ཁྱུང་པོ་བླ་མ་གཡུང་དྲུང་བདུད་འདུལ།

[ཟླ་ཚེས། 2021-03-11 19:57:56][རྩོམ་པ་པོ། སེང་སྤྲུལ་རིག་འཛིན་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄།  །རྫོགས་པ་ཆེན་པོའི་རྣལ་འབྱོར་བ་ཁྱུང་པོ་བླ་མ་གཡུང་དྲུང་བདུད་འདུལ་རིན་པོ་ཆེའི་རྣམ་ཐར་བདེ་ཆེན་བགྲོད་པའི་ལམ་བཟང་ཞེས་བྱ་བ་བཞུགས་སོ།།
སེང་སྤྲུལ་རིག་འཛིན་ཉི་མས་བརྩམས།
 

སྐལ་བཟང་རྣམ་འདྲེན་སྟོང་གི་བྱིན་རླབས་བུ།།
མཁྱེན་བརྩེ་ཡོན་ཏན་སྟོང་གི་བྱེད་པོ་མཆོག།
སྙིགས་དུས་ཤེས་ལྡན་སྟོང་གི་གཙུག་ན་འགྱིང་། ། 
ཁྱུང་སྤྲུལ་གཡུང་དྲུང་བདུད་འདུལ་ཕྱག་གི་ཡུལ།།  

