འགྱིང་དཀར་པོ་དང་སྨྲ་བའི་སེང་གེ་སོགས་ལ་བསྙེན་བསྒྲུབ་བྱེད་ཚེ་སྒྲུབ་བུམ་ཁ་ལ་མེ་ཏོག་འཁྲུངས། མེ་ཏོག་གི་ཁ་ལ་ཡི་དམ་ཞལ་མངོན་སུམ་མཇལ་ནས་མཆོག་གི་དངོས་གྲུབ་ཐོབ། ཐུགས་དཀར་ལས་འོད་ཟེར་སྤྲོས་ནས་བར་སྣང་ཁམས་ཐམས་ཅད་འཇའ་འོད་ཀྱིས་གང་བར་བྱེད། འཇའ་འོད་ཀྱི་སྣེ་ལ་ཀུན་བཟང་གི་སྐུ་རེ། ཀུན་བཟང་སྐུའི་ཐུགས་ཀ་ལས་འོད་ཟེར་འབུམ་ཕྲག་སྤྲོས། འོད་ཟེར་གྱི་སྣེ་ལ་ཀུན་བཟང་གི་སྐུར་སྤྲུལ་ནས་ཡི་དམ་གྱི་ལྷ་ལ་ཀུན་བཟང་མཆོད་སྤྲིན་འབུལ། གྲུབ་པའི་རྟགས་ལ་བྲག་ངོར་རྡོ་རྗེ་བསྣུན་པ་ལས་མེ་སྟག་ཚ་ཚ་འཐོར་ཞིང་ལྷ་སྲིན་སྡེ་བརྒྱད་ཟིལ་གྱིས་གནོན། མཆོག་གི་དངོས་གྲུབ་ནི་སྣང་སྟོང་གཉིས་སུ་མེད་པའི་དོན་ལ་མཉམ་པར་བཞག་བཞིན་ཕྱག་རྒྱ་ཆེན་པོའི་མཁའ་སྤྱོད་ཀྱི་ས་ལ་གཤེགས་སོ།།


49 གྲུབ་ཐོབ་རྨ་བོན་ཐུགས་དཀར།

  གྲུབ་ཐོབ་རྨ་བོན་ཐུགས་དཀར་ནི་སྟོད་ཕྱོགས་སུ་སྐུ་འཁྲུངས་ཤིང་སྙ་ལི་ཤུ་དང་ལྗང་ཚ་འཕེན་སྣང་སོགས་ཀྱི་རྗེས་སུ་འབྲངས་ནས་གསང་སྔགས་གསས་མཁར་སྒོ་དགུ་དང༌། གསང་མཆོག་རོལ་པའི་ལྷ་ཚོགས་ཀྱི་སྒྲུབ་སྐོར་དང༌། ཕུར་པ་དང་བྱམས་མ་སོགས་ཀྱི་བོན་ཐམས་ཅད་གསན། དེ་ནས་ཡར་ཆབ་ཆུ་བོ་གཡས་ཀྱི་འགྲམ་ལ་བསྙེན་བསྒྲུབ་བྱས་པས་ཉམས་རྟོགས་ཀྱི་ཡོན་ཏན་ཟླ་བ་ཡར་ངོ་བཞིན་དུ་འཕེལ་བས་ཡར་ཆབ་ཆུ་བོ་གཡས་འགྲམ་གྱི་ཕ་བོང་སྟེང་དུ་གཡུང་དྲུང་གི་ཞབས་རྗེས་བཞག་པ་དང༌། རྫུ་འཕྲུལ་རྩལ་གྱིས་ཆུ་ཡི་མེ་ཏོག་འཁྲུངས་བར་བྱེད། མེ་ཏོག་ཐམས་ཅད་ཡི་དམ་གྱི་ལྷ་ལ་མཆོད་པ་འབུལ། ཆུ་བོ་འགྲམ་གྱི་བྱེ་མ་ཐམས་ཅད་ལ་ཞལ་མཆིལ་བཏབས་པ་ཙམ་གྱིས་མེ་ཏོག་ཏུ་བསྒྱུར་ནས་དཀོན་མཆོག་གསུམ་ལ་མཆོད། ཛམ་བུ་ཆུ་གསེར་མེ་ཏོག་ཆར་དུ་འབེབས་པ་དང༌། རྡོ་ཕ་བོང་སྟེང་དུ་རྐང་རྗེན་བཞག་ནས་ཆུ་བོའི་སྟེང་དུ་མི་བྱིང་བར་སོགས་ཐུན་མོང་གི་གྲུབ་རྟགས་དང༌། མཆོག་གི་དངོས་གྲུབ་ནི། སེམས་ཀྱི་རྩ་བ་རྦད་ཀྱིས་བཅད་ནས་མ་ཡེངས་པ་སྒོམ་པས། སངས་རྒྱས་ཀྱི་དགོངས་པ་ཧྲིལ་གྱིས་རྫོགས་ནས་དེ་ལ་གནས། མ་བཅོས་མ་བསླད་སྟོད་པ་ཉིད་ཀྱི་ངང་དུ་ལྷད་ཀྱིས་བཞག་ནས་སྐྱེ་འཆི་གཉིས་སྤངས་ཀྱི་རྟོགས་པ་མཐར་ཕྱིན་པའི་ངང་ནས་འགྲོ་བ་སེམས་ཅན་ལ་བོན་སྒོ་འཆད་བཞིན་མཁའ་སྤྱོད་བདེ་བ་ཆེན་པོའི་ས་ལ་མངོན་པར་གཤེགས་སོ།།


50 གྲུབ་ཐོབ་སྣང་བཞེད་ལོད་པོ།

  སྣང་བཞེད་ལོད་པོ་ནི་ཡབ་མུ་རིབ་འབུམ་མེ་ཡི་སྲས་སུ་བལྟམས་ཤིང༌། སྤྲུལ་སྐུ་ཏ་པུ་ཧྲི་ཙ་ལས་སྙན་བརྒྱུད་ཀྱི་བོན་ཁ་ཚང་གསན། ཏ་པུ་ཧྲི་ཙས་ངོ་སྤྲད་ལྔ་ཡི་གདམ་པ་ཕོག་རྗེས་ཡུལ་ད་རོག་ལ་མཚོ་སྨན་སོགས་གསང་སྔགས་བསྒྲུབ་པའི་གྲོགས་སུ་བསྟེན་ནས་བོན་ལ་ཐུགས་དམ་མཛད། རྟོགས་པར་མངོན་དུ་གྱུར་ནས་འགྲོ་དོན་ཕྱོགས་མེད་མཛད། རེ་ཞིག་བདུད་སྤྲུལ་བོད་ཀྱི་རྒྱལ་པོས་ཞང་ཞུང་བོན་གྱི་རྒྱལ་པོ་བཀྲོངས་ཤིང་བོན་བསྣུབས་པ་ལ་ཐུགས་བརྣག་ནས་རྔུབ་བྱ་བ་ཛྭ་འཕངས་པས་བོད་ཀྱི་རྒྱལ་བློན་དབང་དུ་སྡུད། ཞང་ཞུང་གི་བོན་སྒོ་ཐམས་ཅད་མ་བསྣུབས་པ་དང༌། ཆོས་ཕྱོགས་སུ་མ་བསྒྱུར་བས་རང་སར་ལུས། ཞང་ཞུང་སྙན་རྒྱུད་ཀྱི་བོན་མ་གཏོགས་བོན་པོའི་བོན་སྒོ་མང་པོ་བན་དྷེ་མཁས་པ་དག་གིས་ཆོས་སུ་བསྒྱུར། བོད་ཡུལ་ལ་རྒྱ་གར་ན་མེད་པའི་གསང་སྔགས་རྙིང་མ་ཞེས་པ་དར་རོ། དེ་ལ་བོན་ཚ་ཡང་ཟེར། སྣང་བཞེད་ལོད་པོས་ཏ་པུ་ཧྲི་ཙས་གསུང་བའི་སྙན་རྒྱུད་བོན་ཐམས་ཅད་ཡི་གེ་རུ་ཕབས་ནས་བོད་ཡུལ་དུ་སྤེལ། སྐལ་ལྡན་གྱི་སློབ་མ་ཁྲི་ཕྲག་ལ་གསང་བོན་གནང་ནས་སྐུ་ལུས་ས་ལ་མ་བཞག་པ་འཇའ་ལུས་ཆེན་པོའི་ས་ལ་གཤེགས་སོ།།

གྲུབ་ཐོབ་རྫུ་འཕྲུལ་མ་དགུ།

51 གྲུབ་ཐོབ་ལི་ཤུ་ཟ་ཡི་སྟག་རིང༌།

  གྲུབ་ཐོབ་ལི་ཤུ་ཟ་ཡི་སྟག་རིང་ནི་རྟེན་མོ་ཡི་ལུས་ཡིན་ཡང༌། བླ་མ་སྙ་ལི་ཤུ་དང༌། སྟོང་རྒྱུང་མཐུ་ཆེན་སོགས་ཀྱི་མདུན་ནས་མ་རྒྱུད་ལྷ་འཁོར་སུམ་བརྒྱ་དྲུག་ཅུ་དང༌། གསས་མཁར་སྡོང་པོ་དགུ་འདུས། བྱམས་མ་འབུམ་ལྔ་དང༌། བྱམས་མའི་རྒྱུད་སྡེ་རྒྱ་མཚོའི་དབང་ལུང་མན་ངག་ཁྲིད་རྒྱུན་བཅས་ཐོབ་ནས་ལྷ་ས་ཤེལ་གྱི་བྲག་དཀར་རྩེ་རྫོང་གསང་བའི་ཕུག་འཇའ་སྤྲིན་འོད་ཟེར་འཐིབ་པའི་དབུས་སུ་བཅུད་ལེན་ཟས་བཅད་པ་དང་སྨྲ་བ་ཡང་བཅད་ནས་གསང་སྔགས་ཀྱི་བོན་རྣམས་སྒྲུབ་ཅིང་ཉམས་ལེན་མཛད། རྫོགས་ཆེན་གྱི་ལྟ་སྒོམ་སྤྱོད་འབྲས་ཀྱིས་རང་རྒྱུད་ཕྱུག་པས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་བདག་ཉིད་སྐྱོང༌། རྡོ་དཀར་སྟེང་དུ་ཞབས་རྗེས་པད་མོ་རྒྱས་པར་བཞག ལི་ཁྲིའི་བཅུད་གསོལ་ཞིང་རྫུ་འཕྲུལ་རྩལ་གྱིས་མཁའ་ལ་ཐོགས་མེད་འགྲོ་བ་དང༌། རིན་ཆེན་བྲག་ལ་ཟང་ཐལ་ལྗུར་གྱིས་བུད། སྐུ་ལུས་འཇའ་འོད་དཀྲིས་ཞིང་འཇའ་འོད་སྟེང་དུ་བཞུགས་ནས་བར་སྣང་གི་ཁམས་སུ་འཕུར་བ་སོགས་ཕལ་དང་ཕལ་གྱིས་གཞལ་མི་ནུས་པའི་གྲུབ་རྟགས་སྣ་ཚོགས་ཀྱིས་འགྲོ་དོན་མཛད་ནས་འཁོར་སྟོང་ཕྲག་དང་བཅས་པ་མཁའ་སྤྱོད་ཀྱི་ས་ལ་མངོན་པར་གཤེགས་སོ། འདི་ནི་བུ་མེད་ཀྱི་རྟེན་ལ་ཉམས་ལེན་བྱེད་ན་གྲུབ་པ་ཐོབ་པ་དང་སངས་རྒྱས་ཐོབ་རྒྱུ་ཡོད་པར་མཚོན་ནུས་སོ།།


