གཡུང་གླིང་ཚེ་མཚམས་པ་ཤེས་རབ་ཚུལ་ཁྲིམས་བསྟན་འཛིན།

[ཟླ་ཚེས། 2021-06-08 07:32:45][རྩོམ་པ་པོ། མཁར་གྲྭ་བསྟན་འཛིན་བཀྲ་ཤིས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གཡུང་གླིང་ཚེ་མཚམས་པ་དགེན་འོད་བུའམ་གཤེན་གྱི་དྲང་སྲོང་ཤེས་རབ་ཚུལ་ཁྲིམས་བསྟན་འཛིན་གྱི་མཛད་རྣམ་རགས་བསྡུས་པད་དཀར་ཕྲེང་བ་བཞུགས་སོ།།

སྐྱབས་མཆོག་བཞི་ལ་གུས་པས་ཕྱག་བྱས་ནས།།
དམ་པ་ཁྱེད་ཀྱིས་མཛད་བཟང་པད་དཀར་ཕྲེང་།།
བདག་བློར་ཆུད་པ་ཟེའུ་འབྲུའི་ཆ་ཤས་ཙམ།།
འདི་ཡང་ནུབ་པར་ཕངས་ནས་ཅུང་ཟད་སྤྲོ།།
   ཞེས་མཆོད་བརྗོད་སོགས་ཀྱིས་མདུན་བསུས་ནས་དམ་པ་དེ་ཉིད་ཀྱི་མཛད་རྣམ་རགས་བསྡུས་འཆད་པ་ལ་བཞི་སྟེ།    དང་པོ་ནི།  མདོ་ཁམས་ཆུ་བཞི་སྒང་དྲུག་གི་ནང་ཚན།  རྔུལ་རྫ་ཟལ་མོའི་སྒང་རྒྱུད།  དུས་ཕྱིས་ཧོར་ཁྱུང་གཉིས་སུ་གྲགས་པའི་ཁྱུང་པོའི་ཁོངས་གཏོགས།  སྒང་རུ་ལྷ་སྡེ་ཕྱུག་མོར་གྲགས་པའི་ས་དེར།  ཡབ་ནི་དགེ་ཕྱོགས་ལ་སྙིང་སྟོབས་ཞུམ་པ་མེད་པའི་མཁར་པོ་ནོར་གྲགས་དང།  ཡུམ་ནི་ཀུན་ལ་བློ་སེམས་དཀར་ཞིང་གཤིས་རྒྱུད་འཇམ་པའི་ཁྲོམ་བཟའ་དཀར་སྐྱིད་གཉིས་ཀྱིས་སྲས་སུ།   བོད་གསར་རྙིང་གཉིས་ཀྱི་ལོ་རྒྱུས་ཀྱི་དཀྱོགས་མཚམས་སུ།   སྤྱི་ལོ་༡༩༥༧ བོད་མེ་མོ་བྱ་ཡི་ལོར་སྐུ་འཁྲུངས།  མཚན་ལ་འོད་བུ་ཞེས་བཏགས།  ༡༩༥༩ལོར་དུས་འཁྲུགས་ཤིག་གིས་རྐྱེན་པས་ནང་མི་ཆ་ཚང་མཚན་མོར་བྲོས་བྱོལ་ཕྱིན་སྐབས་མུན་ཁྲོད་དུ་གཡག་གི་གོང་ནས་ལྷུང་སྟེ་ས་སྟོང་ཞིག་ཏུ་ལུས། འོན་ཀྱང་སྟབས་ལེགས་སྟེས་དབང་ཞིག་གིས་དམག་དང་གཅན་ཟན་གང་གིས་གནོད་པ་མ་ཐེབས་པར་སླར་ཡང་བརྙེད་སོན་བྱུང་ནས།   ཁྱིམ་མི་ལྷན་འཛོམས་བྱུང་སྟབས་སྡུག་གི་ཁྲོད་ནས་སྐྱིད་པའི་འཛུམ་ཆུང་ཞིག་ཀྱང་བསྟན་རྒྱུ་བྱུང་།  ཁོང་ཆུང་ནས་བྱམས་སེམས་ཆེ་བ་དགེ་ལ་དད་པ་ཡིན་པས།  དུས་འཁྲུགས་སྐབས་སུ་དྲག་རྩལ་ལས་ཤེས་ཡོན་དེ་ཙམ་མི་མཁོ་ཟེར་པའི་སྲོལ་རྒྱུན་ལས་རིང་དུ་བརྒལ་ཏེ།  སྔར་སྲོལ་བཞིན་ཡབ་ཀྱིས་དགུང་ལོ་ལྔ་ཡི་ཐོག་ནས་རིག་གནས་ཀུན་གྱི་རྨང་གཞི་ཡི་གེ་སྦྱོར་ཀློག་ཅུང་ཟད་བསླབ་པས།  སྔོན་ལས་བཟང་པོས་ཕལ་ཆེར་རང་སྟོབས་ཀྱིས་ཤེས་པ་ལྟ་བུའི་དཀའ་ཚེགས་ཆེར་མ་བྱུང་བར་རྩེད་མོ་ཚུན་ཆད་ཀྱང་དགེ་རྟགས་དུ་མར་ལྡན་པས།  ཡུལ་མི་དགེ་སེམས་ཅན་རྣམས་ཀྱིས་དམ་པའི་རྣམ་སྤྲུལ་ཡིན་པར་སྙམ་ནས་རེ་བ་ཡང་ཆེན་པོར་བྱས།   ༡༩༦༦ལོར་དགུང་གྲངས་དགུ་ནས་བཟུང་ལོ་ངོ་བཅུ་གྲངས་ཤིག་གི་རིང་དུ་རིག་གསར་གྱི་དུས་འགྱུར་ཁྲོད་དུ།  སྔོན་ལས་བཟང་པོ་དང་ཕ་མའི་སློབ་གསོ་ལ་བསྟེན་ནས་དད་འདུན་འགྱུར་བ་མེད་པའི་མཚོན་རྟགས་སུ།  ཕྱག་རྩལ་འབུར་ཐོན་ཞིག་མ་ཡིན་ཡང་ཀུན་སློང་རྣམ་དག་དང་དད་འདུན་གྱིས་བསྐྲུན་པའི།  སྙིང་པོ་རྣམ་གསུམ་རྡོ་ལ་བརྐོས་པ་རྣམས་ད་ལྟ་ཡུལ་མི་ཀུན་གྱིས་མཇལ་ཡུལ་དུ་གྱུར་ལ།  དེའི་རྒྱབ་ལྗོངས་སུ་གྱུར་བའི་དད་དམ་འགྱུར་བ་མེད་པའི་སྙིང་སྟོབས།  སྐབས་འགར་གསོན་ཉམས་དོད་ལ་སྐབས་འགར་བློ་ཡུལ་དུ་ཤོང་དཀའ་བ་མང་པོ་བཤད་རྒྱུ་འདུག་ལ།  སྐབས་དེ་དུས་བཞེངས་པའི་རྡོ་འབུམ་ནི་ཅི་འདྲའི་རིན་ཐང་དང་ཅི་འདྲའི་སྙིང་སྟོབས་ཤིག་མཚོན་ཐུབ་པ།  དེང་སྐབས་གཞོན་སྐྱེས་ཚོའི་གོ་ཐབས་བྲལ་བ་ཞིག་ཏུ་མཆིས།  དུས་སྐབས་དེར་ཤེས་ཡོན་ཅན་ཕལ་ཆེར་འབྱོར་ལྡན་གྲལ་རིམ་ཞིག་ཏུ་རྩིས་ནས་ལས་གནས་ཁུར་ཐབས་དཀའ་ལ།  དེ་མིན་ཡི་གེ་འབྲི་འདོན་གཉིས་ཀ་ཤེས་མཁན་ཧ་ཅང་དཀོན་བས།  ༡༩༧༥དགུང་གྲངས་བཅུ་དགུའི་ཐོག་དགའ་རུ་བསོད་ནམས་དབང་གྲགས་ནས་ཨང་རྩིས་བསླབས་ཏེ་ལོ་བཅུའི་རིང་ལ་རུ་ཁག་གི་རྩིས་པ་བྱས།  ལས་གནས་མཐོ་པོ་ཞིག་མིན་ཡང་དྲང་བདེན་གྱིས་ཕྱག་ལས་གནང་གང་ཐུབ་མཛད་པས།  ནམ་རྒྱུན་ཉམས་ཐག་མང་པོ་བརྩེ་བས་སྐྱོང་ཞོར།  དྲང་བདེན་ནི་ལག་ལེན་དཀའ་བ་མ་གཏོགས།  མི་ཡིས་དགའ་ཕྱོགས་ཤིག་ཡིན་སྟབས་དྲག་ཞན་མེད་པར་ཡིད་སྨོན་འཆོར་དུ་བཅུག་པ་སོགས།  དུས་རབས་ཤིག་གི་དཀྱོགས་མཚམས་སུ་སྐྱེས་ནས་ཡིད་ཀྱི་རེ་བ་མངོན་འགྱུར་མ་ཐུབ་པར་ཡུན་རིང་ངང་སྒུག་བྱས་ནས་ཕ་ཡུལ་དུ་སྡོད་དགོས་བྱུང་བའི་སྐབས་དེ་དང་པོའོ།།
