སྐྱབས་སྟོན་རིན་ཆེན་འོད་ཟེར།

[ཟླ་ཚེས། 2022-10-02 16:57:32][རྩོམ་པ་པོ། སྟོང་སྲས་ལྷ་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  འདི་ནས་ཡར་རྩིས་པའི་མི་ལོ་དྲུག་བརྒྱ་དྲུག་རེ་དགུ་སྟེ་སྤྱི་ལོ༡༣༥༣①ལོར་ཡུལ་མདོ་སྨད་སྨན་ལྗོངས་སྡེ་དགེའི་ཕྱོགས་ཀྱི་ཞེ་གཞོང་གི་སྐྱ་བོའི་བླ་བྲང་ཞེས་པའི་དུད་ཁྱིམ་ཞིག་ཏུ་གནམ་གྱིས་ས་ཁེབས་པ་ལྟ་བུའི་མཁས་ཆེན་རྒྱལ་བ་གཉིས་པ་བདག་གིར་བཞེས་པའི་སྐྱེས་བུ་དམ་པ་ཞིག་མི་ཡུལ་ལ་བསྟན་འགྲོའི་དོན་ཆེན་ཁུར་དུ་ལེན་པའི་ཐུགས་བསྐྱེད་ནམ་མཁའ་ལས་ཀྱང་ཁྱོན་ཡངས་ཤིང་མཆོག་གསུམ་དམ་པའི་བྱིན་རླབས་རང་ཆས་སུ་མངའ་བའི་དམ་པ་ཞིག་སྐྱེས་པ་མི་རུ་བཞེས་པའི་ཚུལ་བསྟན་ཡོད། དུས་གསུམ་ཀུན་དུ་ལོ་རྒྱུས་ཀྱིས་སྐྱེས་བུ་དམ་པ་ཁོང་བརྗེད་དུ་མི་སྲིད་ནའང་བསྟན་པའི་དོན་ལ་གོད་ཆག་ཅིག་རིམ་གྱིས་ཚེས་ཏེ་ལོ་རྒྱུས་ཀྱི་སྤྱན་མིག་ལ་དུག་གི་ཐལ་རླུང་འཚུབ་པས་ལོ་རྒྱུས་ཀྱི་མིག་ལམ་ནས་དམ་པ་ཁོང་རབ་རིབ་ཏུ་གྱུར། རྐྱེན་དེ་དག་གི་དབང་གིས་ཁོང་གི་རིགས་རུས་ཆོ་འབྲང་དང་ཡབ་ཡུམ་སོགས་ནི་གསང་བའི་གནས་སུ་གྱར་ཏེ་ཕྱི་རབས་པའི་སེམས་སུའང་འདི་ཞེས་ཁས་ལེན་དུ་མི་གཏུབ་པར་འཕྱང་མོ་ཉུག་ཏུ་ཚུད་ཡོད། མདོ་སྨད་སྡེ་དགེ་ཞེ་ཁོག་གི་རྒན་རབས་པ་འགའ་ཡིས་གནས་འདིར་འཁྲུངས་པའི་ལོ་རྒྱུས་རྣ་ཐོས་ཙམ་ཞིག་ལས་བཤད་སྐད་མ་མཐོང་ངོ་།། ཡང་བཤད་རྒྱུན་གཅིག་ལ། དབུས་གཙང་ནས་མདོ་སྨད་ཞེ་གཞུང་ལ་རྨེའུ་ཚང་གི་གདུང་རྒྱུད་མུ་ཏིག་འཕྲེང་ཐག་རེ་འཐོར་ཡོད་པའི་ལོ་རྒྱུས་ཡིག་ཆ་ལས་གསལ་ཡོད་ཀྱང་། དེ་དག་གཞི་རྟེན་གྱིས་ས་དེའི་སྐྱ་བོ་བླ་བྲང་དང་མདོ་སྟོད་སྦྲ་ཆེན་ཕྱོགས་ཀྱི་སྐྱ་བོ་བླ་མ་ཞེས་པའི་བར་གྱི་མིང་མཚུངས་རྟེན་འབྲེལ་ལ་བརྟགས་ཏེ་ཁོང་གི་གདུང་རུས་རྨེའུ་ཡིན་པའི་བཤད་སྲོལ་ཡོད་ནའང་ཡོད་ཅིང་། དེ་ནི་བདག་གི་ལག་ལ་ཡིད་རྟོན་རུང་བའི་ལོ་རྒྱུས་ཡིག་ཆ་ཁུངས་སྐྱེལ་རེ་མ་རགས་པའི་སྟབས་ཀྱིས་ཁ་ཚོད་གཅོད་མི་ནུས་པར་འདུག་ཅེས་བཤད་འདོད་བྱུང་། གཞན་ཞིག་ནས་བཤད་ན། སྐྱ་བོ་བླ་མའི་གདུང་རབས་ནང་དུ་ཡོད་པའི་བསྟན་པ་ལྷུན་གྲུབ་དང་ལྡོང་བཙུན་ནམ་ཞུ་བཙུན་བསྟན་པ་ལྷུན་གྲུབ་སོགས་དུས་རབས་གཅིག་ཏུ་ཁེལ་ཡོད་སྟབས་འདི་ལ་བསམ་གཞིག་མི་བྱེད་ག་མེད་དུ་གྱུར་ཡོད་པ་ནི་དཔྱད་པར་འོས་ལགས་སོ།། དེ་ནི་སྐབས་ཀྱི་དོགས་གཞིའི་ཚིག་འབྲུ་ཁ་ཤས་ཡིན་ནོ།།