52 མཁའ་འགྲོ་ཅོ་ཟ་བོན་མོ།

  མཁའ་འགྲོ་ཅོ་ཟ་བོན་མོའི་ལོ་རྒྱུས་ནི། ཡུལ་ཙང་པོ་དག་ཤོད་ན། ཕ་ཅོ་བུ་ལན་ཚ་དང༌། མ་བདའ་ལྕམ་མཁར་མོ་དེ་གཉིས་ལ་བཟང་བཟའ་རིང་བཙུན་གྱི་སྤྲུལ་པ་ཅིག་བྱོན་སྟེ། མ་ཡི་ལྷུམ་ནས་ཡོད་པའི་དུས། ཧ་ཕཊཿཀྱི་སྒྲ་སྒྲོག་པ། ཉི་མ་ཁོང་ནས་ཤར་བ། ཁྱིམ་གཞའ་འོད་ཀྱིས་ཁེངས་པ། སྐྱེས་པའི་དུས་གནོད་སྦྱིན་ཕག་གདོང་མ་དང༌། ཤ་ཟན་གྱི་མཁའ་འགྲོ་མང་པོས་བསྐོར་བ་བྱེད་པ། བྲིས་ཀློག་ཀུན་མ་བསླབ་པར་ཤེས། བདའ་ཕུག་པོ་ལ་གཉེན་བསྡེབ་པས། འཁོར་བའི་བོན་ལ་སྙིང་པོ་མེད་ཟེར་ནས་འགྲོར་མ་ཉན། བུ་མོ་དེ་གཞན་ལས་འཕགས་པའི་སྐྱེས་མཆེད་ལེགས་པ། ཁྱད་པར་གྱི་རྟགས་བཞི་ཡོད་དོ། ལུས་ལ་པདྨ་དང་མེ་ཏོག་གི་ཚོམ་བུ་ཡོད་པ། ཨ་ཀ་རུ་དང་ཙན་དན་གྱི་དྲི་བྲོ་བ། བྱ་ཁྱུང་ལ་ཞོན་ནས་སུམ་བཅུ་རྩ་གསུམ་གྱི་ལྷ་གནས་བསྐོར་བ། ཞང་ཞུང་རྒྱ་གར་རིགས་ལ་དབང་བསྐུར་ཚོགས་འདྲེན་ལ། ནང་ནུབ་ལྟོ་དུས་སུ་བྱིལ་ཆུང་ལྕོག་གས་དྲན་སྐུལ་གྱི་ཚུལ་དུ་སྐད་འདོན་པ། དེ་དུས་མི་རྟག་པའི་བློས་སྣང་བ་འཇིགས་སོ། བླ་བོན་དྲན་པ་ནམ་མཁའི་སྤྲུལ་སྐུར་གཟིགས། དད་པ་སྐྱེ་སྟེ་སྦྱིན་པའི་རྒྱས་བཀྲོལ། གཤེན་ལི་ཤུ་སྟག་རིང་གིས། ལུང་དྲུག་དང་སྒྲགས་པ་སྐོར་གསུམ་གནང༌། རིག་པ་རྩལ་གྱི་དཀྱིལ་འཁོར་དུ་དབང་བསྐུར། རྫུ་འཕྲུལ་གྱི་ཞབས་ཀྱི་ཧོས་པོ་རི་ལ་གོམ་པ་གསུམ་གྱིས་ཕྱིན། ཁམས་ཀྱི་ཟས་སྤངས་ཏེ་བཞུགས། ཏིང་ངེ་འཛིན་རྩལ་གྱིས་བླ་མ་སྤྱན་དྲང་ངོ༌། གྲུབ་རྟགས་བསམ་དུ་མེད་པ་སོགས། འདིར་མ་བྲིས། བླ་མའི་ཞལ་ནས། ཁྱོད་ནི་དུས་གསུམ་སངས་རྒྱས་ཡུམ། བོད་དུ་འགྲོ་བའི་དོན་ལ་བྱོན། མཁའ་སྤྱོད་གནས་སུ་གཤེགས་གྱུར་ཀྱང༌། ཁྱོད་ཀྱི་སྐུ་ལ་སྤྲུལ་པའི་མཁའ་འགྲོ་ནི། ཟ་ཧོར་རྒྱལ་པོའི་ཕོ་བྲང་ནས། གཡུང་དྲུང་དགེ་བ་བྱ་མ་དང༌། ཞང་ཞུང་གྲོང་ཁྱེར་བདེ་ལྡན་དུ། བདེ་སྤྱོད་བཟང་མོ་བྱ་བ་དང༌། ཁ་ཆེ་མན་ལ་བཅོ་བརྒྱད་ཡོད། གསུང་གི་སྤྲུལ་པ་ལ། དབུས་སུ་ལབ་སྒྲོན་མ་དང༌། ཉི་མ་སྒྲོན་མ་ཉ་ཉ་དང༌། ཀུན་དགའ་བཟང་མོ་བྱ་བ་དང་བཅུ་གསུམ་ཡོད། ཐུགས་ཀྱི་སྤྲུལ་པ་ལ་མདོ་སྨད་ཞིག་མོ་བྱ་བ་དང༌། ནེ་གུ་རྒྱན་ཞེས་བྱ་བ་དང། ཤ་ཟན་བྱ་བའི་བུ་མེད་ཡོད། སྦས་པའི་ཚུལ་ཅན་བདུན་འབྱུང་གསུང༌། ཁྱད་པར་དབུས་དང་བསམ་ཡས་སུ། ཁྱོད་གྱི་སྤྲུལ་པ་རེ་རེ་འབྱུང༌། ལོ་བརྒྱ་དང་དྲུག་ཅུ་ནས། ཏི་སེ་བོན་ཕུག་དུ་ཕུང་པོ་མ་བཞག་པར་མཁའ་སྤྱོད་དུ་གཤེགས་སོ། ཞེས་གསུངས་བ་བཞིན་དུ་འགྲོ་དོན་མཛད་རྗེས་མཁའ་སྤྱོད་དུ་གཤེགས་སོ། །མཁའ་འགྲོ་འདིའི་ལོ་རྒྱུས་རྒྱས་པ་གཞན་དུ་འཆད་འདོད་ཡོད། །


53 གྲུབ་ཐོབ་བྷེ་ཤོ་མགྲིན་དཀར་མ།

  གྲུབ་ཐོབ་བྷི་ཤོ་མགྲིན་དཀར་མ་ནི་ཆུང་དུས་ཁྱིམ་པའི་བྱ་བར་བརྩོན། རེ་ཞིག་ཁྱིམ་གྱིས་གནས་ལ་བརྫངས་ཚེ་གློ་བུར་དུ་འཁོར་བ་འདི་ལ་སྙིང་པོ་མེད་པར་ཤེས་ནས་མཁའ་འགྲོ་ཅོ་ཟ་བོན་མོ་དང་སྙ་ལི་ཤི་སྟག་རིང་སོགས་ཀྱི་རྗེས་སུ་འཇུག་ནས་གསང་སྔགས་ཀྱི་བོན་ཞུ། བླ་མས་བོན་སྒོ་ཕྱི་ནང་གསང་གསུམ་གྱི་དོན་རྒྱས་འབྲིང་བསྡུས་གསུམ་གྱི་ལུང་གནང༌། རྫོགས་པ་ཆེན་པོ་དབང་བཞི་བསྐུར། སྐུ་གསུམ་གྱི་ངོ་སྤྲོད། དེ་ནས་ཟབ་མོ་རིམ་གཉིས་ཀྱི་ལམ་ལ་བཞུགས་ནས་དུར་ཁྲོད་མི་སྲུན་གསང་བའི་གནས་ན་རུས་ཆེན་ཁྲ་ཁྲོལ་གདན་སྟེང་དུ་ཉམས་ལེན་མཛད། མཁའ་འགྲོ་གསང་གཅོད་ཀྱི་སྐོར་ལ་ཐུགས་དམ་མཛད་བཞིན་ཉམས་ཀྱི་མགུར་གླུ་མང་པོ་བླངས། བམ་ཆེན་ཙི་ཏའམ་མི་རོ་ཞལ་དུ་གསོལ་བ་ནི་གཙང་གཙོག་གི་རྟོག་པ་དང་བྲལ་བའི་རྟགས་སོ། བྷ་ག་ཉིད་ལས་ཁྲག་འཛག་པ་དེ་པདྨའི་ཁ་ལ་འཐོར་ཚེ་མཁའ་འགྲོ་ཐམས་ཅད་རང་དབང་མེད་པ་གནས་དེར་འགུགས་པ་དང༌། མཁའ་འགྲོ་ཚོགས་བདག་སྤྲུལ་བསྒྱུར་སྣ་ཚོགས་བསྟན་ནས་འགྲོ་དྲུག་བདེ་ཆེན་གྱི་ས་ལ་བཀོད་པ་མཛད་བཞིན་དགོངས་པ་བོན་ཉིད་ཀྱི་དབྱིངས་སུ་མངོན་པར་གཤེགས་སོ།།

54 གྲུབ་ཐོབ་གྲུ་འཛིན་མ།

  གྲུབ་ཐོབ་གྲུ་འཛིན་མ་ནི་ཆུང་དུས་ཡབ་དང་མཉམ་དུ་ཆུ་ནང་གྲུ་བཏང་བའི་གླ་བ་ཡིན་པར་གྲགས། ནམ་ཞིག་གྲུ་དེ་ཆུ་ཡི་གཏིང་དུ་ནུབ་ནས་མི་མང་པོ་ཤི། ཁོ་མོ་ཡང་དངངས་སྐྲག་ཆེན་པོ་བཅས་མི་རྟག་པ་རྒྱུད་ལ་སྐྱེས། དེ་ནས་བླ་མ་དམ་པ་མང་པོའི་མདུན་ནས་གདམ་ངག་ཡང་གསན། སྔར་གྱི་སྡུག་བསྔལ་ཡིད་ལ་དྲན་པ་ཙམ་གྱིས་སྐྱེ་ཤི་འཇིགས་པའི་དད་པ་ལྷང་ངེ་སྐྱེས། བླ་མའི་གསུང་བཞིན་ཉམས་ལེན་མཛད་པས་ཐུན་མོང་གི་གྲུབ་རྟགས་ནི། ལྕགས་རྡོ་མེ་འབར་ཕྱག་ཏུ་བསྣམས་ཏེ་རྒྱ་མཚོ་ནང་དུ་འཕེན་ནས་མཚོ་བདུད་དངོས་སུ་བསྒྲལ། བདུད་ཀྱི་ཐོད་པ་བླངས་ནས་ཀླད་ཁྲག་ཞལ་དུ་གསོལ། བྱ་རྒྱལ་ཁྱུང་དུ་སྤྲུལ་ནས་ཀླུ་བདུད་མཚོ་ཡི་གཏིང་དུ་གནས་པ་ཐམས་ཅད་ཡར་བླངས་ཏེ་རི་རབ་ཀྱི་རྩེ་ལ་འདྲེན་ཞིང་ཟས་སུ་ཟ། རཀྴ་སྲིན་པོ་མ་ལུས་བ་ཐམས་ཅད་གསང་བའི་སྒོ་ནས་འདུལ་བར་མཛད། མཁའ་ལ་འཇའ་དཀར་སྤྲིན་གྱི་ནང་དུ་གནས་ཤིང་ཉི་ཟླ་བསིལ་ཟེར་མེ་ཏོག་ལྡིང་ཁང་ན་བཞུགས་ཤིང་འགྲོ་བ་རྣམས་ལ་བོན་སྣ་ཚོགས་འཆད་པས་སྐལ་ལྡན་སློབ་མ་བརྒྱ་སྟོང་གི་རྒྱུད་སྨིན་པར་བྱེད་ནས་དགོངས་པ་མཁའ་སྤྱོད་ཀྱི་ས་ལ་གཤེགས་སོ།།


55 གྲུབ་ཐོབ་དམུ་ཏང་གཡུལ་འཛིན།

  གྲུབ་ཐོག་དམུ་ཏང་གཡུལ་འཛིན་ནི་མཁས་པ་མི་བཞི་སོགས་ཀྱི་ཞབས་རྡུལ་སྤྱི་བོར་བླངས་ནས་ཟབ་མོ་རྫོགས་པ་ཆེན་པོ་སེམས་སྨད་སྡེ་དགུ། ཚད་མ་སྨྲ་བའི་སེང་གེ། གཏན་ཚིགས་གབ་མདོ་སོགས་ལ་གསན་བསམ་མཛད་པས་རིག་པ་ཁོག་ནས་ཤར་བས་བོན་ཐམས་ཅད་མི་མཁྱེན་པར་མེད། མ་རྒྱུད་ཀྱི་བོན་རྣམས་གསན་ནས་ཉི་ཟླ་བསིལ་ཟེར་མེ་ཏོག་ལྡིང་ཁང་དུ་ཉམས་ལེན་མཛད་དེ་རང་གཞན་བརྗེས་བའི་སྨོན་འཇུག་གི་སེམས་རྒྱུད་ལ་སྐྱེས་ནས་འགྲོ་བ་སེམས་ཅན་གྱི་དོན་མཛད། གསང་སྤྱོད་རྣལ་འབྱོར་གྱིས་ཤེལ་དཀར་མེ་ལོང་འཛིན་ནས་རང་ཞལ་ལ་ལྟད་མོ་བལྟ། སྦྲུལ་དཀར་གྱི་ཞགས་པ་མཁའ་ལ་འཁྱུག་པ་འཕེན་པ་དང་བར་སྣང་ཁམས་སུ་འཕུར་བ་དང༌། པདྨ་དཀར་པོའི་སྟེང་དུ་དཀྱིལ་ཀྲུང་བཞུགས་པ་དང༌། གང་འདུལ་བྱ་དང་རི་དྭགས་སོགས་ཀྱི་སྐུར་སྤྲུལ་ནས་གསང་སྔགས་ཀྱི་བོན་འཆད། རང་འདྲའི་མཁའ་འགྲོ་དུ་མ་སྤྲུལ་ནས་བོན་བསྟན། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་དགྲ་བོ་ཐམས་ཅད་བསྒྲལ་ཞིང་ཞི་རྒྱས་དབང་དྲག་གི་ལས་ཐམས་ཅད་ཐོགས་མེད་དུ་འགྲུབ་པའི་ངང༌། དགོངས་པ་མཁའ་ཀློང་དབྱིངས་གསུམ་གཉིས་སུ་མེད་པའི་ཀློང་དུ་འཇའ་འོད་དང་བཅས་མཁའ་སྤྱོད་ཀྱི་ས་ལ་གཤེགས་སོ།།