   གཉིས་པ།  སྔར་སྲོལ་ལྟར་ན་ཕ་མ་དང་ཉེ་འབྲེལ་རྒན་རིམ་ནི་རང་ཉིད་ལ་བློ་དཀར་ཞིང་མི་ཚེར་ལམ་སྟོན་གནང་མཁན་གྱི་བློ་དྲི་ས་ཡག་ཤོས་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ།   བུ་རྒན་པ་ཁྱིམ་འཛིན་བྱེད་པའི་སྲོལ་རྒྱུན་ཞིག་ཡོད་པའི་རྐྱེན་གྱིས།  ཆོས་དད་རང་མོས་ཀྱི་སྲིད་བཟང་མངོན་དུ་གྱུར་བ་དང་ལྷན་དུ།  རང་ཉིད་ཀྱི་ཕུག་བསམ་མམ་རེ་བ་ཉག་གཅིག་དུ་གྱུར་བའི་བོན་སྒོར་ཞུགས་པའི་གོ་སྐབས་དེ་དམ་འཛིན་བྱེད་ཕྱིར།  ཆོས་སྦྱོང་མཁན་ཆེད་ལས་པ་རུ་གྱུར་བའི་གྲྭ་པ་བྱེད་རྒྱུའི་སྐོར།  ཕ་མ་ཉེ་འབྲེལ་རྒན་རིམ་རྣམས་ལ་རེ་འདུན་ཞུས།  ཁོང་གིས་ཆུང་ནས་ཡིད་ལ་བཅངས་བའི་འདུན་པ་དེ་ཚང་མས་གསལ་པོར་མཁྱེན་ཀྱི་གྱི་ཡོད་པ་དང་།  དགེ་བར་བཤོལ་མ་བྱེད་མི་རུང་པའི་འདུ་ཤེས་སོགས་ཀྱིས།  དེ་དོན་རྒྱབ་སྐྱོར་མི་བྱེད་པའི་བློ་སྟོབས་ཤིག་སུ་ལའང་སྐྱེ་མ་ནུས་བར་དེ་དོན་གནང་བ་ཐོབ།  ༡༩༨༤དགུང་གྲངས་ཉེར་བརྒྱད་ཐོག་བོན་གྱི་གདན་ས་ཆེན་མོ་རབ་ལེགས་གཡུང་དྲུང་གླིང་དུ་ཕེབས་ནས།  དཔོན་སློབ་ཁྲི་རབས་བཅོ་ལྔ་བ་ཤེས་རབ་ཀུན་བཟང་བློ་གྲོས་དཔལ་བཟང་པོ་མཆོག་དབུས་པའི་མཁན་སློབ་དཔང་པོ་ལོ་ཙཱ་གྲངས་ཚང་གི་མདུན་ནས།  གཙང་མ་གཙུག་ཕུད་ཀྱི་སྡོམ་པ་ཚུལ་བཞིན་ཞུས་ཏེ་ཚུལ་མིང་ལ་ཁོང་དང་ཕ་ཡུལ་གཅིག་པའི་དེ་སྔོན་གཡུང་དྲུང་གླིང་གི་དཔོན་སློབ་ཁྲི་རབས་བཅུ་པ་མཁས་པའི་དབང་པོ་ཁྱུང་པོ་དཔོན་སློབ་ཚུལ་ཁྲིམས་རྒྱལ་མཚན་གྱི་མཚན་ཟུར་གྱི་ཚུལ་ཁྲིམས་ཅེས་པ་དེ་དྲས་ཏེ།  འདུལ་བའི་སྲོལ་དང་རྟེན་འབྲེལ་གྱི་གནད་དུ་དགོངས་ནས་ཚུལ་ཁྲིམས་བསྟན་འཛིན་ཞེས་བཏགས།  འོན་ཀྱང་དེ་སྔོན་སྐྱ་མིང་འོད་བུ་ཞེས་པ་དེ་བླ་གྲྭ་ཀུན་གྱིས་མཁྱེན་གྱི་ཡོད་སྟབས་ཀུན་གྱིས་དགེན་འོད་བུ་རུ་འབོད།  དགོན་པར་སྒྲིག་ཞུགས་མཛད་དེ་ཟླ་ཤས་བཞུགས་རིང་སྐུ་ཞབས་རིན་པོ་ཆེའི་སྐུ་མདུན་ནས་བྲུ་ཡི་ཨ་ཁྲིད་ཆེན་མོའི་སྔོན་འགྲོ་རྫོགས་པར་ཞུས།  སྐབས་དེར་དགོན་པ་ཉམས་གསོ་ཐོག་མར་བྱེད་སྐབས་ཙམ་ཡིན་པས།  བཤད་སྒྲུབ་སླར་གསོ་དེ་ཙམ་བྱེད་ཐུབ་མེད་ལ།  ཁོང་ཉིད་ཀྱང་སྟོད་གནས་སྐོར་བའི་འདུན་པ་ཡོད་སྟབས་སྟོད་མངའ་རིས་ཀྱི་གངས་མཚོ་རི་གསུམ་གཙོས་པའི་སྟོད་གནས་དག་ལ་གནས་མཇལ་དུ་ཕེབས།  དགུན་དུས་སུ་བྱ་རི་གཙུག་ལྡན་ལ་སྐུ་མཚམས་དང་།  དུས་གཞན་རྣམས་ལ་གངས་རི་མཚོ་གཉིས་ལ་ལོ་གསུམ་རིང་སྐོར་བ་སུམ་བརྒྱ་དང་རྐྱང་ཕྱག་བདུན།  དེའི་ཞོར་དུ་སྔོན་འགྲོ་འབུམ་དགུ་རྫོགས་པར་བསགས།  ཉིན་ལྟར་ངལ་གསོ་མེད་པར་ལྟོ་སྐྱ་གོས་ཧྲུལ་གྱིས་འཚོ་བ་རོལ་བཞིན་བཞུགས་ན་ཡང་།  ཐུགས་སྤྲོ་དགའ་ཆེན་པོའི་ངང་ནས་དགེ་བ་ལ་འབད་པའི་ངང་ཚུལ་ཞིག་ཡོད་པ།  གནས་སྐོར་བ་རོགས་པ་དག་གིས་ངག་ནས་ཡང་ཡང་ཐོས།   སྐབས་དེར་སྐྱེས་ཆེན་དམ་པ་ཉི་མ་ཚུལ་ཁྲིམས་མཆོག་གངས་སྐོར་ལ་ཕེབས་པ་དང་མཇལ་ནས་ཁོང་ལ་རང་ཉིད་མི་ཚེར་བོན་སྤྱོད་རྒྱུའི་འདུན་པ་ཡོད་ཚུལ་སོགས་ཞུས་པས།  ཁོང་གིས་བོན་ཟབ་མོ་ཉམས་སུ་ལེན་པ་ལ་ཐོག་མར་ཐོས་བསམ་དཔྱིས་ཕྱིན་པ་ཞིག་བྱེད་དགོས་ཚུལ་སོགས་བཀའ་སློབ་ལམ་སྟོན་གནང་བར་གདམ་ངག་ཟམ་མོ་རུ་གོ་ནས་མར་གྲྭ་ས་གཡུང་དྲུང་གླིང་དུ་ཕེབས།  དེའི་ཕྱི་ལོར་རྐོང་པོ་བོན་རི་ལ་སྐོར་བ་དང་རྐྱང་ཕྱག་དུ་མར་ཕུལ་བ་སོགས་ཐོག་མར་རང་རྒྱུད་བོན་ཟབ་མོ་ཞུ་བའི་སྣོད་རུང་འགྱུར་ཕྱིར་ལུས་ངག་གི་དགེ་སྦྱོར་ཕྱག་སྐོར་དང་སྔོན་འགྲོ་བསགས་སྦྱོང་སོགས་བྱས་པའི་སྐབས་དེ་གཉིས་པའོ།།
