སྐམ་ཉི་མ་རྒྱལ་མཚན།
[ཟླ་ཚེས། 2021-08-31 09:33:06][རྩོམ་པ་པོ། སྐམ་ཚང་མཉམ་ཉིད་བྱམས་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
སོ་བརྒྱད་མཁན་པོའི་སྐམ་ཉི་མ་རྒྱལ་མཚན་གྱི་ལོ་རྒྱུས་མདོར་བསྡུས།
སོ་བརྒྱད་མཁན་པོ་སྐམ་ཉི་མ་རྒྱལ་མཚན་མཆོག་ནི་ཡབ་བསྟན་འཛིན་གཙུག་ཕུད་དང་ཡུམ་ཁ་བཟའ་གཉིས་ཀྱི་སྲས་སུ་མེ་གླང་ལོར་སྤྱི་ལོ་༡༨༧༧ལོར་སྐམ་ཚང་སྦྲ་ཚང་དུ་སྐུ་འཁྲུངས། ཐོག་མར་ཀླུ་ཕུགས་དགོན་དུ་སྒྲིག་ལ་ཞུགས། སྐབས་དེ་དུས་ཀླུ་ཕུགས་དགོན་དུ་གླིང་བཞི་ཡོད་པ་སྟེ་ཀེའུ་ཚང་སྒྲོན་གསལ་གླིང་ངམ་བླ་བྲང་དབུ་རྩེར་བཞུགས་པ་དང་། བསྟན་པ་ཡར་དར་གླིང་། གསེར་སྡེ་བདེ་ཆེན་གླིང་། དགའ་ལྡན་གསེར་འབུམ་གླིང་། ཞེས་ཡུལ་མིའི་ངག་རྒྱུན་དུ་མཆིས། ཆུང་ངུའི་དུས་ནས་བླ་མ་འགའ་ཡིས་མདོ་སྔགས་གཉིས་ལ་མཁས་ཤིང་གྲུབ་པ་ཐོབ་པའི་མཁན་ཆེན་ཉི་མ་བསྟན་འཛིན་གྱི་ཡང་སྲིད་དུ་ངོས་བཟུང་། ཧོར་ཡུལ་སྟོད་སྨད་ཁྱུང་པོ་སོགས་སྐྱེས་ཆེན་བླ་མ་མཚམས་ཆེན་སྨོན་རྒྱལ་དང་ཧོར་སྤྲུལ་བསྟན་པ་རྒྱལ། སྨོན་རྒྱལ་དྲང་སྲོང་ནམ་མཁའ་དབང་རྒྱལ། སྤ་སྟོན་ཉི་མ་འབུམ་གསལ་སོགས་སྐྱེས་བུ་དམ་པ་མང་དུ་བསྟེན་ནས་དེ་དག་གི་དགོངས་བཅུད་མ་ལུས་ཐུགས་སུ་ཆུད། གཙང་གི་སྨན་རི་དང་རུ་ལག་གཡུང་དྲུང་གླིང་བཅས་གྲྭ་ས་ཁག་ལ་ཕེབས་ཏེ་གྲྭ་མཁན་སློབ་མདུན་ནས་དབང་ལུང་རྒྱ་ཆེར་གསན། འདུས་ཚོགས་ལ་མང་ཇ་དང་སྐུ་འགྱེད་གནང་། སྒོམ་སྒྲུབ་མཛད་པས་ཉམས་རྟོགས་ཕུལ་དུ་ཕྱིན་པ་ཐོབ་སྟེ། ཁམས་སྟོད་ཧོར་གྱི་ཡུལ་དུ་བོན་གྱི་འཁོར་ལོ་བསྐོར་བ་དང་ཀླུ་ཕུག་དགོན་པའི་དབུ་བླ་མཛད་ནས་བོན་བསྟན་ཁུར་ཆེན་བཞེས། དགོན་པའི་སྒོ་སྲུང་ཕྱི་ནང་བར་གསུམ་ཡོད་པའི་བར་མ་གཡས་ཕྱོགས་མཁའ་འགྲོ་སེང་གདོང་གནས་རི་རལ་གྲི་མ་ཞེས་པའི་འོག་གཡའ་ཡི་དེའུ་འབུར་ནུ་མ་འདྲ་བའི་རྩ་བར། དུར་ཁྲོད་ས་འདུལ་མཛད་དེ་གཅོད་སྡོམ་ཟབ་མོ་སྙན་དུ་རྒྱུད་ནས་རྡོ་བརྐོས་དཀྱིལ་འཁོར་བཞེངས་ཤིང་། དེ་ནས་བཟུང་དགོན་གྱི་ཉེ་སར་དུར་ས་གཏན་འཇགས་བྱུང་བ་རེད། ངག་རྒྱུན་ལས། བྲག་རི་རལ་གྲི་འདྲ་བ་དེ་ཚོགས་གྲི་ཡིན་པ་དང་། དེའུ་འབུར་དེ་ཚོགས་ཀྱི་ཚུལ་དུ་ཡོད་། དུར་ཁྲོད་ཡོད་ས་དེ་མཁའ་འགྲོའི་ཚོགས་གཞོང་རེད་ཟེར་སྲོལ་འདུག དུར་ཁྲོད་དེར་སྐྱེ་འགྲོ་མཆོག་དམན་གང་ཞིག་གི་ཕུང་པོ་བཞག་ན་ངན་འགྲོ་མེད་པའི་བཀའ་ལུང་བསྩལ། ཁོང་གིས་གནས་ཀྱི་ལོ་རྒྱུས་དཀར་ཆག་གཏན་ལ་ཕབ། དེ་རྗེས་ཁོང་གི་དགོན་པའི་ནུབ་ཀྱི་རི་སུལ་དུ་ས་དམིགས་རྟ་ཡི་ཡ་ངུའི་ཆེ་ཆུང་ཙམ་ཞིག་ལ་འོལ་མོ་ལུང་རིང་གི་འོད་ཟེར་རྟག་ཏུ་གནས་འདུག་གསུངས་ཏེ་རི་ཁྲོད་བཏབ། ས་གནས་འདི་གནས་བཤད་ནང་གཡུང་དྲུང་བརྩེགས་པའི་ས་གནས་ཅེས་པ་དེ་ཡིན། ཁོང་གིས་སྤྱི་ལོ་༡༩༡༡ལོར་ཀླུ་དགོན་རི་ཁྲོད་བསམ་གཏན་སྨིན་གྲོལ་གླིང་ངམ་ཉི་མ་རི་ཁྲོད་ཕྱག་བཏབ་སྟེ་དགེ་སྦྱོར་བསྙེན་སྒྲུབ་ཆུ་བོའི་རྒྱུན་བཞིན་མཛད་ནས་སྐུ་ཚེ་སྨད་རི་ཁྲོད་དུ་བཞུགས་ནས་བསྙེན་སྒྲུབ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ། དུས་མཚུངས་སྡེ་པ་གཞུང་གི་མཁན་ཆུང་གྲགས་རྣམ་ཧོར་སྤྱི་དང་པོར་བསྐོས་པའི་སྐབས་སུ་ཁེལ་ཡོད་སྤྱི་ཁྱབ་གི་རིན་ཐང་ཆེ་བའི་ཅ་ལག་མང་པོ་སྦྲ་ཆེན་ལ་འདྲེན་སྐབས། གྲགས་རྣམ་གྱི་གཟི་ཆུ་མིག་དགུ་པ་གཅིག་བོར་བརླགས་སོང་བས། གྲགས་རྣམ་གྱི་བཀའ་ཕབས་ཏེ། ད་ལྟ་ཧོར་ཚོ་པའི་བླ་མ་གྲགས་པ་ཆེ་ཤོས་སྐམ་ཉི་མ་རྒྱལ་མཚན་རེད་ཟེར་འདུག་པས། ཁྱོད་འདིར་ཤོག་ཟེར་ནས། གྲགས་རྣམ་གྱི་མདུན་དུ་ཉི་མ་རྒྱལ་མཚན་ཁྱོད་ཀྱི་ང་ཡི་གཟི་མིག་དགུ་པ་ག་འདྲ་བྱས་ནས་བོར་བརླགས་སོང་བ་གསལ་པོར་བཤད་རྒྱུ་ཡོད་པ་བྱ་དགོས་ཞེས་བཀའ་ཕབ། གལ་སྲིད་ཁྱོད་ཀྱི་མ་ཤེས་པ་དང་མ་བཤད་པ་བྱས་ཚེ། ངས་ཁྱོད་ཀྱི་མགོ་སྐེ་གཅོད་རྒྱུ་ཐག་གཅོད་ཡིན་ཟེར། དེའི་དགོང་མོ་ཁོང་གཟིམས་ཉལ་བྱས་པའི་སྐབས་སུ། དགོངས་ལམ་དར་དཀྱུས་རྒྱན་པའི་མཁའ་འགྲོ་ཞིག་གིས་ལུང་བསྟན་ནས། ཉི་མ་རྒྱལ་མཚན་ཁྱེད་ཐུགས་ཁྲལ་མ་མཛད། གྲགས་རྣམ་གྱི་གཟི་མིག་དགུ་པ་དེ། ལག་སྒམ་སེར་པོའི་ནང་དུ་གོས་ཆེན་དམར་པོའི་ཐུམ་ལ་བྱས་ཏེ་བཅུག་འདུག་གསུངས་ནས་མི་སྣང་བར་གྱུར་རོ། ཕྱི་ཉིན་ནང་མོར་གྲགས་རྣམ་གྱི་བླ་མ་ཉི་མ་རྒྱལ་མཚན་ཡར་ཤོག་གསུངས་ནས་མདུན་དུ་པུས་མོ་བཙུགས་ཏུ་བཅུག་ནས་གནས་ཚུལ་དེ་གང་འདྲ་རེད་འདུག་ཤོད་ཟེར། བླ་མས་ཁྱེད་ཀྱི་འཛམ་པ་ཁྲིམས་གཅོད་བྱས་པ་དེ་ནོར་འདུག། གང་ཡིན་ཟེར་ན། ཁྱོད་ཀྱི་གཟི་དེ་ཁྱོད་རང་གི་ལག་སྒམ་སེར་པོའི་ནང་དུ་གོས་ཆེན་དམར་པོའི་ཐུམ་བྱས་ནས་བཅུག་འདུག་པས། ཁྱེད་ཀྱི་གཟིགས་དང་གསུངས། གྲགས་རྣམ་གྱིས། ང་ཡིས་ལག་སྒམ་སེར་པོ་སྦྲ་ཆེན་རྫོང་དུ་སྐྱལ་ཡོད། ཁྱེད་ཀྱི་ད་ལྟ་གསུངས་པ་དེ་དངོས་གནས་ཡིན་མིན་ངས་ད་ལྟ་ཧ་མི་གོ། ཁྱོད་རང་ད་ལྟ་ཕྱིར་ལོག་བྱེད་མི་ཆོག་ཟེར་ན་བཀའ་ཕབ། གྲགས་རྣམ་གྱི་གཡོག་པོ་གཉིས་སྦྲ་ཆེན་རྫོང་ལ་མངགས་ནས། ལམ་བར་ལ་སྐེ་རག་བཀྲོལ་མི་ཆོག་ལ་ངལ་གསོ་རྒྱག་མི་ཆོག་པའི་ཐམ་ཀ་རྒྱོབ་ནས་བཀའ་ཕབས། གཡོག་པོ་གཉིས་ཧོར་སྤྱི་གྲགས་རྣམ་གྱི་བཀའ་ལྟར་སྦྲ་ཆེན་རྫོང་དུ་ཕྱིན། ཁོང་གཉིས་སྦྲ་ཆེན་ལ་འབྱོར་ནས་ལག་སྒམ་ནང་དུ་བལྟས་པས། གཟི་མིག་དགུ་པ་ལག་སྒམ་ནང་དུ་བཅུག་འདུག་པས། ཁོང་གཉིས་དེ་ཁྱེར་སྟེ་ཕྱིར་ལོག་བྱས་ནས། གཟི་མིག་དགུ་པ་དེ་ཧོར་སྤྱི་གྲགས་རྣམ་ལ་ཕུལ་དུས། ཧོར་སྤྱི་གྲགས་རྣམ་གྱིས་བླ་མའི་དགོངས་པར་ཧ་ལས་ཏེ། ཐུགས་ཤིན་ཏུ་མཉེས་ནས། བླ་མ་ཉི་མ་རྒྱལ་མཚན་ཁྱེད། ཧོར་ཚོའི་ཁོངས་ཀྱི་བོན་དགོན་སུམ་ཅུ་སོ་བརྒྱད་ཀྱི་མཁན་པོ་ཡིན་གསུངས་ནས་བསྐོ་བཞག་མཛད། སྤྱི་ལོ་༡༩༡༦ལོར་སོ་བརྒྱད་མཁན་པོ་གོ་གནས་བསྐོ་བཞག་དང་ཐམ་ཀ་ཡང་བསྩལ། ཏྰ་ལའི་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གི་གནང་བའི་ཐམ་ཀ་དང་བཀའ་ཤོག་ཀྱང་ཐོབ་ཡོད། སྐམ་ཉི་མ་རྒྱལ་མཚན་མཆོག་གི་ཉི་མ་རི་ཁྲོད་ནི་ཚེམ་དུང་མ་བུས་བར་དུ། ཀླུ་ཕུག་དགོན་གྱི་རྔ་སྒྲ་དུང་སྐད་སྒྲོག་ཆོག་གི་མེད་པའི་ཤོད་རྒྱུན་བཅས་འདུག་པས་ཡུལ་དགོན་སྡེ་གསུམ་གྱི་དད་པའི་རྒྱན་གཅིག་པུར་གྱུར། སྐབས་དེའི་དུས་བོན་དགོན་སོ་བརྒྱད་ནི་ད་ལྟའི་ནག་ཆུ་དང་ཆབ་མདོ་གཉིས་ཀྱི་ཁོངས་སུ་རྫོང་ཁག་བཞིའི་ནང་འདུས་ཡོད།
སྐབས་དེའི་བོན་དགོན་སོ་བརྒྱད་སྐོར་གཤམ་གསལ་ལྟར་རེའུ་མིག | ||||||
ཨང་ | གནས་ཡུལ། | དགོན་མིང་། | དབུ་བླ། | ཟུར་མཆན། | ||
༡ | སྦྲ་ ཆེན་ རྫོང་ ཁོངས། |
ཀླུ་ཕུག་དགོན། | སྐམ་ཉི་མ་རྒྱལ་མཚན། | |||
༢ | ཨ་དཀར་དགོན། | ཞུ་ཉི་མ་རྒྱལ་མཚན། | ||||
༣ | སྤ་ཚང་དགོན། | སྤ་ཉི་མ་འབུམ་གསལ། | ||||
༤ | ལུང་དཀར་དགོན། | ཨར་བླ་རྒྱལ་བ་ཚུལ་ཁྲིམས། | ||||
༥ | ཕུར་ནག་དགོན། | སྔགས་འཆང་བསྟན་སྐྱོང་། རྨེའུ་བླ་རིན་ཆེན་འོད་ཟེར་གཉིས། | ||||
༦ | ཁྲོམ་ཚང་དགོན། | གཡུང་དྲུང་དབང་རྒྱལ། ཁྱུང་པོ་ལྷ་རྒོད་གྲགས་པ་གཉིས། | ||||
༧ | རྨ་རོང་དགོན། | ཁྱུང་བླ་བློ་ལྡན་གྲགས་པ། | ||||
༨ | གཉན་ རོང་ རྫོང་ ཁོངས། |
སྣང་གསལ་ལ་དགོན། | སྣང་གསལ་ནམ་མཁའ་རྒྱལ་མཚན། | |||
༩ | ཆབ་མདོ་དགོན། | གཡུང་དྲུང་ཚུལ་ཁྲིམས། | ||||
༡༠ | ཤ་རི་དགོན། | སྐམ་ཚང་འགྱུར་དགའ། | ||||
༡༡ | ཏིང་ངུ་བོན་དགོན། | ཚུལ་ཁྲིམས་དབང་གྲགས། | ||||
༡༢ | འབྲི་ རུ་ རྫོང་ ཁོངས། |
གསའ་མདའ་བོན་དགོན། | ཞུ་ཡས་བསྟན་པ་རྒྱལ་མཚོ། | |||
༡༣ | སེན་ཚ་དགོན། | ཚུལ་ཁྲིམས་རྒྱལ་མཚན། | ||||