56 གྲུབ་ཐོབ་ཁྲི་མང་རྒྱལ་མོ།

  གྲུབ་ཐོབ་ཁྲི་མང་རྒྱལ་མོ་ནི་འཛམ་གླིང་ལྷོ་ཕྱོགས་སུ་སྐུ་འཁྲུངས་ཤིང་རང་ཉིད་ཁང་བཟང་གི་ནང་ན་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་ཅིང་གནས་པའི་ཚེ། བར་སྣང་སྤྲིན་དཔུང་གི་དབུས་ན་ལྷའམ་སྲོག་ཆགས་ལྟ་བུ་མང་པོ་མཐོང༌། དེ་ལ་བལྟས་པས་ང་རང་ཡང་དེ་ལྟར་བར་སྣང་འཕུར་ནུས་ན་ཅི་མ་རུང་སྙམ་ནས། མེ་ཏོག་སྐྱེད་ཚལ་དུ་ཕྱིན་ནས་བདེ་བར་གཤེགས་པ་རྣམས་ལ་མེ་ཏོག་སྣ་ཚོགས་མཆོད་པར་འབུལ་བས། སྔོན་ལས་སམ་བདེར་གཤེགས་མཆོད་པའི་བྱིན་རླབས་ཀྱིས་མཁའ་འགྲོ་ཅོ་ཟ་བོན་མོ་དང་དམུ་ཏང་གཡུ་འཛིན་མ་སོགས། ཞལ་མཇལ་བ་དང་བོན་ཟབ་མོ་ཡེ་གཤེན་ཆེན་པོ་གཉིས་མེད་སྲས་རྒྱུད་ཀྱི་བོན་དང་ཕ་རྒྱུད་རིག་པ་ཁུ་བྱུག་སོགས་གསན་ནས་འཛམ་གླིང་ལྷོ་ཕྱོགས་མེ་ཏོག་སྣ་ཚོགས་རྒྱས་པའི་ཚབ་གསེབ་དུ་ཞི་གནས་དང་ལྷག་མཐོང་ཟུང་འབྲེལ་གྱི་སྒོ་ནས་ཉམས་ལེན་མཛད། སེམས་ཉིད་ཀྱི་ངོ་བོ་སྟོང་བ། རང་བཞིན་གསལ་བ། ཐུགས་རྗེ་འགག་པ་མེད་པ། ཡོན་ཏན་འགྱུར་བ་མེད་པ། ཕྲིན་ལས་ལྷུན་གྱིས་གྲུབ་པ་ལྔ་པོ་དེ་གཞི་ལ་རང་ཆས་སུ་གནས་ཡོད་པ་རྟོགས་ནས་ཀུན་ཏུ་བཟང་པོའི་ཞལ་མངོན་སུམ་མཐོང༌། དབེན་གནས་སུ་བསྙེན་བསྒྲུབ་བྱས་ཚེ་དཀའ་ཐུབ་ཟས་བཅད་ནས་ས་ལེ་ལྗོན་པའི་མེ་ཏོག་གི་འབྲས་བུ་གསོལ་ཞིང་སྨྲ་བ་བཅད་ནས་ཉམས་ལེན་མཛད་པས། ཐུན་མོང་གྲུབ་རྟགས་ནི་བྱ་ཤང་ཤང་ལ་སྤྲུལ་ནས་རྒྱ་མཚོ་ཆེན་པོའི་མཐར་བགྲོད་པ་དང༌། བྱ་རྒོད་ཐང་དཀར་སྤྲུལ་ནས་མཁའ་ལ་ལྡིང༌། དུར་ཁྲོད་དུ་ཕྱིན་ནས་རང་ལུས་ཆགས་མེད་ཀྱི་སྦྱིན་པ་བཏང་བ་དང༌། ཡང་བམ་ཆེན་འབར་བའི་མང་ས་ཟས་སུ་གསོལ། པད་དཀར་ཀྱི་ཕྲེང་བ་བགྲངས་ནས་སྐལ་ལྡན་སློབ་མ་སྟོང་ཕྲག་ལྔ་ཙམ་ལ་གསང་སྔགས་ཀྱི་བོན་རྣམས་བསྟན་ཞིང་ཐར་པའི་ལམ་ལ་བཀོད་པ་སྟེ་དོན་གཉིས་ལྷུན་གྱིས་གྲུབ་པའི་ངོ་བོ་མཁའ་སྤྱོད་བདེ་བ་ཆེན་པོའི་ས་ལ་མངོན་པར་གཤེགས་སོ།།


57 གྲུབ་ཐོབ་དོད་དེ་རྒྱ་ལྕམ།

  གྲུབ་ཐོབ་དོད་དེ་རྒྱ་ལྕམ་ནི་རྒྱ་གར་གི་ཡུལ་དུ་སྐུ་འཁྲུངས་ཤིང་ཧྭ་ཤང་གི་རྗེས་སུ་འབྲངས་ནས་ཆོས་ཞུས། ཉིན་ཞིག་ཧྭ་ཤང་བླ་མས་བུད་མེད་ཀྱི་རྟེན་ལ་སངས་རྒྱས་པ་མེད། སངས་རྒྱས་པ་ལ་རྟེན་ཕོ་ལུས་ཞིག་དགོས་གསུང་བས་དོད་དེ་རྒྱ་ལྕམ་ཡིད་ཆད་དགེ་བ་བསྐྱུར་ནས་འཁོར་བའི་ལས་ལ་གཡེང་ཚེ་ལེགས་བཏང་རྨང་པོ་དང་ཞལ་མཇལ། དེ་ནས་མཁས་པ་མི་བཞི་དང་རྒྱ་ནག་ལེགས་བཏང་རྨང་པོ་སོགས་ཀྱི་མདུན་ནས་གསས་མཁར་གསང་བ་སྒོ་དགུ་དང་མེ་རི། གེ་ཁོད། སྟག་ལ་སོགས་ཀྱི་རྒྱུད་སྡེ་མི་འདྲ་བ་དུ་མའི་དབང་ལུང་མན་ངག་ཁྲིད་བཅས་ཐོབ་ནས་རྒྱ་ནག་ཡུལ་གྱི་རི་བོ་མཆོག་གི་རྩེ་མང་མཚོ་ཡི་ཚལ་གསེབ་ན། བླ་མས་གསུང་བཞིན་རིག་པ་གནད་དུ་གཅུན། སྨྲ་བ་བཅད་ཅིང་རྒྱ་ཤིང་དཀར་པོའི་བཅུད་འཐུང་ནས་ལོ་ལྔ་ཙམ་ཉམས་ལེན་ལ་བརྩོན་པས་ཀ་དག་གཞི་དབྱིངས་སུ་འཁོར་འདས་ཀྱི་རྟོག་ཚོགས་ཐམས་ཅད་གྲོལ་བ་དང༌། སེམས་ལ་འཛིན་ཆགས་ཀྱི་བག་ཆགས་རང་གྲོལ་དུ་སོང༌། གྲོལ་བ་བཞི་ལ་བསྟེན་ནས་སངས་རྒྱས་སེམས་ཉིད་ལས་གཞན་མེད་པ་མཁྱེན་ནས་གྲུབ་པ་ཐོབ་པའི་རྟགས་དུ་མ་དང་ལྡན། བྱ་རྒོད་ཞོན་ནས་བྲག་སྟེང་ལ་གནས། ཆུ་སྲིན་བཅིབས་ནས་རྒྱ་མཚོ་གླིང་དུ་གཤེགས། ཆུ་རྟ་ཆུ་ལུག་སོགས་ལ་ནོར་བུ་ཁལ་དུ་འགེལ། ཡུལ་དེའི་བདུད་སྲིན་འདུལ་ཕྱིན་གསེར་གྱི་རྡོ་རྗེ་དེ་འཕངས་ཚེ་བྲག་གི་ནང་དུ་འཛེར། པད་དཀར་གྱི་ཕྲེང་བ་འཛིན་ནས་སྐལ་ལྡན་སློབ་མ་སྟོང་ཕྲག་ལ་བོན་སྡེ་གསུངས། རྒྱ་ནག་གི་མི་དྲེགས་པ་རྣམས་ལ་གཡུང་དྲུང་གི་བོན་འཆད་ཅིང་སྨིན་གྲོལ་གྱི་ས་ལ་བཀོད། ཕྱིས་སུ་གཡུང་དྲུང་བོན་སྡེ་མང་པོ་རྒྱ་ནག་གི་ཧྭ་ཤང་ཐམས་ཅད་ཨ་གསར་ཆེ་བས་རྒྱ་གར་གྱི་ཆོས་ལ་བློ་ཁ་ཕྱོགས་ནས་བོན་གྱི་གསང་སྔགས་སྐོར་རྒྱ་གར་ཆོས་སུ་ཁ་བསྒྱུར་འདུག དེང་སང་ཡང་རྒྱ་ནག་གི་ཆོས་མང་པོ་ཞིག་སུས་གསུང་བ་མི་ཤེས་འདུག ཐམས་ཅད་ཁ་གཡར་ས་ཤཱཀྱ་ཐུབ་པ་ལ་བྱེད་པ་ནི་སྣ་བཅད་ནས་ཁ་ལ་སྦྱར་པའི་དཔེར་སོང༌། གང་ལྟར་ཡང་བླ་མ་འདིས་རྒྱ་ནག་ཏུ་གསས་ཁང་མང་པོ་བཞེངས་པ་དང༌། རྟེན་གསུམ་ཡང་མང་དུ་བཞེངས་ཡོད། ལྷ་དེ་དག་གི་ཐུགས་ཀར་གཡུང་དྲུང་མི་འགྱུར་བའི་བརྡ་རྟགས་རེ་ཡོད་དོ། བླ་མ་འདི་ཡང་རྒྱ་ནག་ཏུ་བོན་འཆད་བཞིན་དགོངས་པ་མཁའ་སྤྱོད་ཀྱི་ས་ལ་མངོན་པར་གཤེགས་སོ། དོད་དེ་རྒྱ་ལྕམ་ནི་རྒྱ་ནག་བུད་མེད་ཀྱི་རྟེན་ལ་མངོན་པར་སངས་རྒྱས་ཡོད་པའི་མཚོན་བྱེད་ཡིན་ནོ།།


58 གྲུབ་ཐོབ་གར་དཔོན་མ།

  གྲུབ་ཐོབ་གར་དཔོན་མ་ནི་ཞང་ཞུང་ཁྱུང་ལུང་དངུལ་མཁར་སྐུ་ཁྲུངས་ཤིང་བྱད་གཟུགས་ལེགས་པ་དང་དུས་རྒྱུན་དུ་གར་འཆམ་ལ་ཐུགས་དགྱེས་པ་ཆེན་པོ་ཡོད། རང་ཉིད་ཁང་བཟང་དུ་འདོད་ཡོན་ལྔ་ལ་སྤྱོད་ཅིང་སྐྱེས་པ་དང་བུད་མེད་མང་པོ་ལྷན་ཅིག་ཏུ་གླུ་གར་ལ་རྩེད་ནས་སེམས་པ་གཡེང། ནམ་ཞིག་ཡུལ་དེ་ལ་གར་འཆམ་མཁས་པ་ཞིག་བྱུང་ནས་ལྷ་ཡི་གར་འཆམ་ཡང་མང་པོ་བྱེད་པ་མཐོང་བས་གར་འཆམ་དེ་དག་དེ་སྔར་མཐོང་མ་མྱོང་བས་ཡིད་ལ་སྦྱང་འདོད་ཧ་ཅང་ཆེ། དེ་ལས་བླ་ཆེན་པོ་དྲན་པ་ནམ་མཁའི་མདུན་དུ་གཅར་ནས་གར་འཆམ་སྐོར་གསན། དེས་གཞན་པའི་བོན་སྒོ་མང་པོ་ཞུས་རྗེས་ཁྱུང་ལུང་དངུལ་མཁར་ཡི་དམ་ཐམས་ཅད་ལ་བསྙེན་བསྒྲུབ་བྱེད་པའི་གྲུབ་རྟགས་ནི་དུང་དཀར་འབུད་ཅིང་གཤོག་པ་རྒྱས་ནས་བར་སྣང་ལ་འཕུར་བ་དང༌། གསེར་གྱི་མཆོད་རྟེན་བརྒྱ་རྩ་བརྒྱད་བར་སྣང་ལ་སྤྲུལ་ནས་བཞེངས་ཏེ་མར་མེ་འབུལ་བ། གཏུམ་དྲག་ཆ་ལུགས་གི་སྒོ་ནས་དགྲ་དང་བགེགས་ལ་གཏོར་མ་བརྫངས་བ། རྒྱུ་སྐར་གྱི་ཕྲེང་བ་གླད་ལ་སྐོར་བ་སོགས་ཐུན་མོང་དང་ཐུན་མིན་གྱི་གྲུབ་རྟགས་དུ་མར་མངའ། སྐལ་ལྡན་གྱི་སློབ་མ་ཁྲི་ཕྲག་ཙམ་ལ་བོན་འཆད་བཞིན་སྐུ་ལུས་ས་ལ་མ་བཞག་པ་ཡི་དམ་གྱི་ལྷ་དང་གཉིས་སུ་མེད་པར་གྱུར་ནས་མངོན་པར་སངས་རྒྱས་སོ།།


59 གྲུབ་ཐོབ་དཔའ་མོ་སྒྲོན།

  གྲུབ་ཐོབ་དཔའ་མོ་སྒྲོན་ནི་ཆུང་ནས་རིགས་སད་པའི་རྟགས་རྫོགས་ཏེ་གཞན་ལ་བྱམས་སྙིང་རྗེ་ཆེ་བ་དང༌། འཁོར་བ་ལ་སྐྱོ་ཤས་དང༌། ཐར་ལམ་ལ་ངེས་འབྱུང་ཆེ་བ། ཕས་ཀྱི་རྒོལ་བ་ལ་བཟོད་པ་དང་ལྡན་པ། དད་པ་མོས་འདུན་ཆེ་བ་ཞིག་ཡིན་པར་གྲགས། ནམ་ཞིག་མཁའ་འགྲོ་ཅོ་ཟ་བོན་མོ་དང་དྲན་པ་ནམ་མཁའ། ལི་ཤུ་སྟག་རིང་སོགས་ཀྱི་རྗེས་སུ་འབྲངས་ནས་གསང་སྔགས་ཀྱི་བོན་ཞུས། སྙན་བརྒྱུད་ཀྱི་རྩ་རླུང་སོགས་ལ་ཐུགས་དམ་མཛད་དེ། རླུང་སེམས་ལ་རང་དབང་ཐོབ་པས་རླུང་སེམས་གཉིས་མེད་དབུ་མའི་གཙུག་ན་ཐོན། སྣ་བུག་གཡས་གཡོན་རྩ་རོ་མ་དང་རྐྱང་མ་གཉིས་སུ་གསལ་བས་རྩ་གསུམ་ལ་སྐུ་གསུམ་བསྐྱེད་པ་སོགས་རང་དབང་ཐོབ་བཞིན་མངོན་གསུམ་རྟོགས་པར་གྱུར། ཐུགས་ཀ་ལས་འོད་ཟེར་བར་སྣང་ལ་སྤྲོས་པ་ཐམས་ཅད་ཐིག་ལེ་སྣ་ཚོགས་གྱུར། ཐིག་ལེ་རེ་རེར་ལྷ་སྐུ་རེ་རེ་སྟོན། མཁའ་ལ་གོམ་པའི་སྟབས་ཀྱིས་ཐོགས་མེད་བྱོན། རྩ་རླུང་ཐིག་ལེ་རང་གྲོལ་གསང་སྔགས་ཀྱི་བོན་རྣམས་སྐལ་ལྡན་གྱི་སློབ་མ་རྣམས་ལ་འཆད་བཞིན་སྐུ་ལུས་ས་ལ་མ་བཞག་པ་ཡི་དམ་གྱི་ལྷ་དང་གཉིས་མེད་དུ་གྱུར་ནས་མཁའ་སྤྱོད་ཀྱི་ས་ལ་མངོན་པར་གཤེགས་སོ།།