   གསུམ་པ།  སླར་དགོན་པར་ཕེབས་ནས་སྐུ་ཞབས་རིན་པོ་ཆེ་དྲུང་ནས་དགེ་བཤེས་བསྐལ་བཟང་བསྟན་འཛིན་དང་ལྷན་དུ།  ཨ་ཁྲིད་དངོས་གཞིའི་དགོངས་མཛོད་རི་ཁྲོད་ཆེན་པོ་དང་བྲུ་རྒྱལ་བ་གཡུང་དྲུང་ནས་རིམ་པར་ཟམ་མ་ཆད་པར་རྒྱུད་པའི།  མཁས་གྲུབ་དུ་མའི་ཕྱག་སྲོལ་བཞིན་ཐོས་བསམ་སྒོམ་གསུམ་ཟུང་དུ་འབྲེལ་བའི་སྒོ་ནས་ཉིན་ཞག་གྲངས་ཚང་དང་རྟོགས་འབུལ་ཞུ་བཞིན་མཐར་ཕྱིན་པར་མཛད།  གཞན་ཡང་དགོན་ནང་དུ་དབང་ལུང་མན་ངག་སོགས་གང་གནང་ཐམས་ཅད་གསན་ཐུབ་པར་བྱས།   སྐུ་ཞབས་རིན་པོ་ཆེ་དབུས་པའི་དགེ་སློང་རིན་པོ་ཆེ་ཤེས་རབ་བསྟན་འཛིན་སོགས་བླ་གྲྭ་རྒན་རིམ་མང་པོའི་མདུན་ནས།  འཆད་ར་ཆེན་པོ་བཞི་ཡི་སྐབས་སུ་མཚན་ཉིད་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་ཚུལ་བཞིན་མཛད།  འདུས་གྲྭ་ཉུང་ལ་སློབ་ཡུན་ཐུང་སྟབས་འཆད་ར་ཆེན་པོ་ནས་ཐོན་པའི་རིག་པ་སྨྲ་བ་ལྟ་བུ་ཞིག་མ་ཆགས་ནའང།  གཞུང་ཆེན་རྣམས་མཐར་ཆགས་སུ་ཚིག་དོན་རེ་རེ་བཞིན་ཡང་གཟིགས་བསྐྱར་གཟིགས་བྱས་ཏེ་དོན་ཟབ་མོ་གོ་བ་ཐུགས་སུ་ཆུད་པ་ཞིག་གྱུར།  བར་སྐབས་རྩོད་སྙོག་ཅིག་གིས་ཐུགས་སུན་ནས་རྗེ་ཡིས་དབུ་འགྲེལ་བློ་འཛིན་བྱས་ཟིན་ཡང་རྒྱུགས་སྤྲོད་མ་མཛད་པར་དགེ་བཤེས་དྲུང་རམས་པའི་གོ་མིང་བཞེས་རྒྱུའི་འབད་པ་མ་མཛད།  འཆད་རའི་བར་མཚམས་སུ་མཁས་དབང་ཤེས་རབ་མཆོག་ལྡན་གྱི་མདུན་ནས་བརྡ་སྤྲོད་སྐོར་དང་སྙན་ངག་མདོར་བསྡུས་ཤིག  དགེ་སློང་རིན་པོ་ཆེ་སྐུ་མདུན་ནས་ཀུན་བཟང་སྙིང་ཐིག་དང་དྲན་པ་གསེར་གདམ་ཚང་པར་ཁྲིད་ལུང་ཟབ་རྒྱས་ཞུས།  སྔ་ཕྱིར་སྨན་སློབ་སྐལ་བཟང་ཉི་མའི་དྲུང་ནས་བྱམས་མ་དང་སྨྲ་སེང་སོགས་ཀྱི་དབང་ལུང་མན་ངག་མང་དུ་ཞུས་པ་དང་།  བླ་མ་བསོད་ནམས་རྒྱལ་མཚན་དང་།  ཞུ་བླ་གཡུང་དྲུང་རྒྱལ་མཚན་རྣམ་གཉིས་ཀྱིས་མདུན་ནས་ཀུན་བཟང་སྙིང་ཐིག་གི་ཁྲིད་ལུང་ཞུས།  སྔ་སོར་དགེ་རྒན་བསྟན་པ་ལྷུན་གྲུབ་ཀྱིས་ལས་འཕྲོ་ལུས་པའི་ཁྱུང་དཀར་ཁང་གི་ཐོག་ཁང་ལས་འཕྲོ་བསྡུམ་ནས་ལས་སྤྱི་ཁང་ཚན་གྱི་དགེ་རྒན་ཆེན་མོ་དགེན་བློ་གྲོས་སམ་ཤེས་རབ་ཕུན་ཚོགས་གསར་བཀོས་མཛད་ནས་རྩིས་སྤྲད།  སྔ་ཕྱིར་ལས་རོགས་བླ་གྲྭ་མང་པོ་དང་མཉམ་དུ་ལས་སྤྱི་ཁང་ཚན་གྱི་སྤྱི་ཁང་ངམ་ད་སྐབས་འཁོར་ལོ་ཁང་དང་།  ད་དུང་སྟག་ལྷའི་མཆོད་རྟེན་སོགས་ཉམས་གསོ་ལེགས་གྲུབ་བྱུང་ཡང་རྟེན་བཞེངས་ཟེར་བའི་མིང་མཛེས་པོ་ལ་བསྟེན་ནས་འབུལ་ཟོག་མང་པོར་ཚེ་སྲོག་ཤོར་བར་ཐུགས་ཕམ་ཚད་ལས་བརྒལ་བ་བྱུང་སྟེ།  ཉེ་འབྲེལ་གཙོ་བོར་བྱས་པའི་ཡུལ་མི་ཕོ་མོ་ཡོངས་ནས་ཕུལ་བའི་དངུལ་ལྷག་མ་གང་ཡོད།  དགེ་བཤེས་སྐལ་བཟང་བསྟན་འཛིན་སོགས་ལ་ཐུགས་གྲོས་ལེགས་པར་མཛད་དེ་སྒྲུབ་ཁང་ནང་དུ་བཞུགས་པའི་སྐྱབས་མགོན་སྐུ་གདུང་མདུན་དུ་གསེར་རྐོང་ཆ་གཅིག་འཇོག་རྒྱུ་ཐུགས་ཐག་བཅད།  དེའི་ཕྱིན་འགྲོ་འདུག་ཟ་ཉལ་བྱས་ཚུན་ཆད་སྤངས་ཐབས་བྲལ་བའི་འབུ་སྲིན་ཕྲ་མོ་ཕུད།  དེ་མིན་ཇི་སྲིད་བར་དུ་འཛེམ་བྱ་ཐུབ་པའི་ཚེ་སྲོག་འཕྲོག་པའི་ལས་དང་མ་འབྲེལ་པའི་བྱེད་རྒྱུའི་དམ་བཅའ་བཞག་སྟེ་བཤགས་སྡོམ་ཡང་ཡང་བྱས།  དེའི་སྐབས་སུ་དགོན་པའི་ལས་འགན་ཆེ་ཕྲ་ཆུང་གསུམ་མང་པོ་ཐུགས་འགན་བཞེས་དགོས་བྱུང་བ་སོགས་བོན་ཉམས་སུ་ལེན་པར་མི་འཆུག་པའི་ཕྱིར་དུ་རྒྱ་ཆེ་ཐོས་བསམ་མང་དུ་མཛད་པའི་སྐབས་དེ་གསུམ་པའོ།།  