གང་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གཏེར།།
ཚུར་མཐོང་བློ་ཡིས་གཞལ་བྱའི་ཡུལ་ལས་འདས།།
འོན་ཀྱང་རིགས་ལྡན་སྐྱེས་བུའི་ངག་རྒྱུན་རྣམས།།
སྐལ་བཟང་དད་རྟེན་རྣམ་ཐར་འདི་ན་བཀོད།།
   ཅེས་ཆེ་བ་བཞི་ལྡན་གྱི་སྒོ་ནས་མཆོད་པ་བརྗོད་པའི་མེ་ཏོག་ཙམ་པ་དཀར་པོ་སྔོན་དུ་འཐོར་ཏེ་དགོས་པ་བཞི་ལྡན་གྱི་བཤད་པར་དམ་བཅའ་བས་མདུན་ལེགས་པར་བསུས་ནས་གླེང་བར་བྱ་བ་ནི།  ས་གསུམ་གྱི་དམིགས་བུ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད། མདོ་སྔགས་རྫོགས་གསུམ་བོན་གྱི་མཛོད་འཛིན། ཤར་རྫ་འཇའ་ལུས་པའི་ཐུགས་སྲས། སྙིགས་དུས་འགྲོ་བའི་དཔའ་བོ།  རྒྱུད་ལུང་མན་ངག་གི་བདག་ཉིད།  ཐར་པའི་དེད་དཔོན། མཁས་གྲུབ་རྒྱ་མཚོའི་གཙུག་རྒྱན།  མཚན་བརྗོད་པར་དཀའ་བ།  ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་མོ་གཡུང་དྲུང་བདུད་འདུལ་མཆོག་གི་རྣམ་ཐར་བདེ་ཆེན་བགྲོད་པའི་ལམ་བཟང་ཞེས་བྱ་བ་འཆད་པ་ལ་གསུམ་སྟེ།  རང་བཞིན་གྱི་ཆེ་བ་རུས་རིགས་ཕུན་ཚོགས་ལས་གྲོལ་ཚུལ།  རྩོལ་མེད་ཤུགས་འབྱུང་གི་ཆེ་བ་ཚེ་འདིའི་མཛད་ཕྲིན་བསྟན་པ་དང་།  འགྲོ་དོན་རྒྱ་ལག་ཕྱད་པའི་ཆེ་བ་འཇུག་གི་དོན་བསྟན་པའོ།།
ཁྱུང་སེར་གདུང་རབས་བསྟན་པ།
   དང་པོ་ནི།  རུས་མཛོད་ལས།  རུས་རྒྱུད་ཡོད་ན་ཐོག་མ་འཆད།  །ཅེས་པས་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་མོ་གཡུང་དྲུང་བདུད་འདུལ་མཆོག་གི་རང་བཞིན་གྱི་ཆེ་བ་རུས་རིགས་ཕུན་ཚོགས་ལས་གྲོལ་ཚུལ་ནི།  ལྷོ་འཛམ་བུ་གླིང་འདིར་སྐྱོབ་པའི་ལྷ་རུ་བསྐོས་པའི་ལྷ་ཁྲི་ཤེས་དཀར་པོའི་ཐུགས་རྗེ་དང་།  རྫུ་འཕྲུལ་ལས་སྤྲོས་པའི་ཡེ་རྗེ་སྲིད་པ་མི་ཡི་གླིང་འདིར།  སྲིད་པ་ཡེ་སྨོན་རྒྱལ་པོ་དང་ཆུ་ལྕམ་རྫུ་འཕྲུལ་མོ་གཉིས་བསྡེབས་པའི་སྲས།  ཕྱྭ་དམུ་གཙུག་གསུམ་ལས།  གཉིས་པ་དམུ་རྗེ་བཙུན་པོ་དང་།  ལྷ་མོ་འོད་གསལ་མ་གཉིས་བཤོས་པའི་སྲས་བཞི་ལས་རྒྱལ་རིགས་དང་།  རྗེ་རིགས་དང་།  བྲམ་ཟེའི་རིགས།  དམངས་རིགས་བཞི་གྲོལ།  རྒྱལ་རིགས་ལས་དཔག་པའི་མི་རིགས་བཞི་གྲོལ་བའི་ཐོག་མ།  འཁོར་ལོ་བསྒྱུར་བའི་རྒྱལ་པོ་ལས།  གདུང་རྒྱུད་འཛིན་པའི་རྒྱལ་པོ་ལྡེ་དྲུག་གྲོལ་བའི་ནང་ན།  བླ་མ་འདི་ནི་གཉན་མཁའ་འགྱིང་གི་བརྒྱུད་པ་ཡིན།  དེ་ཡང་གཉན་མཁའ་འགྱིང་གི་བརྒྱུད་ལ་གཉན་ཁྱུང་རིམ་རྒྱལ་བ་དང་།  དེའི་སྲས་གཉན་རྗེ་འོད་གསལ་འོད་ལྡན་སོགས་གདུང་རབས་རིམ་པ་བྱོན་པའི། ཚེ་ལོ་བརྒྱ་བའི་སྟོན་པ་གཤེན་རབ་མི་བོའི་བསྟན་པ་དར་བའི་སྐབས་སུ།  གཉན་རྒྱལ་རིགས་སྣང་འོད་ལྡན་ནམ་རིག་སྣང་འོད་རྒྱལ་བྱ་བ་བསྟན་འགྲོའི་དོན་དུ་བྱ་རྒྱལ་ཁྱུང་ལ་སྤྲུལ་ནས་ཞང་ཞུང་གི་ཁ་ཡུག་མེ་ཏོག་གི་ཚལ་དུ་བབས།  ཡུལ་མི་རྣམས་ཀྱིས་ཁྱུང་ལ་རྭ་ཡོད་པས་ཁྱུང་པོ་རེད་ཅེས་བརྗོད་པ་ལས་ཁྱུང་པོའི་མིང་ཆགས།  ཁྱུང་དེས་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྣ་ཚོགས་མཛད་ནས་མཁའ་ལ་གཤེགས་ཤུལ་ཁྱུང་སྒོང་བཞི་བྱུང་།  དེ་བཞི་པོ་རིམ་གྱིས་གྲོལ་ནས།  ཆེ་བ་ཁྱུང་དཀར་ཐོག་ལ་འབར།  དེའི་འོག་ཁྱུང་སེར་ལྷ་ཁྱུང་།  དེའི་འོག་ཁྱུང་འཕགས་ཁྲ་བོ།  དེ་འོག་ཁྱུང་ནག་མུ་ཁྱུང་རྒྱན་དང་བཞི་བྱུང་།  དེ་བཞིས་ཞང་ཞུང་གི་ཡུལ་ཆེན་བཞི་ལ།  རིན་ཆེན་བླ་རྡོ་རེ་དང་།  སྐུ་མཁར་རེ་དང་། མ་བསྐྱིལ་གཡུ་མཚོ་རེ་ལ་མངའ་དབང་བསྒྱུར་ནས་གདུང་བརྒྱུད་སྤེལ།  དེ་བཞིས་རྫུ་འཕྲུལ་གྱིས་རྟག་གཟིགས་ནས་བོན་སྡེ་མང་པོ་བླངས་ཏེ་ཞང་ཞུང་དང་བོད་སོགས་ཡུལ་གྱི་སྙིང་པོ་དྲུག་ལ་བསྟན་པ་སྤེལ་ཞིང་ཞང་བོད་ཀྱི་རྒྱལ་པོའི་དབུ་ཡི་མཆོད་གནས་མཛད་པ་སོགས་རྣམ་ཐར་རྒྱ་ཆེན་པོ་བཞུགས་སོ།།  གོང་དུ་བཤད་པའི་ཁྱུང་པོའི་གདུང་བརྒྱུད་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར།  ཟམ་ཐག་མ་ཆད་པ་ཁྱུང་གཏེར་འོད་ཟེར་གླིང་པ་དཔལ་བཟང་པོའི་བར་དུ།  ཁྱུང་པོའི་བླ་རབས་གྲངས་མང་བ་དག་གི་མཛད་རྣམ་དང་གདུང་རབས་གྲོལ་ཚུལ་ནི་རྣམ་ཐར་དང་།  ཁྱུང་པོའི་གདུང་རབས་།  བསྟན་འབྱུང་ཆེན་མོ་རྣམས་སུ་ཞིབ་ཏུ་གསལ་བའི་འདིར་ཡིག་ཚོགས་མང་དུ་དོགས་ནས་མ་བྲིས།  རྒྱས་པ་གཞན་དུ་གཟིགས་པར་འཚལ།  ཁྱུང་གཏེར་འོད་ཟེར་གླིང་པ་ནི།  ཨ་མདོ་ཟངས་ཆུ་ནས་ཉག་རོང་གླ་ཁོག་བྲག་ལྷ་རྫོང་ལ་བྱོན་ནས་གཏེར་ཁ་བླངས།  གླ་ཁོག་བྲག་ལྷ་རྫོང་གནས་སྒོ་ཕྱེ།  དེའི་སྲས་གཡུང་དྲུང་རྒྱལ་མཚན། དེའི་སྲས་གཡུང་དྲུང་ནོར་བུ།  དེའི་སྲས་ཉི་མ་རྒྱལ་མཚན།  དེའི་སྲས་གཡུང་དྲུང་བདུད་འདུལ་དང་ཐུགས་རྗེ་གླིང་པ་གཉིས་ཡིན།  དེ་ཡན་ཆད་ནི་ཁྱུང་པོའི་གདུང་རབས་ཕུན་ཚོགས་ལས་གྲོལ་ཚུལ་མདོར་བསྡུས་ཙམ་བསྟན་ཟིན་ཏོ།།

སྨྲས་པ།
མི་རྒྱུད་འོད་གསལ་ལྷ་ལས་ཡོངས་སུ་གྲོལ། །
སྟག་གཟིག་གདུང་འཛིན་རྒྱལ་པོ་ལྡེ་དྲུག་ལས། །  
གཉན་ཆེན་མཁའ་འགྱིང་བརྒྱུད་པ་ལས་གྲོལ་བའི། །
ཁྱུང་སེར་གདུང་རབས་ཨེ་མ་ངོ་མཚར་རྨད། །
 
ཁྱུང་སེར་གདུང་རུས་གསེར་ཀྱི་མཆོད་རྟེན་ལ། །
མཁས་གྲུབ་རྒྱ་མཚོས་ཁྲ་ཡིས་མཛེས་པས་བརྒྱན། །
གཤེན་བསྟན་སྲོག་གི་སྙིང་པོ་འཛིན་པའི་མཆོག །
ཁྱུང་སེར་གདུང་རབས་རྣམས་ལ་གུས་པས་བསྟོད། །