མཐའ་འདུལ་ཟིལ་གནོན་ཆེ་དགུ།

60 གྲུབ་ཐོབ་གཙང་གཤེན་སྙན་ངག

  གྲུབ་ཐོབ་གཙང་གཤེན་སྙན་ངག་དེ་དང་པོ་ཕྱི་རོལ་མུ་སྟེགས་ཀྱི་བསྟན་བཅོས་ལ་ཤིན་ཏུ་མཁས་པར་གྲགས། ནམ་ཞིག་མུ་སྟེགས་ཀྱི་ཆོས་ལ་སྙིང་པོ་མེད་པར་མཁྱེན་ནས་ནང་པ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་སྒོ་ལ་ཞུགས། མཁས་པ་མི་བཞི་སོགས་ལ་བསྟེན། ཁྱད་པར་དུ་ཤ་རི་དབུ་ཆེན་བླ་མར་བསྟེན་ནས་སྒྲ་དང་བརྡ་སྤྲོད། རྩིས་སོགས་རིག་གནས་ཀུན་ལ་གསན་སྦྱང་བྱེད། རིག་གནས་ཀུན་ལ་མཁས་པས་པཎ་ཊི་ཏ་ཞེས་མཚན་སྙན་འབར། སྙན་ངག་མེ་ལོང་མ་སོགས་མཛད། མཁས་པ་ལ་ལས་ཀྱི་བླ་མ་འདི་ནི་སློབ་དཔོན་དབྱུག་པ་ཅན་ཡིན་པར་ངོས་འཛིན་སྲོལ་ཡོད། གང་ལྟར་ཡང་བླ་མ་འདི་ནི་སྙན་ངག་རྒྱ་གཞུང་ལ་ཤིན་ཏུ་མཁས་པས་གཙང་གཤེན་སྙན་ངག་པ་ཞེས་མཚན་སྙན་འབར། བླ་མ་དེ་ཡང་བོད་ཡུལ་གཡས་རུ་གངས་ཀྱི་རི་ཁྲོད་དུ་རྣལ་འབྱོར་བའི་བརྟུལ་ཞུགས་སྤྱོད་པ་སྐྱོང། པི་ཝང་གི་སྒྲ་སྒྲོག་པ་དང་ཆབས་ཅིག་ཉམས་རྟོགས་ཀྱི་མགུར་དབྱངས་མང་པོ་ལེན། མགྲིན་པའི་རྩ་གྲོལ་ནས་སྐད་རིགས་དུ་མར་སྨྲ། སྙན་ངག་གི་ཚིག་སྡེབ་སྦྱོར་ལ་མཁས་པས་ཟློས་གར་དང་སྡེབ་སྦྱོར། སྙན་ངག་གི་གཞུང་མང་པོར་མཛད། རྐང་གླིང་འབུད་ཅིང་བཤུག་པའི་སྒྲས་མཁའ་འགྲོ་བསྐུལ་ཞིང་གསང་སྔགས་ཀྱི་བོན་རྣམས་སྐལ་ལྡན་གྱི་སློབ་མ་རྣམས་ལ་སྤེལ། གངས་ཅན་ཁྲོད་འདི་སྨྲ་བའི་དག་པོ་གཙང་གཤེན་སྙན་ངག་པ་ཞེས་ཀུན་གྱིས་བསྔགས་པ་འོས་པའི་སློབ་དཔོན་ཆེན་པོར་གྱུར། འདི་ཡི་ལོ་རྒྱུས་རྒྱས་པ་གཞན་དུ་གསལ་ལ། གཙང་གཤེན་མཛད་པའི་སྙན་ངག་དེ་ལ་བོན་གྱི་མཁས་པས་འགྲེལ་བཤད་སྣ་ཚོགས་ཡོད། གཙང་གཤེན་སྙན་ངག་ལ་ཚིག་བཅད་དང་ཚིག་ལྷུག ཚིག་སྤེལ་མ་རང་མོས་སྙན་ངག་ལྟ་བུ་མང་པོར་སྣང་ངོ༌། བླ་མ་འདི་ནི་གངས་ཅན་བོད་ཀྱི་སྙན་ངག་སྲོལ་འཛིན་ཆེན་པོ་ཡིན་ནོ། ཉམས་རྟོགས་ཀྱི་མགུར་གླུ་བླངས་བཞིན་མཁའ་སྤྱོད་ཀྱི་ས་ལ་མངོན་པར་གཤེགས་སོ། འདིའི་གསུང་ལ། དབྱངས་ཅན་ལྷ་མོ་ཞལ་གྱི་ལུང༌། ཕྱི་ནང་གསང་བའི་མེ་ལོང་གསུམ་ཞེས་སྙན་ངག་མེ་ལོང་མ་སོགས་མང་ངོ།།


61 གྲུབ་ཐོབ་ཡར་གཤེན་ལྡེམ་བུ།

  གྲུབ་ཐོབ་ཡར་གཤེན་ལྡེམ་བུ་ནི་ཞང་ཞུང་གི་ཡུལ་དུ་སྐུ་འཁྲུངས་ཤིང་འདོད་ཡོན་ལྔ་ལ་ལོངས་སྤྱོད་ཅིང་ཅི་དགའི་ལས་ལ་གཡེང༌། ནམ་ཞིག་རྒྱུད་ལ་གློ་བུར་དུ་ཆགས་སེམས་བྲལ་བའི་བློ་སྐྱེས་ནས་འདོད་ཡོན་ལོངས་སྤྱོད་ཐམས་ཅད་གཞན་ལ་སྦྱིན་ནས་བླ་མ་གོང་མ་རྣམས་ཀྱི་རྗེས་སུ་འབྲངས། བླ་ཆེན་དང་སྙ་ལི་ཤུ་སྟག་རིང༌། སྟོང་རྒྱུང་མཐུ་ཆེན་སོགས་ཀྱི་མདུན་ནས་གསང་སྔགས་ཀྱི་བོན་སྣ་ཚོགས་གསན་རྗེས་རྒྱལ་མཁར་ཆེན་པོ་རི་ཡི་ཁོང་གསེབ། རང་བྱུང་བྲག་ཕུག་དགུ་རིམ་ནང་དུ་རྩ་རླུང་ཐིག་ལེ་ལ་ཐུགས་དམ་མཛད། རང་སེམས་སངས་རྒྱས་ཡིན་པ་ལ། སེམས་དང་སངས་རྒྱས་གཉིས་མེད་ཀྱི་དོན་རྟོགས། སེམས་ལ་འཕོ་འགྱུར་བྲལ་བའི་དོན་ལ་མཉམ་དུ་བཞག བདུད་རྩི་ཟས་སུ་ཟ་ཞིང་ཅོང་ཞིའི་ཁུ་བ་འཐུང་བ་སོགས་ཟས་བཅད་དཀའ་ཐུབ་ལ་གནས། སྲི་དགུའི་སྟེང་དུ་མཚོན་ཆ་སྣ་ཚོགས་ཀྱི་ཟོར་དུ་འཕེན་པ་དང༌། འདྲེ་བདུད་མ་ལུས་བསྒྲལ་ནས་རྣམས་ཤེས་བོན་ཉིད་ཀྱི་དབྱིངས་སུ་སྤར་བ་མཛད། སློབ་མ་སྟོང་ཕྲག་ཙམ་ལ་གསང་བའི་རྒྱུད་སྡེ་བོན་གྱི་བཀའ་འཁོར་བསྐོར། ཕོ་བདུད་ཐམས་ཅད་སྒྲོལ་ཞིང་མོ་བདུད་ཐམས་ཅད་སྦྱོར་བ་མཛད་པ་སོགས་གང་ལ་གང་འདུལ་གྱི་སྤྱོད་པ་སྣ་ཚོགས་ལ་བསྟེན་ནས་འགྲོ་བ་སེམས་ཅན་ཐམས་ཅད་དག་པ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་བཀོད་བཞིན་དགོངས་པ་བོན་ཉིད་ཀྱི་དབྱིངས་སུ་གཤེགས་སོ།།


62 གྲུབ་ཐོབ་ཐང་གཤེན་ཆབ་དཀར།

  གྲུབ་ཐོབ་ཐང་གཤེན་ཆབ་དཀར་ལ་ཐང་གཤེན་ཕྱག་དཀར་ཡང་ཟེར། བོད་ཀྱི་ཡུལ་དུ་སྐུ་འཁྲུངས་ཤིང་རྒྱུ་ནོར་ཧ་ཅང་དབུལ། ཉིན་ཞིག་ཡུལ་དེ་ལ་ནད་ཡམས་དང་མུ་གེའི་བསྐལ་པ་ལྟ་བུ་བྱུང་བས་རང་ལ་འཚོ་བའི་ཟས་ཅུང་ཙམ་ལས་མེད་པ་དེ་ཡུལ་དེའི་དབུལ་པོ་སྲོག་ལ་ཉེན་ཁ་ཆེན་པོ་ཞིག་གིས་སློང་མོ་བྱེད་ཚེ་ཟས་ཐམས་ཅད་དེ་ལ་སྦྱིན། རང་ཉིད་ལ་ཟས་མེད་ཀྱང་དགའ་བ་སྒོམ་ནས་འདུག མེ་ཏོག་གི་བཅུད་ལ་རོལ་བར་མཛད། ནམ་ཞིག་བསྐལ་ངན་སོང་རྗེས་རྒྱུ་ནོར་ཕུན་སུམ་འཚོགས། བླ་མ་དེ་ཡང་མཁས་པ་མི་བཞི་དང་ཞང་བོད་ཀྱི་རིག་འཛིན་མང་པོ་བསྟེན་ནས་གསང་སྔགས་ཀྱི་བོན་ཞུས། དེ་ནས་བོད་ཡུལ་དབུས་ཀྱི་ལ་ཏི་གྱིམ་གོང་ན་རྣལ་འབྱོར་གྱི་བརྟུལ་ཤུགས་སྤྱོད་པ་སྐྱོང༌། སྔར་གྱི་དབུལ་བོས་འཚོ་བ་འདྲེན་པ་ལ་གདམ་ངག་མང་དུ་གསུངས་བས་དབུལ་པོ་དེ་ཡང་རྣལ་འབྱོར་ཆེན་པོ་འགྱུར་བར་གྲགས། གང་ལྟར་ཡང་བླ་མ་འདི་ཉིད་གསང་བའི་བོན་སྡེ་གཞན་ལ་འཆད་ཅིང་གསང་སེམས་དོན་ལ་གནས་བཞིན་དག་པའི་འཁོར་གྱི་རྒྱུད་གྲོལ་བ་དང་ཉམས་རྟོགས་སྤེལ་བཞིན་དགོངས་པ་བོན་ཉིད་ཀྱི་དབྱིངས་སུ་གཤེགས་སོ།།


63 གྲུབ་ཐོབ་ཁྱུང་ཡེར་དཀར་པོ།

  གྲུབ་ཐོབ་ཁྱུང་ཡེར་དཀར་པོ་ནི་ཞང་ཞུང་གི་མི་རྒྱུད་ཡིན་པ་དང༌། བླ་མ་ཆེན་པོ་ཐང་གཤེན་ཆབ་དཀར་སོགས་ལ་བསྟེན་ནས་བོན་གསང་སྔགས་རྒྱུད་སྡེ་བཞི་དང་རྫོགས་ཆེན་སྡེ་གསུམ་སོགས་ཁ་ཚང་གསན་ནས་ཞང་ཞུང་ཁྱུང་ཆེན་རི་ཡི་བྲག་ཆེན་སྤུངས་པའི་རི་ཕུག་ན་བསྙེན་བསྒྲུབ་ཉམས་ལེན་མཛད། ནམ་ཞིག་ལྟ་སྒོམ་བྱ་བ་ཡང་མེད། ལྟ་བ་ཕྱོགས་རིས་གང་གི་ཡང་སྨྲ་མི་གདའ། ལྟ་བ་ལྟ་རུ་མེད་པ་དང༌། སྒོམ་པ་བསྒོམ་དུ་མེད་པ། ལྟ་སྒོམ་གཉིས་མེད་ཀྱི་ལ་བྱ་བྲལ་རྗེས་མེད་དུ་གཅོད་པའི་དོན་རྟོགས་པས་སྐུ་གསུམ་ལྷུན་གྱིས་གྲུབ་པའི་རང་གི་རྒྱལ་སར་ཟིན། གྲུབ་རྟགས་ནི་དབལ་གྱི་ཁྱུང་ཆེན་སྤྲུལ་ནས་དུག་སྦྲུལ་བཟུང་ཞིང་མཁའ་ལ་ལྡིང་བ་དང༌། ཀླུ་བདུད་ནག་པོ་མཚོ་གཏིང་ནས་འདྲེན་པ། གསེར་ཛྭ་འཕེན་ནས་དགྲ་དང་བགེགས་ལ་གཟིར་བ། ཆུ་མེད་པའི་ས་ལ་གཏེར་ཆུ་རྩ་བརྒྱད་བཏོན། བྱེ་མ་ཐང་ལ་ཆུ་མིག་བཏོན། རཀྴའི་ཕྲེང་བ་བགྲང་བཞིན་གཞན་ལ་གསང་སྔགས་ཀྱི་བོན་བསྟན། སྐལ་ལྡན་གྱི་སེམས་ཅན་སྟོང་ཕྲག་དང་ལྷན་ཅིག་མཁའ་སྤྱོད་ཀྱི་ས་ལ་མངོན་པར་གཤེགས་སོ།།


