བྱ་བཏང་མཆོག་སྤྲུལ་གཡུང་དྲུང་བསྟན་པའི་ཉི་མའི་རྣམ་ཐར།
[ཟླ་ཚེས། 2022-03-07 09:33:43][རྩོམ་པ་པོ། སྒོ་བོད་ཚང་ཉི་མ་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
བྱ་བཏང་མཆོག་སྤྲུལ་གཡུང་དྲུང་བསྟན་པའི་ཉི་མ་ཡི་རྣམ་པ་ཐར་པ་གོང་མའི་ཞལ་ལུང་བདུད་རྩིའི་ཟེགས་མ་ཞེས་བྱ་བ་བཞུགས་སོ། །
ཚུལ་ཁྲིམས་དྲི་བསང་ཕྱོགས་བཅུར་འཕྲོས་པ་ཡིས། །
བཤད་སྒྲུབ་འཁོར་ལོ་གསུམ་ལ་དབང་བསྒྱུར་བའི། །
སྙིང་རྗེ་སྟོབས་ཀྱིས་གདུལ་བྱའི་མགོན་བྱོན་པ། །
གཡུང་དྲུང་བསྟན་པའི་ཉི་མར་ལན་བརྒྱར་བསྟོད། །
ཚོགས་གཉིས་ཟླ་བའི་མ་མ་ལས་འཁྲུངས་པའི། །
སྒྲིབ་གཉིས་སྤྲིན་བྲལ་ཀུན་གསལ་ལྷ་ལམ་ངོར།།
མཆོག་སྤྲུལ་ཉི་མའི་དཀྱིལ་འཁོར་རབ་འབར་བའི།།
རྟོགས་པ་བརྗོད་པའི་འོད་ཟེར་བདག་ལ་ཕོག །
དམ་པ་གོང་གི་འཕྲིན་ལས་ནམ་མཁའི་མཛོད། །
བདག་བློ་ཕྱེ་ལས་གཤོག་རླབས་གཅོད་པ་ལ། །
དགོངས་དོན་མ་ཁྲོལ་ལྷ་སྲུང་འཁུ་ལྡོག་རྣམས། །
དགོངས་ཁྲོལ་མཛོད་ཅིག་བདག་གིས་འབྲི་བར་བྱ། །
ཞེས་མཆོད་པ་བརྗོད་པའི་ཚིགས་བཅད་སྔོན་དུ་བཏང་ནས་གང་གླེང་བར་བྱ་བ་ནི། བྱ་ བཏང་མཆོག་སྤྲུལ་གཡུང་དྲུང་བསྟན་པའི་ཉི་མའི་རྣམ་པར་ཐར་པ་གླེང་བ་ལ། དམ་པ་གང་ཉིད་ཀྱི་སྐུ་ཚེ་སྔོན་མའི་དོན་ཅུང་ཙམ་བཤད་པ་དང་། སྐུ་ཚེ་འདིའི་རྣམ་ཐར་ལེགས་པར་བཤད་པ་གཉིས། དང་པོ་ནི་བྱ་བཏང་ཚུལ་ཁྲིམས་རྒྱལ་མཚན་ཏེ། དམ་པ་གང་ཉིད་སྐུ་ཡུལ་ཡིད་རྨད་བྱ་བའི་དུད་ཚོ་དཀྱུས་མ(དུས་སང་ཨ་ཧོར་བྱ་བའི་ཁྱིམ་ཚང་དེའོ།)ཞིག་ལ་སྐུ་འཁྲུངས། སྤྱིར་ཁོང་ལ་ཉག་སྟོད་སྨད་སོགས་གདུལ་ཞིང་མང་དུ་ཡོད་མོད། ཁོང་ཉིད་སྐུ་ཚེ་སྨད་དུ་ཉག་རོང་རྫོང་གི་ཤར་ཕྱོགས་ན་ལྷ་ཁང་མདོ་རུ་གདུལ་བྱ་ལ་(གཉེན་སྟོན་ཞིག་ཏུ་དབུ་བཞུགས་བླ་མར་ཕེབས་བསུ་ཞུས)བྱོན་སྐབས། དད་ལྡན་མི་དམངས་ཚོས་འཚོགས་ཁ་དང་བཅས་བླ་མ་བསུ་དུས་སྟབས་མ་ལེགས་པ་ཞིག་ལ་གློ་བུར་དུ་(ཁང་གླེད་སྟེང་ནས་གྲ་རྡོ་ཞིག་ལྷུང་ནས་བླ་མའི་དབུ་ཐོག་ལ་གཅིག་ཕོག་སྟེ)བླ་མའི་གཟུགས་སྐུ་བཀོད་པར་དེ་རུ་བསྡུས། སྔར་མོ་ནས་བླ་མ་རིན་པོ་ཆེས་བླ་མ་ཟེར་མཁན་དེ་ཁྱི་ཤི་ཟིག་འདྲ་དགོས་ཡང་ཡང་གསུང་མྱོང་ཡོད་རེད། དེ་ནས་བླ་མའི་སྐུ་གདུང་རང་དགོན་དུ་གདན་འདྲེན་ཞུས་ནས་འདས་མཆོད་སོགས་ལུགས་དང་མཐུན་པར་བྱེད། སྐུ་གདུང་དམར་གདུང་བྱས་པ་ད་ལྟ་བར་གོང་རྒྱལ་དགོན་པའི་འདུལ་ཁང་གསར་མ་རུ་བཞུགས་ཡོད།
གཉིས་པ་སྐུ་ཚེ་འདི་ཉིད་ཀྱི་རྣམ་ཐར་བཤད་པ་ལ་ལྔ་སྟེ། སྐུ་སྐྱེ་བ་བཞེས་ནས་ཡང་སྲས་བརྩད་བཅད་བྱུང་ཚུལ། བསླབ་པའི་ཐོས་བསམ་སྦྱོངས་ནས་རང་རྒྱུ་ལས་སུ་རུང་ཚུལ། ལུང་གི་བསྟན་པས་གདུལ་བྱ་སློབ་མ་སྐྱོངས་ནས་སྐུ་གསུང་ཐུགས་རྟེན་བཞེངས་ཚུལ། རྟོགས་པའི་བསྟན་པས་རང་དོན་དུ་སྒྲུབ་པ་ཉམས་ལེན་བྱེད་ཚུལ། འདི་སྣང་གི་བཀོད་པ་བསྡུས་ཚུལ་བཅས་ལྔ་ལས། དང་པོ་ནི། རོང་ཆེན་བཞིའི་ཡ་གྱལ་ཉག་ཨ་ཛི་རོང་ལ་སྟོད་སྨད་གཉིས་སུ་ཕྱེས་པའི་སྟོད་ཀྱི་ས་ཆ་ས་སྤྱོད་ཉག་སྐེད་མགོན་པོ་རྣམ་རྒྱལ་གྱི་མངལ་འོག་ལྕགས་མདུད་ཉག་རོང་ཚང་གི་རིགས་རུས་སུ་ཡབ་ཨུ་རྒྱན་དང་ཡུམ་ཨ་ཕྲུག་མ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅོ་ལྔ་པའི་ས་སྦྲུལ་ལོའི་བསྐལ་བཟང་དགེ་བའི་ཉིན་མོ་ལ་གཟུགས་སྐུ་མཚན་དཔེ་མངོན་པར་བཞེངས། དམ་པ་ཁོང་ལ་སྐུའི་གཅེན་པོ་གཅིག་དང་གཅུང་མོ་བདེ་གསལ་སོགས་གཉིས་ཡོད། དེ་ནས་ཆེར་སྐྱེས་པ་ན་ང་ཡི་དགོན་པ་རུ་འགྲོ་དགོས་ཟེར་ནས་ཉག་སྨད་ཕྱོགས་སུ་ཕྱག་མཛུབ་ཀྱིས་བརྡ་དང་ཞལ་ནས་ཡུལ་མི་བགྲེས་པོ་ཚོ་མིང་སྨོས་ནས་འདྲི་བརྩད་བྱེད། སྐབས་དེ་གོང་རྒྱལ་དགོན་པའི་བླ་གྲྭ་ཚོས་ལྷ་སྲུང་ལ་འཕྲིན་བཅོས་བྱས་ནས་ཁ་ལུང་སྤྲུལ་སྐུ་རིན་པོ་ཆེ་ལ་ཡང་སྲས་ངོས་འཛིན་གྱི་བཀའ་འདྲི་ཞུས་པས། སྤྲུལ་སྐུ་རིན་པོ་ཆེས་བཀའ་མངག་ལྟར་སྟག་ས་དཀོན་མཆོག་དང་རྒྱུ་རྦ་མགོན་པོ་དབང་ཆེན་སོགས་རབ་བྱུང་ངུར་སྨྲིག་གིས་རྒྱན་པ་གཉིས་གསུམ་ཞིག་གིས་ལྡོམ་བུ་ཆོས་སྤྲད་དེ་སྐུ་གོང་མའི་ཕྱག་མཁར་དང་སྐུ་ཆས་བཟུང་ནས་ཉག་སྟོད་ཕྱོགས་སུ་འབྲོང་ཁྱིམ་ཚོ་སྒོ་དྲུང་དུ་ཕྱིན། ས་ནག་བའི་འབྲོང་ས་རྣམས་ཀྱི་སྦྲ་སྒོ་ཕེབས་དུས་བྱིས་པ་ལོ་ལྔ་དྲུག་ཙམ་གྱི་ཕྱི་ལྷམ་གྱོན་པ་ཞིག་བྱུང་ནས། ཁྱེད་ཚོ་དཀའ་བྱུང་ངམ། ངས་ཁྱེད་ཚོ་སྒུག་ནས་ཡུན་རིང་ཡིན་གསུངས་པ་དང་། ཡང་ཁོ་ཚོའི་ལག་མཁར་དེ་འཇུ་ནས་འདི་ང་ཡིས་རེད། ཁྱེད་ཚོ་དང་ལོ་ཁ་ཤད་མ་ཐུག་པས་ཁྱེད་རྣམ་པ་སྐུ་བགྲེས་པོ་རེད་འདུག་སོགས་ངོ་མཚར་བའི་བལྟས་དང་བཅས་པའི་ལྗགས་སྨིན་གྱི་གསུང་མཛད་གནང་བྱུང་། དེ་ནས་སྟག་ས་དཀོན་མཆོག་སོགས་ཀྱིས་ཁ་ལུང་སྤྲུལ་སྐུ་ལ་སྙན་སྒྲོན་ཞུས་པས་ཁ་ལུང་སྤྲུལ་སྐུ་རིན་པོ་ཆེས་རྒྱལ་བ་གོང་མའི་ལུང་བསྟན་ལྟར་ས་ནག་ཤེལ་པ་ཚང་གི་ཁྱེའུ་དེ་འཁྲུལ་བྲལ་གྱི་བྱ་བཏང་ཚུལ་ཁྲིམས་རྒྱལ་མཚན་གྱི་ཡང་སྲིད་ངོས་འཛིན་བྱུང་། དུས་དེར་བན་ཕྱོགས་ནས་འཇམ་དབྱངས་མཁྱེན་རྩེ་དབང་པོ་དང་དྲི་མེད་ཞིག་སྐྱོང་སོགས་ནས་ཡང་སྲིད་རིན་པོ་ཆེ་ལ་ཞབས་བརྟན་གསོལ་འདེབས་དང་བཀྲ་ཤིས་པའི་ཁ་དར་སྨོན་ཚིག་བཅས་གནང་། དེ་ནས་རང་དགོན་གོང་རྒྱལ་དགོན་པའི་བླ་མ་བྱ་བཏང་དྲི་མེད་འོད་ཟེར་གྱིས་ཐུགས་བཀོད་ལྟར་ཡུལ་དགོན་གཉིས་ཀྱི་གཙོས་བྱེད་པའི་འདུས་པ་བརྒྱ་ཕྲག་གཅིག་གཉིས་ཀྱིས་ཆིབས་བསུ་ལེགས་པ་བྱས་ནས་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ། ཁྲི་བཞེང་གི་མཛད་སྒོ་རྒྱས་སྤྲོས་སྤེལ། རྟེན་འབྲེལ་གྱི་རྟགས་ལ་གནམ་ལ་ཉི་ཟླ་སྐར་གསུམ་དུས་གཅིག་ཏུ་འཆར་བ་སོགས་ངོ་མཚར་བའི་རྟགས་མང་དུ་བྱུང་། དུས་དེ་ལ་གུ་རུ་དགོན་པའི་བླ་མ་ཡུ་ལེགས་ཚང་དང་གྱ་བཟི་དགོན་པའི་བླ་མ་ཨ་མྱེ་ཚང་སོགས་འབྲེལ་ཡོད་དགོན་པ་དང་བླ་བྲང་མང་པོའི་འབུལ་རྟེན་ལ་རིན་ཆེན་དང་པོ་གསེར་དང་དངུལ་གཞན་ཡང་མགོ་རྒན་དཀར་པོ་དང་རྟ་མཛོ་སོགས་ཀྱི་འབུལ་རྟེན་གྱ་ནོམ་པ་བྱུང་བས་བླ་མ་འདི་ཚང་འཛམ་བྷ་ལའི་འཛམ་ནག་གི་སྤྲུལ་པ་ཡིན་རེད་གསུངས་རྒྱུན་བྱུང་ཡོད།