ཞེས་བར་སྐབས་ཚིགས་སུ་བཅད་པའོ། །

མ་འོངས་ལུང་གིས་ཟིན་ཚུལ་བསྟན་པ།

   གཉིས་པ་ལ་གཉིས།  སྐྱེས་ཆེན་དམ་པའི་ལུང་གིས་ཟིན་ཚུལ་དང་།  ཚེ་འདི་ཡི་རྣམ་ཐར་རྒྱས་པ་འཆད་པའོ།།  དང་པོ་ནི་བསམ་ལྷུན་རྩ་རྒྱུད་ལས།  ཉག་ཡུལ་བསྐལ་བཟང་བསྟན་པའི་རྒྱལ་མཚན་འཛིན།།  ཁྱུང་རིགས་གཞན་ཕན་ཉི་མ་བདུད་དཔུང་འདུལ།།  ཞེས་པ་ནས།  མཆོག་གྱུར་སྐྱེས་བུ་བཅུ་གསུམ་ཕྲིན་ལས་བསྐྱོད།།  ཅེས་དང་།  བན་དེ་པད་མ་རྡོ་རྗེའི་ལུང་བསྟན་ལས།  རིག་འཛིན་གོང་མའི་བྱིན་རླབས་སྲས།།  བདུད་དཔུང་འདུལ་གྱི་མཚན་ཅན་འབྱུང་།།  ཉག་ཡུལ་བསྟན་པ་ཕྱོགས་མེད་སྤེལ།།  ཞེས་པ་སོགས་ལུང་གིས་བསྔགས་པ་དང་། གཞན་ཡང་གཏེར་གཉིས་བདག་པོ་གསང་སྔགས་གླིང་པ་དང་། སྙིགས་དུས་འཇའ་ལུས་པ་ཀུན་མཁྱེན་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་དང་། རྫོགས་པ་ཆེན་པོ་ལ་མངའ་བརྙེས་པའི་བྱ་བཏང་ཚེ་དབང་འགྱུར་མེད། མ་ཧྭ་པཎྜི་ཏ་ཞེས་གྲགས་པའི་སུ་ལ་སྐལ་བཟང་བསྟན་པའི་རྒྱལ་མཚན་ལ་སོགས་སྔོན་བྱོན་ཚད་མའི་སྐྱེས་ཆེན་དུ་མས་བསྔགས་པའི་ཁྱུང་སྲས་གཡུང་དྲུང་བདུད་འདུལ་ཞེས་དུས་གསུམ་བསྒྲིབས་མེད་དུ་གཟིགས་པའི་རིག་འཛིན་གོང་མ་རྣམས་ཀྱིས་མཚན་གྱི་ཆེ་བ་གསོལ་བའི་སྐྱེས་བུ་ཆེན་པོ་དེ་ནི་འཕགས་པའི་ལུང་བསྟན་པ་ནང་བཞིན་རང་དབང་གི་སྐྱེ་བ་བཞེས་ཏེ་སྙིགས་དུས་ཀྱི་གདུལ་དཀའ་འདུལ་བའི་དེད་དཔོན་དུ་བྱོན་པ་ཡིན་ལ། ལྷག་པར་དུ་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ཏེ་བོན་གྱི་འདུ་གནས་ཆེན་མོ་ཉག་ཡེ་ཤེས་དགོན་པའི་ཡུལ་དགོན་སྡེ་གསུམ་རྣམས་ལ་འགྲོ་འདྲེན་སྟོང་ལས་བཀའ་དྲིན་བླ་མ་འདི་མཆོག་གོ།  

སྨྲས་པ།
གདོད་མའི་མགོན་པོ་ཀུན་བཟང་ཐུགས་ཉིད་ཀློང་། །
རོལ་རྩལ་འགག་མེད་ལོངས་སྐུ་རྣམ་པར་འཆར། །
གང་ལ་གང་འདུལ་རྣམ་པར་སྤྲུལ་པའི་གར། །
སོ་སྐྱེ་ཕལ་གྱིས་གཞལ་བྱའི་ཡུལ་ལས་འདས། །
 
སྐྱེས་ཆེན་དམ་པ་མི་ཡི་སེང་གེ་ཡི། །
གསང་གསུམ་འགྱུར་མེད་གཡུང་དྲུང་ཐུགས་ཀློང་ལས།།
མ་འོངས་ལུང་བསྟན་སྐྱ་རེངས་མངོན་དྲངས་པས། །
འཇིག་རྟེན་དབང་པོ་འཆར་ཞེས་རྟེན་འབྲེལ་ཤར། །