64 གྲུབ་ཐོབ་གཤེན་མ་དྷ་བྷི་ཤ

  གྲུབ་ཐོབ་གཤེན་མ་དྷ་བྷི་ཤ་ནི་རྒྱ་གར་གྱི་ཡུལ་དུ་སྐུ་འཁྲུངས། ལྷ་བདག་སྔགས་གྲོལ་སོགས་གྲུབ་ཐོབ་མང་པོ་ལས་གདམ་ངག་མང་དུ་གསན་ནས་ཉམས་ལེན་མཛད་པས་གྲུབ་ཐོབ་ཆེན་པོར་གྱུར། དག་དང་མ་དག་པའི་བརྡུལ་ཤུགས་སྣ་ཚོགས་མཛད། ལན་རེ་རྔོན་པའི་ཚུལ་མཛད་ནས་རྔོན་པ་མང་པོ་ལ་བོན་འཆད་ནས་ཐར་ལམ་བཀོད། ལན་རེ་ཤན་པའི་ཚུལ་མཛད་ནས་ཤན་པ་ལ་བོན་འཆད་ནས་བདེ་བའི་ལམ་ལ་བཀྲི། ལན་རེ་ཉ་པའི་ཚུལ་མཛད་ནས་ཉ་པ་མང་པོའི་རྒྱུད་ལ་ཐར་པའི་ས་བོན་འདེབས། རྒྱ་གར་གྱི་ཕྱི་རོལ་མུ་སྟེགས་པ་དང་རྫུ་འཕྲུལ་གྱི་རྩལ་འགྲན་ཚེ་གསེར་གྱི་རྡོ་རྗེ་མེ་འབར་བ་འཕངས་པས་མུ་སྟེགས་ཀྱི་སྤྱི་བོར་བརླགས་པས་མུ་སྟེགས་གླད་པ་འགེམས། རྣམ་ཤེས་འོག་མིན་གྱི་ས་ལ་བཀོད། རྒྱ་གར་གྱི་ཡུལ་དུ་གསང་སྔགས་ཀྱི་བོན་སྒོ་སྣ་ཚོགས་སྤེལ་བར་མཛད། ཕྱི་རོལ་མུ་སྟེགས་པ་སོགས་ཕ་རོལ་རྒོལ་བའི་རིགས་ཐམས་ཅད་བྲན་དུ་བཀོལ་བ་དང༌། གསང་སྔགས་ཟབ་མོའི་བོན་གནང་བཀག་མཛད་པ་ལ་མཁས་པ། སྐལ་ལྡན་གྱི་སློབ་མ་རྣམས་ལ་སྔགས་སེམས་བོན་འཁོར་སྐོར་བཞིན་སྐུ་ལུས་ས་ལ་མ་བཞག་པ་བོན་ཉིད་ཀྱི་དབྱིངས་སུ་གཤེན་སོ། འདི་ཡི་ལོ་རྒྱུས་གཏམ་རྒྱུད་མང་པོ་བཀའ་ལུང་རྒྱ་མཚོ་སོགས་ལས་གསལ་ལོ།།


65 གྲུབ་ཐོབ་འདུ་བྱེད་སྙིང་པོ།

  གྲུབ་ཐོབ་འདུ་བྱེད་སྙིང་པོ་ནི་བལ་པོའི་མི་རྒྱུད་ཡིན་ལ། གཤེན་མ་དྷ་བྷི་ཤ་དང་ལྷ་བདག་སྔགས་གྲོལ་སོགས་ཞང་བོད་ཀྱི་གྲུབ་ཐོབ་བཅུ་ཕྲག་ཙམ་ལས་གསང་སྔགས་སྐོར་དང་སྙན་བརྒྱུད། བཀའ་རྒྱུད་སོགས་རྒྱུད་སྡེ་མང་པོར་གསན་ནས། བལ་ཡུལ་མཐིལ་གྱི་རི་བོ་ལ་ཉམས་ལེན་མཛད། ལན་རེ་མཚོ་གླིང་གསང་བའི་རྡོ་རྒྱུས་བྲག་ཕུག་ནང་དུ་བསྙེན་བསྒྲུབ་མཛད། འབྲས་དཀར་གྱི་ལོ་མ་གསོལ་ཞིང་བཅུད་ལ་རོལ་ནས་དཀའ་ཐུབ་ཟས་བཅད་བྱས་ནས་བོན་ལ་ཐུགས་དམ་མཛད། དྲག་པོ་ངན་སྔགས་ཀྱི་བོན་ལ་མཁས་པས་སྡང་བའི་དགྲ་བོ་དང་མུ་སྟེགས་ཐམས་ཅད་རྡུལ་དུ་བརླག ལོག་བྱེད་བདུད་དང་སྲིན་པོ་ཐམས་ཅད་དངོས་སུ་བསྒྲལ་བ་དང༌། སྒོམ་པའི་སྟོབས་ཀྱིས་གྲུབ་རྟགས་ཚད་དང་ལྡན་པའི་སྒོ་ནས་བོན་གསང་སྔགས་ཐམས་ཅད་གཞན་ལ་སྤེལ། བལ་པོའི་ཡུལ་དུ་གསང་སྔགས་ཀྱི་བོན་སྡེ་མང་པོར་སྤེལ། གནས་ལུགས་ཕུག་ཐག་གཅོད་པའི་གདམ་ངག་གིས་རང་རྒྱུད་གྲོལ་ཞིང་གཞན་རྒྱུད་འཁྲོལ་བའི་སྒོ་ནས་དགོངས་པ་བོན་ཉིད་ཀྱི་དབྱིངས་སུ་མངོན་པར་རྫོགས་སངས་རྒྱས་པའོ།།


66 གྲུབ་ཐོབ་ལྗང་བོན་ཡེ་མཁྱེན།

  གྲུབ་ཐོབ་ལྗང་བོན་ཡེ་མཁྱེན་ནི་ལྗང་གི་ཡུལ་དུ་སྐུ་འཁྲུངས་ཤིང་རྟག་པར་འཇིག་རྟེན་འཁོར་བའི་ལས་ལ་སྤྱོད་པ་ལ་ཡི་སྐྱོ་ནས་ཡོད་པ་ལ། དེའི་གམ་དུ་རྣལ་འབྱོར་བ་ཞིག་འོང་ནས་བསོད་སྙོམས་བསླངས་པས། དེས་ཀྱང་བསོད་སྙོམས་དྲངས་རྗེས་བླ་མ་དེས་གདམ་ངག་མང་པོ་གསུང༌། ལྗང་བོན་ཡེ་མཁྱེན་གྱིས་འཁོར་བ་ལ་སྙིང་པོ་མེད་པར་མཐོང་ནས་ཞང་བོད་ཀྱི་གྲུབ་ཐོབ་མང་པོར་བསྟེན་ནས་གསང་སྔགས་ཀྱི་བོན་ཞུ། ལྗང་ཡུལ་རི་གཡུ་གསང་བའི་གནས་མཆོག་མཚོ་མོ་གླིང་དགུའི་འགྲམ་དུ་རིག་པ་རྩ་བྲལ་ཟང་ཐལ་ལ་ཐུགས་དམ་མཛད། བྱ་བྲལ་རྗེས་མེད་ཀྱི་གདམས་ངག་རང་རྒྱུད་ལ་ལེན། སྣང་བ་རྫུན་ཕུགས་སུ་ཐག་ཆད་ནས་སྒྲོན་མ་དྲུག་གི་ཉམས་དང་རྟོགས་པ་འཆར། གྲུབ་པ་ཐོབ་པའི་རྟགས་དུ་མ་མངའ། གཡུ་ཡི་མནྚལ་ཚོམ་བུ་བཀོད་ནས་ཡི་དམ་ལྷ་ལ་ཕུལ། ཆང་འཐུང་ནས་མྱོས་པའི་ཚེ་ཉི་མའི་ཟེར་ཐག་གཏོད་ལ་གནོན། དྷུ་ཏིའི་རང་གྲོལ་གྱི་གདམས་པ་ཐམས་ཅད་སྐལ་ལྡན་གྱི་སློབ་མ་རྣམས་ལ་བསྟན་པས་སློབ་མ་རྒྱུད་གྲོལ་བ་སྟོང་ཕྲག་མང་པོར་བྱུང༌། སྣང་བ་རང་གྲོལ་གྱི་དགོངས་པ་དང་བཅས་དགོངས་པ་བོན་ཉིད་ཀྱི་དབྱིངས་སུ་ཐིམ་ནས་མཁའ་སྤྱོད་དུ་གཤེགས་སོ།།


67 གྲུབ་ཐོབ་ཧ་ཤང་རྒྱ་བོན།

  ཧྭ་ཤང་རྒྱ་བོན་ནི་རྒྱ་ནག་རི་བོ་རྩེ་ལྔའི་ཕྱོགས་སུ་སྐུ་འཁྲུངས་ཤིང་ཆུང་ནས་རྒྱ་ནག་གི་གདོད་མའི་ཆོས་ལ་དད་པ་ཡོད་པས་ལོ་དུ་མ་བསྒྲུབས། དེ་ནས་ཞང་བོད་ཀྱི་ཡུལ་དུ་གྲུབ་ཐོབ་མང་པོར་བཞུགས་པ་ཐོས་ནས་བོད་ཞང་གི་ཡུལ་དུ་ཕེབས། གྲུབ་ཐོབ་མང་པོའི་ཞབས་པད་སྤྱི་བོར་གཞེར་ནས་གསང་སྔགས་ཀྱི་བོན་སྒོ་སྣ་ཚོགས་གསན། ཁྱད་པར་སྙན་བརྒྱུད་སྐོར་དང་རྫོགས་ཆེན་སེམས་སྨད་སྡེ་དགུ། གབ་པ་དགུ་སྐོར་སོགས་རྒྱུད་སྡེ་དང་སྒྲུབ་གཞུང་མང་པོའི་དབང་ལུང་ཁྲིད་རྗེས་གནང་བཅས་ཐོབ་ནས་རྒྱ་ནག་ཏ་དྷུའི་ཤར་ཕྱོགས་སུ་བྱོན་ནས་ཞི་ལྷག་ཟུང་འབྲེལ་ལ་བསྟེན་ནས་དབུ་རྫོགས་ཕྱག་གསུམ་གྱི་ལྟ་བ་གཏན་ལ་ཕབ་པ་དང་སྒོམ་པའི་དོན་ལ་གནས་པས་ཉམས་རྟོགས་ཀྱི་ཡོན་ཏན་ཉིན་བཞིན་གོང་དུ་འཕེལ། མ་རུང་དམན་པའི་བདུད་སྲིན་ཚོགས་ཀྱི་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་ནས་རང་ཤུགས་ཀྱིས་འདུལ་བར་མཛད། ན་བཟའ་གོས་དྲུག་ལུས་ལ་མནབ་ཞིང་རྣམ་དག་ཤེལ་གྱི་སྤར་བུ་ཕྱག་དུ་བསྣམས་ནས་རྒྱ་ནག་གི་ཧ་ཤང་རྣམས་ལ་ཕྱི་སོ་སོར་ཐར་པའི་སྡོམ་པ་དང༌། ནང་གསང་བ་སྔགས་ཀྱི་དམ་ཚིག། གསང་བ་བྱང་ཆུབ་སེམས་ཀྱི་བསླབ་བྱ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གནང་བས་རྒྱ་ནག་གི་ཡུལ་དུུ་གྲུབ་པ་ཐོབ་པའི་སྐྱེས་བུ་བརྒྱ་ཕྲག་མང་པོར་བྱུང༌། བླ་མ་ཁོང་ཉིད་སྣང་བ་རང་སར་གྲོལ་ཞིང་ཡང་དག་གཉུག་མའི་དོན་མངོན་སུམ་དུ་གཟིགས་ནས་དགོངས་པ་བོན་ཉིད་ཀྱི་དབྱིངས་སུ་མངོན་པར་སངས་རྒྱས་སོ།།


68 གྲུབ་ཐོབ་མུ་ཟི་གསལ་བཟང༌།

  མུ་ཟི་གསལ་བཟང་ནི་བོད་ཀྱི་ཡུལ་དུ་སྐུ་འཁྲུངས་ཤིང་བླ་མ་ལྡེ་བཙུན་རབ་གསལ་ལས་བསྙེན་རྫོགས་ཀྱི་སྡོམ་པ་ཞུ། སྣང་བ་མདོག་ཅན་སོགས་ལས་གསང་སྔགས་ཀྱི་བོན་ཞུས། རྒྱལ་པོ་དིང་ཁྲི་བཙད་པོའི་སྐབས་སུ་བོད་ཡུལ་འདུལ་བའི་སྡེ་ནང་འཁྲུགས་བྱུང་ཚེ་མུ་ཟི་གསལ་བཟང་བསྟན་པའི་ས་བོན་ལ་དགོངས་ནས་མདོ་སྨད་རྨ་རི་དེལ་ལ་ཕེབས་ནས་འགོག་པ་ལ་ཞུགས། མི་ལོ་སྟོང་ཕྲག་ལ་འགོག་སྙོམས་ལ་གནས། ནམ་ཞིག་སོག་པོ་སྤྲེལ་སླག་ཅན་གྱི་འགོག་པ་ལས་སློང༌། དེ་ནས་ལས་ལྡན་རྣམས་ལ་བསྙེན་རྫོགས་ཀྱི་སྡོམ་པ་འབོག་ནས་རིམ་བཞིན་དུ་བོད་ཡུལ་ཕྱོགས་ཀུན་དར་བའི་ལོ་རྒྱུས་བསྟན་འབྱུང་ཀུན་ལས་གསལ་ལོ། མུ་ཟི་གསལ་བཟང་ནི་མི་གཡོ་བའི་ཏིང་ངེ་འཛིན་གྱི་ངང་ལས་རོལ་པ་སྐྱོང༌། མི་འགྱུར་ཚེ་ཡི་དབང་ཐོབ། སྒོམ་པའི་སྟོབས་ཀྱིས་འཁོར་བའི་མཚོ་ལས་བསྒྲལ་བར་མཛད། དྲང་སྲོང་དག་པའི་བོན་སྡེ་འདུལ་བའི་མཛོད་ལ་མངའ་དབང་བསྒྱུར་ཞིང་མདོ་ཁམས་སྨད་དུ་འདུལ་བསྟན་གྱི་མེ་རོ་བསླང་བའི་སྐྱེས་བུ་དམ་པ་འདི་ཉིད་ཚེ་དང་སྒྲུབ་པ་མཉམ་བསྐྱལ་གྱི་སྒོ་ནས་སེམས་ཅན་བརྒྱ་ཕྲག་མང་པོ་དང་ལྷན་ཅིག་མཁའ་སྤྱོད་དུ་གཤེགས་སོ།།