  དེ་ནས་རིམ་གྱིས་སྐུ་ཡི་ལང་ཚོ་དར་ལ་བབ་པའི་སྟག་ཤར་གཞོན་ནུ་ཞིག་མདོ་སྨད་ནས་ཤར་ཕྱོགས་ཉང་སྟོད་བསྟན་པའི་སྟི་གནས་སུ་གྲགས་པའི་དཔལ་ལྡན་རི་ཞིང་དགོན་དུ་བླ་མའི་གདམས་ངག་སྐོམ་པ་ཆུ་འདོད་ལྟར་ཐུགས་སུ་འཁྲུངས་ཏེ་བཞུད་ལམ་སྙེག་འགོ་བརྩམས་ཤིང། སྐབས་དེར་ཏག་ཏག་དཔལ་ལྡན་རི་ཞིང་ལྷུན་གྱིས་གྲུབ་པའི་ཁང་བཟང་ངམ་ཞུ་ལྷུན་གྲུབ་སྒང་དུ་སློབ་ཚོགས་བརྒྱ་ཕྲག་མང་པོས་འཆད་པ་བཤད་ཉན་གྱི་སྒོམ་སྒྲུབ་ལ་གཞོལ་བཞིན་པའི་དུས་དང་ཁེལ་བས་ཞུ་གཡས་གྲགས་པ་རྒྱལ་མཚན་དང་སློབ་དཔོན་བསོད་ནམས་སེང་གེ་མཆོག་ཟུང་གི་དྲུང་དུ་རབ་བྱུང་གཙང་ཁྲིམས་དག་པར་མནོས་ཏེ②མཉེས་པ་གསུམ་གྱི་བླ་མ་གཙུག་ཏུ་བཀུར། རིན་ཆེན་འོད་ཟེར་ཞེས་པའི་གྲྭ་རྐྱང་དཀྱུས་མ་ཞིག་གིས་ཕ་ཡུལ་རྒྱབ་ཏུ་བསྐྱུར་ཏེ་བཤད་ཉན་སྒོམ་སྒྲུབ་ལ་ཐུགས་བསམ་གཅིག་སྒྲིལ་མཛད་ཅིང་། བླ་མ་གོང་མ་རྣམས་ཀྱི་མཛད་པའི་འཕྲིན་ལས་དང་ཐུགས་བསྐྱེད་བླ་ན་མེད་པའི་བསྟན་དོན་ཁུར་བཞེས་ལ་བསླབ་པ་སྦྱོང་བརྩོན་ལེགས་པར་གནང་སྟེ་གླིང་འདིར་མཁས་པའི་ཡང་རྩེ་རུ་སོན་སྐད། རིམ་བཞིན་མཁས་པའི་ཅོད་པན་མཚན་གྱི་དབུ་རྩེར་ཐོགས་ཤིང་ཞུ་ལྷུན་གྲུབ་སྒང་གི་འདུས་གྲྭ་སྟོང་ཕྲག་འགའ་ལ་བསླབ་པ་འཆད་ཉན་གྱི་སྲོལ་བཟང་བསྟན་པའི་སྲོག་རྒྱུན་དར་སྤེལ་གནང་བ་དང་ཡང་དར་བསྟན་པའི་བདག་པོར་གྱུར།