ཞེས་བར་སྐབས་ཚིགས་སུ་བཅད་པའོ། །

སྐྱེ་བ་བཞེས་པ་བསྟན་པ།

   གཉིས་པ་རྩོལ་མེད་ཤུགས་འབྱུང་གི་ཆེ་བ་བསྟན་པ་ལ་བཞི་སྟེ། སྐྱེ་བ་བཞེས་པའི་སྐབས་བསྟན་པ་དང་།  སྐུ་ཚེ་སྟོད་ཀྱི་ཕྲིན་ལས་བསྟན་པ་དང་། སྐུ་ཚེ་དཀྱིལ་གྱི་ཕྲིན་ལས་བསྟན་པ་དང་། སྐུ་ཚེ་སྨད་དུ་ངོ་མཚར་གྱི་མཛད་ཕྲིན་བསྟན་པའོ།།  དང་པོ་ནི།  མཚན་བརྗོད་པར་དཀའ་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གཡུང་དྲུང་བདུད་འདུལ་མཆོག་ནི། རྒྱལ་འཕགས་ལུང་གིས་བསྔགས་པའི་གངས་ཅན་ལྗོངས་འདིར་ཆེས་གྲགས་པའི་རོང་བཞི་ཤོད་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ་ཉག་ཤོད་ཨ་འཛི་ལུང་གི་ཤར་ཕྱོགས།  རྩེ་དྲུག་ལྷུན་པོའི་སྒང་གི་ཚབ། གནས་མཆོག་པད་མ་སྤུངས་རྩེའི་གཡས་ཟུར།  གཡུང་དྲུང་མཐོང་གྲོལ་གྱི་གནས་མཆོག་སྨོན་ལམ་ལྷ་བྲག་གི་གཡོན།  གཞི་བདག་དར་འཛི་རི་ལོའི་བང་།  མཁས་གྲུབ་དུ་མའི་ཞབས་བཅགས་པའི་གནས་མཆོག་སྦོས་ཐང་གྲོང་དུ། སྐྱེས་ཆེན་དམ་པ་དུ་མ་སྐུ་འཁྲུངས་བའི་ཁྱུང་པོ་ཚང་གི་ཡབ་མདོ་སྔགས་ཀུན་ལ་ཐོགས་མེད་ཀྱི་ཤེས་རབ་རྒྱས་པའི་གོང་དུ་བསྟན་པའི་ཁྱུང་པོའི་ལྷ་རྗེ་ཉི་མ་རྒྱལ་མཚན་མཆོག་དང་།  ཡུམ་སྦྱིན་ལ་དགའ་བ་མེ་ལི་ལྷ་མཚོ་ཟུང་ལ་རབ་བྱུང་བཅོ་ལྔ་པའི་ཆུ་མོ་གླང་སྟེ་སྤྱི་ལོ༼༡༩༡༣༽ལ་ངོ་མཚར་བའི་རྟགས་མཚན་དུ་མ་དང་བཅས་སྐུ་བལྟམས།  རྣལ་འབྱོར་པ་འདི་ཉིད་མའི་ལུས་སྒྲོམ་དུ་བཞུགས་པའི་སྐབས། ཡུམ་ལ་སྨྲ་མི་ཤེས་པའི་དགའ་བདེ་ཆེན་པོས་ཁྱབ་པ་དང་།སྔོན་མེད་པའི་དགེ་སེམས་ཁྱད་པར་ཅན་ངང་གིས་རྒྱུད་ལ་སྐྱེས་པ་སོགས་ངོ་མཚར་བའི་རྟགས་དུ་མ་བྱུང་།  གཞན་དུ་རྨི་ལམ་ཡ་མཚར་ཆེ་བ་དང་།  འཇའ་འོད་ཀྱི་གུར་ཕུབ་པ་སོགས་འབྱུང་བ་ཡུལ་མི་གཉེན་བཤེས་རྩ་ལག་རྣམས་ཀྱི་ལབ་པའི་གཏམ་དུ་གྲགས་སོ།།  སྐུ་བལྟམས་པའི་ཚེ་ཡང་ཡུམ་ལ་གནོད་པ་མེད་པར་བདེ་བ་དང་བཅས་ཏེ་མཛེས་སྐུའི་དཀྱིལ་འཁོར།  འབྲུག་སྒྲ་དང་ཆབས་གཅིག་གསར་དུ་མངོན་པར་བལྟམས་སོ།། དེ་ལྟར་སྐུ་བལྟམས་ནས་ཡབ་ཡུམ་གཉིས་ཀྱིས་མཚན་བདུད་འདུལ་ཞེས་གསོལ། དེའི་སྐབས་ཉི་མ་རྒྱལ་མཚན་མཆོག་དང་། དབལ་གཏེར་གསང་སྔགས་གླིང་པ་སོགས་དེར་བྱོན་ནས་བཀའ་བསྒོ་དང་།  ཚེ་དབང་ཞིག་ཀྱང་བསྩལ།  མ་འོངས་པ་བསྟན་འགྲོའི་དོན་ཆེན་འགྲུབ་པའི་ལུང་ཡང་བསྟན་ཏོ།།  

སྨྲས་པ།
ཆེན་པོ་ཁྱུང་གི་གདུང་རིགས་མྱུ་གུ་ལས།། 
མཚན་དཔེའི་དཀྱིལ་འཁོར་རྫོགས་པའི་གཟུགས་ཀྱི་སྐུ།།
ཡུམ་གྱི་མངལ་རྒྱ་གྲོལ་བའི་ངང་ཚུལ་གྱིས།།
བཅོ་ལྔའི་ཟླ་བཞིན་མཛེས་སྐུ་མངོན་པར་བལྟམས།།

འདི་ནི་ཁམས་གསུམ་འགྲོ་བའི་དཔའ་བོ་ཆེ།།
བསྟན་དོན་རྩ་ལག་ཁུར་བཞེས་སྙིང་སྟོབས་ཅན།།
ཞེས་པའི་ལྷ་དང་སྲུང་མ་ཚོགས་ཀྱིས་བསྟོད།།
རྨད་བྱུང་དགེ་མཚན་དུ་མའི་དཔལ་གྱིས་བརྒྱན།།

ཞེས་བར་སྐབས་ཚིགས་སུ་བཅད་པའོ། །

 