གཉིས་པ་ལ་བསླབ་པའི་ཐོས་བསམ་སྦྱངས་ནས་རང་རྒྱུ་ལས་སུ་རུང་ཚུལ་ནི། ལུང་ལས། ཡི་གེ་ནག་པོའི་རྒྱུད་བསྟེན་ན། །ཤེས་རབ་ཁད་ཀྱིས་འཕེལ་བར་འགྱུར། །ཞེས་པ་ལྟར་དགེ་རྒན་དམ་པའི་མདུན་ནས་ཡི་གེ་དཀར་ནག་གཉིས་ལ་འབྲི་ཀློག་གི་དབུ་བཟུང་སྟེ་དགོན་པའི་ཕྱག་སྲོལ་བཞིན་དུ་སྦྱོང་བ་མཐར་སོན་པར་བྱེད། དུས་དེ་ཉག་ཁམས་སྟོད་སྨད་ཀུན་ཏུ་དགེ་བཤེས་རིང་ལུགས་འཛིན་པ་མང་དུ་བྱུང་བས་དེ་ལྟར་བསླབ། དེ་ནས་ཆེར་སྐྱེས་པ་དང་བྱ་བཏང་དྲི་མེད་འོད་ཟེར་དང་རབ་བླ་རིན་རྒྱལ་ཁ་ལུང་སྤྲུལ་སྐུ་སོགས་ལ་བསྟེན་ནས་སྨིན་གྲོལ་གྱི་དབང་དང་རྒྱབ་རྟེན་གྱི་ལུང་བཅས་ལེགས་པ་གསན། ལྷག་པར་དུ་ཀུན་སྤངས་བླ་མ་ཡེ་ཤེས་རྡོ་རྗེ་མདུན་ནས་དམར་མོ་མཛུབ་ཚུགས་ཀྱི་ཕྱིའི་སྔོན་འགྲོར་བསྟེན་ནས་རྒྱུད་སྦྱོང་དང་ནང་གི་སྔོན་འགྲོ་ལ་བསྟེན་ནས་འབུམ་ལྔ་བསགས་སྦྱངས་དངོས་གཞི་ངོ་སྤྲོད་རྣམས་གོ་ལོ་ཐོས་ལོ་ཙམ་མ་ཡིན་པར་གནད་དུ་སྨིན་པར་མཛད། གཞན་དུ་སྔོན་འགྲོ་དྲན་པ་ཉེར་བཞག་དང་པདྨ་བདུད་འདུལ་གྱིས་ཆོས་སྐོར་རྣམས་གསན། (ཕྱིས་སུ་མཆོག་སྤྲུལ་ཉི་མས་སྐྱབས་འགྲོའི་ཐང་སྐུ་བཞེངས་སྐབས་བརྒྱུད་རིམ་བླ་མའི་གྲལ་དུ་བླ་མ་ཡེ་རྡོ་བཀོད་པ་དང་བརྒྱུད་སྤྱོད་ངག་འདོན་ནང་དམར་མོ་མཛུབ་ཚུག་གི་སྔོན་འགྲོའི་ཚིག་བཤད་འཇོག་པ་དེ་ལྟར་ལ།) དེ་ནས་ཤིང་བྱ་ལོ་ལ་གསང་གླིང་རང་རྣམ་ལས། གོང་རྒྱལ་དགོན་ནས་བྱ་བཏང་དྲི་མེད་འོད་ཟེར་སྙུངས་གཞི་ཤིན་ཏུ་ཆེ་བ་ཞིག་གི་ཐེབས་ཤིང་བདག་འབོད་ས་བྱུང་བ་དང་། དཔོན་སློབ་གསུམ་བྱས་ནས་གོང་རྒྱལ་དགོན་དུ་སོང་། གྲྭ་ཚང་ཡུལ་སྡེ་ཐམས་ཅད་ཀྱིས་གྲལ་བཀོད་གདན་བཤམས་ལེགས་པ་བྱས་ཤིང་། དགོན་གནས་དེ་རུ་ཁ་ལུང་སྤྲུལ་སྐུ། ཁྱུང་སྲས་བླ་རྒན་དང་རང་ཅག་གསུམ་གྱི་འདུར་གསུམ་ཁ་སྤྲོད་བྱས། ཞག་བདུན་སྒྲུབ་མཚམས་བདག་ལ་ཡུལ་དེའི་སྦས་གནས་གཡུང་དྲུང་སྤུངས་ཚལ་ཞེས་པ་དེ་ལ་ཟབ་གཏེར་ཡོད་ཚུལ་གྱིས་ལུང་བསྟན་བྱུང་བ་གསང་བའི་སྐབས་ལྟར་རོ། སྒྲུབ་ཚར་ནས་དྲི་མེད་འོད་ཟེར་ཡང་སྙུང་གཞི་ཅུང་བདེ་སོང་གསུངས་པར་བཞིན་དུ་གདན་དྲངས་ཏེ་བྱ་བཏང་དྲི་མེད་འོད་ཟེར་ལ་རྐྱེན་སེལ་རིམ་གྲོ་སྒྲུབ་པ་དང་སྐུ་གསུམ་ཕུར་པའི་གཏེར་ཞལ་ཕྱེས། ཤིང་བྱ་ལོ་ལ་གསང་གླིང་རང་རྣམ་ལས། དེ་དུས་གོང་རྒྱལ་དགོན་པའི་དེ་སྔར་ནས་དགོན་རྙིང་རི་ཁྲོད་ལྟ་བུ་ཡིན་གཤིས། ལྷ་ཁང་ནི་ཐབས་ཆགས་ཙམ་ལས་མི་འདུག་ཤིང་། གྲྭ་ཚང་ནི་བརྒྱ་ཟིན་ཙམ་འདུག་པ་རྣམས་ལ། བདག་བློ་བཀོད་ཀྱིས་ལྷ་ཁང་གསར་བཞེངས་དགོས་ཚུལ་དགོན་པའི་བླ་གྲྭ་ཐམས་ཅད་ལ་བསྒྲགས། དེར་དགོན་པའི་བླ་གྲྭ་སྐྱ་སེར་ཐམས་ཅད་ཀྱིས་སྒྲུབ་པ་ཁས་བླང་ངོ་གསུངས་པ་ལྟར་གྱི་བྱ་བཏང་དྲི་མེད་འོད་ཟེར་ཁུ་དབོན་གཉིས་དང་མཆོག་སྤྲུལ་ཉི་མ་རྣམས་ཀྱིས་ཐུགས་དགོངས་གཅིག་སྒྲིལ་གྱིས་དགོན་པའི་སྔ་ཡོད་ཀྱི་འདུན་ཁང་ཀ་རིང་གཉིས་ཅན་དེ་རྒྱ་སྐྱེད་དེ་ཀ་རིང་བཞི་དང་སྒོ་འཁྱམས་ལྕགས་རི་བཅས་དང་གྱང་རིས་རྣམས་ཉམས་གསོ་ལེགས་སྒྲིག་བྱས་དེ་ལེགས་པ་ལོ་གཉིས་ནང་གྲུབ་ནས་མེ་ཕག་ལོར་རབ་གནས་བྱེད་ཚུལ་གསང་གླིང་རང་རྣམ་ལས། དེའི་སྐབས་སུ་གོང་རྒྱལ་དགོན་གྱིས་ལྷ་ཁང་གྱི་ཕྱི་ཡི་བཀོད་པ་བཞེངས་ཚར་བདག་རབ་གནས་ལ་འབོད་བྱུང་བ་དང་། དེར་དཔོན་སློབ་གསུམ་ཙམ་སོང་། དགོན་དེ་ཡང་ལྷ་ཁང་བཞེངས་སྐབས་སུ་རྨིས་རྡོ་ནང་དུ་གསེར་ཉ་ཡོད་པ་དང་། ཀ་བ་གཅིག་ཤིང་རྫབ་ཡིན་པ་སོགས་ལྟས་བཟང་སྣ་ཚོགས་བྱུང་ངོ་1གསུངས་པ་བཞིན་དུ་དགོན་པའི་བྱུང་རབས་སུ་2འོག་མི་འགྱུར་གསེར་ཉ་ཁ་སྤྲད། སྟེང་མི་འགྱུར་རྫ་ཡི་ཀ་བ་ཟེར་བའི་བཤད་པ་དེ་ནས་བྱུང་། དེ་ནས་མཆོག་སྤྲུལ་རིན་པོ་ཆེའི་ཐུགས་བཞེད་ལ་རྒྱལ་བ་གཤེན་གྱི་བསྟན་པ་འཁྲུལ་མེད་ཅིག་བཟུང་པ་ལ་ངེས་པར་དུ་གྲྭ་སར་སྨན་རི་ལ་ལན་གཅིག་ཕེབས་དགོས་པ་དགོངས་ནས་མཆེད་གྲོགས་ཁ་ལུང་ཚེ་རིང་བཀྲ་ཤིས་དང་དར་ལོ་ཨ་ཀྱོ་གཉིས་དང་མཉམ་དུ་སྨན་རི་ལ་བྱོན་ནས་གྲྭ་ས་གོང་མའི་ཕྱག་སྲོལ་ལྟར་མང་ཇ་སྐུ་འགྱེད་ཕུན་སུམ་ཚོགས་པ་བཏང་། མཆོག་སྤྲུལ་རིན་པོ་ཆེའི་རིང་ནས་གསོལ་བ་བཏབ་པའི་ཐུགས་སྨོན་ཇི་བཞིན་རྗེ་རིན་པོ་ཆེའི་གསེར་ཁྲི་མདུན་དུ་དགེ་སློང་སྒྲུབ་མཁན་རྣམས་དང་ལྷན་དུ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་མཁན་པོ་མཛད་དེ་དཔོན་སློབ་དཔུང་པོ་སྦྲག་མའི་འོག་དག་པ་དྲང་སྲོང་གི་སྡོམ་པ་ནོན་ཏེ་དགེ་འདུལ་འདུས་མང་གི་གྲལ་དུ་སྨན་རི་ཚང་གི་ཇ་གདན་སྟེང་ཁོད། དུས་དེ་ནས་བཟུང་མཆོག་སྤྲུལ་ཉི་མས་དྲང་སྲོང་གི་ཆས་གོས་དྲུག་དང་རྫས་ལྔ་རྣམས་ལྡན་པར་མཛད། ཕྲི་དྲོའི་ཁ་ཟས་དང་ཆང་རྣམས་སྐུ་ཚེ་གཅིག་ལ་གཏན་སྤངས་དང་། ལ་ལུང་གི་འགག་འཕྲང་ཅི་ལྟར་བརྒལ་རུང་རྟ་དྲེལ་སོགས་ཀྱི་ཞོན་པ་གཏན་དུ་སྤངས་ནས་སྙིགས་མའི་དུས་ཀྱི་ངུར་སྨྲིག་འཛིན་པ་ཡོངས་ཀྱི་གཙུན་རྒྱན་དུ་གྱུར། དུས་དེར་གནས་ཀྱི་མཁན་པོ་དང་དགེ་སློང་རིན་པོ་ཆེ་སོགས་ལ་གྲྭ་སར་གོང་མའི་ཕྱག་སྲོལ་ཐིག་རྡུལ་མཚོན་རྡུང་གྱེར་དབྱངས་རྣམས་ཚུལ་བཞིན་དུ་བསླབ། ལྷག་པར་དུ་མཁར་ནག་དགེ་སློང་ཉི་མ་གྲགས་པའི་མདུན་ནས་སེམས་དོན་ཉམས་ལེན་གསལ་འདེབས་དང་བོད་ཡུལ་མའི་རྩ་རླུང་3སྙན་རྒྱུད་འོད་གསལ་བདུན་སྐོར་བཅས་གནད་དུ་སྣུན་པ་སྦྱོང་། དེ་ནས་དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་སོགས་ལ་སྤྱི་སྤུངས་སྐོར་གསུམ་དང་བོད་ཡུལ་མ་བཅས་དབང་ལུང་མང་པོ་ཞུ། དེ་སྐབས་བྱ་བཏང་བླ་རབས་སྔོན་མ་རྣམས་ནས་གཤེན་ཚང་དང་བླ་སློབ་ཀྱི་འབྲེལ་བ་གཏིང་ཟག་ཡོད་པ་དང་། རང་དགོན་གྱི་བསྟན་སྲུང་གཅོ་བོ་ཡང་དྲེལ་དམར་ཡིན་པ་རྣམས་དགོངས་ནས་མཆོག་སྤྲུལ་ཉི་མ་གཤེན་ཚང་སུ་ཕེབས་ནས་གཤེན་རིན་པོ་ཆེའི་སྐུ་མདུན་དབྱར་གཞུང་གཉིས་ལ་བཞུགས་ཏེ་མ་རྒྱུད་དབང་བཞི་དང་ཁྲིད་རིམས་རྣམས་གསན་པ་དང་། ལྷག་པར་དུ་དྲེལ་དམར་བཀའ་གཏད་རྗེས་གནང་བཅས་ཐོབ་པས་ཁོང་གི་ཐུགས་དམ་ཡང་དེ་ལྟར་བཟུང་། མདོར་ན་བགྲང་བྱ་ཧྲིལ་པོ་དགུའི་རིང་གྲྭ་ས་ཁག་བཞུགས་པ་ལ་སྐབས་དེ་མཆེད་གྲོགས་གཉིས་ཀྱི་ཡང་ཡང་སྐུལ་མའི་འོག་སླར་རང་ཡུལ་དུ་འཁོར་བའི་འདུན་པ་བྱུང་བས། ཁོང་གི་སྤྱིར་ང་ཡི་ལུས་འདི་གདན་ས་སྨན་རི་ལ་བོར་ཏེ་གསས་ཁང་གཅིག་བཞེང་འདང་ཡིན་རུང་ད་དེ་འདྲ་མ་འོང་ན་ང་ཉི་མ་ཡིས་སྨན་རི་ཚང་ལ་གྲྭ་ཁང་གཅིག་ངེས་པར་དུ་བཞེངས་དགོས་གསུངས་ནས་ཁོང་གི་དཀོར་རྫས་དང་ས་ནག་ཚང་གི་རྒྱུ་དངོས་གཞུང་བཞེས་བྱས་པ་རྣམས་ཀྱིས་ཉག་རོང་ཁང་ཚན་ཞེས་པ་དེ་བསྐྲུན་ནས་ཨ་ཀྱ་འགན་འཛིན་བཞག་པས་ཕྱིས་སུ་ཨ་ཀྱ་ཁང་ཚན་གྲགས། དེ་ནས་མཆོག་སྤྲུལ་ཉི་མ་དཔོན་གཡོག་གསུམ་ཁ་དབུས་ཉི་མ་ལྷ་ས་ལ་བྱོན་ཏེ་རི་ཆེན་བཞི་ལ་སྐོར་རྩེ་དང་ཇོ་ཤཀ་རྣམས་གཉིས་ལ་མཆོད་མཇལ་མཆོད་མེ་ཕུལ། གདན་ས་གསུམ་དང་རྭ་སྒྲེང་དགོན་དང་སྨིན་གྲོལ་གླིང་རྣམས་ལ་མང་ཇ་དང་སྐུ་འགྱེད་བཏང་། རྩེ་པོ་ཏོ་ལ་རུ་རྒྱལ་མཆོག་ལྔ་པའི་གསེར་གདུང་འཛམ་གླིང་རྒྱན་གཅིག་དང་མཆོད་རྫས་རྣམས་མཇལ་ཁ་ཞུས། ཉག་རོང་སྤྱི་ཁྱབ་བརྒྱུད་དེ་ནོར་གླིང་དུ་རྒྱལ་བའི་ཡོངས་འཛིན་དང་རྒྱལ་མཆོག་བཅུ་གསུམ་པའི་གསེར་ཞལ་མཇལ་བས་དགའ་བ་ཚད་མེད་པ་བསྐྱེད། ༧ གོང་ས་མཆོག་གིས་འབྱུང་འགྱུར་གྱི་བཀའ་མོལ་དང་གསོན་རས་བཅས་བསྩལ། ལྷ་ལྡན་གཙུག་ལྷ་ཁང་དུ་བྱོན་ཏེ་ཇོ་བོ་རིན་པོ་ཆེ་ལ་ཞལ་གསེར་ལན་གསུམ་འབུལ་བའི་མཐའ་མ་ལ་ཇོ་བོ་ཡིད་བཞིན་ནོར་བུ་མདུན་དུ་ཁོང་གིས་ཕྱག་ཟུང་གཉིས་ཁ་ཐལ་མོར་སྦྱར་ནས་ཁམས་མཐའ་ཡི་མི་རྣམས་ཀྱིས་ཇོ་བོ་རིན་པོ་ཆེ་ལ་དད་གུས་ཆེ་ཚུལ་དང་ལྷག་པར་དུ་ཉག་དཔོན་གྱིས་ཁྱེད་ཉིད་ཉག་ཡུལ་ལ་གདན་འདྲེན་གྱི་འདུན་པ་སྐྱེས་ཀྱང་དོན་སྨིན་མ་བྱུང་བས་ད་ལན་བདག་གིས་ཉིད་དང་གཉིས་སུ་མ་མཆིས་པ་གཅིག་ངེས་པ་དུ་བཞེངས་ངེས་ཡིན་པས་བདག་གི་གང་ལྟར་སྨོན་ལམ་བཏབས་པ་དེ་བཞིན་དུ་གྲུབ་པ་གྱུར་ཅིག་གསུངས་ནས་སྨོན་ལམ་ཡང་ཡང་མཛད་དེ་ཞལ་ཚད་རྣམས་སྐུ་པ་དང་འཇག་མ་ལ་བཟུང་ནས་རང་ཡུལ་དུ་བྱོན། དེའི་ལམ་ཁར་ཀཿཐོག་ཞིང་སྐྱོང་རིན་པོ་ཆེ་དང་མཁན་པོ་སྐལ་བཟང་དབང་ཕྱུག་སོགས་མཇལ་འཕྲད་གནང་ཞིག་ཐུགས་སྨོན་མཛད། ལོ་དེར་དགོན་སྡེ་གཉིས་ཀྱིས་གསོལ་བ་བཏབས་པའི་འབྲས་རྟགས་སུ་མཆོག་སྤྲུལ་ཉི་མ་རིན་པོ་ཆེ་རང་ཡུལ་དུ་ཞལ་སོ་འཁོད་བར་ཐོས་འཕྲལ་དད་ལྡན་མི་སེར་འདུས་པ་བརྒྱ་ཕྲག་ལྷག་གིས་སྔོན་བསུ་ལེགས་པར་བྱས་ཏེ་བླ་བྲང་ཉི་འོད་འབར་བ་རུ་ཞལ་སོར་ཁོད།
གསུམ་པ་ལུང་གི་བསྟན་པའི་གདུལ་བྱ་སློབ་མ་སྐྱོང་ནས་སྐུ་གསུང་ཐུགས་རྟེན་བཞེངས་ཚུལ་ལ། དགོན་སྡེ་ལེགས་སྒྲིག་མཛད་དེ་དབང་ལུང་གི་རྒྱུད་ཁ་སྤེལ་ཚུལ་དང་། སྐུ་གསུང་ཐུགས་རྟེན་བཞེས་པ་གཉིས། དང་པོ་ལ་དགོན་སྡེ་ལེགས་སྒྲིག་མཛད་པ་དང་དབང་ལུང་གི་རྒྱུད་ཁ་སྤེལ་བ་གཉིས། དང་པོ་ནི། དེ་ནས་དགོན་པའི་ཉམས་གསོའི་བྱ་བ་ལ་བརྩོན་པ་ནི། མཆོག་སྤྲུལ་ཉི་མ་རིན་པོ་ཆེའི་དགོན་པའི་སྒྲིག་གཞི་དང་འཕྲིན་ལས་གྱི་རིམ་པ་ལེགས་སྒྲིག་གནང་བ་ལ། མཆོག་སྤྲུལ་རིན་པོ་ཆེའི་དགོན་འདི་ཡུལ་ལུང་གི་འགྲོ་སྲོལ་དམ་པ་གོང་མའི་དགོངས་པ་དང་འགལ་བའི་རིགས་ཀྱི་ཕྱག་ལེན་རྣམས་རྦད་དེ་བཀག་ནས་གྲྭ་སའི་གོང་མའི་ཕྱག་སྲོལ་བཞིན་དུ་༼གདངས་སྐད་འབྲུག་མོ་ལྡིར་བ་༽ལྟར་དབལ་གསས་ཞི་དྲག་དང་བཀའ་སྐྱོང་སྡེ་དྲུག་ལ་གྱེར་དབྱངས་དང་ཐིག་རྡུལ་མཚོན་རྣམས་ཇི་ལྟར་བཞིན་དུ་བསླབ། ཁོང་གིས་གྲྭ་སར་གོང་མ་ནས་བསྣམས་པའི་༼སྨན་རིའི་གསང་སྔགས་སྤྱིའི་འགྲོ་ལུགས་༽གཡུང་དྲུང་ཉི་རྒྱས་མཛད་པ་ལྟར་འགྲོ་དགོས་པ་དང་དགོན་པའི་བཅའ་ཡིག་བཅས་བཀོད། དེ་བཞིན་དུ་དགོན་པའི་དགུ་གཏོ་ལ་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན་གཏོ་མ་བཅའ་བཟོ་ནས་བཟུང་སྟེ་ཉེར་གསུམ་ལ་འཚོགས་ཁང་དུ་དབལ་གསས་ཞི་དྲག་གི་ས་ཆོག་བཞག སྒྲུབ་ཁང་གཡས་གཡོན་གཉིས་སུ་སྟག་ལ་དང་ཕུར་པའི་སྒྲུབ་ཁ་བཟུང་ནས་བདུན་སྒྲུབ་གཅིག་བསྒྲུབས་མཐའ་ཉེར་བརྒྱད་ནས་ཉེར་དགུ་བར་ལ་༼སྒྱུ་འཕྲུལ་གར་གྱི་འཆམ་རྩ་༽ལྟར་གཟེར་མ་དགུ་དང་གྱེར་མོ་དགུ་ཡི་འཆམ་དང་། དབལ་གསས་ལས་རིམ་གྱི་འཆམ་དང་ཕུར་པའི་སྨད་ལས་སྟག་ལ་ལྔ་འཆམ་གཏོར་རྒྱག་བཅས་དང་། གནམ་གང་ལ་ཡུལ་དགོན་གཉིས་ཀྱིས་གསོལ་ཁ་དང་སྲུང་མར་འཕྲིན་བཅོལ་འབུལ་བས་བཀྲ་ཤིས་ཀྱིས་མཐའ་ཕྱུང་། (དེ་ལྟར་ཡིན་པར་མཚོན་དོན་དུ་ཞི་བ་ཨ་གསལ་གྱི་གསོལ་འདེབས་སུ་མཁན་རབས་བཅུ་གཉིས་པ་ཤེས་རབ་བློ་གྲོས་ནས་ཉེར་བདུན་པ་བསྟན་འཛིན་ཚུལ་ཁྲིམས་བར་དང་། དབལ་གསས་ལས་རིམ་འགྲོ་མགོན་བློ་གྲོས་ཅན་དང་མཉམ་མེད་བླ་མས་མཛད་པའི་མངོན་རྟོགས་འཁོར་ལོ་དྲུག་བསྐྱེད་རྣམས་ཉག་ཡུལ་ན་ཐོག་མ་ཉི་མའི་ཕྱག་དཔེ་ལས་བྱུང་བ་མ་གཏོགས་དེའི་གོང་གི་ཨ་གསལ་དང་དབལ་གསས་དཔེ་ཆ་གཞན་ནང་མཇལ་ཡུལ་དུ་མེད་པ་དང་དེ་ལ་དཔེ་བཅས་མ་ཐག་པའི་ཨ་གསལ་ནང་ཟུར་འདེབས་ལྟར་བྲིས་ཡོད།) སྤྱིར་མཆོག་སྤྲུལ་ཉི་མའི་ཕ་གཞི་ས་ནག་ཤེལ་པ་ཚང་ནི་རྒྱལ་ཞིང་དགོན་པའི་ལྷ་སྡེ་རུ་གཏོགས་མོད་རྒྱལ་ཞིང་དགོན་པ་ནི་ས་ནག་ཚང་གིས་ཉག་རོང་སྤྱི་ཁྱབ་དང་བོད་གཞུང་ལ་རྒྱབ་རྟེན་བཅོལ་རྐྱེན་གྱིས་དགོན་སྡེ་གཉིས་ལ་རྡུང་རྡེག་ཐེབས་པའི་དབང་ཤུགས་ཀྱིས་བན་དྷེར་ནན་བན་བཅོས་པ་སོགས་ཀྱིས་བསང་གསོ་ཙམ་ལས་མེད་པའི་དགོན་གནས་སུ་གྱལ་སྐབས། ས་བྱ་ལོ་ལ་མཆོག་སྤྲུལ་ཉི་མ་རིན་པོ་ཆེ་ཐུགས་བཀོད་བཞིན་དུ་གཏེར་ཆེན་རིན་པོ་ཆེ་གདན་དྲངས་ཏེ་བོན་དགོན་རྒྱལ་སྦྱིན་དགོན་ལ་སྒྲུབ་ཆེན་བཙུགས། དགོན་པ་གསལ་བཞེས་བཀོད་པ་བྱས་4པས་མཆོག་སྤྲུལ་ཉི་མས་སྤྱི་ཁྱབ་རྒྱུན་ནས་བོད་གཞུང་ལ་བསྐྱར་གསོ་ཡི་རེ་འདུན་ཞུས་བཞིན་བཀའ་ཁྲོལ་དང་གསོལ་རས་བསྩལ་བས་ཀ་རིང་བཞི་ཅན་གྱི་འདུལ་ཁང་5རྟེན་དང་བརྟེན་པར་བཅས་ལེགས་པར་བསྐྲུན་པས་སྐུ་གསུམ་གྱི་ཞིང་ཁང་བཀོད་པའི་འདུལ་ཁང་ཡིན་པས་རྒྱལ་ཞིང་དགོན་པ་རུ་མཚན་གསོལ། ཉག་དཔོན་ཤུལ་མེད་དུ་གྱུར་རྗེས་རྒྱ་དམག་རྒྱ་དཔོན་ཚོ་ཡིས་རྟ་འུ་ལག་རྣམས་ལོ་ལྟར་ཉག་ཆུ་ཤར་ཕྱོགས་ནས་དེད་དེ་མི་སེར་ལ་བཤུ་གཞོག་དང་རྟ་དྲེལ་ལ་མནར་གཅོད་བཏང་བ་རྣམས་མ་བཟོད་དེ་མཆོག་སྤྲུལ་ཉི་མ་དང་ལྡིང་དཔོན་ཨ་རྟ་གཉིས་ཟུང་འབྲེལ་བྱེད་དེ་སྐུ་ངོ་སྤྱི་ཁྱབ་ལ་འབོད་སྐུལ་ཞུས་པས་རྟ་འུལ་ཉག་ཆུ་ཤར་ནུབ་གཉིས་ནས་རེ་མོ་བྱེད་དགོས་པ་དང་ཕོག་དཔོན་དང་ལྡིང་དཔོན་ལས་གཞན་བཅའ་དངོས་བཀའ་ས་མ་གཏོགས་དམག་མི་དཀྱུས་མ་དང་རྒྱ་མི་གཞན་ལ་ཞོན་རྟ་མི་དགོས་པ་དང་རྟ་བདག་ལ་རྟ་ལྕག་གཞུ་མི་ཆོག་པ་སོགས་ཆིངས་ཡིག་བཀོད་པ་དགོན་སྡེ་ཁག་གི་བསྔོ་བྱང་རྣམས་སུ་གསལ། དེ་ལྟར་བུ་མཛད་པ་ཆེན་ཞིག་སྐུ་དབང་བཙན་པ་དང་སྔར་བྱ་བཏང་བསྟན་འཛིན་དབང་གྲགས་ཉག་དཔོན་གྱི་དབུ་བླ་རུ་གྱུར་ཅིང་6ཆིང་དམག་ལ་ངོ་རྒོལ་བྱས་པའི་རྐྱེན་གྱིས་རྒྱ་དཔོན་རྣམས་སེམས་སུ་མ་བབ་བས་མཆོག་སྤྲུལ་རིན་པོ་ཆེ་ཁྲིམས་ལ་སྦྱར་ཏེ་ཉེས་ཆད་དགུ་རྩིས་ནས་རྐེད་གཅོད་པའི་ཁྲིམས་ཕོག