༡༤ | སེན་ཚ་དགའ་རི་དགོན། | རྨེའུ་སྐལ་བཟང་རྒྱ་མཚོ། | ||||
༡༥ | སྟེང་ ཆེན་ རྫོང་ ཁོངས། |
རྩེ་དྲུག་དགོན། | གཡུང་དྲུང་བསྟན་པའི་རྒྱལ་མཚན།ཚུལ་ཁྲིམས། | |||
༡༦ | སྟེང་ཆེན་དགོན། | ཁྱུང་སེར་སྒར་སྤྲུལ་ཚེ་དབང་གཡུང་དྲུང་། | ||||
༡༧ | རྒྱ་རི་སྣ་མཐོན་གྲོལ་རི་ཁྲོད། | སྨོན་ལམ་རྒྱལ་མཚན། ཡར་མེ་སྦྱིན་པ་རྒྱལ་མཚན། | ||||
༡༨ | ཀོ་བོ་དགོན། | སྨོན་རྒྱལ་ནམ་མཁའ་གྲགས་པ། | ||||
༡༩ | ཀ་ལེབ་དགོན། | བསྟན་པའི་རྒྱལ་མཚན། ཉི་མ་གྲགས་པ། | ||||
༢༠ | གཡུང་དྲུང་དཔའ་རི་དགོན། | རྣལ་འབྱོར་བཟོད་པ་རྒྱལ་མཚན། ཁྱུང་སྤྲུལ་བསྟན་འཛིན་ཕུན་ཚོགས། | ||||
༢༡ | རི་དམར་དགོན། | སྨོན་རྒྱལ་བླ་བྲང་། སྨོན་རྒྱལ་ནམ་མཁའ་གྲགས་པ། | ||||
༢༢ | གཡམ་བྱ་ཆེན་དགོན། | ག་ཤེལ་དགོན་པའི་དབུ་བླ་ཡིས་གཅིག་ཆོག་མཛད་པ་ཡིན། | ||||
༢༣ | ནག་རུ་བསམ་གཏན་གླིང་དགོན། | སྟག་དབང་ཡང་གྲགས་ བདེ་མཆོག་གྲགས་པ། | ||||
༢༤ | རྒྱང་ཤོད་བོན་དགོན། | རྩེ་དྲུག་བླ་མ། | ||||
༢༥ | བེ་སྒོ་དགོན། | སྨོན་རྒྱལ་ནམ་མཁའ་གྲགས་པ། | ||||
༢༦ | ཝ་དགེ་དགོན། | རྩེ་དྲུག་བླ་མ་རང་ཡིན། | ||||
༢༧ | རྒྱ་སྒོ་དགོན། | མེ་སྟོན་ཀུན་དགའ། | ||||
༢༨ | ལྷོ་ ནེམ་ ཁྲི་ རྫོང་། |
སྤ་ཟླ་ཞུ་ཚང་དགོན། | མཁན་པོ་ཀུན་བཟང་། | |||
༢༩ | སྒང་རུ་དར་རྒྱས་དགོན ། | ཤེར་ཞིག་བསྟན་འཛིན་ཚུལ་ཁྲིམས། | ||||
༣༠ | ཟམ་ཞིག་དགོན། (རེ་ནི་དགོན) |
|||||
༣༡ | ཕུགས་དམར་དགོན། | |||||
༣༢ | སེར་ ཚ་ རྫོང་ ཁངས། |
ག་ཤེལ་དགོན། | ཁྲི་རིན་པོ་ཆེ་(གཡུང་དྲུང་རྒྱལ་མཚན) | |||
༣༣ | བྱ་ཟེ་ཡང་རྫོང་དགོན། | བདུད་འདུལ་གྲགས་པ། | ||||
༣༤ | ཕུག་ལེབ་དགོན། | ནོར་བུ་གཡང་གྲགས། གངས་དགའ་གྲགས་པ། | ||||
༣༥ | རི་དམར་དགོན། | |||||