སྐུ་ཚེ་སྟོད་ཀྱི་ཕྲིན་ལས་བསྟན་པ།

   གཉིས་པ་ནི།  སྙིགས་དུས་འདིར་རྣལ་འབྱོར་པ་ཆེན་པོ་གཡུང་དྲུང་བདུད་འདུལ་རིན་པོ་ཆེ་སྐུ་བལྟམས་ནས་བཟུང་དགུང་ལོ་བདུན་བཞེས་པའི་བར་དུ།  བྱིས་པའི་སྤྱོད་པ་ཐམས་ཅད་ལས་རིང་དུ་སོང་ཞིང་།  བྱིས་པ་གཞན་དག་ལྟར་གདོལ་སྤྱོད་དམན་པའི་སྣང་ཚུལ་གཏན་ནས་མི་མཛད་པ་དང་།  ཡི་གེ་ཀློག་ཚུལ།  དབང་ལུང་གནང་ཚུལ།  གཞན་ལ་བྱམས་སྙིང་ཅན།  དགེ་འདུན་རྟགས་ཙམ་འཛིན་པ་ལ་སྤྲོ་བ་འཕེལ་བ།  མདོར་ན་རིགས་སད་པའི་རྟགས་ཐམས་ཅད་རྫོགས་པའི་བྱ་སྤྱོད་ལ་བརྩོན་པ་ཞིག་གོ། 
   དགུང་ལོ་བདུན་བཞེས་པའི་སྐབས་སུ།  ཡབ་ཉི་མ་རྒྱལ་མཚན་མཆོག་གི་མདུན་ནས་ཡོན་ཏན་ཐམས་ཅད་ཀྱི་གཞི་མ་ཡི་གེ་ཡིན་པས་ཡི་གེ་དཀར་ནག་ཀློག་འགོ་བཟུང་།  ཡུན་རིང་མ་ཐོགས་པ་སྦྱོར་ཀློག་སྐབས་ལྡེབ་ལྔ་ཙམ་བློ་ལ་འཛིན་ཐུབ་པ་བྱུང་།  
   དགུང་ལོ་དགུའི་སྟེང་དབལ་གཏེར་གསང་སྔགས་གླིང་པ་དང་། སུ་ལ་པཎ་ཌི་ཏ་སོགས་ཀྱི་མདུན་ནས་ཚེ་དབང་བྱ་རི་མའི་དབང་དང་། སངས་རྒྱས་སྨན་ལྷ་དང་རྟ་ཕྱག་ཁྱུང་གསུམ་གྱི་དབང་ལུང་ཐོབ།
   དགུང་ལོ་བཅུ་བཞེས་པའི་སྐབས།  འདྲ་ཡུལ་བྲག་རལ་ཀུན་བཟང་བདེ་ཆེན་རི་ཁྲོད་དུ།  གྲུབ་དབང་མང་ག་ཝེར་ཞིའི་དངོས་སློབ་གཞུང་ལུགས་རྒྱ་མཚོ་སྨྲ་བའི་སྤོབས་པ་ཡངས་བའི་བླ་མ་གཡུང་དྲུང་དཔལ་བཟང་གི་མདུན་དུ་བྱོན་ནས་འབུད་རྡུང་བཀྲོལ་གསུམ། གར་ཐིག་དབྱངས་གསུམ། སྒྲུབ་སྐོར་མང་པོའི་འདོན་ཕྱག་ལེན། རྒྱུ་བོན་བཞིའི་སྐོར་དང་། རིག་གནས་སྐོར་དང་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་སོགས་ལེགས་པར་གསན།  གསོ་བ་རིག་པ་ལ་ཐུགས་དམ་མཛད་པས་ཡུལ་དེའི་མི་སྐྱ་ཕོ་མོ་དང་གྲྭ་རྒན་ན་གཞོན་ཀུན་ཀྱིས་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར།  
   དགུང་ལོ་བཅུ་གསུམ་བཞེས་སྐབས་སུ།  འདྲ་ཡུལ་ནས་རང་དགོན་དུ་བྱོན།  ཡེ་ཤེས་དགོན་པའི་ལྷ་སྡེ་ཡོངས་ལ་དབང་བསྐུར་བ་དང་བོན་ཡང་བཤད། དེ་ནས་གཅུང་པོ་ཐུགས་རྗེ་གླིང་པ་དང་ལྷན་གཅིག་ཏུ་མ་ཧ་པཎ་ཌི་ཏ་སུ་ལ་སྐལ་བཟང་བསྟན་པའི་རྒྱལ་མཚན་ཀྱི་མདུན་དུ་བཅར་ཏེ། སྔོན་འགྲོ་བཀའ་ལུང་རྒྱ་མཚོ་དང་། ཁྲིད་ཡིག་དམར་མོ་མཛུབ་ཚུགས།  ཨ་ཁྲིད་ལམ་རིམ། ལམ་རིམ་སུམ་བརྒྱ་པ། སྡེ་སྣོད་མཛོད་སོགས་གསན།
དགུང་ལོ་བཅོ་ལྔའི་ཟླ་བ་དང་པོའི་ཚེས་བཟང་ལ།  སྙིགས་དུས་འགྲོ་བའི་མགོན་པོ་འཇའ་ལུས་པ་གྲུབ་དབང་བྱ་བྲལ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོའི་སྤྱན་སྔར་བྱོན་ནས།  སྨིན་གྲོལ་གྱི་ཁྲིད་གདམས་ལེགས་པར་གསན།  ཐོག་མ་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་འབུམ་དགུ་ཕུལ།  སྡེ་སྣོད་མཛོད།  གསང་སྔགས་བསྐྱེད་རྫོགས།  ཨ་ཁྲིད་སྐོར་ལ་སྦྱོང་བ་མཛད།  དེ་ནས་སྒོམ་སྒྲུབ་ཀྱི་ཉམས་ལེན་ལ་འཇུག་སྟེ་རྩ་རླུང་།  མུན་མཚམས།  རྒྱབ་ཐུར་བཅུད་ལེན་སོགས་མཐར་ཕྱིན་པར་མཛད།
   དགུང་ལོ་བཅུ་བདུན་བཞེས་པའི་སྐབས།  ས་སྦྲུལ་ལོ་སྟེ་སྤྱི་ལོ་༡༩༢༩ལོར་བོན་གྱི་འདུས་སྡེ་ཆེན་པོ་ཉག་རོང་དཔལ་ལྡན་ཡེ་ཤེས་བཤད་སྒྲུབ་བསྟན་རྒྱས་དགོན་དུ་སྙིགས་དུས་བསྟན་གཉིས་བདག་པོ་དབལ་ཁྱུང་གཏེར་སྟོན་གསང་སྔགས་གླིང་པ་མཆོག་གིས་བཀའ་འགྱུར་རིན་པོ་ཆེ་ལྗགས་ལུང་དང་བརྒྱུད་རིམ་རྗེས་གནང་བཅས་གསུངས་སྐབས་དེར་བྱོན་ནས་དབང་ལུང་མན་ངག་ཟབ་ཁྲིད་རྒྱས་པ་ཐོབ།  དབལ་གཏེར་གསང་སྔགས་གླིང་པས།  རྣལ་འབྱོར་པ་གཡུང་དྲུང་བདུད་འདུལ་དང་མཁས་གྲུབ་རྒྱ་མཚོའི་གཙུག་རྒྱན་མགར་བ་བླ་མ་ཨ་གཡུང་མཆོག་གཉིས་ལ་མ་འོངས་པ་ན་གཡུང་དྲུང་གི་བོན་སྤྱི་དང་ཁྱད་པར་དུ་ཡེ་ཤེས་དགོན་གྱི་བསྟན་དོན་རྒྱ་ཆེ་བསྒྲུབ་པའི་སྐྱེས་ཆེན་ཞིག་འོང་ངེས་ཡིན་ཞེས་ལུང་གིས་བསྟན། 