  དུས་རེས་ཤིག་ཙམ་ན་སྐྱབས་ཀྱི་སྟོན་པ་རིན་ཆེན་འོད་ཟེར་ཞེས་སྙན་པའི་གྲགས་པས་ས་སྟེང་ཁྱབ་པར་བྱས་པ་དང་ལྗོངས་འདིར་རྣམ་མཁྱེན་རྒྱལ་བ་གཉིས་པ་ལྟ་བུའི་རྣམ་དཔྱོད་གཤོག་དྲུག་གི་རྩལ་རྣམས་ཡོངས་སུ་རྫོགས། བོན་གྱི་བསྟན་དོན་ཐུགས་ལ་འཆང་བའི་སྐྱབས་སྟོན་ཁོང་གིས་བོན་གྱི་ཐུན་མོང་མ་ཡིན་པའི་གཞུང་ལུགས་འགྲེལ་སྟངས་དང་གཞན་གྱི་ཚིག་སྒྲོས་དེ་ག་ཙམ་གྱི་ལྷད་མ་ཞུགས་པའི་ཐོག་ནས་རྗེས་རབས་ཡོངས་ལ་མིག་ལྟོས་དཔེ་སྟོན་གྱི་ཚུལ་དུ་བརྩམས་གནང་བ་ལ། «ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མ»སོགས་ཀྱིས་མཚོན་པའི་གཞུང་ལུགས་དཀའ་གནད་མདུད་བརྒྱ་བཀྲོལ་བའི་གཞུང་འགྲེལ་བཅུ་ཕྲག་ལྷག་དང་«རྗེ་བཙུན་ཡར་མེ་བའི་རྣམ་ཐར»སོགས་མེས་པོ་གོང་མ་དག་གི་མཛད་པའི་འཕྲིན་ལས་ཀྱི་ལེགས་མཛོད་བསབ་ཆ་འགའ། «སྤྱི་སྤུངས་དབང་ཆེན་གྱི་བདག་ཉིད་དོན་གྱི་སྒྲུབ་པའི་མངོན་རྟོགས་དོན་གསལ་སྒྲོན་མ»སོགས་དབང་ལྡན་ཞུ་ཡི་རིང་ལུགས་ལྟར་གྱི་ཕྱི་ནང་གསང་གསུམ་སྒྲུབ་པ་ལ་ཉེ་བར་མཁོ་བའི་ཆ་ལག་ཡིག་ཕྲན་ལྔ་བཅུ་ལྷག་བརྩམས་གྲུབ་གནང་ཡོད་ཅིང་། ཁོང་ནི་དབང་ལྡན་བསྟན་པའི་གྲྭ་ས་ཆེན་མོ་ཞུ་ལྷུན་གྲུབ་སྒང་གི་སློབ་དཔོན་ཆེན་མོར་མངའ་གསོལ་ཞིང་གླིང་དེའི་མཁས་མང་འདུས་གྲྭ་ཡོངས་ཀྱི་གཙུག་རྒྱན་དུ་གྱུར་པ་མ་ཟད་ཕྱོགས་ཡོངས་ཀྱི་འདུས་གྲྭ་ཁག་ལ་ཆེད་ཕེབས་ཀྱིས་བོན་གྱི་འཁོར་ལོ་ས་ཆེན་པོའི་ལྗོངས་འདིར་ཡོངས་སུ་སྐོར་བར་མཛད་པ་ནི་སྐབས་བབ་དེ་བསྟུན་གྱི་སྒོ་ནས་དད་ལྡན་སློབ་བུའི་ཚོགས་ཀྱི་རེ་འདོད་ལྟར་དུ་བརྩམས་པའི་མཇུག་བྱང་ཁག་ནས་གསལ་བ་སྟེ། མདོ་རྒྱལ་དིལ་རའི་ཡང་དབེན③དང་། སྟོད་ལུང་དབེན་གནས④། ཤར་རྒྱལ་མོ་རོང་རུ་འབྲུག་དགོན་བདེ་གསལ་ལྷ་ཁང་⑤། སྟོད་ལུང་མཐོང་སྨོན་དང་གཡས་རུ་དབེན་ས་ཁ⑥། མདོ་གམ་དེའུ་རིའི་ཡང་དབེན⑦། གསལ་བ་གཡུང་དྲུང་ལྷ་སྟེང་⑧། ཤར་ཁོག་གི་གླིང་དགོན་གཡུང་དྲུང་གླིང་⑨སོགས་མདོར་ན་སྟོད་སྨད་ཡུལ་གྲུ་ཀུན་ཏུ་མཛད་པ་འཕྲིན་ལས་ཀྱི་འོད་ཟེར་ཕྱོགས་ཀུན་ཏུ་བསྐྱངས་ཡོད་པ་ནི་འདི་དག་གིས་ར་སྤྲོད་བྱེད་ཐུབ་བོ།། བསོད་ནམས་ཀྱི་ཞིང་ས་ན་ལྷག་པའི་ལྗགས་རྩོམ་འདི་དག་མ་གཏོགས་ཁོང་གི་མི་ཚེའི་ཁྲོད་ཀྱི་འགྲུལ་བཞུད་དང་། དཀའ་སྡུག་རྔུལ་ཆུས་བརླན་པའི་སློབ་སྦྱོང་གི་གོ་རིམ། མཁས་པའི་ཡང་རྩེར་འཛེགས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་སོགས་དེ་སྔ་ལོ་རྒྱུས་པ་དང་བསྟན་འབྱུང་ཁག་གིས་མཁས་མཆོག་རྒྱལ་བ་གཉིས་པ་ཁོང་བརྗེད་ཟིན་ལ་བོར་ཀྱང་སོང་བ་ནི་ཅི་འདྲའི་ཞེ་སྡུག་ལ་ལྷག་པར་ཡིད་གདུང་བའི་གནས་ཚུལ་ཞིག་མ་རེད་དམ།

  དེ་ལྟར་མཁས་མཆོག་སྐྱབས་སྟོན་རིན་ཆེན་འོད་ཟེར་ཁོང་དགུང་ལོ་དྲུག་ཅུ་རེ་དགུ་སྟེ་སྤྱི་ལོ༡༤༢༢ལོར⑩འཛམ་བུའི་གླིང་གི་མཁས་པ་རྣམས་ཀྱི་དོ་སྣང་དང་དཔྱད་ཡུལ་ཆེན་མོར་གྱུར་པའི་ཁྲོ་འགྲེལ་ཆེན་མོ་སྟེ། «ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མ»ཞེས་པ་བརྩམས་གྲུབ་མཛད་དེ་གངས་ཅན་རིག་པ་སྨྲ་བ་ཡོངས་ཀྱི་ཡིད་གསོའི་བདུད་རྩི་དག་མ་ཞིག་ཏུ་བསྩལ་གནང་བ་ཡོད། ཁོང་གི་རྣམ་དཔྱོད་རིག་པ་ལ་རྒྱལ་ཁམས་སྐོར་བའི་གཤོག་པ་ཐོགས་ཏེ་རྩོམ་སྟངས་ཀྱི་ཐད་ནས་ཀྱང་མཁས་པ་གཞན་གྱིས་དོ་ཟླར་མི་འོང་ཞིང་གནའ་རབས་ཁྱད་བོན་འབུར་དུ་ཐོན་པ་སོགས་གནང་ཡོད་ཅིང་། ལྷག་པར་དུ་ཡིན་སྲིད་དོ་ཞེས་པ་དང་ཡིན་ཆའོ་ཞེས་པའི་དམིགས་བསལ་གྱི་འབྲི་དོན་དག་ལ་སྲོལ་ཆགས་པ་ཡོད་པས་ཀུན་གྱི་དབུས་ན་མངོན་པར་མཐོ་བ་ཡིན་ནོ།། ཁོང་གི་ཞལ་སློབ་ལའང་སྐལ་ལྡན་སློབ་བུ་ནམ་མཁའ་འོད་ཟེར་དང་ཞུ་ཡི་བཙུན་པ་ཡེ་ཤེས་འོད་ཟེར། ནང་ཆེན་བསྟན་པ་རྒྱལ་མཚན། བཤེས་གཉེན་ཆེན་པོ་བསོད་ནམས་བློ་གྲོས་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་མང་དུ་བྱོན་ཅིང་དེ་དག་ནི་སངས་རྒྱས་བསྟན་པའི་བདག་པོར་བྱོན་པ་ཤ་སྟག་ཏུ་གྲུབ་པར་གདའ་འོ།།