བཀའ་ཁྲིམས་བཀའ་འཛིན་ཆེ་དགུ།

69 གྲུབ་ཐོབ་ཁྲི་ལྡེ་འོད་པོ།

  གྲུབ་ཐོབ་ཁྲི་ལྡེ་འོད་པོ་མཆོག་གི་བོད་ཀྱི་ཡུལ་དུ་སྐུ་འཁྲུངས་ཤིང་ཆུང་དུས་ཡབ་ཀྱི་རྗེས་སུ་འབྲངས་ནས་འཁོར་བའི་ལས་ལ་གཡེང༌། ནམ་ཞིག་ཡུལ་དེ་ལ་དག་པ་དྲང་སྲོང་མང་པོ་བསོད་སྙོམས་ཕེབས་པ་ལ་བརྙེད་བཀུར་བྱེད་ཅིང་དམུ་ཙ་ཏྲ་ཧེ་ལས་དག་པ་དྲང་སྲོང་གི་སྡོམ་པ་བླངས། མཁས་པ་མི་བཞི་སོགས་གྲུབ་ཐོབ་མང་པོའི་ཞབས་ལ་གཏུགས། གསང་སྔགས་ཀྱི་བོན་དང་བཀའ་རྒྱུད། མདོ་འབུམ་རྒྱུད་མཛོད་སོགས་ཀྱི་ལུང་དང་གསང་སྔགས་ཀྱི་དབང་བཞི། རྫོགས་ཆེན་སེམས་ཁྲིད་སོགས་ལེགས་པར་གསན། རི་བོ་ཀ་དྷ་ཤེལ་གྱི་བྲག་ཕུག་ཏུ་སྨྲ་བཅད་དཀའ་ཐུབ་ཀྱི་ཟས་ལ་བསྟེན་ནས་མི་ལོ་དྲུག་ཙམ་ཉམས་ལེན་ཁོ་ན་ལ་ཐུགས་དམ་མཛད། འདུལ་བ་ལ་མོས་པ་རྣམས་ཟུང་བཞི་ཡ་བརྒྱད་ཕྱེས་ནས་འདུལ་བའི་ཁྲིམས་རྣམས་ཕོག གསང་སྔགས་མོས་པ་དག་ལ་རྒྱུད་སྡེ་བཞི་ཡི་དབང་ལུང་མན་ངག་བཅས་གནང༌། ཉན་ཐོས་འཁོར་ཚོགས་རྣམས་ལ་ཐེག་དམན་གྱི་བོན་སྡེ་འཆད་པ་སོགས་གང་ལ་གང་འདོད་ཀྱི་བོན་བསྟན་པས་སྐལ་ལྡན་གྱི་སློབ་མ་ཁྲི་ཕྲག་མང་པོ་འཕེལ། བླ་མ་ཁོང་ཉིད་ཆགས་ཞེན་རང་སར་གྲོལ་ཞིང་རྣམ་རྟོག་གི་འདུ་འཛི་སེམས་ཉིད་ཀྱི་ངང་དུ་གྲོལ། འགྲོ་དོན་མཐར་ཕྱིན་རྗེས་སྐལ་ལྡན་སྐྱེས་བུ་བརྒྱ་ཕྲག་དང་ལྡན་ཅིག་དགོངས་པ་བོན་ཉིད་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ནས་སངས་རྒྱས་སོ།།


70 གྲུབ་ཐོབ་ཐང་བ་ཡིད་རིང༌།

  གྲུབ་ཐོབ་ཐང་བ་ཡིད་རིང་ལ་དྭངས་བ་ཡིད་རིང་ཡང་ཟེར། གྲུབ་ཐོབ་ཁྲི་ལྡེ་འོད་པོའི་མདུན་ནས་གཙང་མ་གཙུག་ཕུད་ཀྱི་ཁྲིམས་རྣམས་ཡོངས་རྫོགས་ཞུས། བོད་ཞང་གྱི་གྲུབ་ཐོབ་དུ་མའི་མདུན་དུ་གཅར་ནས་གསང་སྔགས་ཀྱི་རྒྱུད་སྡེ་དང་སྒོ་བཞི་མཛོད་ལྔ། ཐེག་པ་རིམ་དགུ་ཕྱི་ནང་གསང་གསུམ་གྱི་བོན་སྡེ་ཐམས་ཅད་གསན། ཐོས་བསམ་སྒོམ་གསུམ་བྱས་པས་མཁས་པའི་སྙན་གྲགས་ས་སྟེང་ཁྱབ། རིན་ཆེན་མཚོ་གླིང་ཤེལ་གྱི་བྲག་ཕུག་ཏུ་རང་བྱུང་མཆོད་རྟེན་གྱི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་ལེགས་པ་ཞུས། འདུལ་བའི་རྒྱ་གཞུང་དང་མཐུན་པའི་ཕྱི་ཚུལ་དང་ནང་ཁྲིམས་ཟུང་འབྲེལ་གྱི་སྒོ་ནས་བསྒྱུར་ལམ་གསང་བ་སྔགས་ཀྱི་བོན་སྒོ་ལ་ཐུགས་དམ་མཛད། འཁོར་དུ་དགྲ་བཅོམ་དྲུག་བརྒྱ་གནས་པ་རྣམས་ལ་སྤྱོད་པ་འདུལ་བ་མདོ་དང༌། ལྟ་བ་རྫོགས་པ་ཆེན་པོ་དང༌། འབྲས་བུ་སྐུ་གསུམ་རང་ཆས་རྫོགས་པའི་ཐབས་སོགས་གང་འདུལ་གྱི་བོན་སྒོ་སྤེལ། མངོན་པ་སྡེ་བཞིའི་བཀའ་ལ་ཊཱིཀྐ་སྟེ་འགྲེལ་རིང་དྲི་མེད་གསལ་བའི་མེ་ལོང་མཛད། བདུད་བཞི་བཅོམ་པས་བོད་ཡུལ་གྱི་དགྲ་བཅོམ་པ་ཞེས་གྲགས། འགྲོ་དོན་མཐར་ཕྱིན་མཛད་རྗེས་དགོངས་པ་བོན་ཉིད་ཀྱི་དབྱིངས་སུ་ཐིམ་སྟེ་མངོན་པར་མཁའ་སྤྱོད་ཀྱི་ས་ལ་གཤེགས་སོ།།


71 གྲུབ་ཐོབ་གུང་རུམ་ཡེ་ཤེས།

  གྲུབ་ཐོབ་གུང་རུམ་ཡེ་ཤེས་ནི་དྲང་སྲོང་ཆེན་པོ་ཐུགས་དཀར་ཡེ་ཤེས་ལས་འདུལ་བའི་བོན་སྡེ་ཐམས་ཅད་དང་ཁྱད་པར་དུ་འདུལ་བའི་རྒྱུད་དྲུག་སོགས་གསན་རྗེས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། གྲུབ་ཐོབ་མང་པོའི་ཞབས་རྡུལ་སྤྱི་བོར་བླངས་ཏེ། གསང་སྔགས་ཀྱི་རྒྱུད་སྡེ་བཞི་དང། རྫོགས་ཆེན་གྱི་བོན་སྡེ་ཐམས་ཅད་གསན། མདོ་འབུམ་རྒྱུད་མཛོད་ལ་རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་བཙུན་བཟང་གསུམ་གྱི་སྒོ་ནས་བོན་ཐོས་པ་ཐམས་ཅད་ཀྱི་དོན་རྣམས་གདར་ཤ་བཅད། དོན་རྟོགས་པ་རྣམས་རང་རྒྱུད་ལ་སྦྱར། སྦྱར་བ་མ་ཟད་རང་རྒྱུད་འདུལ་ཞིང་གཞན་རྒྱུད་འཁྲོལ་བར་མཛད། དེ་ནས་སྐལ་ལྡན་གྱི་སློབ་མ་སྟོང་ཕྲག་དག་ལ་ཕྱི་འདུལ་བ་དང་ནང་གསང་སྔགས། གསང་བ་རྫོགས་ཆེན་གྱི་བོན་སྡེ་རྣམས་འཆད་ཅིང་སྤེལ། དག་པ་དྲང་སྲོང་གཙང་མ་གཙུག་ཕུད་ཐོབ་པ་དུ་མས་བསྐོར། ཡི་དམ་གྱི་ལྷ་ཞལ་ལན་མང་མཇལ་ཞིང་བར་སྣང་དབྱིངས་ལ་གཟིགས་ཚེ་མ་དང་མཁའ་འགྲོ་དངོས་གྲུབ་བསྩལ། སྤྲིན་གསེབ་ནས་རོལ་མོ་སྣ་ཚོགས་ཀྱི་སྒྲ་བསྒྱུར། རིན་ཆེན་མེ་ཏོག་ལྷ་རྫས་ཀྱི་ཆར་པ་འབེབས། རྫུ་འཕྲུལ་རྩལ་གྱིས་བར་སྣང་མཁའ་ལ་བྱོན། སླར་རང་ཡུལ་གཤེགས་ཤིང་བོན་གྱི་བསྟན་པ་འཛིན། འགྲོ་དོན་མཐར་ཕྱིན་རྗེས་དགོངས་པ་བོན་ཉིད་ཀྱི་དབྱིངས་སུ་ཐིམ་པར་མཛད།།


72 གྲུབ་ཐོབ་རྫུ་འཕྲུལ་ཡེ་ཤེས།

  གྲུབ་ཐོབ་རྫུ་འཕྲུལ་ཡེ་ཤེས་ཡང་དྲང་སྲོང་འོད་ལྷ་གསལ་འབར་གྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། སྤྱི་ལོ་སྔོན༡༡༩༦ལོ་སྟེ་ཤིང་བྱི་ལོ་ལ་སྟག་གཟིག་ཡུལ་དུ་བྱོན་ནས་རང་བྱུང་མཆོད་རྟེན་བཞི་ལས་སྟོན་པའི་གདུང་བསྲེལ་ཤ་རི་རམ་ལྔ་བརྒྱ་ཐམ་པ་དང་འདུལ་བྱེད་བོན་སྡེ་བཅུ། འདུལ་བ་རྒྱུད་དྲུག་དང་མངོན་པ་སྡེ་བཞི། མན་ངག་སྡེ་གསུམ་བཅས་བཀའ་དང་དགོངས་འགྲེལ་འདུལ་བ་མངོན་པར་མཛོད། ཚད་མའི་བོན་སྒོ་བརྒྱ་ཕྲག་བསྣམས་ནས་རྫུ་འཕྲུལ་རྩལ་གྱིས་ཞང་ཞུང་ལ་ཕེབས། སྤོས་རི་ངད་ལྡན་ཤར་ཕྱོགས་རྡོ་གཅལ་སྟེང་དུ་ཞབས་རྗེས་བཞག ཞང་ཞུང་ནས་བོད་ཡུལ་དུ་ཕེབས། ཞང་བོད་ཀྱི་ཡུལ་དུ་བསྟན་པ་རྒྱ་ཆེར་སྤེལ། ཞང་བོད་བར་དུ་འཕུར་འགྲོ་ལན་མང་བྱེད། གངས་རི་ཆུའི་བཅུད་གསོལ་ཞིང་དཀའ་ཐུབ་ཀྱི་ལས་ལ་བཞུགས། རྣམ་དག་གཙང་མའི་ཁྲིམས་རྣམས་འགྲོ་བ་གཞན་ལ་སྤེལ། རྫུ་འཕྲུལ་ཞབས་ལྡན་གྱི་སློབ་མ་བརྒྱ་ཕྲག་མང་པོ་བྱུང༌། ལྟ་བ་ཡས་ཕུབ། སྤྱོད་པ་མས་འཛེགས། གཞི་སྙིང་རྗེ་ཆེན་པོ་བསླངས། ཐབས་ཕ་རོལ་ཕྱིན་པ་བཅུ་ལ་སྤྱོད་བཞིན་སྐལ་ལྡན་གྱི་སྐྱེས་བུ་སྟོང་ཕྲག་དུ་མ་དང་ལྷན་ཅིག་མཁའ་སྤྱོད་ཀྱི་ས་ལ་མངོན་པར་གཤེགས་སོ།།