   བཞི་པ། ༡༩༩༣ལོར་རང་ལོ་༣༧སྟོན་པའི་དུས་ཆེན་ཉིན་སྐུ་ཞབས་རིན་པོ་ཆེ་དབུས་པའི་མཁན་སློབ་གྲངས་ཚང་གི་མདུན་ནས་དྲང་སྲོང་གི་སྲུང་ཁྲིམས་ཡོངས་སུ་མནོས།  ལོ་དེར་ཁྱུང་པོ་རིན་ཆེན་བློ་གྲོས་ཀྱི་ལྷན་དུ་མཁའ་འགྲོ་གསང་གཅོད་ཀྱི་སྐུ་མཚམས་ལོ་གཉིས་ཀྱི་རིང་ལ་བཞུགས་ནས་ལས་མཐའ་ཆ་ཚང་བསྐྱལ།  སྐུ་ཞབས་རིན་པོ་ཆེས་མཁའ་འགྲོ་གསང་སྤྱོད་ཀྱི་དབང་ལུང་མན་ངག་དང་དྲེའུ་དམར་རྗེས་གནང་བཅས་པ་གནང་།  དེ་རྗེས་སྐུ་ཞབས་རིན་པོ་ཆེ་མདུན་ནས་ཚེ་དབང་བོད་ཡུལ་མའི་འོད་གསལ་བདུན་སྐོར་གྱི་ཁྲིད་ལུང་མ་ལུས་ཞུས་ཏེ་མུན་མཚམས་ཞེ་དགུ་གཅིག་གཞུང་བཞིན་ཉམས་ལེན་ཚུལ་དང་མཐུན་པར་མཛད།  སླར་ཡང་དུས་གསུམ་ལ་མཁའ་འགྲོ་གསང་གཅོད་དང་དགུན་དུས་སུ་མུན་མཚམས་ཞེ་དགུ་རེ་བཅས།  ལོ་གསུམ་གྱི་རིང་ལ་སྔར་རྒྱུན་བཞིན་ཉམས་ལེན་རིམ་པ་གཞུང་བཞིན་གནང་ནས་བཞུགས།  ༡༩༩༦ལོར་དབྱར་དུས་སུ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གངས་ལྗོངས་སུ་ཕེབས་ཐེངས་གཉིས་པའི་སྐབས་སུ།  ཐུགས་དགྱེས་བརྩེ་བ་ཆེན་པོས་སྒོ་ནས་གཡུང་དྲུང་གླིང་ལ་ཞབས་སོར་འཁོད་ནས་གསེར་ཞལ་མཇལ་སྐབས།  མཉམ་མེད་བླ་སྒྲུབ་ཀྱི་བཀའ་ལུང་ཟབ་མོ་དང་།  བཀའ་སློབ་ལམ་སྟོན་ཅི་མང་གནང་བ་མ་ཟད།  ཐོས་དོན་ཉམས་སུ་ལེན་རྒྱུ་གལ་ཆེན་ཡིན་ཚུལ་དང་།  ང་ཚོ་གཡུང་དྲུང་བོན་ལུགས་ཀྱི་གཙོ་བོའི་ཐུགས་རྩེ་གཏད་ས་སྔགས་རྫོགས་གཉིས་ཡིན་ཚུལ་སོགས།   མཚམས་པས་ཐོས་བསམ་དང་ཉམས་ལེན་གནང་ཚུལ་ལ་བསྟོད་བསྔགས་ཆེན་པོར་མཛད།  ད་དུང་ཁོང་གིས་སྐྱབས་མགོན་ཟླ་བ་རྒྱལ་མཚན་ནས་བཟུང་མཁན་སློབ་རྣམ་པས་ཕུར་པ་ཐུགས་དམ་མཛད་ཀྱི་ཡོད་ཙང།  མ་འོངས་པར་གཡུང་དྲུང་གླིང་དུ་ཕུར་པ་ཚེ་མཚམས་བཞུགས་མཁན་ཡོད་ན་ལྷག་ཏུ་བསྟན་འགྲོ་ལ་ཕན་ཐོག་ཆེ་ཚུལ་སོགས་ཀྱི་བཀའ་སློབ་ཟབ་རྒྱས་གསུང་གནང་།  ༡༩༩༧དགུང་གྲངས་ཞེ་གཅིག་ཐོག་སྐུ་ཞབས་རིན་པོ་ཆེས་མདུན་ནས་ཞི་བ་ཨ་གསལ་དང་།  དབལ་གསས་ལས་རིམ་གཉིས་ཀྱི་དབང་ལུང་མན་ངག་རྫོགས་པར་ཞུས་ཏེ་དབལ་གསས་ཞི་དྲག་གཉིས་སྒྲུབ་པ་ལོ་གཅིག་དང་ཉིན་ལྔ་བཅུ་རིང་རིམ་གཉིས་ལམ་གྱི་རིམ་པ་གཞུང་བཞིན་བསྒྲུབས།  ཡང་དེའི་ཕྱི་ལོ་ནས་སྔར་ལྟར་མཁའ་འགྲོ་གསང་གཅོད་དང་མུན་མཚམས་ཞེ་དགུ་གཉིས་རེས་མོས་མཛད་ནས་བཞུགས།  དེ་ནས་སྐུ་ཞབས་རིན་པོ་ཆེས་མདུན་ནས་ཚེ་དབང་བོད་ཡུལ་མའི་དབང་ལུང་ཁྲིད་གསུམ་དང་སྲིད་རྒྱལ་མེ་དྲེད་མའི་རྗེས་གནང་བཅས་པ་ཞུས་ནས་བོད་ཡུལ་མའི་སྐུ་མཚམས་ལོ་གཅིག་བཞུགས་སྐབས་སུ་ཐུན་མིན་གྱི་ཉམས་སྣང་ཁྱད་པར་ཅན་འགའ་སྐྱེས་པར་གྲོགས་མཆེད་རེ་འགའ་ལ་གསུང་བར་གྲགས་ཀྱང་།  ཁོང་གིས་ནམ་རྒྱུན་བསྟན་འགྲོའི་དོན་དུ་མཛད་པ་རླབས་པོ་ཆེ་མཛད་མཁན་རྣམས་མ་གཏོགས།  སྤྱིར་བཏང་དགེ་བྱེད་ཡིན་ན་མངོན་ཆུང་གི་སྒོ་ནས་ཉམས་ལེན་བྱེད་དགོས་པ་ལས།  འུར་གྲོགས་བྱས་ན་བདུད་ཀྱིས་སླུ་བ་འབྱུང་བར་གསུང་ནས་མངོན་ཤེས་དང་རྨི་ལམ་སོགས་གང་ཡང་མི་གཞན་ལ་མི་གསུང་བ་མ་ཟད།  མོ་ལུང་ཞུ་དུས་ཀྱང་མོ་བཏབ་ཚད་ཐིག་ན་དམིགས་གསལ་རེད་མ་གཏོགས།  དེ་མིན་མོ་འདེབས་དུས་ལས་སླ་པོ་ཡིན་ཡང་འགན་འཁྲི་ཧ་ཅང་ཆེན་པོ་ཡིན།   ད་དུང་མོ་ལུང་བཤད་ཐལ་ཆེ་ན་མི་ཆོས་བླ་མའི་རྫུན་དུ་གྱུར་ཉེས་འདུག་གསུངས་ནས།  ནན་ཏན་གྱིས་རེ་བ་ཕུལ་ན་མ་ཟློག་ཙམ་ལས་ཕྱག་མོ་རྩ་བའི་ཆ་ནས་གཟིགས་རོགས་མི་མཛད།  དེང་སྐབས་ཁོང་གིས་མང་པོ་གསུང་ཚུལ་བཤད་མཁན་འདུག་ཀྱང་འདིར་དེའི་སྐོར་གང་ཡང་མ་བྲིས།།  ༢༠༠༠དགུང་ལོ་༤༤ཐོག་རྐོང་པོ་བོན་རི་དང་རི་བོ་རྩེ་དྲུག་གཙོས་པའི་རྐོང་ཡུལ་དང་ཁྱུང་ཡུལ་གྱི་བོན་དགོན་ཕལ་ཆེར་མཇལ་སྐོར་ཕེབས་ནས།  བླ་སྤྲུལ་སྐྱེས་ཆེན་དུ་མའི་མདུན་ནས་ཁྲིད་རྒྱུན་དཀོན་རིགས་མང་པོའི་ཁྲིད་ལུང་དང་གདམས་ངག་དུ་མར་ཞུས།  