དེ་ནས་དག་ཐང་བསྒྲིགས་ནས་མཆོག་སྤྲུལ་ཉི་མ་ཁྲིམས་ར་ནང་སྤྱན་དྲངས་ཏེ་པུས་གཙུགས་ནས་བཞུགས་སྐབས་ཕོག་དཔོན་དང་ཁྲིམས་དཔོན་7རྣམ་པས་མཆོག་སྤྲུལ་ཉི་མའི་ཞལ་ལ་སྤྱན་གསུམ་འབུར་ཞིག་མགུར་གྱི་ཕྱག་ཕྲེང་སྦྲུལ་ལ་མཐོང་བ་སོགས་མི་བཟོད་པའི་འཇིགས་སྣང་བསྐྱེད་པས་བཀྱིག་ཐག་རྣམས་བཤིས་ཏེ་རྒྱ་དཔོན་གྱི་དབུ་བླ་རུ་བཀུར། དུས་དེ་རྒྱ་དཔོན་གྱིས་བླ་མའི་སྐུ་གསུང་ཐུགས་ཀྱི་མཛད་པ་བདག་གིས་དེ་སྔོན་མ་མཐོང་བས་དེ་ལ་བཟོད་གསོལ་ཆེད་དུ་རྒྱ་དངུལ་དང་དངོས་རྫས་ཕུལ་བ་དང་། གཞན་ཡང་དུང་འཁོར་བཅུ་གསུམ་དང་ཟངས་གསེར་སྐུ་མང་པོ་བཞེངས་པས་ད་ལྟ་ཡང་དུང་འཁོར་རེ་གཉིས་མཇལ་ཡུལ་དུ་ཡོད།8 ས་ཁྱི་ལོར་མཆོག་སྤྲུལ་ཉི་མ་གཙོ་འཁོར་དང་བཅས་རྩ་བླ་ཡེ་ཤེས་རྡོ་རྗེའི་མདུན་དུ་བྱོན་ཏེ་བླ་མ་ཡེ་ཤེས་རྡོ་རྗེ་ལ་བརྟན་བཞུགས་འབུལ་ཞིག་བླ་སློབ་མཉམ་འཛོམས་ཀྱི་དགའ་སྟོན་བྱེད། བླ་མ་ཡེ་ཤེས་རྡོ་རྗེ་ཡིས་མཆོག་སྤྲུལ་ཉི་མ་ལ་གསོལ་འདེབས་ཕུལ་བ་འདི་ལྟར། ཨེ་མ་ཧོ། རབ་འབྱམས་རྒྱལ་ཀུན་ཐུགས་ཉིད་གཡུང་དྲུང་ཀློང་། །སྔགས་འགྱུར་བསྟན་པའི་ཉི་མ་མཆོག་སྤྲུལ་ཆེ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཐུགས་རྗེ་མཁྱེན་རྩེ་ཆེན་པོ་གཟིགས་སུ་གསོལ།9 སོགས་ཕུལ། དེ་ལྟར་དགྱེས་འཛོམས་གྱིས་བསྟོད་པ་དང་རྟོགས་པའི་མ་འདལ་འབུལ་ཚུལ་ཡེ་རྡོ་རྣམ་ཐར་ལས་བྱུང་བ་བཞིན་ལགས། དེ་ནས་གཏེར་ཆེན་ཡབ་ཡུམ་སོགས་ཀྱིས་རེ་ཞུ་ལྟར་དབལ་ཁྱུང་དགོན་དུ་བྱོན་ཏེ་ས་བདག་ཉེ་ལམ་སྡེ་བཞི་དང་འཁྲུགས་བཅོས་ཀྱི་མགོན་ཆེན་བརྒྱད་ཀྱི་བུམ་གཏེར་བསྒྲུབ།10 ས་བྱ་ལོར་མཆོག་སྤྲུལ་ཉི་མའི་མ་ཡུམ་འདུ་བྱེད་ཀྱི་འཕེལ་པ་རྫོགས་པས་དགེ་རྫོགས་སུ་གཏེར་ཆེན་རིན་པོ་གདན་དྲངས་པ་རྣམ་ཐར་ལས། གོང་རྒྱལ་མཆོག་སྤྲུལ་ཉི་མའི་མ་ཡུམ་དགེ་རྫོགས་ལ་བསུ་བ་བྱུང་བཞིན་སོང་ནས་གནད་སྨིན་བྱས་11གསུངས་པ་ལྟར་ཁོང་གི་ཡབ་ཡུམ་གཉིས་ཀྱི་དགེ་རྩ་རུ་དམིགས་ཏེ་འདུལ་ཐང་ཆེན་བ་རིན་ཐང་དང་ལྡན་པ་གཉིས་བཞེངས།
གཉིས་པ་དབང་ལུང་གི་རྒྱུད་ཁ་སྤེལ་ཚུལ་ནི། སྤྱིར་མཆོག་སྤྲུལ་ཉི་མའི་གཙོ་བོ་དབང་ལུང་གི་རྒྱུད་ཁ་འཛིན་ཞིང་སྨན་རྩིས་ས་གསུམ་དང་འདོན་གྱེར་དབྱངས་གསུམ་ལ་མཛད་རྗེས་ཤིན་ཏུ་ཆེ་བ་ཡིན་པར་མཁའ་འགྲོའི་རྣམ་ཐར་ལས་ཤིང་སྟག་ལོ་མཁའ་འགྲོ་དབང་སྒྲོན་སོགས་ལ་སྤྱི་སྤུངས་ཕྱི་ནང་གསང་གསུམ་དང་ཚེ་དབང་རྣམ་ཐར་རྣམས་ལུང་གནང་12བས་དེ་ནས་བྱུང་བའི་སློབ་མ་ལ་རིན་ཁོ་སྐུ་མཆེད་དང་བློ་གྲོས་ཀ་འབར་ཨ་མྱེ་སྤྲུལ་སྐུ་སོགས་མང་དུ་བྱུང་། གཞན་ཡང་ཨ་མྱེ་སྤྲུལ་སྐུ་ཡི་གཏེར་ཆོས་རིག་འཛིན་དགོངས་པ་ཡོངས་འདུས་ལས༔ གུ་རུ་བདུད་ལས་རྣམ་རྒྱལ་སྒྲུབ་སྐོར་གྱི་ཆོས་བདག་ཡང་མཆོག་སྤྲུལ་ཉི་མ་ཡིན་པ་གསུང་13པས་དམ་པ་དེ་དང་འབྲེལ་བ་གཏིང་ཟབ་ལྡན་པའི་བླ་སློབ་ཡིན་པ་དང་། དེ་བཞིན་དུ་སྟོད་སྨན་གྱི་བླ་གྲྭ་སེར་སྐྱ་དུ་མ་ལ་སྨན་རྩིས་ཀྱི་བཤད་པ་དང་རྩ་མདོ་ཆུ་མདོ་ཡི་ལག་ལེན་དང་སྨན་རྩྭ་ངོས་འཛིན་བཅས་མྱོང་བ་དང་སྦྱར་ཏེ་བཤད་ཁྲིད་གནང་ཚུལ་བདུད་འདུལ་རིན་པོ་ཆེའི་ཞལ་ནས་ཐོས།14 དེ་དང་འདྲ་བ་ཡིག་གཟུགས་སྒྱུ་རྩལ་ལ་ཟབ་གཤའ་དཀར་ནག་དང་དགུ་ཡིག་སྡེ་སྣོད་ས་བྲིས་བཅས་སློབ་གཞི་བཟུང་ཞིག་ཉག་སྟོད་སྨད་ཀྱི་སེར་སྐྱ་མང་པོས་སྦྱོངས་ནས་ཡིག་མཁན་ལ་བླ་མ་མཆོག་རྒྱལ་དང་ཨ་གྱུར་ཅ་གྱེར་ཀྲུང་རེས་བཟོད་པ་སོགས་བྱུང་། དེ་ལྟར་བུའི་ཡིག་གཟུགས་བཞི་ཁ་མཆོག་སྤྲུལ་ཉི་མ་ཡིས་ཕྱག་བྲིས་མཛད་པ་ད་ལྟ་ཡང་མཇལ་རྒྱུ་ཡོད། དེ་དུས་ཤོག་གུ་བཟོ་བའི་ལས་གཞི་ལ་རང་འཐག་དང་ཤོག་གུ་འདུར་ཁང་བཅས་བཟོས། ཁྱིམ་བདག་མེད་པའི་ཡིག་མཁན་བཞི་ལ་རྒྱུ་ལྡན་གསོ་ཟས་བླ་བྲང་ནས་སྦྱར་ཞིང་དེ་ཚོས་བྲིས་པའི་ཡི་གེ་པོད་ཏི་བརྒྱ་ཕྲག་ཙམ་བྲིས་ནས་གོང་རྒྱལ་དགོན་པ་གཙོས་ཉག་སྟོད་སྨད་དགོན་ཁ་ལ་བོན་སྦྱིན་གནང་བས་ད་ལྟ་ཡང་མང་པོ་མཐོང་རྒྱུ་ཡོད།
གཏེར་གྲུབ་གཉིས་གདན་དྲངས་ཏེ་མན་ངག་གི་རྒྱུད་ཁ་སྤེལ་བ། ཆུ་ཡོས་ལོར་རྫ་སྟེང་ཆེན་དགོན་པ་ལ་གྲུབ་མཐའི་སྡང་སེམས་དབང་གིས་འཇིག་པ་ཐེབ་ནས་ཀུན་མཁྱེན་ཤར་རྫ་པ་བྲོས་བཤོལ་ལ་ཉག་ཡུལ་དུ་ཕེབས་ཐོག་མཆོག་སྤྲུལ་ཉི་མས་བྱ་བཏང་བླ་བྲང་དུ་གདན་འདྲེན་ཞུས་ཏེ་15སྔ་རྗེས་སུ་ཤར་རྫ་རིན་པོ་ཆེའི་མདུན་ནས་འདུལ་བའི་བཤད་ཁྲིད་དང་མཆོག་ལྔ་རྣམས་ཀྱི་དབང་ལུང་མང་པོ་ཞུས་པ་ལུང་ཐོ་ལྟར་རོ། ལྷག་པར་དུ་ཤིང་སྦྲུལ་ལོར་ཤར་རྫ་རིན་པོ་ཆེན་གྱི་དགོན་པ་ལ་ཆག་འཇིགས་བྱུང་ཚུལ་དང་འབྱུང་འགྱུར་དགོན་སྡེ་ཉམས་གསོ་ཆོག་པའི་མགོ་འདྲེན་བཅས་སྤྱི་ཁྱབ་སྐུ་ངོ་རྒྱུད་གོང་ས་ཐམས་ཅད་མཁྱེན་པ་ལ་སྙན་གསོལ་ཞུས་པས་དགོན་སྡེ་རང་མལ་དུ་ཆགས་ཆོག་པའི་བཀའ་ཤོག་འབྱོར་བར་བརྟེན། སྤྱི་ཁྱབ་སྐུ་ཚབས་མི་སྣ་དང་ལྡིང་དཔོན་ཨ་རྟ་བཅས་དཀར་ནག་མཐའ་སེལ་རིམ་པར་བཏང་།16 མེ་རྟ་ལོར་མཆོག་སྤྲུལ་ཉི་མས་ཆེད་མངག་གིས་ཤར་རྫ་རིན་པོ་ཆེ་གདན་དྲངས་ནས་ཁོ་ཚོ་བླ་སློབ་འགའ་ལ་གཡུང་དྲུང་རིན་ཆེན་འབར་བ་རུ་བཀའ་གཏེར་ཁ་སྦྱོར་གྱི་རྫོགས་ཆེན་དབང་བཞིའི་གསུངས་17པས་ཀུན་མཁྱེན་བླ་མའི་རྫོགས་ཆེན་གྱི་དབང་བཞིའི་བསྐུར་བའི་བདག་རྐྱེན་དང་སློབ་མ་ཐོག་མ་རུ་གྱུར། མཆོག་སྤྲུལ་ཉི་མས་བཀའ་བསྐུལ་བཞིན་དུ་ཀུན་མཁྱེན་བླ་མའི་བོན་སྐུ་སྨོན་ལམ་རྩ་འགྲེལ་གཉིས་ཁ་བརྩམས་ཤིང་དེའི་ཤིང་པར་མཆོག་སྤྲུལ་ཉི་མས་བསྐོས།18 གཞན་ཡང་ཀུན་མཁྱེན་ཤར་རྫ་པའི་མཛོད་ཆེན་རྣམ་ལྔ་གཙོ་བོར་གྱུར་པའི་ལེགས་བཤད་མང་པོ་བརྩམས་པའི་བདག་རྐྱེན་དང་ཤིང་པར་དུ་བསྐོས་པ་སོགས་ཀུན་མཁྱེན་བླ་མའི་གསུང་གི་མཛད་བྱང་དུ་གསལ་བས་རེ་རེ་བཞིན་ངལ་བ་མི་བྱེད་དོ། མེ་འབྲུག་ལོར་མཆོག་སྤྲུལ་ཉི་མས་གཏེར་ཆེན་རིན་པོ་ཆེ་ཡབ་ཡུམ་གཉིས་གོང་རྒྱལ་དགོན་དུ་གདན་དྲངས་ཏེ་གཏེར་གསར་རྙིང་གཉིས་ཀྱི་དབང་ལུང་ཟླ་བ་བཞིའི་རིང་གསུངས། བྱ་བཏང་སྤྲུལ་སྐུ་རྣམ་གཉིས་ཀྱི་བཀའ་བསྐུལ་བཞིན་དུ་གཏེར་ཆེན་རིན་པོ་ཆེའི་གཡུང་དྲུང་རིན་ཆེན་འབར་བ་ལ་གནས་ཡིག་བཀོད་ཞིང་སྐོར་ལམ་གཏོད་19གསུངས་པ་བཞིན་དུ་གཏེར་གསར་རྙིང་གཉིས་ཀྱི་སྒྲུབ་གཞུང་དང་རྒྱུད་སྡེ་སྐོར་དབང་ལུང་རྒྱུད་ཁ་སྤེལ་བས་དེ་ནས་བྱུང་བ་ལུང་ཐོ་ལྟར་རོ། སྔ་ཕྱི་རུ་གཏེར་ཆེན་རིན་པོ་ཆེས་གཡུང་དྲུང་རིན་ཆེན་འབར་བ་ནས་ཟབ་གཏེར་བཞེས་པ་སྐུ་གསུམ་བླ་མ་དྲག་ཕུར་དང་བཀའ་གསང་ལྷ་མོ་རྣམས་ཕབས་དགོས་བསྐུལ་མ་ཞུས་པ་དང་གཏེར་ཆེན་གྱི་གཏེར་བདག་གི་སློབ་མ་གཙོ་བོ་རུ་གྱུར་པ་ལུང་གིས་ཟིན་ཚུལ་ནི། ཁ་བྱང་གསང་བའི་ལྡེ་མིག་ལས། རིགས་མཆོག་ལས་ཅན་སློབ་མ་ལྔ་ཕྲག་ནིཿ སྐྱེས་བུ་དྲུང་མུ་ཝེར་ཞི་ཉི་རི་ཤེལཿ རརྣ་པུཎྡྱཻ་པ་ཤཾ་སོགས་ལ་གདམཿ20 ཞེས་ལུང་ཟིན་གྱི་སྐྱེས་བུ་ལྔའི་ནང་ཚན་དྲུང་མུ་མཚན་དུ་ངེས་པས་གཏེར་ཆེན་རིན་པོ་ཆེའི་གཏེར་བདག་མཆོག་གྱུར་དུ་གཟིགས་ཡོད། དེའི་ཕྱིར་མཆོག་སྤྲུལ་ཉི་མ་རིན་པོ་ཆེས་གཏེར་ཆེན་རིན་པོ་ཆེའི་ཟབ་གཏེར་ཡོངས་རྫོགས་འབྲི་པར་ཅི་རིགས་བཞེངས་པ་དང་གཏེར་ཆེན་གྱི་སྐྱེས་ཚོགས་བཅུ་གསུམ་དང་མཁའ་འགྲོའི་སྐྱེས་ཚོགས་རྣམས་ལྡེབ་བྲིས་མཛད། ས་ཕོ་འབྲུག་གི་ལོར་མཆོག་སྤྲུལ་ཉི་མས་གཏེར་ཆེན་གསང་སྔགས་གླིང་པ་རང་དགོན་གོང་རྒྱལ་དགོན་དུ་གདན་འདྲེན་ཞུས་ནས་རྒྱལ་བའི་བཀའ་འགྱུར་ཆེན་པོ་དབང་ལུང་གི་འཆད་རྒྱུད་ཟླ་བ་བཞི་ལྷག་གི་རིང་སྤེལ་ཞིང་21སྐབས་དེ་གཏེར་ཆེན་རིན་པོ་ཆེ་ལ་ཀ་རྒྱལ་ཚང་གི་ཕུལ་བའི་བཀའ་འགྱུར་ལ་གླེགས་ཐག་དང་གླེགས་ཤིང་བཅས་མཆོག་སྤྲུལ་ཉི་མས་ལེགས་བསྒྲིགས་གནང་བས་ད་ལྟ་ཡང་དབལ་ཁྱུང་དགོན་དུ་རེ་གཉིས་མཇལ་ཡུལ་དུ་ཡོད།
གཉིས་པ་སྐུ་གསུང་ཐུགས་རྟེན་བཞེས་ཚུལ་ལ་གསུམ། དང་པོ་སྐུ་རྟེན་བཞེས་ཚུལ་ནི། མཆོག་སྤྲུལ་ཉི་མས་ཇོ་བོ་མདུན་དུ་དམ་བཅལ་ཕུལ་བའི་ཐུགས་རྟགས་མངོན་དུ་འགྱུར་ཕྱིར་དགོན་པའི་འདུལ་ཁང་གི་གཡོན་ཕྱོགས་སུ་གསས་ཁང་ཀ་རིང་བཞི་ཅན་གྱི་ཐོག་རྩེགས་གཉིས་ཀྱི་རྒྱ་ཕིབས་མགོན་ཁང་དང་བཅས་གསལ་བཞེས་མཛད། གསས་ཁང་གི་རྨང་གཞི་བཏིང་སྐབས་གྱང་ཕྱར་ཞིག་རལ་ཅན་ལ་གནས་བརྟན་བཅུ་དྲུག་ལྡེབ་བྲིས་གཅིག་ཡོད་པས་དེ་གཤེགས་གསོ་ཞུ་དགོས་བྱུང་བས་དེ་ལ་མཆོག་སྤྲུལ་ཉི་མ་ཡིས་ཕྱག་གསུམ་འཚལ་ཏེ་གནས་སྐུ་གཅིག་གི་ཚབ་ལ་གནས་སྐུ་གསུམ་བཞེངས་གསུངས་ནས། ཕྱིས་སུ་སྔ་ལྟར་ས་མིག་དེར་ལྡེབ་བྲིས་གཅིག་དང་ཟངས་མའི་རྡུང་བ་དང་མཁར་བའི་འབུར་བླུག་བཅས་གསུམ་བཞེངས་བས་དེང་སང་མཇལ་རྒྱུ་ཡོད། (གསས་ཁང་གི་སྒོ་འཁྱམས་ལོག་རིས་རྣམས་ལུང་པ་ཨ་སྐལ་ཚང་གི་སྦྱིན་བདག་བྱས། དེ་འདྲ་བ་གསས་ཁང་གི་སྦྱིན་བདག་རྣམས་ཐོག་རྩེགས་འོག་མའི་གཡས་ཕྱོགས་སུ་ལྡེབ་བྲིས་སུ་གསལ་བ་ལྟར་ལགས།) མགོན་ཁང་དུ་མགོན་པོ་ཚོགས་བདག་གཙོ་བོར་གྱུར་པའི་སྐུ་གསུང་ཐུགས་ཀྱི་མགོན་པོ་གསུམ་དང་མ་གཟའ་གཤིན་གསུམ་བཅས་སྨན་འདམ་སྐུ་དང་མགོན་པོའི་གཞུང་ལྟར་དྲག་པོ་གཞལ་ཡས་ཁང་གི་བཀོད་པ་ཡོངས་རྫོགས་ལྡེབ་རིས་བྱེད་ཡོད། གཙང་ཁང་དུ་སྔར་དབུས་ཉི་མ་ལྷ་ས་ནས་དམ་བཅའ་ཕུལ་བ་ལྟར་གྱི་རྟེན་གཙོར་ཇོ་བོའི་སྐུ་དེ་ཟངས་གསེར་ལས་གྲུབ་པའི་རྒྱན་དྲུག་དང་བཅས་པ་ལྷ་ས་ཇོ་བོ་དང་ངོ་མཉམ་པ་གཅིག་བཞེས། འདིའི་རྟེན་སྐུ་རྩ་བརླག་ཏུ་སོང་མོད་རྒྱན་དྲུག་རྣམས་ད་ལྟ་ཡང་མཇལ་རྒྱུ་ཡོད། དེ་བཞིན་བླ་ཆེན་དྲན་པ་ཡབ་སྲས་དང་གསང་གླིང་ཤར་རྫ་སོགས་བླ་སྐུ་བླུག་མ་དང་། ཆབ་མདོ་དང་རྒྱ་ནག་ལུ་མ་སོགས་ཀྱི་ཆེན་ཆུང་ཅི་རིགས་དང་ལྡན་པའི་སྐུ་བརྒྱ་དང་བཅུ་གསུམ་བཞེས་22ཤིང་དེ་དག་གི་མདུན་དུ་ནང་མཆོད་སྐོར་གསེར་དངུལ་བཀྲ་མའི་རྒྱན་བཅས་བཞེངས་པས་གནས་རྟེན་བགྲེས་པོ་ཚོའི་མཆོག་སྤྲུལ་ཉི་མའི་མཛད་རྣམ་གླིང་སྐབས་‘‘སྤྲུལ་སྐུ་ཉི་མ་ཡིས་གསས་ཁང་བཞེང་དུས་ཨར་ལས་དང་སྐུ་རྣམས་ལ་གསེར་བྱུག་ཆེད་རས་བལ་གྱིས་ཕྱི་བདར་བྱས་ནས་ཕྱག་ཞབས་གཉིས་ཁ་དྲེད་མོའི་སྡེར་མོ་འདྲ་སེར་ཀ་གས་ཡོད་’’གསུངས་ཞོར་མིག་ཆུ་དབང་མེད་དུ་ཤོར་འོང་།
གཉིས་པ་གསུང་རྟེན་བཞེང་ཚུལ་ནི། དེ་ནས་མཆོག་སྤྲུལ་རིན་པོ་ཆེས་རྒྱལ་ཡིག་གསུང་རབ་དཔར་དུ་སྐོར་པ་ནི་དྲན་པ་བཀའ་ཐང་པར་བྱང་དུ་“དབལ་ཁྱུང་བླ་བྲང་དཔལ་ལྡན་གོང་རྒྱལ་དགོན། །གཏོང་ཕོད་འཛད་པ་མེད་པའི་བསོད་ནམས་དང་། སྡོམ་བརྩོན་གཡུང་དྲུང་ཡེ་ཤེས་ཡིག་རིས་ཀྱི། །ནོར་བུ་ཡུ་བ་བརྟན་པའི་རྩེར་བཀོད་ནས། ༡༡ །གཤེན་བསྟན་ཁང་བཟང་རྩེ་ནས་ལྷ་ལྷུབ་རུ། །རྣམ་པར་གཡོ་བའི་རྒྱལ་མཚན་མངོན་མཐོ་བ། །སྙིང་སྟོབས་ཕྲག་པར་བཟུང་ནས་ངོམས་མཁས་པ། །མཆོག་སྤྲུལ་ཉི༵་མ༵འི་མཚན་གྱི་བཀའ་དྲིན་མཐུ། ༡༢ །སྙིགས་མའི་དུས་ཀྱི་མུན་ཁྲོད་སྡུག་པོ་རུ། །སྙིང་སྟོབས་ཁོ་ལག་རྒྱས་པའི་ཕྲིན་ལས་ཀྱིས། །རྒྱལ་བསྟན་སྒྲོན་མེ་འདེགས་པའི་ཁུར་བསྣམས་པའི། །སྐལ་བ་དེ་ཡང་གངས་ཅན་དཔལ་དུ་གྲུབ།༡༣ཞེས་པ་གསལ་བར་བཞིན་དུ་དྲན་པ་བཀའ་ཐང་པོད་བརྒྱད་ཅན་དང་ཚེ་དབང་རྣམ་ཐར་པོད་བཞི་དང་སྐུ་གསུམ་ཕུར་སྒྲུབ་དང་གུ་དྲག་སོགས་གསང་གླིང་གི་ཟབ་གཏེར་སྐོར་ལྡེབ་རིང་ཐུང་སྟོང་ཚོ་བཞི་ལྷག་པར་སྐོས། གཞན་ཡང་བླ་མ་ཁོང་གི་ཐུགས་དམ་གྱི་བོན་སྒོ་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བཀའ་བརྒྱུད་སྐོར་བཞིའི་ཡེ་དབང་དང་བཅས་པ་ལྡེབ་རིང་ལྔ་བརྒྱ་ཅན་པར་དུ་སྐོས། དེ་བཞིན་དུ་མི་སེར་རྣམས་ལ་ཉེར་བ་མཁོ་བའི་རྣམ་རྒྱལ་གཟུགས་ཆེན་དགོངས་འདུས་ཐོས་གྲོལ། དགོན་པ་གྲྭ་ཚོ་ལ་དགོས་ངེས་ཀྱི་འདུལ་བའི་བཤད་གཞི་ནས་བཟུང་དབྱར་གནས་སྐོ་གསུམ་དང་ཞལ་འདོན་བོན་སྤྱོད་སྐོར་བཅས་པར་དུ་སྐོས། ཡང་ཀུན་མཁྱེན་ཉི་མས་མཛད་པའི་གཟུངས་གཞུག་འབུལ་བའི་ལག་ལེན་འཕྲུལ་གྱི་ལྡེ་མིག་ལྟར་ཀྱི་གཟུངས་གཞུག་རྒྱས་བསྡུས་གསུམ་ཁ་པར་དུ་བསྐྲུན་པ་སོགས་མདོར་ན་ལྡེབ་རིང་སྟོང་ལྔ་དང་བརྒྱ་ཕྲག་གཉིམ་ཙམ་དུ་ཤིང་པར་དུ་བསྐོས། འདི་རྣམས་ད་ལྟ་དངོས་སུ་མཇལ་ཡུལ་ཡོད། གོང་དུ་བཤད་པ་བཞིན་དུ་ཁྱིམ་བདག་མེད་པའི་ཆུ་ནང་བའི་གྲྭ་རྒན་བཞི་ལ་རྒྱུ་ལྡན་གསོ་ཟས་བླ་བྲང་ནས་སྦྱར་ཞིག་ཡི་གེ་པོད་ཏི་བརྒྱ་ཕྲག་ཙམ་འབྲི་རུ་བཅུག་ནས་གོང་རྒྱལ་དགོན་པ་གཙོས་ཉག་སྟོད་སྨད་ཀྱི་དགོན་སྡེ་ཁ་ལ་བོན་སྦྱིན་གནང་བས་མཛད་པ་སྐྱོང་། མཆོག་སྤྲུལ་རིན་པོ་ཆེའི་སྐུ་ཚེ་སྨད་ལ་ཁོ་བོས་དང་པོ་ནས་བཀའ་འགྱུར་ཞིག་བྲིས་ཡོད་ན་ཚར་ཚད་ཡིན་དང་ལུང་པ་འདི་ནང་འདོན་ཡིག་མེད་པས་འདོན་ཡིག་མང་པོ་བྲིས་ཡོད་གསུངས་མྱོང་།
གསུམ་པ་ཐུགས་རྟེན་བཞེང་ཚུལ་ནི། མཆོག་སྤྲུལ་ཉི་མ་ཡིས་དགོན་པའི་རྟེན་དང་བརྟན་པ་བཅས་ལེགས་པར་འགྲུབ་རྗེས་དགོན་པའི་ཕྱོགས་བཞི་ལ་མཐའ་འདུལ་གྱི་མཆོད་རྟེན་བཞི་དང་མདུན་ཕྱོགས་སུ་མཆོད་རྟེན་ཆབ་བརྒྱད་ས་རྡོ་ཡི་བཞེང་པ་དུས་སོང་ཡང་ཞིང་རས་ཅན་མཇལ་ཡུལ་ཡོད། དེ་བཞིན་དུ་གསེར་དངུལ་བཀྲ་མ་ལས་གྲུབ་ཅིང་གཟི་བྱི་རུ་ཡི་རྒྱན་པའི་རྣམ་རྒྱལ་མཆོད་རྟེན་ཁྱོ་ཡིག་འགར་བས་རྡུང་ཞིག་འགར་བའི་རྐེད་རྒྱན་ནས་གཟི་བླང་སྟེ་འབྲེལ་འཇོག་ཏུ་ཕྲ་བཙུགས་པ་རིང་ཚད་ལ་འདམ་དོ་ཅན་གཅིག་དང་གྲུ་གང་ཅན་གྱི་ཟངས་གསེར་ལས་གྲུབ་པའི་མཆོད་རྟེན་ཆབ་བརྒྱད་བཅས་བཞེངས་པ་སོགས་མདོ་བསྡུས་ཙམ་བཀོད་ན་དེ་ལྟར་ལགས།