73 གྲུབ་ཐོབ་ཡེ་ཤེས་ཚུལ་ཁྲིམས།

  གྲུབ་ཐོབ་ཡེ་ཤེས་ཚུལ་ཁྲིམས་ཆུང་མིང་གེ་ཁོད་དཔལ་ཞེས་ཟེར། ཁྱེའུ་གེ་ཁོད་དཔལ་གྱི་ཉམས་སྣང་དུ་ན་བཟའ་གོས་དྲུག་གོན་པ་ཞིག་བྱུང་ནས་ཁོ་བོ་ནི་དྲང་སྲོང་རྫུ་འཕྲུལ་ཡེ་ཤེས་བྱ་བ་ཡིན་ཞེས་ཟེར། ནམ་ཞིག་རྫུ་འཕྲུལ་ཡེ་ཤེས་ཀྱི་མདུན་ནས་དྲང་སྲོང་ཆིག་རྫོགས་ཀྱི་སྡོམ་ཁྲིམས་ནོད། ཚུལ་མིང་ཡེ་ཤེས་ཚུལ་ཁྲིམས་བཏགས། སྤངས་ལམ་འདུལ་བ་མདོ་དང་བསྒྱུར་ལམ་གསང་བ་སྔགས། གྲོལ་ལམ་རྫོགས་པ་ཆེན་པོའི་བོན་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གནང༌། དེ་ནས་བདུད་རྩི་ཤུག་འབྲུ་བཅུད་གསོལ་ཞིང༌། དབེན་པའི་ནགས་ཚལ་དུ་ཏིང་ངེ་འཛིན་ལ་ཞུགས། འཁོར་འདས་གཉིས་སྣང་ནུབ་ཅིང་བདེན་མེད་སྒྱུ་མར་ལྟ་བུའི་ཉམས་སྣང་འཆར་བ་དང༌། རྟོགས་པ་རི་བོ་བཞིན་དུ་བརྟན། ཀ་དག་ཁྲེགས་ཆོད་དང་སྒོམ་པ་ཐོད་རྒལ་གྱི་ཉམས་ལེན་ལ་ཐུགས་དམ་མཛད། འཁོར་དུ་དྲང་སྲོང་དཀའ་ཐུབ་ཅན་སྟོང་དང་དྲུག་ཅུ་སོགས་ཀྱི་བསྐོར། དེ་དག་ལ་སྨིན་བྱེད་ཀྱི་དབང་བཞི་བསྐུར་ཞིང་གྲོལ་བར་བྱེད་པའི་གདམས་ངག་ཟབ་མོ་བསྟན། མི་ཚེ་ཉམས་ལེན་དང་མཉམ་དུ་སྐྱེལ་བས་ཕྱི་ནང་གཉིས་ཀྱི་སྒྲིབ་པ་དག་ཅིང་གཉུག་པའི་གནས་ལུགས་དོན་རྟོགས། རང་རིག་ཀུན་ཏུ་བཟང་པོའི་ཞལ་མཇལ་བས་གཟུགས་སྐུ་ལས་འོད་ཟེར་འབར། འོད་ཟེར་ཀྱི་སྣེ་ལ་སངས་རྒྱས་ཀྱི་སྐུ་རེ་བཞུགས། མི་ལོ་བརྒྱ་དང་བཅུ་གསུམ་བར་དུ་འགྲོ་དོན་མཛད་རྗེས་དགོངས་པ་བོན་ཉིད་བདེ་བ་ཆེན་པོའི་ས་ལ་གཤེགས་སོ།།


74 གྲུབ་ཐོབ་་གཡུང་དྲུང་ཚུལ་ཁྲིམས།

  གྲུབ་ཐོབ་གཡུང་དྲུང་ཚུལ་ཁྲིམས་ནི་ཞང་ཞུང་གི་ཡུལ་དུ་སྐུ་འཁྲུངས་ཤིང་མཁན་པོ་ཡེ་ཤེས་ཚུལ་ཁྲིམས་ཀྱི་མདུན་ནས་འདུལ་བ་མདོ་དང༌། མངོན་པ་མཛོད། དབུ་མ། ཚད་མ། ཕར་ཕྱིན་སོགས་བཤད་པའི་སྡེ་དང༌། གསང་སྔགས་རྒྱུད་སྡེ་བཞི་སོགས་སྒྲུབ་པའི་སྡེ་དང༌། རྫོགས་ཆེན་བསྒྲགས་པ་སྐོར་གསུམ་སོགས་ཉམས་ལེན་གྱི་སྡེ་རྣམས་རྒྱལ་བའི་བཀའ་བཞིན་དབང་ལུང་ཁྲིད་སོགས་ལེགས་པར་གསན་རྗེས་ཞང་ཞུང་སྤོས་རི་ངད་ལྡན་ཤར་ཕྱོགས་ཤེལ་གྱི་བྲག་དཀར་རྩེ་རྫོང་དུ་གསས་ཁང་བཞེངས་པར་མཛད། འདུ་གནས་ཆེན་པོ་རྒྱ་ཁྱོན་བརྡལ་བའི་གླིང་དུ་དག་པ་དྲང་སྲོང་གི་འཁོར་དུ་མ་དང་བཅས། བདེར་བར་གཤེགས་པ་ལ་ཕྱག་འཚལ་བ་དང་མཆོད་པ་འབུལ་བ་སོགས་ཀྱིས་སེམས་ཅན་དྭངས་བ་འདྲེན། ལས་ལྡན་སློབ་མ་རྣམས་ལ་རྣམ་དཀར་སྲུང་ཁྲིམས་བོན་རྣམས་འཆད་ཅིང་སྤེལ། རང་བས་གཞན་གཅེས་བྱང་ཆུབ་སེམས་དཔའི་བསླབ་པ་ལ་གནས་ཤིང་ཕ་རོལ་ཕྱིན་པ་བཅུ་ལ་སྤྱོད། རྒྱལ་སྲས་སྤྱོད་པ་ཟབ་མོ་ལམ་དུ་བསླངས། འཁོར་ཐམས་ཅད་བཀའ་ལུང་བསྟན་བཤད་ཀྱི་སྡེ་བཞི་བཙུགས་ནས་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད། དགུང་ལོ་བརྒྱ་དང་རྩ་བརྒྱད་བར་དུ་བསྟན་པ་བསྐྱངས་བཞིན་དགོངས་པ་བོན་ཉིད་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ནས་སངས་རྒྱས་སོ།།


75 གྲུབ་ཐོབ་གཙུག་ཕུད་རྒྱལ་བ།

  གྲུབ་ཐོབ་གཙུག་ཕུད་རྒྱལ་བ་དེ་ཡང་ཞང་ཞུང་གི་མི་རྒྱུད་ཡིན་ལ། དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་ཀྱི་མདུན་ནས་སངས་རྒྱས་ཀྱི་གསུང་མདོ་འབུམ་རྒྱུད་མཛོད་བོན་སྒོ་མཐའ་ཡས་གསན། མཁས་པ་མི་བཞི་སོགས་ཀྱི་མདུན་ནས་གསང་སྔགས་སྤྱི་སྤུངས་སྒོ་དགུ། གབ་པ་དགུ་སྐོར། ཕུར་པ་རྒྱུད་དགུ་འགྲེལ་བཅུ། སྟག་ལ་སྲོག་གི་སྤུ་གྲིའི་རྒྱུད་སོགས་བོན་སྒོ་མི་འདྲ་བ་དུ་མ་གསན། དྲང་སྲོང་ཚུལ་ཁྲིམས་ལས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། དེ་ནས་གངས་ཅན་ཧྲིལ་དཔལ་གྱི་རི་བོ་ལ། གཡུང་དྲུང་བརྩེགས་པའི་འདུ་གནས་ལ་གསས་ཁང་བཞེངས། འཁོར་སྡེ་བཞི་ཡ་བརྒྱད་ལ་སྟོན་པའི་གསུང་བཞིན་འདུལ་བའི་བོན་རྣམས་གསུངས། ཞང་ཞུང་གི་ཁྲི་སྡེ་ཕྱོགས་ཀུན་ལ་འདུ་གནས་ཀྱིས་ཁྱབ། ཁྲིམས་ལྡན་གཙང་མ་གཙུག་ཕུད་སློབ་མ་ཁྲི་ཕྲག་དུ་མར་འཕེལ། རེ་འགར་རི་ཁྲོད་དུ་སྒོམ་སྒྲུབ་བྱེད་ཅིང་ཏིང་འཛིན་སྐྱོང༌། སྒོམ་ཆེན་ཁྲིམས་འཛིན་བརྒྱ་སྟོང་དུ་མས་བསྐོར། རེ་འགར་དུར་ཁྲོད་སོགས་ལ་རྒྱུག་ཅིང་སྤྱོད་པ་ཆགས་མེད་མཛད། དགུང་ལོ་བརྒྱ་རྩ་བཞུགས་ནས་འདུལ་བའི་བསྟན་པ་སྤེལ་ཞིང་གསང་སྔགས་ཀྱི་བསྟན་པ་འཛིན། ནམ་མཁའི་འཇའ་ཚོན་དཀྱིལ་དུ་ཀུན་ཏུ་བཟང་པོའི་ཞལ་མངོན་སུམ་དུ་མཇལ། འགྲོ་དོན་མཐར་ཕྱིན་པའི་ངང་སྐུ་བདེ་བ་ཆེན་པོའི་ས་ལ་གཤེགས་སོ།།


76 གྲུབ་ཐོབ་ཡེ་ཤེས་རྒྱལ་བ།

  གྲུབ་ཐོབ་ཡེ་ཤེས་རྒྱལ་བ་ལ་ཡ་གོང་ཡེ་ཤེས་རྒྱལ་བ་ཡང་ཟེར། བོད་ཀྱི་ཡུལ་དུ་སྐུ་འཁྲུངས་ཤིང་ག་ཅུ་གཙུག་ཕུད་རྒྱལ་བའི་མདུན་ནས་འདུལ་བ་ཡོངས་རྫོགས་དང་འདུལ་བ་རྒྱུད་དྲུག་སོགས་སྤང་ལམ་འདུལ་བའི་སྐོར་དང༌། བྱ་རྒྱུད་སོགས་གསང་སྔགས་ཀྱི་རྒྱུད་སྡེ་བཞི་དང་སྙན་རྒྱུད་དང་རྫོགས་ཆེན་སོགས་བོན་སྒོ་མཐའ་ཡས་གསན། བླ་མ་དེ་ཡི་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་བླངས། དུས་རྒྱུན་དུ་སྟོན་པའི་གཙོ་འཁོར་ཐམས་ཅད་ལ་མཆོད་ཅིང་བསྟོད་པར་བྱེད། རྟག་ཏུ་མཆོད་རྟེན་གྷན་དྷ་ལ་སྐོར་བར་བྱེད། སོ་ཐར་ཁྲིམས་ལྡན་དུ་མ་ལ་བོན་སྒོ་ཚོགས་སྤེལ། འདུལ་བ་མདོ་ཡི་བོན་སྡེ་ཐམས་ཅད་འཆད་ཉན་གྱི་གཙོ་བོར་བྱེད། གྲོང་དང་གྲོང་ཁྱེར་གྱི་དབུས་སུ་ཁྲིམས་ལྡན་གྱི་སྡེ་བཙུགས། མཆོད་རྟེན་ཆེན་པོ་གན་དེ་བཞེངས། དེ་རྗེས་ཡེར་བའི་རི་ལ་དགོན་པར་བཏབ། ལྷ་སའི་གནས་ལ་བདུད་འདུལ་གཡུངདྲུང་ཁྲིམས་གནས་ལྷ་ཁང་བཞེངས། བདུད་སྲིན་པིར་གདོང་ནག་པོ་ཚར་ཐག་བཅད་ནས་རྣམ་ཤེས་བོན་ཉིད་དབྱིངས་སུ་སྤར། ཟང་ཟང་གནས་དགོན་ལྷ་རྩེའི་འདུ་གནས་སོགས་གནས་སྡེ་ཉི་ཤུ་རྩ་ལྔའི་གྲངས་སུ་བཙུག། དགུང་ལོ་བརྒྱ་ཡི་བར་དུ་འགྲོ་དོན་མཛད། མཁན་རབས་ཉེར་ལྔའི་བར་དུ་བསྟན་པ་དར། དེ་ལྟར་འགྲོ་དོན་མཐར་ཕྱིན་ནས་མཁའ་སྤྱོད་བདེ་བ་ཆེན་པོའི་ས་ལ་གཤེགས་སོ།།


77 གྲུབ་ཐོབ་དཔལ་གྱི་དབང་ཕྱུག

  གྲུབ་ཐོབ་དཔལ་གྱི་དབང་ཕྱུག་ལ་ཕམ་ཤི་དཔལ་གྱི་དབང་ཕྱུག་ཡང་ཟེར། དཔལ་གྱི་དབང་ཕྱུག་ཡང་རྫུ་འཕྲུལ་ཡེ་ཤེས་དང་ག་ཅུ་གཙུག་ཕུད་རྒྱལ་བ་ཟུང་གི་མདུན་ནས་སོར་ཐར་གྱི་སྡོམ་པ་དང༌། གསང་སྔགས་ཀྱི་དམ་ཚིག བྱང་སེམས་ཀྱི་བསླབ་བྱ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གནང་རྗེས་རྒྱ་གར་དང་བོད་གཉིས་ཀྱི་བར་མཚམས་མ་དྷ་བྷི་ཤའི་རི་བོ་ལ་བསྙེན་བསྒྲུབ་ལས་ལ་གཞོལ། ཕམ་ཤི་འདི་ཉིད་ཀྱིས་དུས་ཆེན་སྡེ་བཟུང༌། སྒོམ་པ་ནི་འགོག་པ་ལ་སྙོམས་པ་འཇུག སྤྱོད་པ་ཚུལ་ཁྲིམས་ལ་སྤྱོད། འབྲས་བུ་བསྐལ་ཆེན་གཅིག་རྫོགས་ཏེ་བསྟན་པ་རྫོགས་ནས་སངས་རྒྱ་བར་འདོད། ར་ཟ་གཡུང་རོལ་ལ་སོགས་དགོན་སྡེ་སུམ་ཅུ་རྩ་བརྒྱད་འཕེལ་ལོ། ཕྱག་ན་མཁར་གསིལ་བཟུང་ཞིང་བར་སྣང་ལ་འཕུར། དགུང་ལོ་བརྒྱ་ཕྲག་བར་དུ་འདུལ་བའི་བསྟན་པ་སྤེལ། མཁན་རབས་སུམ་ཅུ་བར་དུ་བསྟན་པ་གནས། དེ་ལྟར་འགྲོ་དོན་མཐར་ཕྱིན་རྗེས་དགོངས་པ་མཁའ་སྤྱོད་དུ་གཤེགས་སོ། ལོ་རྒྱུས་རྒྱས་པ་གཞན་དུ་གསལ་ལོ།།