   ལོ་དེའི་དབྱར་དཀྱིལ་དུ།  རྣལ་འབྱོར་པ་མཆོག་འདི་ཉིད་དང་ཁོང་གི་གཅུང་པོ་གཏེར་སྟོན་ཐུགས་རྗེ་གླིང་པ་གཉིས་སླར་ཡང་ཤར་རྫ་རིན་པོ་ཆེའི་མདུན་དུ་བྱོན་ནས།  སྡེ་སྣོད་མཛོད།  ལུང་རིགས་མཛོད།  དབྱིངས་རིག་མཛོད།  ནམ་མཁའ་མཛོད།  ལེགས་བཤད་མཛོད། སྡོམ་གསུམ་རྩ་འགྲེལ། སྐུ་གསུམ་རྩ་འགྲེལ། བྱང་སེམས་བརྒྱ་རྩ་པ་དང་ལྔ་བཅུ་པ། བྲུ་ཡི་ཨ་ཁྲིད་ཆེན་མོ།  ཏ་པུ་ཧྲི་ཙའི་སྙན་བརྒྱུད་བཀའ་བརྒྱུད་སྐོར་བཞི།  དགོངས་མཛོད་ཀྱི་ཐུན་མཚམས་བརྒྱད་པ་དང་བཅུ་པ།  དམར་མོ་མཛུབ་ཁྲིད་རྩ་བ་དང་། བཀའ་རྟེན་སྡེ་ལྔ།  མཉམ་མེད་འཕྲུལ་སྒྲོན་རྣམ་ལྔ་སོགས་མདོ་སྔགས་རྫོགས་གསུམ་གྱི་ཟབ་ཁྲིད་རྒྱས་པ་གསན།  ཆོ་ག་བཅུ་གཉིས།  གསས་མཁར་མཆོག་ལྔ།  ཁྲོ་བོ་རྒྱུད་དྲུག  ཀུན་གྲོལ་གྱི་གསུང་འབུམ།  སྤྲུལ་སྐུ་རྣམ་བཞིའི་བཀའ་འབུམ་སོགས་བཀའ་བརྟེན་དུ་མའི་དབང་ལུང་ཐོབ།
   ཉིན་ཞིག་ལ། དོན་ཆེན་ཞིག་གིས་རྐྱེན་བྱས་ཏེ་ཤར་རྫ་རིན་པོ་ཆེའི་སྐུ་མདུན་གཅར་དགོས་བྱུང་ཚེ། ཤར་རྫ་རིན་པོ་ཆེ་དཔེ་ཆ་འབྲི་བཞིན་ཡོད་པ་མཐོང་། ཁོང་སྒོ་ཟུར་ནས་ལྐོག་ལྟོས་བྱས་ཚེ། ཤར་རྫ་རིན་པོ་ཆེས་གསོ་ཕོར་དང་འབྲི་སྨྱུག་སོགས་བར་སྣང་སྟོང་བའི་ཁམས་སུ་བཞག་པ་སོགས་ཁྲ་ཆུང་མིག་གིས་མཐོང་པས་སེམས་རྒྱུད་ལ་ཟད་མི་ཤེས་པའི་དད་མོས་གུས་སྤྲོ་བཞི་བཅས་ལྷག་པར་དུ་འཕེལ། གཞན་དུ་ཤར་རྫ་རིན་པོ་ཆེའི་སྐུ་ལུས་ལ་རེག་ཐོགས་མེད་པས་སྐུ་རགས་རང་མདུད་རྒྱག་པ་སོགས་མིག་གི་མཐོང་བ་སོགས་གཞན་གྱི་ངག་ལས་ཐོས་པ་ལ་བརྟག་ན། ཁོང་ཉིད་ཀྱང་ས་ཐོབ་སེམས་དཔའ་དངོས་ཡིན་པར་བསྟན་ཐུབ་བོ། །
   ཤར་རྫ་རི་ཁྲོད་དུ་བཞུགས་པའི་སྐབས་སུ། རིག་འཛིན་ཧ་ར་ཅི་པར་གྱི་སྤྲུལ་སྐུ་སྒོམ་ལྷ་མགོན་རིན་པོ་ཆེ་དང་།  རིགས་ཀུན་ཁྱབ་བརྡལ་སྨྲ་དབང་ཁྲོ་སྤྲུལ་ནོར་བུ་རིན་པོ་ཆེ།  ས་གསུམ་ན་འགྲན་ཟླ་བྲལ་བའི་གྲུབ་དབང་རྒྱལ་སྲས་བསྟན་བཟང་།  ལྷ་མིའི་མཆོད་སྡོང་གཅིག་པུ་གྱུར་པ་སྟག་ཞིག་ཉི་མ་བདུད་འདུལ་སོགས་མཁས་ཤིང་གྲུབ་དབང་དུ་མའི་མདུན་ནས།  རྫོགས་ཆེན་སྐུ་གསུམ་རང་ཤར་གྱི་དབང་བཞི་དང་།  མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་དབང་བཞི།  སྙན་རྒྱུད་བཀའ་བརྒྱུད་སྐོར་བཞི།  གསང་གཅོད།  མེ་རི།  སྙིང་ཐིག  ཨ་རྫོགས་སྙན་གསུམ།  རྫོགས་ཆེན་གསེར་གྱི་ཞུན་མ།  བྱང་སེམས་གབ་པ་དགུ་སྐོར།  རྩ་རྒྱུད་གསང་བ་བསེན་ཐུབ།  མཁས་བཞི་སྒྲ་འགྲེལ།  དྲན་པའི་བཀའ་འབུམ་ཡོད་དོ་ཅོག  གཤེན་གྱེར་རྨ་དབྱིལ་སོགས་ཀྱིས་ཟབ་བཞེས་གནང་བའི་བཀའ་དང་བཀའ་བརྟེན་ཕལ་མོ་ཆེ་ཟབ་ཁྲིད་དང་དབང་ལུང་བརྒྱུད་རིམ་བཅས་ཐོབ་པས་རྫོགས་ཆེན་གྱི་རྣལ་འབྱོར་ཆེན་པོར་གྱུར། སྔགས་ཀྱི་ཐར་ལམ་སྡེ་དྲུག་ལ་ཐུགས་དམ་རྩེ་གཅིག་མཛད་པས་རིག་པ་ཀློང་བརྡོལ་གྱུར་ཏོ།།  
  དགུང་ལོ་ཉི་ཤུ་བཞེས་པའི་སྐབས།  སླར་ཡང་མ་ཧཱ་ཙི་ནའི་པཎ་ཌི་ཏ་ཆེན་མོ་དབྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན་མཆོག་གི་སྤྱན་སྔར་བྱོན་ནས།  རིག་གནས་ཆེ་ཆུང་བཅུ་དང་།  མདོ་སྔགས་རྫོགས་གསུམ་གྱི་གཞུང་འགྲེལ་བཅུ་ལྷག་ཙམ་ལ་གསན་བསམ་མཛད།  དབྲ་སྟོན་རིན་པོ་ཆེའི་གསུང་རབས་ཕལ་མོ་ཆེའི་ཁྲིད་ལུང་གསན་ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་དང་། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི་ཐེག་འགྲེལ་རྒྱས་བསྡུས་གཉིས་དང་།  མཉམ་མེད་ཀྱི་ཐེག་འགྲེལ་དང་།  ཤར་རྫའི་ལུང་རིགས་མཛོད་དང་བཞི་པོ་མཉམ་འབྲེལ་གྱི་སྒོ་ནས་ཟབ་ཁྲིད་གསན།  དེ་ལ་སུ་ལའི་མཁན་ཆེན་གྱི་བློ་རིག་དང་སྦྲག་ནས་ཁྲིད་ལུང་ཞུས།  དགུང་ལོ་ཉེར་གཉིས་བཞེས་པའི་སྐབས།  རང་ཡུལ་ཉག་སྟོད་དུ་བཞུགས་པའི་ཤར་རྫ་རིན་པོ་ཆེའི་དངོས་སློབ་འཇའ་ལུས་པ་བྱ་བཏང་ཚེ་དབང་འགྱུར་མེད་ཀྱི་མདུན་དུ་བྱོན་ནས་དབྱིངས་རིག་རིན་པོ་ཆེའི་མཛོད་ཟབ་ཁྲིད་རྒྱས་པ་ཟླ་བ་དྲུག་ཙམ་ལ་གསན་སྦྱོང་བྱེད།  ཞོར་དུ་ཡང་རྩེ་ཀློང་ཆེན།  མཉམ་མེད་ཀྱི་བྱང་སེམས་གབ་པ།  འདུལ་བ་མདོར་བསྡུས་དང་ཀུན་བཏུས།  སྡོམ་གསུམ་ཁ་ཚང་སྔགས་ཀྱི་རྒྱུད་སྡེ་བཞིའི་ཁྲིད་ལུང་གསན།  ཚེ་དབང་འགྱུར་མེད་ཀྱི་མཆོག་གྱུར་སྐྱེས་བུ་བཅུ་གསུམ་གྱི་གྲལ་གྱི་ལུང་བྱང་གིས་ཟིན་པ་དང་།  མ་འོངས་བསྟན་པའི་མངའ་བདག་ཏུ་མངའ་གསོལ།  

སྨྲས་པ།
བགྲང་ཡས་བསྐལ་མང་གོང་ནས་ཚོགས་བསགས་ལས།།  
རིགས་སད་རྟགས་མཚན་ལེགས་པའི་འོད་དཀར་འཆར།།
ཀུན་ལ་ལྷག་བསམ་བཟང་པོ་བསྐྱེད་པའི་མཐུས།།
ས་འོག་གསེར་བཞིན་ཡོན་ཏན་ཅི་ཡང་ངོམས།།

རྣམ་འདྲེན་སྟོང་གི་ཡོན་ཏན་དཔལ་འཛིན་པའི།།
མཚན་ལྡན་དཔོན་གསས་དུ་མ་སྤྱི་བོར་གཞེར།།
སྨིན་གྲོལ་ཟབ་མོ་གང་གའི་ཆུ་བོའི་རྒྱུན།།
གང་ཐུགས་ཚངས་པའི་རལ་བ་ཅི་ཡང་འཁྱིལ།།

གདམས་ངག་སྦྲང་ཆར་ཇི་བཞིན་ཟིལ་མངར་ལ།།
ཆོག་ཤེས་བློ་བྲལ་རྭ་ཡིག་གཉིས་པ་བཞིན།།
བསྟེན་འོས་བླ་མའི་དབང་ལུང་མན་ངག་བཅུད།།
ཡང་ཡང་བཏུང་བའི་བློ་སྟོབས་དཔེ་ཟླ་བྲལ།།

ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

   དགུང་ལོ་ཉེར་གཉིས་བཞེས་པའི་སྐབས་སུ།  དབལ་གཏེར་འདྲ་ཡུལ་བྱོན་ནས་བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་གནང་བཞིན་དགོངས་པ་བོན་ཉིད་དབྱིངས་སུ་གཤེགས་པས་བཀའ་འགྱུར་ལྗགས་ལུང་མཐར་མ་ཕྱིན་པ་རྣམས།  རྗེ་ཉིད་དགུང་ལོ་ཉེར་གསུམ་བཞེས་སྐབས།  རྗེ་འདི་ཉིད་དང་གཅུང་པོ་ཐུགས་རྗེ་གླིང་པ་གཉིས་འདྲ་ཡུལ་དུ་བྱོན་ནས་དགོན་ཁག་བཞི་ཙམ་གྱི་སྐྱ་སེར་སྟོང་ཕྲག་ལྷག་ལ་དབལ་གཏེར་གྱི་གསུང་འཕྲོ་བཀའ་འགྱུར་རིན་པོ་ཆེ་ཡི་ལྗགས་ལུང་དང་། རྗེས་གནང་བརྒྱུད་རིམ་བཅས་སྤེལ་མཐར།  བཀའ་ཕྱི་ནང་གསང་གསུམ་གྱི་དབང་ཁྲིད་ཟབ་མོ་གནང་།  ཕྱོགས་དེ་ལ་བསྟན་འགྲོའི་དོན་རྒྱ་ཆེ་འགྲུབ།  དགོན་པ་དང་མཆོད་རྟེན་མང་པོ་གསར་བཞེངས་བྱས།  དགེ་སྒྲུབ་སྡིག་སྤང་གི་བསླབ་བྱ་གནང་།  སྨྱུང་གནས་མང་དུ་བཙུགས།  བླ་མ་དང་གྲྭ་བ་བརྒྱ་ཕྲག་འགའ་ལ་སེམས་ངོ་བཞག་ནས་སྐུ་གསུམ་རང་ཤར་དང་སྙིང་ཐིག་ཟབ་ཁྲིད་གནང་།  རྔོན་ཁྲིམས་དང་རྐུན་ཁྲིམས་དམ་པོར་བཅད་ནས་ཡུལ་དེ་ལ་དགེ་ལེགས་ཀྱི་མཚན་མ་རྒྱ་ཆེན་མཛད་དོ།།