ཡབ་ཡུལ་ལ་ཕེབས་ནས་སྐུ་ཞབས་རིན་པོ་ཆེས་བཀའ་དགོངས་བཞིན།  གཡུང་གླིང་དཔོན་སློབ་ཁྲི་རབས་བཅུ་པ་ཁྱུང་སློབ་ཚུལ་ཁྲིམས་རྒྱལ་མཚན་གྱིས་སྐུ་གདུང་བཞགས་སར།  རྗེས་དྲན་གྱི་རྟེན་དུ་ཚ་ཁང་མཁར་རྩེག་མཆོད་རྟེན་དང་།  རྡོ་འབུམ་དར་ཅོག་སོགས་ལེགས་པར་བསྐྲུན།  སྔོན་ཆེད་ཀ་ཁ་གསེར་མོ་གནས་རི་ཞིག་ཡིན་པས་མི་ཡིས་ནོར་ལུག་འདེད་ནས་སྐོར་བ་བརྒྱབ་སྲོལ་ཡོད་ཀྱང་བར་སྐབས་ཤིག་ལ་དེ་ཙམ་མེད་པར་གྱུར་སྟབས།  སླར་ཡང་ཁྲོམ་པོ་བསྟན་འཛིན་བློ་གསལ་གཙོས་པའི་ཡུལ་མི་རྣམས་ཀྱིས་ཐུགས་རེ་བཞིན་དུ་ཁྱུང་བླ་ཡེ་གྲོལ་དང་ཁོང་རྣམ་གཉིས་ཞབས་སྐོར་ཕེབས་ནས།   སྔར་ཡོད་ངག་རྒྱུན་གཙོ་ཆེར་མཛད་དེ་གནས་ཡིག་དང་བསང་གསོལ་བརྩམས་པ་མ་ཟད་མཐའ་སྐོར་དུ་དར་ཅོག་འཁོར་ལོ་བརྒྱ་ཕྲག་བཞེངས།   ཞོར་དུ་ཡུལ་མི་མང་པོར་སྔོན་འགྲོའི་ཁྲིད་ལུང་དང་རེ་འགར་གཙང་གཙུག་གི་སྡོམ་པ་གནང་ནས་ཐུགས་སྨོན་རྒྱ་ཆེར་མཛད་ནས་ཡུལ་མི་སྤུན་མཆེད་ཚང་མའི་རེ་འདུན་ཡོངས་སུ་བསྐང་བར་མཛད་དེ་དགོན་པར་ཡར་ཕེབས།  སྔར་རྒྱུན་བཞིན་མཁའ་འགྲོ་གསང་གཅོད་ཀྱི་སྐུ་མཚམས་ལོ་དགུར་བཞུགས་རིང་རིམ་གཉིས་སྔགས་ཀྱི་ལམ་རིམ་གཞུང་བཞིན་ཉམས་ལེན་མཛད།  ཉིན་རེ་བཞིན་ཞོགས་པ་ཆུ་ཚོད་ལྔ་པ་ཐོག་ཡར་བཞེངས་ཏེ་སྨྲ་སེང་རྩ་རླུང་དང་།  གཡུང་གླིང་སྒྲུབ་ཁང་དམར་པོའི་ལུགས་ལྟར་བསང་རྒྱས་པ་ཚར་ནས།  གཞུང་གི་དབུ་ནས་བཟུང་སྟེ་མཁས་གྲུབ་གོང་མའི་ཕྱག་སྲོལ་ཟིན་རིས་ནང་གང་འཁོད་ལྟར་མ་གཏོགས།  རང་གིས་འདོད་དབང་གིས་བཅོས་ལྷད་རྩ་བ་ནས་གནང་སྲོལ་མེད།  སྒོམ་ཁྲི་ནང་དུ་སྐུ་ལུས་སྲོང་པོར་བཞུགས་ཏེ་འཛབ་བཟླ་སྐབས་ཁ་གཡེང་མིག་གཡེང་མཛད་བཞིན་སྙིང་པོ་བགྲང་བ་ཧ་ལམ་མཐོང་རྒྱུ་མེད་ལ།  ལྷག་ཏུ་ཐུགས་རྩེ་གཅིག་སྒྲིམ་གྱིས་ངང་ནས་འཛབ་སྒོམ་གཞུང་བཞིན་སྒོམ་ནས་སྙིང་པོ་བགྲང་གི་ཡོད་པའི་ཚུལ་ཞིག་མཇལ་བ་ཙམ་གྱིས་ཕྱིར་མངོན་གྱི་འདུག།  ཉི་མ་རི་རྩེ་ཤར་སྐབས་ཕྱག་བརྒྱ་ཕྲག་གཅིག་འཚལ་ནས་ཞོགས་ཟས་རྩམ་པ་ཉུང་ཉུང་ཞིག་དང་ཇ་སླ་པོ་ཉུང་ཉུང་ཞིག་ལས་མཆོད་ཀྱི་མེད།  དེ་ནས་ཐུན་བཅད་མཛད་དེ་སྙིང་པོ་སྔར་རྒྱུན་བཞིན་བགྲང་།  ཉིན་གུང་ཆུ་ཚོད་དང་པོའི་ཐོག་འབྲས་ཚལ་བཞེས་དཀར་ཆུང་འབྲིང་གང་གསོལ་ནས།  བར་གསེང་ངལ་གསོའི་ཚུལ་དུ་ཆུ་ཚོད་གཉིས་རིང་ཡོངས་འཛིན་སྨྲ་བའི་དབང་པོས།  ཨ་སྙན་རྫོགས་གསུམ་དང་གསང་སྔགས་བཀའ་འགྲེལ་སོགས་ཀྱི་གདམ་ཁྲིད་ཟབ་མོ་སྒྲ་འཇུག་བྱས་པ་དག་གསན་ཏེ་དཔེ་གཟིགས་ཆགས་མེད་གནང་གི་འདུག་ལ།  སྐབས་རེ་ཀློང་ཆེན་མཛོད་བདུན་དང་།  རྗེ་གཙོང་ཁ་པའི་ལམ་རིམ་དང་སྔགས་རིམ་སོགས་ལའང་ཞིབ་གཟིགས་ཡང་ཡང་གནང་གི་འདུག  སྤྱིར་བཏང་དེ་སྔོན་ངོ་ཤེས་འདྲིས་ཆེན་དང་།  སྤུན་མཆེད་ཙམ་ལས་དེ་མིན་འགྲུལ་པ་མཇལ་ཁ་བཏང་གི་མེད་ཀྱང་གལ་སྲིད་མ་གནང་ཐབས་མེད་གྱུར་ཚེ་ཉིན་གུང་བར་གསེང་དེར་མཇལ་ཁ་གནང་བར་མཛད།  ཕྱག་ཚོད་གསུམ་པའི་ཐོག་ནས་སྙིང་པོ་ཡུན་རིང་བགྲང་སྟེ་ཕྱི་དྲོར་ཚོགས་འཁོར་དང་བཀའ་སྐྱོང་རྒྱས་སྐུལ་དྲེའུ་དམར་དང་བཅས་ཚང་པར་གྲུབ་རྗེས་གསུར་ཞིག་འདེབས།   དགོང་ཟས་བཞེས་ཐུག་བཞེས་དཀར་ཆུང་འབྲིང་གང་མཆོད་ནས་མཁའ་འགྲོ་གསང་གཅོད་ཕྱི་ནང་གསང་གསུམ་གཅོད་ཆ་ཚང་དགོང་རེ་བཞིན་གསུང་ནས་ཆུ་ཚོད་བཅུ་གཅིག་ཕྱེད་ཀ་ཙམ་ནས་ཉིན་མོར་བཞུགས་སའི་སྒོམ་ཁྲི་ཆུང་ཆུང་དེའི་ནང་དུ་གཟིམས།  ཁོང་ནི་རྒྱས་སྤྲོས་ལ་ཐུགས་མཉེས་པོ་མེད་རྐྱེན་མཚམས་ཁང་ནང་དུ་ཉལ་ཁྲི་མེད་པ་མ་ཟད།  ཕོར་ཅོག་རྙིང་པ་ཧ་ཅང་ཆུང་ངུ་གཉིས་དང་།  མཚམས་གཡོག་དང་མགྲོན་པོ་གང་བསྡད་ན་འབོལ་གདན་ཆ་གཅིག་ལས་གཞན་གང་ཡང་མེད།  