བརྒྱུད་འཛིན་སེམས་དཔའ་རྣམ་གསུམ།

78 གྲུབ་ཐོབ་དྲན་པ་ནམ་མཁའ།

  ཁོད་སྤུངས་དྲན་པ་ནི་ཡབ་རྒྱུང་ཡར་མུ་ཁོད་དང་ཡུམ་ཕྱ་བཙུན་གུང་མ་གཉིས་ཀྱི་སྲས་སུ་མེ་ཕོ་རྟ་ཡི་ལོ་སྤྱི་ལོ་སྔོན་མི་ལོ་༩༡༤རྟ་ཟླའི་ཚེས་བཅུ་ལ་འཇའ་སྤྲིན་གྱི་མེ་ཏོག་བཞད་པ་སོགས་བཀྲ་ཤིས་པའི་རྟགས་མཚན་དང་བཅས་ཏེ་སྐུ་འཁྲུངས། འཁྲུངས་མ་ཐག་ཏུ་བདེ་བར་གཤེགས་པའི་འཛབ་བཟླས། ཆུང་ནས་ཡབ་ཀྱི་རྗེས་སུ་འབྲངས་ནས་བོན་ཞུ། འཁོར་ཐམས་ཅད་ལ་དཀར་ནག་དགེ་སྡིག་རྒྱུ་འབྲས་བོན་བཤད། རང་བཞིན་ཞི་དལ་རྒྱུད་བཟང་དགེ་བ་ལ་མོས་ཤིང་དབེན་གནས་ལ་སྒྲུབ་པར་མཛད། ཡབ་ཀྱིས་བཙུན་མོ་བཞེས་དགོས་གསུངས་ཚེ་མ་གནང༌། བདག་ནི་འཁོར་བ་ལ་སྐྱོ་འདུག སྒྱུ་མ་ཡི་རྒྱལ་སྲིད་ཐམས་ཅད་རྨི་ལམ་གྱི་ནོར་དང་འདྲ་བས་འདི་བདག་ལ་དགོས་པ་མེད་ཟེར་ནས་གཡུང་དྲུང་རིན་ཆེན་འབར་བའི་བྲག་ཕུག་ཏུ་འཕྲུལ་གྱི་མེ་ལོང་ཅན་གྱི་ཏིང་ངེ་འཛིན་ལ་ཞུགས། དགུང་ལོ་ལྔའི་སྟེང་ནས་སྔོན་གྱི་སྐྱེ་བ་ལྔ་བརྒྱ་དྲན་པ་དང་མཁྱེན་པའི་ཡེ་ཤེས་ནམ་མཁའ་ལྟར་རྒྱ་ཆེ་བས་དྲན་པ་ནམ་མཁའ་ཞེས་མཚན་གསོལ། ལོ་ཙཱ་བ་མང་པོར་བསྟེན་ནས་སྐད་རིགས་བཅུ་གསུམ་ཕུལ་དུ་ཕྱིན་པར་མཛད། དེ་ནས་མཁས་པ་ཆེན་པོ་ད་མི་ཐད་ཀེ་སོགས་གྲོལ་ཐོབ་ཀྱི་བླ་མ་བརྒྱ་རྩ་བརྒྱད་བསྟེན་ནས་བོན་སྒོ་ཕྱི་ནང་གསང་གསུམ་མ་གསན་པ་དང་དབང་ལུང་མན་ངག་ཁྲིད་བཅས་མ་ཐོབ་པ་མེད། གཡུང་དྲུང་སྤུངས་པའི་རི་ལ་སྒྲུབ་པ་མཛད་ཚེ་ཀུན་ཏུ་བཟང་པོའི་ཞལ་མཇལ། མཆོག་ཐུན་གཉིས་ཀྱི་དངོས་གྲུབ་ཐོབ། སྟག་གཟིག་ལ་ལན་ལྔ་དང་རྒྱ་གར་ལ་ལན་བདུན་བྱོན། དེར་བཞིན་བྲུ་ཤ་ཨོ་རྒྱན་སོགས་ལ་བྱོན་ནས་གྲུབ་ཐོབ་མང་པོར་བསྟེན། དགུང་ལོ་བརྒྱ་ཡི་སྟེང་བོན་དར་ནུབ་བྱུང༌། དེའི་ཚེ་བོན་སྡེ་མང་པོ་གཏེར་ལ་སྦས། སླར་སྤུ་ལྡེ་གོང་རྒྱལ་གྱི་རིང་ལ་བསྟན་པ་སྤེལ་བར་མཛད། དགུང་ལོ་བརྒྱ་དང་ང་བདུན་སྟེང་དུ་སློབ་དཔོན་སྐུ་གཤེགས། དེའི་དུས་སུ་སྲིན་པོ་ཐམས་ཅད་དབང་དུ་བསྡུས། དགུང་ལོ་བརྒྱ་དང་གོ་བདུན་སྟེང་གཡུང་དྲུང་སྤུང་རི་ལ་ལྷ་སྲིན་སྡེ་བརྒྱད་དབང་དུ་བསྡུས། དགུང་ལོ་སུམ་བརྒྱ་བཞེས་པའི་དུས་ཡེ་ཤེས་མཁའ་འགྲོའི་ལུང་བསྟན་བཞིན་རྒྱ་གར་དུ་ཕེབས་ནས་མཁའ་འགྲོ་འོད་ལྡན་འབར་མ་དེ་གསང་སྔགས་སྒྲུབ་པའི་གྲོགས་སུ་འགུག རྒྱ་གར་གྱི་མུ་སྟེགས་དཔུང་བཅོམ་ཞིང་བྲམ་ཟེ་ཐམས་ཅད་ལ་བཀའ་འཁོར་སྐོར། དེའི་དུས་རྒྱ་གར་ན་བོན་གྱི་བསྟན་པ་དར། སྤྲེལ་ལོ་ལ་སྲས་གཉིས་སྟེ་ཚེ་དབང་རིག་འཛིན་དང་པདྨ་འབྱུང་གནས་གཉིས་འཁྲུངས། སྲས་གཉིས་ལ་གཡུང་དྲུང་བོན་གྱི་བཀའ་འཁོར་བསྐོར་ཞིང་གང་ལ་གང་འདུལ་གྱི་བཀའ་ཡིས་བསྐུལ་བར་མཛད། ནམ་མཁའ་འཕྲུལ་མཛོད། མན་ངག་གསེར་གདམ་སོགས་རྫོགས་ཆེན་སྡེ་གསུམ་གསལ་བྱེད་དུ་མར་མཛད། སྤྲུལ་བསྒྱུར་སྒྱུ་འཕྲུལ་གར་གྱི་འགྲོ་བ་འདུལ་བའི་ཚེ། སློབ་དཔོན་དགའ་རབ་དགྱེས་པའི་རྡོ་རྗེ་ཞེས་གྲགས། རྣམ་སྤྲུལ་མ་ངེས་འགྲོ་དྲུག་འདུལ་བ་མཛད་སྐབས། གྲུབ་ཐོབ་ཆེན་པོ་བྷི་མ་མི་ཏྲ་ཞེས་གྲགས། དེ་ལྟར་དྲན་པ་ནམ་མཁའ་སྐད་རིགས་བརྒྱ་དང་རྩ་དགུ་མཁྱེན། མུ་སྟེགས་ཀྱི་སྟོན་པ་ལྔ་བརྒྱ་ཕམ་པར་མཛད། འགྲོ་བ་འབུམ་ཕྲག་མང་པོ་ཐར་ལམ་བཀོད། ཡི་དམ་བརྒྱ་ཡི་ལྷ་ཞལ་མཇལ། བདེ་གཤེགས་སྟོང་གི་དགྱེས་ཞལ་མཐོང༌། གྲུབ་ཐོབ་ཡོངས་ཀྱི་ཐུགས་བཅུད་བླངས། སྡེ་བརྒྱད་དཔུང་ཚོགས་བཟློག། སྲིན་པོ་མུ་སྟེགས་དངོས་སུ་བཏུལ་བར་མཛད། ཕྱོགས་བཅུར་བསྟན་པ་སྤེལ། གནས་ཆེན་བརྒྱད་ལ་བསྒྲུབ་པ་མཛད་ཚེ་དྲན་པ་གནས་བརྒྱད་ཞེས་གྲགས། གསུངས་ལ་དྲང་དོན་ངེས་དོན། ནམ་མཁའ་འཕྲུལ་མཛོད་སོགས་གསང་སྔགས་དང་རྫོགས་ཆེན་སྐོར་པོ་ཏི་ལྔ་བཅུ་ལྷག་གསུངས། དེ་ལྟར་འགྲོ་དོན་མཐར་ཕྱིན་རྗེས་སྐུ་ལུས་ས་ལ་མ་བཞག་པ་འཇའ་ལུས་འཕོ་བ་ཆེན་པོའི་ས་ལ་མངོན་པར་གཤེགས་སོ། ལོ་རྒྱུས་རྒྱས་པ་དྲན་པའི་བཀའ་ཐང་པོ་ཏི་བརྒྱད་ཅན་དང་ཡང་ན་རང་གིས་བྲིས་པའི་དྲན་པའི་རྣམ་ཐར་ཆེན་པོ་ལ་གཟིགས་པར་ཞུ།།


79 གྲུབ་ཐོབ་ཚེ་དབངརིག་འཛིན།

  ཡབ་དྲན་པ་ནམ་མཁའ་དངཡུམ་འོད་ལྡན་འབར་མ་གཉིས་ཀྱི་སྲས་སུ་སྤྱི་ལོ་སྔོན་༨༨༨སྟེ་ཆུ་ཕོ་སྤྲེལ་ལོ་ལ་སྐུ་འཁྲུངས། ཆུང་ནས་ཡབ་ཀྱི་རྗེས་སུ་འབྲངས། བོན་སྒོ་སྣ་ཚོགས་གསན། མཚན་ཡང་རི་ཁྲོད་ཆེན་པོ་ནམ་མཁའ་སྒྲོན་གསལ་གྲགས། ཡབ་དྲན་པ་ནམ་མཁས་བོན་སྒོ་ཕྱི་ནང་གསང་གསུམ་སོགས་གང་ལ་གང་འདོད་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གནང༌། དེ་ནས་རྒྱ་ནག་གླང་ཆེན་འགྱིང་རི། གངས་རི་ཏི་སེ། སྤོས་རི་ངད་ལྡན་སོགས། གནས་ཆེན་བརྒྱད་དང་དུར་ཁྲོད་ཆེ་བརྒྱད་ལ་ཕེབས་ནས་ཡི་དམ་ཕྱི་ནང་གསང་གསུམ་ལ་བསྙེན་བསྒྲུབ་བྱས། བཀའ་སྡེ་སྣོད་གསུམ་ལ་སྒྲོ་འདོགས་བཅད། ཐུགས་རྗེ་ཀུན་སྒྲོལ་དེ་གསང་སྔགས་བསྒྲུབ་པའི་གྲོགས་སུ་འགུགས། དུར་ཁྲོད་གནས་བརྒྱད་ཀྱི་མཁའ་འགྲོ་ཐམས་ཅད་འཁོར་དུ་འདུས། བཀའ་རྒྱུད་གདམས་པ་མ་ལུས་རང་བརྡོལ་དུ་ཤར། སྤྱན་ལྔ་སྒྲིབ་པ་མེད་པ་ཤེས་རབ་ཡེ་ཤེས་མངོན་པར་གསལ། ལྷ་འདྲེ་མི་གསུམ་དབང་དུ་བསྡུད་ནས་བོན་འཆད། བདེ་བར་གཤེགས་པ་བརྒྱ་ཡི་ཞལ་མཇལ། གྲུབ་ཐོབ་ཐམས་ཅད་ཀྱི་ལེགས་བཤད་མ་ལུས་པ་ཐོས་ནས་རང་རྒྱུད་ལ་སྦྱར། གསང་བ་འདུས་པ་དང་གཉིས་མེད་དུ་གྱུར། བསྟན་པ་དར་ནུབ་སྐབས་ཕྱི་རབས་ཀྱི་དོན་དུ་ཟབ་གཏེར་མང་པོ་སྦས། མ་འོངས་དུས་ན་སྐལ་ལྡན་རྣམས་ཀྱིས་རྙེད་པར་ཤོག། གཡུང་དྲུང་བོན་བསྟན་ཕྱོགས་བཅུར་དར་བ་ཤོག་ཅེས་སྨོན་ལམ་བཏབས། འགྲོ་དོན་མཐར་ཕྱིན་མཛད་རྗེས་་རིག་སྟོང་གཉིས་སུ་མེད་པའི་ངང་དུ་འཇའ་ལུས་འཕོ་བ་ཆེན་པོའི་ས་ལ་མངོན་པར་གཤེགས་སོ། ཚེ་དབང་རིག་འཛིན་གྱི་གསུང་འབུམ་ལ་པོ་ཏི་ཉི་ཤུ་ལྷག་ཡོད། ལོ་རྒྱུས་རྒྱས་པ་ཚེ་དབང་བཀའ་ཐང་པོ་ཏི་བཞི་ཅན་ལ་གཟིགས་པར་ཞུ།།


80  གྲུབ་ཐོབ་གཡུང་དྲུང་མཐོང་གྲོལ།

  ཡབ་དྲན་པ་ནམ་མཁའ་དང་ཡུམ་འོད་ལྡན་འབར་མའི་སྲས་སུ་སྤྱི་ལོ་སྔོན༨༨༨ལོ་སྟེ་ཆུ་ཕོ་སྤྲེལ་ལོ་ལ་སྐུ་འཁྲུངས་པར་བཞེད། ཡབ་ཀྱི་མཚན་གཡུང་དྲུང་མཐོང་གྲོལ་གསོལ། ཡབ་དྲན་པ་ནམ་མཁའ་ལས་བོན་ཕྱི་ནང་གསང་གསུམ་གྱི་བོན་སྒོ་སྣ་ཚོགས་གསན། དེ་ནས་ཞང་ཞུང་དང་ཨོ་རྒྱན་སོགས་ལ་ཕེབས་ནས་འགྲོ་དོན་མཛད། ལོ་རྒྱུས་རྒྱས་པ་རང་གིས་མ་མཐོང་། དེ་ཙམ་གྱིས་ཆོག་པར་བྱེད་དོ། །གྲུབ་ཐོབ་བརྒྱད་ཅུ་ལ་བཞེད་སྟངས་མི་འདྲ་བ་འགའ་ཞིག་སྣང༌། འདི་ནི་མ་རྒྱུད་གཞིར་བཞག་པའི་སྟེང༌། དྲན་པའི་བཀའ་ཐང༌། དཔལ་ཚུལ་བསྟན་འབྱུང༌། གྲུབ་ཐོབ་རྣམས་ཀྱི་གྲུབ་རྟགས་རྣམ་བཤད་སོགས་ལ་བསྟེན་ནས་བཞག་པ་ཡིན་ནོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།