གསུམ་པ་རྟོགས་པའི་བསྟན་པ་རང་དོན་དུ་བསྒྲུབ་པ་ཉམས་ལེན་བྱེད་ཚུལ་ནི། སྤྱིར་མཉམ་མེད་བླ་མས་ཡར་ངོ་ལ་འཆད་ཉན་དང་མར་ངོ་ལ་བསྙེན་སྒྲུབ་མཛད་པའི་རིང་ལུགས་བཞིན་དུ་མཆོག་སྤྲུལ་རིན་པོ་ཆེ་ཡིས་ཁོ་བོས་དག་པ་དྲང་སྲོང་གི་སྡོམ་པ་བཞེངས་ནས་བཟུང་སྟེ་འདུལ་བའི་བཅད་ལྟུང་ཕྲ་མོ་ཙམ་ཡང་གསོ་སྦྱོང་མ་བྱེད་པ་ཞག་གི་འདས་པ་མེད་གསུངས་པར་དང་། ཡང་ཁོང་གི་དགེ་སྦྱོར་བྱ་ཆའི་སྦྱིན་པ་རྣམ་བཞི་ཉིན་གཅིག་ཆག་མ་མྱོང་གསུངས་པ་བཞིན་དུ། ལོ་རེ་རེ་ལ་འདུལ་བའི་ལག་ལེན་ལྟར་དབྱར་སྔ་མ་ནས་དབྱར་གནས་ལ་གནས་པར་མཛད། དབྱར་གནས་དགག་དབྱེ་གྲོལ་རྗེས་དགུན་གྱི་ཟླ་ཚེས་བཟང་པོ་གང་རུང་གཅིག་ནས་གཞུང་རེ་བསྙེན་སྒྲུབ་མཛད་པའི་སྲོལ་ཡོད་པས། ཁོང་གི་སྐུ་ཚེས་གཅིག་ལ་མཆོག་ལྔའི་གཞུང་རེར་འཛབ་ཆེན་རེ་དང་སྒོས་དབལ་གསས་ཞི་དྲག་གཉིས་ལ་བསྙེན་ཆེན་རེ་ལྗགས་སྨིན་མཛད་པ་དང་། བོན་སྐྱོང་སྡེ་དྲུག་རེར་བསྙེན་ཆུང་རེ་དང་དྲེལ་དམར་དམ་ཅན་གཉིས་ལུས་དང་དྲི་བཞིན་འཁོར་བར་བསྒྲུབས་པས་ཅི་བཅོལ་གྱིས་ལས་སྒྲུབ་པའི་གཏམ་རྒྱུད་མང་དུ་བཤད་རྒྱུ་ཡོད། སྐུ་ཚེ་སྟོད་དུ་རྣམ་རྒྱལ་རྩ་སྒྲུབ་ཞག་23བརྒྱ་རེ་བཞུགས་པ་དང་སྨད་ལ་སྐུ་གསུམ་གྱི་བསྙེན་པ་དུང་རེར་བཏོན་པས་གྲུབ་རྟགས་སུ་དུང་སོ་འབུས་24པ་དང་། སེམས་དོན་ཉམ་ལེན་གྱི་སྟེང་ལ་བརྩོན་པ་ཆུ་བོ་རྒྱུན་ལྟར་བྱེད་པས་རྟོགས་པ་ལ་རང་དབང་འབྱོར་ནས་སྐྱེ་འཆི་ལ་རང་དབང་ཐོབ་ཚུལ་འོག་ནས་འབྱུང་བ་ལྟར་རོ། །
ལྔ་པ་འདི་སྣང་གི་བཀོད་པ་བསྡུས་ཚུལ་ལ་གཉིས་ཏེ། སྐུ་རྒྱུ་ཕྱག་རྫས་རྣམས་རྫོགས་ཕྱོགས་སུ་བསྔོས་ནས་ཞལ་ཆེམས་བཞག་པ་དང་། གཟུགས་སྐུའི་བཀོད་པ་བསྡུས་ཚུལ་ལོ། དང་པོ་ནི་དེ་ནས་སྐུ་ཚབ་ཚེ་དབང་ནམ་མཁའི་རབས་ཆད་ཅིག་ཡུམ་བཞེད་པ་དང་རྟེན་འབྲེལ་དུ་སྒྲོ་སྟོང་མགོར་སྐོན་པ་སོགས་ཀྱིས་མཆོག་སྤྲུལ་ཉི་མའི་ཐུགས་སུ་མ་བབས་ནས་ལྕགས་འབྲུག་ལོར་མ་སླེབས་པའི་ལོ་གཉིས་ཙམ་གྱི་སྔོན་ནས་ཁོང་གི་ཕྱག་རྫས་གཟིམས་ཁང་དང་བཅས་པ་ལ་སྒོ་ཐེམ་རྒྱག་སྟེ་རབས་ཆད་གཏན་གྲོགས་སུ་བཞེད་ན་སྒོ་གདན་རྡོག་པས་མི་བརྫིས་གསུངས་ནས་བླ་བྲང་དུ་མ་བྱོན་པ་དབྱར་བྱ་བཏང་རི་ཁྲོད་དང་དགུན་གཡུང་དྲུང་རིན་ཆེན་འབར་བའི་གནས་སུ་བྱོན་ནས་སྔ་བཞིན་ཚོགས་ལ་བཞུགས། དུས་དེ་མཆོག་སྤྲུལ་ཉི་མ་དང་སྐུ་ཚབ་གཉིས་མ་འཆོལ་བའི་གཏམ་ངན་ཉག་སྟོད་སྨད་དུ་ཁྱབ་པས་དཔོན་བླ་མང་པོས་འདུམ་འགྲིག་མཛད་མོད་ལེགས་ལམ་དུ་མ་བྱུང་ནས་ལུས། དེ་ནས་མཆོག་སྤྲུལ་ཉི་མའི་དབྱར་གཞུང་གཅིག་ལ་དགོན་པའི་གྲྭ་ཚོགས་ཆེ་ཆུང་མེད་པ་ཚོགས་ནས་མཉམ་དུ་ཐུགས་སྤྲོ་གཅིག་བཏང་སྟེ་ཐམས་ཅད་ལ་ཞལ་ཏ་མཛད་པས་ད་ནི་ང་ལོ་ན་ཆེན་པོ་རེད། ཁྱེད་གྲྭ་ཚོའི་ངེད་སྐུ་ཚབ་གཉིས་ཀྱི་ཁ་མཆུ་དེ་ཤོད་དང་ཁྱེད་ཚོའི་གང་གསུངས་ལྟར་ཁོ་བོས་སྒྲུབ་གསུངས། དེ་ནས་བླ་གྲྭ་རྒན་པ་ཚོས་གྲོས་མོལ་བྱེད་དེ་མཆོག་སྤྲུལ་ཉི་མ་སྔ་སྲོལ་ལྟར་བླ་བྲང་དུ་བྱོན་རྒྱུ་དང་དེ་ལ་སྐུ་ཚབ་ཚེ་དབང་ནམ་མཁའ་ཡིས་མནའ་བཤགས་ལ་བསྐོང་ཚོགས་བསགས་རྒྱུ་ཐག་བཅད་པས་ཁུ་ཚན་གཉིས་ཀྱིས་ཞལ་བཞེས་གནང་། དེ་དུས་ཁོང་གི་དགོན་པ་ལ་མེད་པའི་རྒྱུ་རྫས་ཁོ་ལ་གང་ཡོད་རྣམས་གསུངས་དང་ཁོང་གིས་དགོན་པ་ལ་ཕུལ་འོང་གསུངས་ནས་བླ་གྲྭ་རྒན་པ་ཚོས་གང་ཞུས་དང་མ་ཞུ་ཡང་ཁོང་གི་ཐུགས་ལ་ངེས་པ་དཔེར་ན་མཁར་རྔ་ཆེ་ཆུང་ནས་བྱ་མ་པང་དང་ཁྲུས་བུམ་ཡན་རྒྱུ་རྫས་ཆེན་ཆུང་གང་བཞག་རྣམས་དགོན་པའི་བསྔོ་ཡིག་དུ་གསལ་བ་དང་། དེ་ནས་དགོན་པའི་གྲྭ་བ་འབྲི་ཤེས་མི་རྣམས་ལ་ན་བཟའ་རིགས་དང་འབྲི་མི་ཤེས་མི་ལ་ཡི་གེ་སོགས་ཁོ་ཡི་ཁ་ཐོན་དང་བཅས་པ་གྲྭ་བ་ཀུན་ལ་སྐལ་རེ་བགོས་པས་ཁྱེད་ཚོའི་ཁོ་མི་བརྗེད་པའི་ཆེད་ཡིན་གསུངས་ནས་ཞལ་རྩེད་མཛད། དེ་བཞིན་དུ་མཆོད་ཆ་ཆེ་བའི་རིགས་རྣམས་འབྲེལ་ཡོད་ཉག་སྟོད་སྨད་ཀྱི་དགོན་པ་རྣམས་ལ་འབུལ་བས་ད་ལྟ་ཡང་བསགས་པ་ཆུད་ཟོས་སུ་མ་སོང་བའི་གུ་རུ་དགོན་པ་དང་གྱ་བཟི་ཞི་བ་དབལ་ཁྱུང་དགོན་རྣམས་ལ་ཉི་མ་མཁར་རྔ་དང་ཉི་མ་སྦུབ་ཆལ་ཉི་མ་སྤོས་ཕོར་བཅས་ཐོས་རྒྱུ་ཡོད། ཡང་ཁོང་གི་སྐུ་ཆས་ཆ་ཚང་གཅིག་ལ་ཐམ་ཁ་བཏགས་ནས་འབྱུང་འགྱུར་ཁོང་གི་སྐུ་སྐྱེས་འབྱུང་མིན་རྫ་ཀུན་གྲོལ་ལ་ཐུགས་བརྟག་ཆོད་དང་དེ་ལྟར་ཡིན་པས་དེ་བཞིན་ཁྱེད་ཚོའི་དགོངས་པ་མཛད་སོགས་བཀའ་མོལ་མང་དུ་གསུངས་ནས་མཐའ་མ་སོ་སོ་གྱེས་པས་མཆོག་སྤྲུལ་ཉི་མ་བྱ་བཏང་རི་ཁྲོད་དུ་སྔ་སྲོལ་ལྟར་བཞུགས།
གཉིས་པ་གཟུགས་སྐུའི་བཀོད་པ་བསྡུས་ཚུལ་ནི། ལྕགས་ཕོ་འབྲུག་གི་ལོའི་25ཟླ་བ་དགུ་པའི་ཚེས་བཅོ་ལྔའི་དགུང་མོ་ལ་ཞིང་སྨོན་གཉིས་ཁ་གསུངས་ནས་མཆོག་སྤྲུལ་ཉི་མས་བླ་མ་དབང་ལྡན་ལ་མནའ་ཟོས་པ་ལས་འགྲོ་ན་དགའ་འུ་ནི་གསུངས་དུས་ཨ་ཁུ་དབང་ལྡན་གྱིས་བླ་བྲང་བྱོན་པ་གོ་ནས་ལགས་སོ་བྱོན་ན་དགའ་འུ་ཞུས་པས། དེ་ནས་མཆོག་སྤྲུལ་ཉི་མས་འོ་ཡ་གསུངས་ནས་བོན་སྐུ་སྨོན་ལམ་གསུངས་མཐའ་འཕོ་བ་བཏགས་མཚམས་ཨ་ཁུ་དབང་ལྡན་གྱི་བླ་མ་དེ་འདྲ་མ་བྱེད་འདས་མི་ཉན་ཞུ་ནས་གཟན་འཐུ་ལ་འཇུས་ཏེ་ངུ་མོད། བླ་མས་དུས་ལ་སླེབས་དུ་ལྷ་དཔང་ལུ་ཚད་གང་ཡང་བྱེད་རྒྱུ་ཡོད་མ་རེད་གསུངས། ཨ་ཁུ་དབང་ལྡན་གྱིས་མིག་མཐའ་མཆུ་མ་ཕྱིས་ནས་བླ་མ་ལགས། དུ་ན་ཁྱེད་ཀྱི་ཡང་སྤྲུལ་ཞིག་བྱོན་དགོས་པས། དེ་གང་ན་བྱོན། དུས་ནང་ཚད་བྱོན་ཞུས་པས། བླ་མ་ཡིས་ང་ཡི་ཡང་སྤྲུལ་འཁྲུངས་མི་རྫ་ཀུན་གྲོལ་ཧྰུཾ་ཆེན་ལ་དྲིས་སོང་དང་ཤེས་གསུངས། ཨ་ཁུ་དབང་ལྡན་གྱིས་བླ་མ་ལགས་ཡུལ་དགོན་གཉིས་ལ་དགོངས་ནས་ངེས་པར་དུ་ཁྱེད་འོང་དགོས་ཞུས་པས། བླ་མས་ཨོ་ཨོ་སྔ་ན་ལོ་གཅིག་ནང་འོང་ཕྱི་ན་ལོ་ལྔའི་ནང་འོང་གསུངས་ནས་ལུས་ཆ་ལུགས་ལྔ་ལྡན་ངང་སྤྱན་བར་སྣང་ལ་གཏད་དེ་ཐུགས་དགོངས་གཞོན་ནུ་བུམ་པའི་ཀློང་དུ་བསྡུས། དེ་ནས་ཨ་ཁུ་དབང་ལྡན་དང་བླ་གྲྭ་རྒན་པ་ཚོས་བཀའ་མོལ་བྱེད་དེ་བླ་མ་དང་ཁུ་དབོན་མ་འགྲིག་པའི་མི་ཁ་དང་ཡང་སྤྲུལ་མྱུར་བྱོན་ཆེད་སྐུ་གདུང་བླ་བྲང་ཁང་དུ་གདན་པ་ཐག་བཅད་དེ། དེ་ལྟར་བྱེད་ནས་བདུན་གཅིག་ལ་གསང་རྒྱ་བྱེད། སྐབས་དེ་ཚེ་དབང་འགྱུར་མེད་རྒྱལ་རོང་ཁམས་བྱོན་ནས་མི་བཞུགས་པས་གསང་རྒྱ་བཀྲོལ་མི་ལ་སུ་ལ་པཎ་ཆེན་དང་ཁྱུང་པོ་ཉི་མ་རྒྱལ་མཚན་སོགས་གདན་དྲངས་དེ་གདུང་ཁྲོས་དང་གདུང་མཆོད་རྣམས་མདོ་གཡུང་དྲུང་ཀློང་རྒྱན་ནས་བྱུང་བར་ལྟར་བྱེད་དེ་དད་ལྡན་ཚོས་རེ་འདོད་བཞིན་དུ་གདུང་མཇལ་བཏང་། དུས་དེ་ཡང་སྤྲུལ་མྱུར་བྱོན་གྱི་གསོལ་འདེབས་ལ་གཡུང་དྲུང་གླིང་པས། ཟབ་བརྒྱའི་སྙིང་པོ་གཡུང་དྲུང་བདེན་པའི་བོན། །ཚང་ལ་མ་ནོར་མདོ་སྔགས་བསྟན་པའི་གཞུང་། །བཤད་སྒྲུབ་རྫོགས་ཆེན་ཉི་མ་འཆར་བའི་གཉེན། །སྐྱབས་ཅི་དྲིན་ཆེན་བླ་མར་གསོལ་བར་འདེབས། །གཟུགས་སྐུ་རིན་ཆེན་ཕུང་པོ་ཟ་མ་ཏོག