སྐབས་རེ་བླ་མ་དང་མི་ཆེན་འདྲ་ཕེབས་དུས་ངོ་མ་མཚེར་པོ་འདུག་པས་བཞུགས་གདན་ཡག་པོ་ཞིག་ཉོས་ནས་མ་གཏོགས་མི་འདུག་གསུང་བཞིན་མཆིས།  རིགས་རྒྱུད་ཀྱི་ནད་དམ་ཆུང་དུས་འཕྲོད་བསྟེན་གང་གི་ཡིན་མིན་ཆ་མ་མཆིས་མོད་མཁྲིས་པ་དང་ཕོ་ཁ་ཡག་པོ་མེད་སྟབས་ཟ་མ་ཉུང་ལ་སྣུམ་རྩི་ཕལ་ཆེར་མེད་པ་ཞིག་ལས་མཆོད་ཐུབ་ཀྱི་མེད།  ད་དུང་ཆུང་ནས་དམར་ཟས་མི་གསོལ་བ་སོགས་ཀྱིས་རྐྱེན་པས།  སྐུ་ཤ་སྐམ་ལ་དགུང་ལོ་བཞི་བཅུའི་དུས་ནས་དབུ་སྐྲ་དཀར་རྐྱང་དུ་ཆགས་ཡོད།  འོན་ཀྱང་བརྩོན་གྲུས་དང་སྙིང་རུས་ཁྱད་པར་ཅན་ཞིག་ཡིན་པས་བསྙུང་རྒྱུ་སོགས་རྐྱེན་གང་ཞིག་འཕྲད་ཀྱང་ཉིན་རེའི་དགེ་སྦྱོར་གྱི་རིམ་པ་དེ་རྩ་བའི་ཆ་ནས་འཐུས་ཤོར་འགྲོ་རུ་འཇུག་གི་མེད།   གོང་གི་ལས་སྤྱི་ཁང་ཚན་གྱི་སྤྱི་ཁང་ཉམས་གསོ་སྐབས་མཁན་ཆེན་ཤེས་རབ་བློ་ལྡན་གྱི་དབུ་ཀླད་མེ་ཐུབ་མ་དང་དེའི་མཚན་བྱང་བཅས་པ་རྙེད་སོན་བྱུང་ལ།  དུས་འགྱུར་སྐབས་སྐུ་འཚོ་བཞུགས་ཐུབ་པའི་དགོན་གོང་འོག་གཉིས་ཀྱི་བླ་གྲྭ་མང་པོས་བཟོ་བཀོད་བྱས་པའི་ཤིང་གི་མཆོད་རྟེན་ཞིག་མཚམས་ཁང་ནང་དུ་གཞག་ཡོད་པར།  རྟེན་འབྲེལ་དུ་གཟིགས་ནས་འདན་མ་གྲྭ་བསྟན་པ་རིག་གསལ་གྱིས་རྒྱུ་སྦྱོར་སོགས་ཀྱིས་མཐུན་རྐྱེན་ཅི་མང་སྦྱར་ནས་དབུ་ཀླད་མེ་ཐུབ་མ་གཟུངས་སུ་ཕུལ་ཏེ་གསེར་ཟངས་ཀྱི་ལེགས་པར་རྒྱན་ནས་གཡུང་གླིང་མཁན་ཆེན་ཁྲི་རབས་དྲུག་པ་ཤེས་རབ་བློ་ལྡན་གྱི་སྐུ་གདུང་དུ་མངའ་གསོལ་མཛད་ནས་བཀའ་འགྱུར་ལྷ་ཁང་དུ་བཞུགས་སུ་གསོལ།  མཚམས་པ་ལ་འགྲུལ་པ་མཇལ་ཁ་ཅི་ལྟར་བཀག་འགོག་བྱས་ཀྱང་མཚམས་བྲོ་ལས་བརྒལ་ཏེ་འབུལ་བ་ཡང་མང་པོ་བྱུང་སྟབས།  སྔ་ཕྱིར་གཡུང་གླིང་མཁན་རབས་གསུམ་པ་སྐལ་བཟང་བསྟན་པའི་ཉི་མ་དང་བཞི་པ་ཕུན་ཚོགས་དབང་རྒྱལ་གཉིས་ཀྱི་སྐུ་གདུང་ཆུང་ངུ་གཉིས་དང་རྡོ་ཡི་མཆོད་རྟེན་ཆ་བརྒྱད།  རྡོ་འབུམ་སོགས་མདོར་ན་སྐུ་རྟེན་ཚུ་གུང་ནས་བླུས་པའི་རྫོགས་སྐུ་མཁའ་འགྱིང་དཀར་པོའི་སྐུ་བྱིན་ཆེན་དེང་དུས་བཤད་སྲོལ་ལྟར་བྱས་ན་རིམ་པ་དང་པོའི་རིག་དངོས་ཤིག་དང་།  ཐུགས་རྟེན་མཁན་ཆེན་ཤེར་རབ་བློ་ལྡན་གྱི་སྐུ་གདུང་སོགས།  གསུང་རྟེན་རྡོ་འབུམ་གྲངས་ལས་འདས་པ་བཞེངས་པར་མཛད་དེ་དགོན་པར་རྩིས་འབུལ་ཞུས་རྗེས་རང་དང་འབྲེལ་མེད་ལྟ་བུ་གནང་བ་ལས་ངོ་ཆེན་དང་སྦྱིན་བདག་གི་ཚུལ་བཟུང་ནས་དགོན་པར་ཆ་རྐྱེན་གང་ཡང་འདོན་སྲོལ་མེད།  ད་དུང་ཁོང་གིས་གསུང་རྒྱུན་ཞིག་ལ་ང་ཡིས་རྒྱུ་དངོས་དང་རྟེན་བཞེངས་གང་བྱས་རྣམས་དད་སྦྱིན་ཕོ་མོ་ཚོས་ཡིན་པ་ལས་ངས་དཀའ་བས་བསགས་ཏེ་དཀོན་པས་བསྒྲུབ་བཞག་པ་གང་ཡང་མེད་གསུང་བཞིན་འདུག  ༢༠༠༧ལོར་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེ་དང་མཁན་པོ་བསྟན་པ་གཡུང་དྲུང་རྣམ་གཉིས་གཡུང་དྲུང་གླིང་དུ་ཞབས་སོར་འཁོད་སྐབས་སུ།  དགོན་འདིར་བཞུགས་པའི་བླ་གྲྭ་འདུས་སྤྱི་ནས་འདུལ་བའི་གསོ་སྦྱོང་གི་ལུང་དང་བཀའ་སློབ་ལམ་སྟོན་གནོངས་རོགས་ཅེས་ཡོངས་འཛིན་མཆོག་ལ་གསོལ་བ་བཏབས་པས།  ཁོང་གིས་གསུང་འབུམ་གྱི་དཔེ་ལུང་དང་གསོ་སྦྱོང་གི་ལུང་གནང་མཛད་ནས་བཀའ་སློབ་གནང་དོན།  འདི་གར་ཐུགས་མཐུན་ཁྲིམས་གཙང་།  བསླབ་པ་སློབ་གཉེར་གནང་བཞིན་བཞུགས་འདུག་ཟེར་གོ་ཡོང་དུས་ཧ་ཅང་དགའ་པོ་འདུག་ལ།  དེ་ལས་ལྡོག་པའི་རྩོད་སྙོག་སྐོར་དེ་འདྲ་གོ་ཡོང་དུས་སེམས་ཕམ་པོ་འདུག་ཅེས་སོགས།  མདོར་ན་བཀའ་སློབ་ཀྱི་སྙིང་དོན་ནི་འཚོ་བའི་ཆ་རྐྱེན་གྱི་ཐོག་ལ་འདོད་ཆུང་ཆོག་ཤེས་དང་།  ཀུན་སྤྱོད་ཀྱི་སྟེང་ནས་ཐུགས་མཐུན་ཁྲིམས་གཙང་གནང་རྒྱུ་གལ་ཆེན་པོ་ཡིན་ཚུལ་སོགས་ཀྱིས་བཀའ་སློབ་ཟབ་རྒྱས་དང་ཁྲིད་ལུང་གང་གནང་གསན་པའི་སྐལ་བཟང་ཐོབ།  ༢༠༠༨དགུང་ལོ་༥༢ལོར་སྐུ་ལ་སྙུང་གཞི་ཚབ་ཆེན་ཞིག་ཕོག་ནས་ཡུང་རིང་ཕྱིན་རྗེས་གྲྭ་རོགས་གྲོགས་མཆེད་རྣམས་ཀྱིས་རེ་འདུན་ནན་གྱིས་ཞུས་ཕྱིར།  ལྷ་སར་རྟགས་དཔྱད་ཕེབས་ཏེ་སྨན་པས་གློ་གཅོང་ན་ཚ་ཡིན་པར་ངོས་འཛིན་གསལ་པོར་གནང་ཡང་དམིགས་གསལ་སྨན་བཅོས་གང་ཡང་མ་མཛད།  ༢༠༠༩དགུང་ལོ་ང་གསུམ་ལོར་རྒྱལ་བ་གཤེན་ཚང་རིན་པོ་ཆེ་ནོར་བུ་དབང་རྒྱལ་མཆོག་ནས་དུས་མཐར་དགེ་བ་ཚུལ་བཞིན་སྒྲུབ་མཁན་ཉུང་ལ།  རེ་ཙམ་ཡོད་པ་ལ་བར་ཆོད་ཧ་ཅང་ཆེ་བས།  སྨན་པའི་ཞལ་གསུང་ཇི་བཞིན་སྨན་ཁང་ནང་དུ་བཞུགས་ཏེ་སྨན་བཅོས་གནང་ན་སྙུང་གཞི་དྲག་གི་རེད་ཅེས་མོ་ལུང་ཞལ་གསལ་གྱི་བཀའ་ལུང་སྤྱི་བོར་ཕེབས་པར་བསྟེན།  སླར་ཡང་དབུས་གཙང་གི་བན་བོན་གྱི་དགོན་ཁག་ཕལ་ཆེར་ལ་མཆོད་མཇལ་དང་སྦྲགས།  སེམས་དཔའ་འདུས་སྡེ་རྒྱ་མཚོར་བསྙེན་བཀུར་ཚུལ་དུ་མང་ཇ་དང་སྐུ་འགྱེད་ཐུགས་སྨོན་རྒྱ་ཆེར་མཛད་ནས་ལྷ་སར་སྨན་བཅོས་ལ་ཕེབས།  སྨན་ཁང་ནང་དུ་མ་བཞུགས་པར་གསོལ་སྨན་མཆོད་བཞིན་སྤུན་མཆེད་དམུ་སྡུམ་ཕྱུག་རྒྱན་ནང་དུ་ཟླ་ཤས་བཞུགས་ཀྱང་སྙུང་གཞི་དེ་ཙམ་མ་བསེང་།  སྨན་པ་ཆེད་མཁས་པ་བཙལ་ནས་སྨན་བཅོས་ཇི་ལྟར་ལེགས་ཚུལ་བཀའ་འདྲི་ཞུས་པས་སྨན་པས་གཅོང་ནད་ལ་ནད་འབུ་ཕྲ་མོ་རིགས་མི་འདྲ་མང་པོ་ཡོད་པ་དང་དེ་དག་སྨན་གང་གིས་གསོད་ཐུབ་མིན་ཚོད་བལྟ་བྱ་ནས་སྨན་བཅོས་བྱས་ན་ཧ་ལམ་སྨན་ངོ་ཡོང་ཚུལ་གསལ་བཤད་བྱེད་ཐལ་ཤོར་ནས།   ཁོང་གིས་ང་ནི་ཚེ་ཕྱེད་ནས་བོན་སྒོར་ཞུགས་ནས་བོན་ཟབ་མོ་ཉམས་ལེན་བྱེད་ཁུལ་བྱས་པ་ཡིན། སྨན་བཅོས་ལམ་ལྷོངས་འབྱུང་མིན་མི་ཤེས་ཀྱང་ད་ལྟ་ང་ཡི་ཆེད་དུ་རྐང་བཙུགས་ནས་གཞན་སྲོག་འཕྲོག་སྟེ་གསོན་ཐབས་བྱེད་ཀྱི་མིན་གསུང་ནས་ཐུགས་ཐག་རྦད་གཅོད་བྱས་པས།  གཞན་པ་རྣམས་ཀྱིས་ཀྱང་ཐབས་ལེགས་པའི་སྨན་བཅོས་བྱེད་ཐབས་གཞན་ཞིག་མ་རག  ཁོང་གིས་ཀྱང་སྐྱེ་རྒས་ན་འཆི་ཡི་རིམ་པ་དེ་སྐྱེ་འགྲོ་ཚང་མས་རྒྱུད་དགོས་ངེས་ཤིག་ཡིན་པ་མ་ཟད་ང་ཚོ་སྐྱེས་ནས་འཆི་ཆོག་ཆོག་ཅིག་ཡིན་ཙང་རྒྱུད་རིམ་དེ་རྒྱུད་ཐུབ་པ་ཧ་ལས་པ་རེད།  སྐྱེས་ཙམ་ནས་འཆི་འགྲོ་མཁན་ཡང་མང་པོ་འདུག་བ།  ད་ལྟ་ང་དང་པོ་རྒས་ནས་སྐྲ་དཀར་ལ་སོ་མེད་པ།  གཉིས་པ་ན་ཚ་བཅོས་དཀའ་བ་ཞིག་ན་ཡོད་སྟབས་ད་འཆི་བ་དེ་ལས།  གཞན་རྒྱུད་དགོས་པའི་ལམ་ཁ་ཚང་མར་ཕྱིན་ཚར་མི་འདུག་གམ་ཞེས་རྩེད་མོའི་ཚུལ་དུ་བཞད་བཞིན་གསུངས།  ལར་འཆི་བ་མི་རྟག་པ་ང་ཚོས་རྟག་ཏུ་སྒོམ་གྱི་ཡོད་རེད་ལ།  དེ་ཕྱོགས་གཅིག་ནས་ཚེ་འདི་ལ་རྟག་འཛིན་ཆུང་དུ་གཏོང་ཐབས་དང་ཕྱོགས་གཞན་ནས་དགེ་བར་བརྩོན་འགྲུས་བྱེད་ཐབས་ཤིག་རེད།  ངས་རྟག་འཛིན་ཆུང་དུ་ག་ཚོད་གཏོང་ཐུབ་ཡོད་མིན་མི་ཤེས་མོད།  དགེ་བ་སྒྲུབ་པ་ལ་བརྩོན་འགྲུས་བྱས་ཁུལ་བྱས་པ་རེད་ཅེས་སོགས་གསུང་ནས་སྤུན་མཆེད་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་སེམས་གསོ་ཡང་ཡང་གནང་།  དེ་ལོར་ཁོང་གི་ཡབ་དང་ཡུལ་མིའི་རེ་བ་ལྟར་དུ་ཟླ་བ་གཅིག་གི་རིང་ལ་ཡབ་ཡུལ་དུ་བཞུགས་ནས་ཀུན་གྱི་རེ་བ་བསྐང་ཅི་ཐུབ་མཛད་ནས་ཡར་ཕེབས་ཁར་ནང་ཚང་ལ་མི་རྟག་ཉམས་མགུར་ཤོག་ཅིག་མ་ཞིག་བྲིས་ནས་གནང་།  སླར་དགོན་པར་མཁའ་འགྲོ་གསང་གཅོད་ཀྱི་སྐུ་མཚམས་ལ་སྔར་རྒྱུན་བཞིན་བཞུགས་པ་ལས་སྙུང་གཞི་སྐོར་ལ་ཐུགས་སྣང་རྩ་བ་ནས་མ་མཛད།  སྤྱི་ལོ་༢༠༡༠བོད་ལྕགས་སྟག་ལོའི་ཟླ་བ་དང་པོའི་ཡར་ཚེས་སུ་གཡུང་གླིང་མཁན་ཆེན་ཁྲི་རབས་བཅུ་གཅིག་པ་བསྐོ་བའི་དངོས་གཞི་ཕུར་པའི་སྒྲུབ་པ་རྟགས་ཐོན་དང་བོན་སྐྱོང་ཁྲི་ཚོགས་སོགས་ཕུལ་ནས་སྐབས་དེར་ཁོང་སྐུ་མཚམས་བཞུགས་བཞིན་ཡོད་ཀྱང་སེམས་དཔའ་འདུས་སྡེ་རྒྱ་མཚོའི་ཐུགས་འདུན་བཞིན་སྒྲུབ་ཁང་ནང་དུ་ཕེབས་ཏེ་ཐུགས་སྨོན་རྒྱ་ཆེར་གནང་ནས་རྟགས་རིལ་ཐེངས་དང་པོ་སྒྲིལ་མཁན་མཛད།  