༣༦ | མཁར་སྤུངས་དགོན། | |||||
༣༧ | སྦྲ་ཧོ་དགོན། | |||||
༣༨ | མར་རྫོང་དགོན། | བདུད་འདུལ་གྲགས་པ། |
བོན་དགོན་དེ་དག་ནི་ཧོར་སྤྱི་གྲགས་རྣམ་སྐབས་སུ་ཡོད་པའི་བོན་དགོན་སོ་བརྒྱད་ཡིན་ལ། སོ་བརྒྱད་མཁན་པོ་ཁོངས་བོན་དགོན་སོ་བརྒྱད་དེ་དག་ནང་ཕེབས་དུས་ཡུལ་དགོན་བླ་སྡེ་ཡོངས་ཀྱི་གཙུག་ཏུ་བཀུར་ནས་ཁྲི་འཕང་མངོན་པར་མཐོ་དགོས་པའི་སྲོལ་ཡོད་པར་ཐོས། བླ་མ་ཉི་མ་རྒྱལ་མཚན། ཁོང་གི་སློབ་མ་གཙོ་བོ་ནི། ག་རྒྱ་ཁྱུང་སྤྲུལ། མཁར་དམར་སྤྲུལ་སྐུ། གཤེན་སྤྲུལ་ཐུགས་རྗེ་ཉི་མ་སོགས། བསྟན་པ་ལ་ཕན་པའི་སློབ་བུ་གྲངས་མང་བྱུང་ངོ། སྤྱི་ལོ་༡༩༡༩ལོར་ཉི་མ་རྒྱལ་མཚན་གྱི་རི་ཁྲོད་བསམ་གཏན་སྨིན་གྲོལ་གླིང་དུ་དགོངས་པ་བོན་དབྱིངས་སུ་གཤེགས། སྐམ་བླ་མ་ཉི་མ་རྒྱལ་མཚན་གྱི་སྐུ་དམར་གདུང་དུ་གཤམ་ཡོད་པ་དང་། ཁོང་གི་སྐུ་གདུང་ནི་མདོག་མི་ཉམས་པར་ཤ་མི་སྐམ་པ། ལུས་ཆ་ལུགས་ལྔ་ལྡན་དུ་བཞུགས་ཐུབ་པ། ལོ་ལྟར་དབུ་ལོ་གསར་པ་སྐྱེས་ནས་ཐེངས་རེ་དབུ་སྐྲ་བསིལ་(བཞར)དགོས་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་པར་གྲགས་ལ་གདུང་དེ་རིག་གསར་ལ་མ་ཐུགས་བར་ཉི་མ་རི་ཁྲོད་དུ་དད་རྟེན་དུ་བཞུགས་ལ་རིག་གསར་སྐབས་འཐོར་ཞིག་སུ་སོང་། སླར་ཡང་བདེ་ཉིད་ཀྱི་ཉི་མ་ཆོས་དད་རང་མོས་སྲིད་བཟང་ཚེས་སྐབས་དང་བསྟུན་བསམ་གཏན་སྨིན་གྲོལ་གླིང་རི་ཁྲོད་དེ་ཉིད་ཧོར་སྲས་གཡུང་དྲུང་རྒྱལ་བའི་ཐུགས་ཁུར་འོག་ཉམས་གསོ་ཐོབ། སྐམ་ཚང་སྦྲ་ཚང་གི་རྒྱུད་འཛིན་པ་གཡུང་དྲུང་རྒྱལ་མཚན་གྱིས་སྤྱི་ལོ་༢༠༡༡ལོར་སོ་བརྒྱད་མཁན་པོ་སྐམ་ཉི་མ་རྒྱལ་མཚན་གྱི་སྐུ་གདུང་བདུད་འདུལ་སྒྲ་སྒྲོགས་བཞེངས་ནས་བསམ་གཏན་སྨིན་གྲོལ་གླིང་ངམ་ཉི་མ་རི་ཁྲོད་ལ་བཞུགས་སུ་གསོལ།
ཁོང་གི་གསུང་རྩོམ་སྐོར་ནི།