རྩལ་གྱི་བཀོད་པ་དབྱིངས་སུ་ཉེར་བསྡུ་ཡང་། །རེ་འདོད་བུ་སློབ་སྐྱབས་མེད་མགོན་བྲལ་རྣམས། །བརྩེ་ཆེན་ཐུགས་ཀྱིས་ནམ་ཡང་མི་འདོར་བ། །དམིགས་མེད་སྙིང་རྗེ་གང་འདུལ་ཐབས་མཁས་པས། །རྣམ་འདྲེན་སྟོང་གི་མཛད་ཕྲིན་བསྡུས་པའི་གཟུགས། །ངོ་མཚར་ཟླ་བྲལ་མཆོག་གི་སྤྲུལ་པའི་སྐུ། །བསྟན་འགྲོའི་དཔལ་དུ་མྱུར་དུ་འབྱོན་པར་མཛོད། །མཆོག་གསུམ་རྩ་གསུམ་རྒྱ་མཚོའི་བྱིན་རླབས་དང་། །བདེན་གཉིས་བསླུ་བ་མེད་པའི་བདེན་པ་དང་། །བདག་ཅག་ལྷག་བསམ་རྣམ་པར་དཀར་བའི་མཐུས། །གསོལ་བཏབ་རེ་འབྲས་གེགས་མེད་མྱུར་འགྲུབ་ཤོག ཅེས་པའང་མཆོག་སྤྲུལ་ཉི་མ་རིན་མོ་ཆེ་ཞི་བར་གཤེགས་སྐབས་སུ་དཔལ་ལྡན་གོང་རྒྱལ་དགོན་དུ་བོན་སྐྱོང་རྣམས་འདི་བཞིན་དགོས་ཞེས་བརྡས་བསྐུལ་ཚེ་བོན་གཏེར་གཡུང་དྲུང་གླིང་པས་གསོལ་བ་བཏགས་པའི་ཡི་གེ་པ་ནི་མཁས་གྲུབ་ཤེས་རབ་མཚན་གྱིས་བགྱིས་པར་དགེ་ལེགས་འཕེལ།།
ཡང་ཨ་ཁུ་དབང་ལྡན་སོགས་ཀྱིས་བསྐུལ་ངོར་སུ་ལ་པཎ་ཆེན་གྱིས། ཟབ་ཅིང་རྒྱ་ཆེ་སྔགས་འགྱུར་གཡུང་དྲུང་བོན། །མདོ་སྔགས་བསྟན་པའི་པད་ཚལ་ཡངས་པ་རུ། །ཕྲིན་ལས་ཉི་མའི་འོད་བརྒྱ་སྤྲོ་བའི་གཉེན། །མཆོག་གཟིགས་བླ་མའི་ཞལ་ལ་གསོལ་བ་འདེབས། །མགོན་ཁྱེད་གཟུགས་སྐུའི་བཀོད་པ་འདི་བཏང་ཡང་། །སླར་ཡང་སྤྲུལ་པའི་ཟློས་གར་མྱུར་བསྟན་ནས། །བཤད་སྒྲུབ་འཁོར་ལོ་གསུམ་གྱི་མཛད་བཟང་གིས། །གཤེན་བསྟན་ཕྱོགས་བཅུར་རྒྱས་པར་མཛད་དུ་གསོལ། །བསླུ་མེད་ཡུལ་མཆོག་གནས་བཞིའི་བྱིན་རླབས་དང་། །རྩ་གསུམ་བོན་སྐྱོངས་བཅས་པའི་བདེན་མཐུ་དང་། །རྣལ་འབྱོར་བསམ་སྦྱོར་དགེ་བའི་ནུས་མཐུ་ཡིས། །གསོལ་བའི་དོན་ཀུན་ཡིད་བཞིན་འགྲུབ་གྱུར་ཅིག ། ཅེས་མཆོག་སྤྲུལ་དམ་པ་གཡུང་དྲུང་བསྟན་པའི་ཉི་མ་གང་ཉིད་ཞི་བར་གཤེགས་སྐབས་སླར་ཡང་སྤྲུལ་སྐུ་མྱུར་འབྱོན་གྱི་གསོལ་འདེབས་སྨོན་ལམ་འདི་ཡང་བླ་མ་དམ་པ་དབང་ལྡན་དང་ཁྱུང་དབོན་ཉི་མ་རྒྱལ་མཚན་ཟུང་གི་ངོར་བྱས་ཏེ་དད་མོས་གདུང་ཤུགས་དྲག་པོ་དང་བཅས་ཏེ་ཁོད་སྤུངས་དབྲ་ཞིག་བཙུན་པ་བསྐལ་བཟང་བསྟན་པའི་རྒྱལ་མཚན་ནས་ཉེ་བར་བྲིས་པའོ། ། ཞེས་སོགས་བྱུང་བས་ཀུན་གྱིས་གསོལ་བཏབས་སྨོན་ལམ་ཤུགས་དྲག་མཛད། དེ་ནས་གོང་མའི་ཕྱག་སྲོལ་ལྟར་མཆོག་སྤྲུལ་རིན་པོ་ཆེའི་སྐུ་གདུང་གཙང་མ་བཀྲུས་ཏེ་སྨན་སྣ་དང་མར་ཁུར་གསེར་ཕྱེ་སྦྱར་ནས་སྐུ་ཤ་རྣམས་སྐོམ་པོ་བྱས་ཏེ་སྐུ་གདུང་རས་དཀར་གཙང་མས་བསྐྲུས་དེ་དམར་གདུང་དུ་བཞུགས་སུ་གསོ། སྐབས་དེ་སྐུ་ཚབ་ཚེ་དབང་ནམ་མཁས་བླ་བྲང་ནས་མདོ་གཡུང་དྲུང་ཀློང་རྒྱན་གྱིས་གདུང་སྲས་དང་གདུང་མཆོད་རྣམས་གང་ལེགས་ལེགས་ཕུལ་བ་དང་། རང་གིས་ཁུ་བོ་དམ་པ་ལ་འགྱོད་བཤགས་དང་བླ་མའི་ཐུགས་དགོངས་རྫོགས་ཤིང་དད་པའི་རྟེན་དུ་དམིགས་ཏེ་དངུལ་རྟ་རྨིག་མ་བརྒྱ་ལྷག་དང་གསེར་སྲང་སྟོང་དང་ལྡན་པའི་གསེར་དངུལ་བཀྲལ་མའི་མཆོད་གདུང་རྒྱན་གཅིག་ཅེས་26བཞེངས་པའི་སྟ་གོན་ལ་ཉེར་དུས་དུས་ཀྱི་འཕོ་འགྱུར་དབང་གིས་རྩ་བརླག་ཏུ་སོང་། བཅོས་བསྒྱུར་སྒོ་འབྱེད་སྐབས་མཆོག་སྤྲུལ་ཉི་མའི་སྐུ་གདུང་སྔ་མ་བཞིན་དུ་དམར་གདུང་བྱེད་དེ་འདུལ་ཁང་གསལ་པ་རུ་ཨར་འདམ་གྱིས་བཞེངས་པའི་གདུང་རྟེན་དུ་བཞུགས་པ་བཅས་སོ།། །།
སྨྲས་པ། རྒྱལ་བསྟན་སྐྱོང་ཚུལ་རྒྱལ་བའི་གཞུང་དུ་བཙལ།།
མཁས་བཙུན་བྱ་བ་མཁས་པའི་ངག་ལས་དྲིས།།
བླ་མའི་རྣམ་ཐར་འཁོར་ལོ་རྣམ་པ་གསུམ།
ཇི་བཞིན་བརྗོད་པ་བདག་གི་འགན་དུ་འོང་།།
སྙན་འཇེབས་ཚིག་གི་རྣ་བའི་བུ་རམ་དང་།།
བརྗོད་དོན་ཟབ་མོ་རྟགས་ཀྱིས་བསྒྲུབ་བྱ་སོགས།།
གང་ནས་ལྟོས་ཀྱང་བཞུགས་པ་མ་མཆིས་མོད།།
ཚུལ་མཐོང་སྤྱོད་ཡུལ་བདེན་ཚིག་དབང་མེད་འཆོར།།
འདི་བྲིས་དགེ་བས་རྒྱལ་བསྟན་ཡོངས་སུ་དར། །
དེ་ཡི་རྗེས་འཛིན་ཞབས་པད་ཡུན་དུ་བརྟན།།
དགེ་འདུལ་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་ནས།།
བསྟན་སྦྱིན་ཚོགས་རྣམས་བདེ་སྐྱིད་ཕུན་ཚོགས་ཤོག།
ཞེས་བྱ་བཏང་མཆོག་སྤྲུལ་གཡུང་དྲུང་བསྟན་པའི་ཉི་མའམ་སྤྲུལ་སྐུ་ཉི་མའི་རྣམ་པར་ཐར་པ་གོང་མའི་ཞལ་ལུང་བདུད་རྩིའི་ཟེགས་མ་ཞེས་བྱ་བ་འདི་ནི་ཆུང་དུས་བདག་ཅག་ལ་དགེ་རྒན་དམ་པས་མཆོག་སྤྲུལ་ཉི་མའི་ཆེ་བའི་ཡོན་ཏན་བརྗོད་པ་ཡིད་ཡུལ་དུ་ཡོད་པ་དང་། ཕྱིས་སུ་ཀྲུས་རེན་ཟུར་བ་བསམ་ལུ་ཡིས་ཁོང་གི་ཕ་རྒན་རིན་ཆེན་རྒྱལ་མཚན་27གྱིས་གང་བཤད་རྣམས་ལྷག་ལུས་མེད་པ་ཡིག་འཛར་དང་བཅས་ཕྲན་གྱི་ལག་ཏུ་སྤྲད་པ་རྣམས་གཞིར་བཞག མཆོག་སྤྲུལ་ཉི་མ་དང་འབྲེལ་ཡོད་ཀྱི་དཔོན་བླ་རྣམ་པའི་རྟོགས་རྣམ་སོགས་རང་གི་གང་འདྲེན་བྱེད་ཀྱིས་ཡུལ་དུ་གྱུར་པ་རྣམས་དཔྱད་གཞི་རུ་བྱེད་ཅིང་། ཚེ་ཡི་མཐའ་མ་ལ་ཉེར་བའི་བགྲེས་པོ་མགོ་དཀར་རྣམས་ཀྱི་གམ་དུ་གཅར་ཏེ་ངག་རྒྱུན་ལས་བྱུང་བ་རྣམས་ཕྱོགས་གཅིག་བསྡུས་ཏེ་བྲིས་པའི་ཁུལ་ཡིན་ཡང་། བདག་ནི་ཤེས་ཡོན་གཉིས་ཀྱིས་སྟོང་བའི་སེར་གཟུགས་བ་ཞིག་ཡིན་པས་མཆོག་སྤྲུལ་རིན་པོ་ཆེའི་ཐུགས་དགོངས་རྫོགས་ཤིང་དད་པ་དང་དམ་ཚིག་ལྡན་པ་ཚོས་བསོད་ནམས་བསགས་པའི་ཞིང་དུ་མི་འགྲོ་མོད་འབྱུང་གྱུར་བདག་དང་བདག་འདྲ་བ་རྣམས་ཀྱི་དྭངས་གསལ་སེམས་ཀྱི་མེ་ལོང་ལ་འཆར་བདེ་བའི་ཆེད་དུ་སྒོ་བོད་ཚང་ཉི་མ་རྒྱལ་མཚན་གྱིས་ལྕགས་མོ་གླང་གི་ལོའི་ཧོར་ཟླ་བཅུ་གཉིས་པའི་ནང་བྲིས་པས་དགེ་དོན་གང་མཆིས་འགྲོ་ཀུན་ཡོངས་ལ་བསྔོ།།
མཆན།
1 འགྲོ་འདུལ་བསྟན་གཉིས་གསང་སྔགས་གླིང་པའི་སྐྱེ་གནས་བར་དོའི་རྣམ་པར་ཐར་པ་བརྗོད་པ་སྒྱུ་མའི་འཁྲུལ་འཁོར། བླ་མ་གཡུང་དྲུང་དོན་འགྲུབ་གྱིས་ཕྱག་བྲིས་སྐྱར་པར་མའི་ཤོག་ངོས་བརྒྱ་དང་བརྒྱད་བ་ངོ་ལས་གསལ།
2 གོང་རྒྱལ་དགོན་པའི་ལོ་རྒྱུས་སུ་གསལ།
3 ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྣམ་འགུར་ཤོག་ངོས་221ལས་གསལ། 2011 7 11