  དེ་ལྟར་དམ་པ་ཞིག་གི་མི་ཚེ་བརྒྱུད་རིམ་ནི་ཉི་མའི་འོད་ཟེར་གྱིས་མཁའ་ཁྱབ་ཡོངས་ལ་ཁྱབ་པ་བཞིན་དུ་ཡོད་ཀྱང་དམ་པ་འདི་ནི་ལོ་རྒྱུས་ཀྱིས་བརྗེད་ཟིན་པས་ཡང་བསྐྱར་དམ་པ་དེའི་མི་ཚེ་རློག་དགོས་ན་རིན་ཆེན་གླིང་དུ་ས་རྡོ་མི་རྙེད་པའི་དཔེ་བཞིན་དཀའ་བའི་གནས་སུ་གྱུར་ཡོད་སྟབས་ད་ཐེངས་རང་གི་གོ་ཐོས་རིག་གསུམ་ལ་ཤ་ཟིན་སྤུ་ཟིན་གྱིས་ཅུང་ཁ་གསལ་ཅན་དུ་བཏང་ཡོད་པའི་ཁུལ་ཡིན་པས་རྒྱལ་བ་གཉིས་པའི་ཐུགས་རྗེས་ནམ་ཡང་མི་འདོར་ཞིང་ཁོང་གི་བསྟན་དོན་ལ་དམིགས་པའི་ལྷག་བསམ་གཙང་མ་རྣམས་རྨ་མེད་ཡུན་དུ་གནས་ཤིང་ཐུགས་ཀྱི་བཞེད་དོན་མ་ལུས་འགྲུབ་པ་སོགས་ཀྱི་སླད་དུ་བརྩོན་པ་དང་འབད་པའི་སྒོ་ནས་རང་གིས་རང་ལ་གསལ་འདེབས་དང་གཞན་དག་ནོར་འཚོལ་ནོར་དང་འཕྲད་པར་འགྱུར་བའི་ཐུབ་པའི་ཚུལ་དུ་བྲིས་པའོ།།

  ཞེས་པ་འདི་ནི་གྲྭ་རྐྱང་དཀྱུས་མ་སྟོང་སྐོར་གཡུང་དྲུང་བསྟན་པའམ་སྟོང་སྲས་ལྷ་བུ་རུ་འབོད་པ་དེས་རང་གི་བརྗེད་པ་གསོ་བ་དང་མཆེད་གྲོགས་མང་པོའི་ཐུགས་བཞེད་དུ་བཀོད་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག

  ཟུར་མཆན་གསལ་བཤད།

  ① «ཀྲུང་གོ་བོད་ཀྱི་ཤེས་རིག» སྤྱི་ལོ༡༩༩༣ལོའི་ལོ་དེབ་གཉིས་པ། ཤ150ལས། “སྐྱབས་སྟོན་རིན་ཆེན་འོད་ཟེར།” ཞེས་པ་ནས། “ཀ་མད་ཀྱི་བོན་པོའི་བསྟན་བཅོས་ཀྱི་དཀར་ཆག་གི་ཤོག་ངོས༢༢པ་ལས། དབྱིན་ཇིའི་པར་གྱི་ཁྲོ་འགྲེལ་གྱི་གླེང་གཞི་ལྟར་ན་ཁོང༡༣༥༣ལོར་འཁྲུངས་ཤིང་།” ཞེས་གསལ།

  ② «སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་དོ་ཤལ» བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2017ལོའི་དཔར་མ། ཤ 219 ངོས་ལས། “དེ་སློབ་སྐྱབས་སྟོན་རིན་ཆེན་འོད་ཟེར་ནི།།” ཞེས་པ་ནས། “དབང་ལྡན་གདན་ས་ལྷུན་སྒང་དུ་བྱོན་བཞུགས།། ཞུ་ཡི་ཁྲི་གདུང་སྐྱེས་བུ་བཅུ་ཕྲག་ལྷག། བཞུགས་པ་ཀུན་བསྟེན་མདོ་སྔགས་ཐོས་བསམ་སྦྱངས།། ཁྱད་པར་མཁན་ཆེན་གྲགས་པ་རྒྱལ་མཚན་དང་།། སློབ་དཔོན་བསོད་ནམས་སེང་གེ་མཆོག་ཟུང་ལས།། ཕྱི་ནང་གསང་སྔགས་རྒྱ་མཚོའི་དབང་ཁྲིད་སོགས།། རབ་འབྱམས་བོན་སྒོ་མ་ལུས་ཐུགས་ཆུབ་གསན།།” ཞེས་གསལ།

  ③ «དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས།» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། པོད་བཅུ་གཉིས་པ། ཤ205ངོས་ལས། “སྐྱབས་ཀྱི་སྟོན་པས་བརྗེད་པ་གསོ་བའི་ཕྱིར་དང་ནང་ཆེན་བསྟན་པ་རྒྱལ་མཚན་པའི་ཐུགས་དམ་དུ་བཞེད་ནས་ནན་གྱིས་བསྐུར་བའི་ངོར། མདོ་རྒྱལ་དིལ་རའི་ཡང་དབེན་དུ་སྦྱར་བའོ།།” ཞེས་གསལ།

  ④ «དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས།» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། པོད་བཅུ་གསུམ་པ། ཤ10ངོས་ལས། “ཞེས་པའི་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་བརྒྱུད་ཕྱག་རིན་ཆེན་གཏེར་གྱི་འཕྲེང་བ་ཞེས་བྱ་བ་འདི། སྐྱབས་ཀྱི་སྟོན་པ་རིན་ཆེན་འོད་ཟེར་གྱིས་སྟོད་ལུང་དབེན་གནས་སུ་བསྒྲིགས་པ་དགེའོ།།” ཞེས་གསལ།

  ⑤ «དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས།» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། པོད་བཅུ་གསུམ་པ། ཤ 45 ངོས་ལས། “སྐྱབས་ཀྱི་སྟོན་པ་འོད་ཟེར་གྱིས་ཤར་རྒྱལ་མོ་རོང་རུ་འབྲུག་དགོན་བདེ་གསལ་ལྷ་ཁང་དུ་བྲིས་པ་འདིས་ཀྱང་། མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བར་གྱུར་ཅིག” ཅེས་གསལ།

  ⑥ «དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས།» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། པོད་བཅུ་གསུམ་པ། ཤ 147 ངོས་ལས། “ཧོར་ཟླ་དང་པོའི་ཡར་ངོའི་ཚེས་གསུམ་གྱི་ཉི་མ་ལ་གཏེར་བདག་རྣམས་ཀྱིས་ལུང་བསྟན་ནས་སྐྱབས་ཀྱི་སྟོན་པ་རིན་ཆེན་འོད་ཟེར་གྱིས་སྟོད་ལུང་མཐོང་སྨོན་ནས་གཏེར་ནས་གདན་དྲངས་ནས། གཡས་རུ་དབེན་ས་ཁ་ནས་བསྟན་པ་དར་རྒྱས་འཕེལ་བའོ།།” ཞེས་གསལ།

  ⑦ «དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས།» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། པོད་བཅུ་གསུམ་པ། ཤ157ངོས་ལས། “བར་ཕུད་གསེར་སྐྱེམས་ཀྱི་ཁ་བསྐོང་མདོར་བསྡུས་པའི་ཚིག་སྐྱབས་སྟོན་རིན་ཆེན་འོད་ཟེར་གྱིས་མདོ་གམ་དེའུ་རིའི་ཡང་དབེན་དུ་སྦྱར།” ཞེས་གསལ།