རྒྱལ་བ་མཉམ་མེད་བླ་མའི་གསང་སྒྲུབ། ལུང་བསྟན་ལེགས་ཉེས་གསལ་བའི་མེ་ལོང་། ཀུན་བཟང་གྲགས་འཁྲོས། ལམ་ལྷའི་ཚོགས་འཁོར་སོགས་དང་། བྲག་དཀར་ལྷ་ལུང་གནས་བཤད། རྒྱལ་པོའི་ཚོགས་འཁོར་དང་ཕུད་རྒོད་སོགས་ཡོད། སོ་བརྒྱད་མཁན་པོ་ཉི་མ་རྒྱལ་མཚན་ནི་ཧོར་སྤྱི་གྲགས་རྣམ་གྱིས་གདེང་འཇོག་ཆེན་པོ་ཐོབ་པའི་ཧོར་ཚོ་ཁུལ་ལ་བོན་གྱི་བླ་ཆེན་ཞིག་ཡིན་པ་མ་ཟད། སྒྲུབ་པ་ཉམས་ལེན་གྱི་རྟོགས་པ་མཐོ་བས་བོན་གྱི་གྲུབ་མཐའི་ནང་སྐད་གྲགས་ཆེ་ཞིང་ཀུན་གྱིས་བཀུར་བའི་བླ་མ་ཞིག་ཏུ་གྱུར་ཡོད་ལ། ཧོར་སྤྱི་གྲགས་རྣམ་གྱིས་ཧོར་ཚོའི་བོན་དགོན་སུམ་ཅུ་སོ་བརྒྱད་ཀྱི་སྤྱི་ཁྱབ་མཁན་པོར་བསྐོ་བཞག་བྱས་པ་ནི་བཀའ་ཤག་སྲིད་གཞུང་གི་དཔོན་རིགས་ཀྱིས་ཁས་ལེན་ཐོབ་པའི་ཧོར་ཚོ་ཁུལ་གྱི་བོན་གྱི་བླ་ཆེན་གཅིག་པུ་དེ་ཡིན། དེར་མ་ཟད་སྐབས་དེའི་དུས་སུ་ཧོར་ཚོའི་ཁུལ་གྱི་བོན་དགོན་སུམ་ཅུ་སོ་བརྒྱད་ཀྱི་དགོན་པའི་སྒྲིག་སྲོལ་དང་། མཁན་པོ་དགེ་བཤེས་ཆེ་འདོན་ལས་སྣེ་བསྐོ་བཞག་སོགས་ཀྱང་སོ་བརྒྱད་མཁན་པོར་དགོངས་སྐོར་ཞུས་རྗེས་གཞི་ནས་བསྐོ་བཞག་བྱེད་སྲོལ་ཡོད་པས། ཆོས་སྲིད་གཉིས་ནས་རིམ་པ་ཅུང་མཐོ་བའི་བླ་ཆེན་ཞིག་ཡིན་པ་དང་ཁོང་ལ་བོན་དགོན་སོ་བརྒྱད་ཀྱི་མཁན་པོའི་གོ་ཐོབ་ཀྱི་ཐམ་ཀ་དང་དབང་ཞུ་བཅས་ཡོད་པ་ལས་དབང་ཞུ་དང་ནམ་ཟ་ད་ལྟའང་སྐམ་ཚང་གི་བླ་བྲང་དུ་བཞུགས་ཡོད། སོ་བརྒྱད་མཁན་པོ་སྐམ་ཉི་མ་རྒྱལ་མཚན་དང་དེའི་ཡང་སྲིད་སྦྲ་སྤྲུལ་སྐལ་བཟང་ཉི་མ་གཉིས་ཡིན་པ་དང་དེའི་རྗེས་སུ་སོ་བརྒྱད་མཁན་པོ་ཞེས་པའི་མིང་དང་བསྐོ་བཞག་བྱེད་སྲོལ་གང་ཡང་མེད་པའོ།། སོ་བརྒྱད་མཁན་པོ་ཉི་མ་རྒྱལ་མཚན་དགོངས་པ་བོན་དབྱིངས་ཐིམ་རྗེས་སུ་སྐམ་ཚང་སྦྲ་ཚང་དུ་གཡུང་དང་གཡུང་གྲགས་གཉིས་ལ་ལྕམ་བུར་རྫུམ་དཔོན་ཚང་གི་སྲས་མོ་ལྷ་མོ་ཁབ་དུ་བཞེས། ལྷ་མོ་ལ་སྲས་མོ་ལྔ་ལས་སྲས་ཕོ་མ་བྱུང་བས། མ་