4 འགྲོ་འདུལ་བསྟན་གཉིས་གསང་སྔགས་གླིང་པའི་སྐྱེ་གནས་བར་དོའི་རྣམ་པར་ཐར་པ་བརྗོད་པ་སྒྱུ་མའི་འཁྲུལ་འཁོར། བླ་མ་གཡུང་དྲུང་དོན་འགྲུབ་གྱིས་ཕྱག་བྲིས་སྐྱར་པར་མའི་ཤོག་གྲངས་སུམ་བརྒྱ་དང་ང་དྲུག་ན་ངོ་ལས་གསལ།
5 ཁམས་ཕྱོགས་དཀར་མཛེས་ཁུལ་གྱི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པ་ནང་བསྟན་གསལ་བའི་མེ་ལོང་གི་ཤོག་ངོས་399ལས་གསལ། 1995.10.25
6 ལྕགས་མདུན་ཉག་རྐེད་ཚང་གི་ལོ་རྒྱུས་རགས་རིམ་བརྗོད་པ། ཡེ་ལེ་ཁྲིམས་ཚུལ་ཀྱིས་བརྩམས། ཤོག་ངོས་129ལས་གསལ།
7 ་དཔོན་དུང་དར་རིང་། ཁྲིམས་དཔོན་མྰ་ཡོན་གྲ གྲ་ཐྰན་གྲ གསུམ་ཡིན་པ་ངག་རྒྱན་དུ།
8 ཡུལ་མི་བགྲེས་པོ་མཆིག་རྡོ་མགོ་ཡི་ངག་ནས་ཐོས།
9 གསོལ་འདེབས་འདི་གསུང་མཁན་བོན་ཕྱོགས་ཀྱི་ཁྲོ་སྤྲུལ་དང་གསང་གླིང་བན་ཕྱོགས་ཀྱི་མཁྱེན་རྩེ་དབང་པོ་དང་མཁན་པོ་བསྐལ་བཟང་དབང་ཕྱུག་རྣམས་འདྲ་མི་བཤད་ཀྱང་གུས་པས་ཡེ་རྡོ་པས་ཞེས་པའི་ཡིག་འཁྱར་ཞིག་མཐོང་སྣང་བྱུང་བས་དེ་ལྟར་བཀོད་ཡོད།
10 འགྲོ་འདུལ་བསྟན་གཉིས་གསང་སྔགས་གླིང་པའི་སྐྱེ་གནས་བར་དོའི་རྣམ་པར་ཐར་པ་བརྗོད་པ་སྒྱུ་མའི་འཁྲུལ་འཁོར། བླ་མ་གཡུང་དྲུང་དོན་འགྲུབ་གྱིས་ཕྱག་བྲིས་སྐྱར་པར་མའི་ཤོག་གྲངས་གཉིས་བརྒྱ་དང་དྲུག་བ་ངོ་ལས་གསལ།
11 འགྲོ་འདུལ་བསྟན་གཉིས་གསང་སྔགས་གླིང་པའི་སྐྱེ་གནས་བར་དོའི་རྣམ་པར་ཐར་པ་བརྗོད་པ་སྒྱུ་མའི་འཁྲུལ་འཁོར། བླ་མ་གཡུང་དྲུང་དོན་འགྲུབ་གྱིས་ཕྱག་བྲིས་སྐྱར་པར་མའི་ཤོག་གྲངས་སུམ་བརྒྱ་དང་ལྔ་དྲུག་ན་ངོ་ལས་གསལ།
12 མཁའ་འགྲོ་དབང་སྒྲོན་གྱི་རང་རྣམ་ལས་གསལ།
13 ཨ་མྱེ་སྤྲུལ་སྐུའི་གསུང་འབུམ་༼ཨ༽དུམ་དུ་གསལ།
14 སྨན་པ་ཚེ་ཚེ་དང་སྤྲུལ་དཀོན་མཆོག་བསྟན་འཛིན་སོགས་ཀྱིས།
15 དཔལ་ཤར་རྫ་བ་ཆེན་པོ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ནོར་བུའི་ཕྲེང་བ་ཐར་འདོད་མཁས་པའི་མགུལ་རྒྱན་ཤོག་ངོས་178ལས་གསལ།། སུ་ལ་པཎ་ཆེན་གྱིས་བརྩམས།1990.3
16 དཔལ་ཤར་རྫ་བ་ཆེན་པོ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ནོར་བུའི་ཕྲེང་བ་ཐར་འདོད་མཁས་པའི་མགུལ་རྒྱན་ཤོག་ངོས་201ལས་གསལ།། སུ་ལ་པཎ་ཆེན་གྱིས་བརྩམས།1990.3
17 དཔལ་ཤར་རྫ་བ་ཆེན་པོ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ནོར་བུའི་ཕྲེང་བ་ཐར་འདོད་མཁས་པའི་མགུལ་རྒྱན་ཤོག་ངོས་208ལས་གསལ།། སུ་ལ་པཎ་ཆེན་གྱིས་བརྩམས།1990.3
18 ཀུན་མཁྱེན་ཤར་རྫ་པའི་གསུང་འབུམ་པོད་བཞི་པ། ཤོག་གྲངས་ 378ལས་གསལ།
19 མཁའ་འགྲོ་རང་རྣམ་ལས་གསལ།
20 གོང་རྒྱལ་དགོན་པའི་ཤིང་པར་ཤོག་གྲངས་གཉིས་པའི་བ་ངོ་ལས་གསལ།
21 ཐུགས་རྗེ་གླིང་པའི་རྣམ་ཐར་དཔྱིད་ཀྱི་དབྱངས་སྙན་ཤོག་ངོས་63ལས་གསལ། ཁྱུང་སྲས་བསྟན་འཛིན་ཉི་མས་བརྩམས།
22 བདག་གི་དགེ་རྒན་ཨ་ཁུ་གཡུང་དྲུང་རྣམ་དག་གིས་ཕྱག་བྲིས་ཞིག་ཕྲན་གྱི་ལག་ཏུ་ཡོད་པས་དེ་ལས་གསལ།
23 འགྲོ་འདུལ་བསྟན་གཉིས་གསང་སྔགས་གླིང་པའི་སྐྱེ་གནས་བར་དོའི་རྣམ་པར་ཐར་པ་བརྗོད་པ་སྒྱུ་མའི་འཁྲུལ་འཁོར། བླ་མ་གཡུང་དྲུང་དོན་འགྲུབ་གྱིས་ཕྱག་བྲིས་སྐྱར་པར་མའི་ཤོག་གྲངས་གཉིས་བརྒྱ་དང་དྲུག་པའི་བ་ངོ་ལས་གསལ།
24 དགེ་རྒན་གཡུང་དྲུང་རྣམ་དག་གིས་གསུངས།
25 འདི་ལ་རྒྱུ་མཚན་གསུམ་ཏེ། དང་པོ་ཁྱུང་པོ་བདུད་འདུལ་རིན་པོ་ཆེ་ཡིས་དགེ་རྒན་རིན་ཆེན་རྒྱལ་མཚན་ལ་མཆོག་སྤྲུལ་ཉི་མ་དགུང་ལོ་དུ་ལ་ཞིང་གཟིགས་ཐོས་དྲིས་དུས། དགེ་རྒན་རིན་ཆེན་རྒྱལ་མཚན་གྱིས་དགུང་ལོ་དོན་གཉིས་ལོའི་ཟླ་དགུ་པའི་ཚེས་བཅོ་ལྔ་ལ་འདས་ཐོས་ཞུས་པས། བདུད་འདུལ་རིན་པོ་ཆེའི་སྤྱན་ཅེ་རེ་བར་སྣང་ལ་གཟིགས་ཏེ་ཨོ་ཨོ་ཨ་རིན་དམྱལ་སྣང་བྱོན་ལོ་མོ་ཡིན་འབྲུག་ལོ་ལོ་མོ་ཡིན་གསུངས། ཀྲུས་རེན་བསམ་ལུ་ཡིས་དངོས་སུ་ཐོས། གཉིས་སུ་ཐུགས་རྗེ་གླིང་པའི་རྣམ་ཐར་དུ་ལོ་དེ་མ་ཡུམ་གྱི་སྐུ་ལུས་ལ་སྙུང་གཞིས་ཟིན། བདུད་འདུལ་རྗེ་གཉིས་ཀྱིས་མ་ཡུམ་གོང་རྒྱལ་སྤྲུལ་སྐུ་ཉི་མའི་མདུན་དུ་ཁྲིད་ནད་སྨོན་བཅོས་བྱེད། ཐུགས་རྗེ་གླིང་པའི་རྣམ་ཐར་དཔྱིད་ཀྱི་དབྱངས་སྙན་ཤོག་ངོས་91ལས་གསལ། ཁྱུང་སྲས་བསྟན་འཛིན་མས་བརྩམས། ཅེས་གསུངས་ཤིག་བྱུང་པ་ལས་དེ་རྗེས་ཀྱི་རྣམ་ཐར་ནང་མཆོག་སྤྲུལ་ཉི་མ་ཚིག་ཟུར་ཙམ་ཡང་མ་བྱུང་བ་དང། གསུམ་ལ་མཆོག་སྤྲུལ་ཉི་མ་འདལ་ཁ་ལ་ཨ་ཁུ་དབང་ལྡན་གྱིས་ཁྱེད་ཀྱིས་སྐུ་སྐྱེས་རྗེས་མ་དེ་ནང་འཁྲུངས་ཞུས་པས། ཁོང་གིས་སྔ་ན་ལོ་གཅིག་དང་ཕྱི་ན་ལོ་ལྔ་ནང་ཡོང་གསུངས་པར་ལྟར་འདས་པའི་ལོ་ཕྱི་མ་སྦྲུལ་ལོ་ལ་ཨ་མྱེ་ཚང་ལ་སྤྲུལ་སྐུ་འཁྲུངས་ཀྱང་སྐུ་བདག་མ་ཐེབས་པས་ལོ་དེར་རྐྱེན་ལམ་དུ་ཤོར། དེ་རྗེས་ལོ་ལྔ་སྟེ་སྤྲེལ་ལོ་ལ་སྤྲུལ་སྐུ་བློ་ལུ་ བློ་གྲོས་རྒྱལ་མཚན་(1944—1999)འཁྲུངས་པ་སོགས་ཀྱིས་རྒྱུ་མཚན་གསུམ་གྱིས་དེ་ལྟར་གཙིགས་སུ་འཛིན་པའོ། དོགས་གནས་ཞིག་ལ། དགེ་རྒན་རིན་ཆེན་རྒྱལ་མཚན་གྱིས་ཁོ་བོ་ལོ་དགུ་ཡིན་དུས་སྤྲུལ་སྐུ་ཉི་མ་འདས་ཐོས། ཁོ་མེ་གླང་ལོ་རེ་གསུངས་བ་དང་། བདག་གི་དགེ་རྒན་གཡུང་དྲུང་རྣམ་དག་གིས་རིན་ཆེན་རྒྱལ་མཚན་ངེད་གཉིས་ལོ་མཉམ་རེད་གླང་ལོ་རེད། ང་སྤྲུལ་སྐུ་ཉི་མ་ཆེན་པོ་མི་དྲན་དུ་རིན་ཆེན་རྒྱལ་མཚན་གྱིས་གསལ་མོ་དྲན་ཤིག་འགི་གསུངས་མྱོང་། བདག་གི་དགེ་རྒན་གཡུང་དྲུང་རྣམ་དག་གི་སྐབས་ཞིག་ན་ཁོ་གླང་ལོ་ཡིན་པས་ངན་རྒྱུ་མེད་གོ་མ་གཏོགས་སྤྲུལ་སྐུ་ཉི་མ་ཡང་གླང་ལོ་རེད་གསུངས་སྣང་ཞིག་འདུག དེ་ཚོ་ལ་བསམ་ན་མཆོག་སྤྲུལ་ཉི་མ་མེ་གླང་ལོ་འཁྲུངས་ནས་དགུང་ལོ་དོན་དྲུག་བཞུགས་པ་ཨང་ཡང་ན་སྤྲུལ་སྐུ་ཉི་མ་འདས་པའི་དགུན་ངོ་དེ་སྤྲུལ་སྐུ་བློ་ལུ་འཁྲུངས་ཡོད་དང་སྙམ་པའི་དོགས་པའི་གནས་ཆུང་ཆུང་ཞིག་འདུག
26 འདིའི་དཀར་ཆགས་དབུ་ནས་ལྡེབས་གཉིས་ཙམ་བྲིས་པ་ཞིག་དུད་ཚང་ག་གེ་མོ་ཞིག་གི་དཔེ་ཧྲུལ་ཁྲོལ་ཡིག་འཛར་ལུས་འདུག་པ་ཕྲན་གྱིས་མཐོང་།
27 དགེ་རྒན་རིན་ཆེན་རྒྱལ་མཚན་ནི་མཆོག་སྤྲུལ་ཉི་མ་ཚང་གི་གཡང་མོའི་བུ་རུ་སྐྱེས་ཤོག མཆོག་སྤྲུལ་ཉི་མའི་སྲིང་མོ་བདེ་གསལ་གྱི་སྐྱེ་བ་ཡིན་པས་ཐུགས་བརྩེ་ཆེ་པོ་ཡོད་ཚུལ་ད་ལྟ་ཡང་མི་ཚོས་བཤད། ཁོང་ནི་མཆོག་སྤྲུལ་ཉི་མ་ལ་རྒྱུས་མངའ་ཆེན་པོ་ལྡན་པས་ཁོང་གིས་བཤད་པ་རྣམས་རྒྱུ་མཚན་འདྲེན་པའི་གནས་ཡང་དེའོ། །