མཁན་སློབ་ཉི་ཟླ་ཟུང་འབྲེལ་གསར་བསྐོས་བྱས་མ་ཐག་མཁན་སློབ་རྣམ་པ་གཉིས་ཀྱིས་ལོ་ཤས་བཤད་གྲྭ་ཉམས་ཆགས་སོང་བ་སླར་གསོ་མཛད་དེ་བཤད་སྒྲུབ་གཉིས་ལྡན་དབུ་བསྙེས་ནས་མི་རིང་བར།  ཁོང་ལ་དམངས་སྒོར་ཁྲི་ལྔ་ཡོད་པ་ཚང་མར་བཤད་སྒྲུབ་ཀྱིས་བརྟེན་རྩར་ཞལ་འདེབས་ཕུལ།  ༢༠༡༡དགུང་གྲངས་ང་བཞི་བོད་ལྕགས་སྟག་ལོའི་བོད་ཟླ་༡༢བའི་བོད་ཚེས་༥ཉིན་འགྲོ་དོན་ཡོངས་སུ་གྲུབ་ནས་དགོངས་པ་བོན་དབྱིངས་སུ་ཐིམ།  གཡུང་གླིང་དཔོན་སློབ་ཁྲི་རབས་བཅུ་དྲུག་པ་ཤེས་རབ་སྐལ་བཟང་རིག་འཛིན་མཆོག་ནས་ངོ་སྤྲོད་གསལ་འདེབས་དང་བྱང་ཆོག་སོགས་ཞིང་ཕེབས་རྗེས་ཀྱི་མཛད་རིམ་ཆ་ཚང་གནང་རོགས་མཛད།  ཉིན་གཉིས་རྗེས་གཡུང་གླིང་མཁན་རབས་བཅུ་གཅིག་པ་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་མཆོག་དགོན་པར་ཞབས་སོར་འཁོད་ནས་ཀུན་རིག་ལས་བཞི་རྒྱུན་ལྔའི་དཀྱིལ་འཁོར་ཞལ་ཕྱེ་མཛད་ནས་སྐུ་གདུང་ཞུགས་ལ་འབུལ་དགོས་པ་དང་།  བྱོན་པ་རིང་བསྲེལ་གང་བྱོན་རྣམས་བསལ་ནས་གདུང་རྟེན་ལེགས་པོ་ཞིག་ཕྱི་རབས་རྣམས་ཀྱིས་མཇལ་སྐལ་དུ་བཞེངས་དགོས་ཚུལ་སྐོར་གྱི་དགོངས་བཞེད་ཡོད་ཚུལ་གསུངས་ཀྱང་།  མཚམས་གཡོག་གམ་ཚ་བོ་བློ་གྲོས་རབ་གསལ་གྱིས་ཁོང་གིས་སྔོན་མའི་གྲྭ་སའི་གྲྭ་རྒན་རྣམས་ཞིང་ལ་ཕེབས་དུས་སྐུ་ཕུང་བྱ་སྦྱིན་བྱས་ཏེ་ཤག་ཆས་བཙོང་རིན་གྱིས་མེ་ཏོག་མཆོད་པ་ཞིག་གཏང་སྲོལ་ཡོད་ལ།  ཅ་ལག་ལྷག་མ་དང་གྲྭ་ཤག་རང་རང་ཁང་ཚན་གི་བདག་པོ་རྒྱབ་སྲོལ་ཡོད་འདུག་པས་དེ་ནི་ལམ་ལུགས་ཡག་པོ་ཞིག་རེད།  ང་ཡང་དེ་དག་དང་མཐུན་པར་བྱེད་དགོས་པ་ལས།  བླ་སྤྲུལ་སྐྱེས་ཆེན་དམ་པ་འགྲོ་དོན་དུ་ཞིང་གཞན་ལ་ཕེབས་པའི་རྗེས་འཇུག་གི་མཛད་སྒོ་དེ་འདྲ་རྩ་བ་ནས་བྱེད་མི་ཉེན་པའི་ཚུལ་ཡང་ཡང་གསུང་བ་རྣམས།  ཞལ་ཆེམས་ཡིན་པས་དེ་དོན་བྱེད་རྒྱུའི་ཨུ་ཚུགས་མཐར་སྐྱེལ་བྱས་མཐར་ཞག་གསུམ་གྲོལ་བཞིའི་ཉིན་བླ་ཁྲི་རྨེའུ་སྐལ་བཟང་དབང་རྒྱལ་དང་བསྟན་འཛིན་གཙུག་ཕུད་རྣམ་གཉིས་གཙོས་པའི་གྲྭ་བཙུན་བཅུ་གྲངས་ཤིག་གིས་སྨན་རིའི་དུར་ཁྲོད་དུ་བྱ་སྦྱིན་བྱས།  མཁན་ཆེན་རིན་པོ་ཆེས་ཕྱིས་སུ་དགོན་འདིར་ཁོང་ལྟ་བུའི་འཇིག་རྟེན་བོན་བརྒྱད་རིང་དུ་དོར་ནས།  མི་ཚེར་ཉམས་ལེན་དང་སྦས་པའི་ཚུལ་གྱིས་བསྟན་འགྲོའི་དོན་ཆེན་མཛད་མཁན་འབྱོན་དཀའ་བས་དབུ་གཡང་དེ་བྱིན་རྟེན་དང་གཡང་རྟེན་དུ་ཞུས་ནས་སྒྲུབ་ཁང་ནང་ལས་གཞན་འདུལ་བྱ་སོགས་གང་དུ་མི་འཁྱེར་བར་གཞག་དགོས་པར་ནན་ཏན་སྒོ་ནས་གསུངས་པས་མཚམས་གཡོག་གིས་ཀྱང་དེ་དོན་མོས་མཐུན་མི་བྱེད་ཐབས་མེད་གྱུར།  བདུན་ཚིགས་རེ་ལ་མེ་ཏོག་མཆོད་པ་རེ་དང་མཚམས་ཁང་ནང་གི་དཔེ་ཆ་ཁ་ཤས་དང་སྐུ་འདྲ་གཉིས་ཡོད་པ་རྣམས་ལས་སྤྱི་ཁང་ཚན་དུ་ཕུལ་བ་བཅས་ཐོས་བསམ་གྱི་དོན་རྒྱུད་ཐོག་ལ་སྦྱར་ཕྱིར་སྐུ་མཚམས་བཞུགས་ནས་ཚེ་མཐར་བསྐྱལ་ཚུལ་གྱི་སྐབས་ཏེ་བཞི་པའོ།།
ཕྱི་ཡི་མཛད་པ་ཐུན་མོང་སྣང་ཚུལ་ལ།།
གཙོ་ཆེར་བཟུང་ནས་ཅུང་ཟད་བྲིས་པ་ལས།།
ནང་དང་གསང་པའི་རྣམ་ཐར་ཇི་སྙེད་ཅིག །
ཁོང་གི་མཆེད་གྲོགས་རྣམས་ལ་སྐལ་དུ་གཞག །
མཐོང་དང་ཐོས་པ་གང་དག་བདེན་པ་ཡིས།།
གཏན་ཚིགས་ཡང་དག་བཙལ་བར་དཀའ་བས་ན།།
བཤད་ནོར་དོན་འཁྲུལ་ནོར་པའི་ཆ་ཅི་མཆིས།།
མཁྱེན་ལྡན་རྣམས་ལ་སྙིང་ནས་བཟོད་གསོལ་ཞུ།།
བརྡ་དག་སྡེབ་སྦྱོར་ཚུལ་ལ་མི་མཁས་ཤིང་།།
དབྱངས་ཅན་མགྲིན་པར་ཞུགས་པ་དེ་བས་ཅི།།
འོན་ཀྱང་ཁུ་བོས་མཛད་བཟང་ཅུང་ཟད་ཙམ།།
རང་འདྲ་བློ་དམན་རྣམས་ལ་སྐྱེས་སུ་ཕུལ།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།