ཡུམ་ལྷ་མོ་སེམས་ཁྲལ་ཚད་མེད་མཛད་པས། སོ་བརྒྱད་མཁན་པོ་ཉི་མ་རྒྱལ་མཚན་དབྱིངས་སུ་གཤེགས་ཁར། མ་ཡུམ་ཁྱེད་ཐུགས་ཁྲེལ་མ་མཛད། སྨོན་ལམ་དང་རྟེན་འབྲེལ་མ་ལོག་ན། ང་ད་དུང་སྐམ་ཚང་གི་གདུང་ལ་འགྲོ་དོན་ཐེངས་གཅིག་ཡོང་དགོས་པ་ཡིན་ཡང་ཡང་གསུངས་པ་ལྟར། རབ་བྱུང་བཅོ་ལྔ་ལྕགས་བྱ་སྤྱི་ལོ་༡༩༢༡ལོར་ཡོག་ཅན་སྐམ་ཚང་བླ་བྲང་དུ་སྦྲ་སྤྲུལ་སྐལ་བཟང་ཉི་མ་སྐུ་འཁྲུངས། ཁོང་སོ་བརྒྱད་མཁན་པོ་ཉི་མ་རྒྱལ་མཚན་གྱི་སྤྲུལ་སྐུ་ངོས་འཛིན་བྱས་ཚུལ་ནི། དེ་ནས་གཤེན་སྤྲུལ་ཐུགས་རྗེ་ཉི་མའི་དག་སྣང་ལས། རྟག་གཟིགས་འོལ་གླིང་ལྷོ་ཤར་བདུད་འདུལ་སྔགས་གླིང་རིགས་འཛིན་མཁའ་འགྲོའི་ཚོགས་གྲལ་དུ་རྩ་བླ་སྒོ་སྟོན་ཉི་མ་རྒྱལ་མཚན་རིན་པོ་ཆེ་མཇལ་བའི་དུས་སུ་ཉིད་ཀྱིས་འགྲོ་དོན་འབྱོར་མིན་ཞུས་པའི་ལན་དུ། དེ་སྔོན་མི་ཡུལ་འདུག་པའི་སྐབས། མ་རུང་བདུད་སྤྲུལ་འགའ་ཡིས་རྐྱེན། འགྲོ་དོན་གདུལ་བྱ་བར་ཆོད་ཤོར། ཚེ་ཡི་རྟེན་འབྲེལ་མཐར་མ་ཕྱིན། སྨིན་གྲོལ་འགྲོ་འདུལ་འཕྲོ་ཡང་ལུས། དེ་ཕྱིར་རྗེས་འཇུག་བསྟན་པ་བཞག བསྟན་དང་འགྲོ་བའི་དོན་ཆེད་དུ། ལྕགས་མོ་བྱི་ཡི་ལོ་ཁམས་སུ། ང་ཡིས་འོད་ཟེར་རྣམ་པ་གཉིས། སྔོན་དུ་འཇིག་རྟེན་ཞིང་དུ་སྤྲོས། འོད་ཟེར་གཅིག་ནི་གཙང་གི་ཕྱོགས། གཅིག་ནི་བསྟན་འགྲོའི་གསལ་སྒྲོན་ཚུལ། མངའ་ཆེན་ཧོར་ཡུལ་ཐ་གྲུ་རུ། ལྡ་ལྡིང་སྒོ་ཡི་གདུང་ལ་བཞུགས། འབྱུང་ཁུངས་དྲུང་མུ་སྒྲོམ་བུ་སད། དེ་རུ་སྤྲུལ་པའི་ངོ་བོ་འཁྲུངས། འགྲོ་རྣམས་ཐེ་ཚོམ་བྱ་མི་དགོས། རྗེས་བཞག་ལུང་ཟིན་སྐལ་པ་ལྡན། ཞེས་གསུངས་པ་ལྟར། སྤྲུལ་པའི་སྐུ་མཆོག་སྐལ་བཟང་ཉི་མ་མཆོག་ནི། ཉི་མ་རྒྱལ་མཚན་གྱི་སྐུ་སྤྲུལ་ངོས་འཛིན་དེ་ལྟར་བྱུང་པ་རེད།
སོ་བརྒྱད་མཁན་པོའི་སྐོར་གྱི་ལོ་རྒྱུས་མདོར་བསྡུས་ཙམ་ཞིག་སྐམ་ཚང་མཉམ་ཉིད་བྱམས་མའི་བྲིས།།