  ⑧ «དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས།» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། པོད་བརྒྱད་པ། ཤ368ངོས་ལས། “གཤེན་གྱི་དྲང་སྲོང་དཀའ་ཐུབ་རི་ཁྲོད་པ།། ནམ་མཁའ་འོད་ཟེར་བློ་ལྡན་བཟང་པོ་ཡི།། ལྷག་བསམ་དག་པས་ཡང་ཡང་བསྐུལ་བའི་ངོར།། སྐྱབས་ཀྱི་སྟོན་པ་རིན་ཆེན་འོད་ཟེར་གྱིས།། ལུང་རིག་ཚད་མའི་སྲང་ལ་རབ་གཞལ་ནས།། བོན་གནས་དེལ་རར་ལེགས་སྦྱར་སྟོན་པ་ཡི།། བསྟན་པའི་ཉི་མ་ཕྱོགས་དུས་ཁྱབ་གྱུར་ཅིག། ས་ཕོ་སྟག་གི་དཔྱིད་ཟླའི་གཟའ་སྐར་དུས་ཚོད་བཟང་པོ་ལ་གསལ་བ་གཡུང་དྲུང་ལྷ་སྟེང་དུ་གྲུབ་པར་བགྱིས་པ་དགེ་ལེགས་འཕེལ་རྒྱས་ཤོག” ཅེས་གསལ།

  ⑨«དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས།» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། པོད་བཞི་པ། ཤ176ངོས་ལས། “བསྟོད་པའི་འགྲེལ་པ་ནོར་བུ་འོད་འབར་ཞེས་བྱ་བ་སྔར་མེད་པའི་ལེགས་པར་བཤད་པ་རྒྱན་གྱི་འོད་ཟེར་འདི། བློ་གསལ་བའི་མཆོག་ཏུ་གྱུར་པ་འཕགས་རྫིའི་དྲང་སྲོང་གཡུང་དྲུང་རྒྱལ་མཚན་ཞེས་བྱ་བས་བསྐུལ་བའི་ངོར། སྐྱབས་ཀྱི་སྟོན་པ་རིན་ཆེན་འོད་ཟེར་གྱིས་ཤར་ཁོག་གི་གླིང་དགོན་གཡུང་དྲུང་གླིང་ཞེས་བྱ་བར་བསྡེབས་པ་རྫོགས་སོ།།” ཞེས་གསལ།

  ⑩«དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས།» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། པོད་དྲུག་པ། ཤ101ངོས་ལས། “ཐང་གཅིག་ཟེར་བའི་གྲངས་ཚད་ནི། མུ་ཟི་འགོག་པ་ལ་བཞུགས་པ་དང་བསྟུན་ནས། ལོ་བརྒྱད་བརྒྱ་ཟེར་བ་ཐོག་མ་དེ་ནས་དང༌། ཐ་མ་ཁྲི་སྲོང་གིས་བོན་བསྣུབས་པའི་བར་ཡན་ལ། ཁྲི་སྲོང་དགུང་ལོ་ཉེར་བརྒྱད་དུས་བོན་བསྣུབས་པར་འདོད་པ་དང༌། དེ་ནས་ལྷོ་གཏེར་མེ་མོ་སྦྲུལ་ལོ་ལ་ཐོན་པར་ཡན་ལ་བརྒྱ་དང་དོན་བཞི་སོང༌། གཏེར་ཐོན་ནས་ད་དུས་ཀྱི་ལྕགས་མོ་ལུག་ཡན་ལ་བཞི་བརྒྱ་དང་ལྔ་སོང་བའི་གསུམ་པ་ལ་གསུམ་སྟེ།” ཞེས་གསལ་ལ་འདི་ནི་གཤེན་ཆེན་པོའི་ལྷོ་གཏེར་བཏོན་དུས་སྤྱི་ལོ༡༠༡༧ཡིན་ལ་དེ་ལས་ད་དུས་ཟེར་བའི་ཁོང་གི་ཁྲོ་འགྲེལ་རྩོམ་སྐབས་ལྕགས་མོ་ལུག་སྟེ་སྤྱི་ལོ༡༤༢༢ལོར་ཡིན་པས་དགུང་ལོ་རེ་དགུ་ལ་ཁེལ་ཡོད།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།