   དགུང་ལོ་ཉེར་ལྔ་བཞེས་པའི་སྐབས།ཤར་རྫ་རིན་པོ་ཆེའི་རྒྱལ་ཚབ་མདོ་སྔགས་རྫོགས་རིག་བདག་ཉིད་བློ་གྲོས་རྒྱལ་མཚན་མདུན་དུ་བྱོན་ནས།  ཤར་རྫ་རིན་པོ་ཆེའི་སྐུ་གདུང་མདུན་དུ་མ་རྒྱུད་སོགས་གཞུང་ཆེན་དུ་མའི་ཚོགས་འཁོར་ཕུལ།  ཕུར་པའི་བསྙེན་མཚམས་ལ་བཞུགས། ལོ་དེའི་དགུན་ཁ་རྩ་རླུང་དང་། མུན་མཚམས། ངག་མཚམས་སོགས་ལེགས་པར་བཞུགས་སྐབས་ངོ་མཚར་ཅན་གྱི་རྟགས་མཚན་ལེགས་པ་དུ་མ་བྱུང་། 

   དགུང་ལོ་ཉེར་བདུན་གྱི་སྐབས་སུ།  མཆོག་དགེ་ཐེག་མཆོག་བསྟན་འཕེལ་རི་ཁྲོད་དུ་བསྙེན་བསྒྲུབ་ལས་གསུམ་གཞུང་བསྲངས།  བསྐྱེད་རིམ་དང་རྫོགས་རིམ་ཟབ་མོ་གཉིས་ཟུང་འབྲེལ་གྱི་སྒོ་ནས་ཕུར་པའི་བསྙེན་མཚམས་ལ་བཞུགས།  ཕུར་པའི་རྒྱུད་འགྲེལ་བཅུ་ལ་བསམ་སྒོམ་མཛད།  ཕུར་པའི་བསྙེན་བསྒྲུབ་ལས་གསུམ་གྱི་ལས་མཐར་རྒྱུད་སྡེ་ནང་ལྟར་ཆད་ལྷག་མེད་པ་བྱས།  དེ་དག་གི་སྐབས་སུ་མཚན་མོར་འོད་གསལ་གྱི་སྣང་བས་ཕྱོགས་ཀུན་ཁྱབ་པའི་ནང་དུ་ཐིག་ལེ་སྐར་ཚོགས་བཀྲམ་པ་ལྟར་གསལ་བའི་དབུས་སུ་ཕུར་པའི་ལྷ་ཡི་སྐུ་མང་པོ་འཆར་བ་དང་།  གཞན་པའི་ལྷ་ཡི་སྐུ་མང་པོ་ཤར་བ་དང་།  སྔོན་ཆད་མཐོང་ཐོས་མེད་པའི་བོན་གྱི་ཚིག་མང་པོ་བློ་ལ་ཐོགས་མེད་བརྡོལ་བ་སོགས་ཀྱི་འཆར་སྣང་དུ་མ་བྱུང་།  བསྙེན་མཚམས་སྒོ་དབྱེ་སྔ་ནུབ་ལ།  ཡི་དམ་འབྲུག་གསས་ཆེམ་པ་ལྷ་ཞལ་མངོན་དུ་གཟིགས།  བར་སྣང་གཅན་ཚོགས།  ས་གཞི་མ་ཚོགས་ཐམས་ཅད་སྒྲུབ་ཁང་ནང་དུ་གསལ་བ་མཇལ་སྐལ་བྱུང་།  སྒོ་དབྱེ་བའི་ཐོ་རངས་ནས་ཉི་ཤར་བར་བུམ་ཆུ་འཁོལ་ནས་སྒྲུབ་ཁང་ཕྱི་ནང་དྲི་བཟང་གིས་ཁྱབ་པ་དང་།  གཏོར་མ་ལ་མེ་འབར་བ་སོགས་བརྗོད་མི་ཤེས་པའི་རྟགས་མཚན་དུ་མ་བྱུང་ཞིག་བླ་མ་མཆོག་གི་ཞལ་རྒྱུན་ནོ།།  

   དགུང་ལོ་ཉེར་དགུ་བཞེས་པའི་སྐབས།  ཉག་ཡུལ་དུ་ཐན་པ་ཆེན་པོ་བྱུང་བའི་ཚེ།  ཡུལ་མི་རྣམས་ཀྱི་གསོལ་བ་འདེབས་བཞིན་ཆར་སློང་བྱོན་སྐབས་རླུང་འཚུབས་གཡོས་ནས་ཆར་སྤྲིན་འཁོར་དུ་མ་སྟེར་བ་ལ་རླུང་གནོན་དྲག་པོར་མཛད་པས།  སྡེ་བརྒྱད་དམག་ཚོགས་འཁྲུགས་ནས་ཐོག་རྒོད་དྲག་དུ་འཕེན་ཡང་བླ་མའི་སྐུ་ལ་ཉེ་ཡང་མ་ནུས་བླ་མས་ཆར་རྫས་མུན་ཉུང་མཚོ་ནང་འཕང་ཚེ་མཚོ་ཁོལ་བ་ལས་རླངས་པ་དྲག་པོ་མཁའ་ལ་འཕུར་བ་ལས་ཆར་ཉིན་ལྔ་ཙམ་འབབས་པས་ཡུལ་ཕྱོགས་ཀྱི་མི་དམངས་ཡོངས་ཀྱིས་རྗེ་ལ་ལྷག་པ་ཡིད་ཆེས་ཀྱི་དད་པ་བསྐྱེད།  ལོ་དེ་ནས་བཟུང་ཡབ་རྗེ་ཉི་མ་རྒྱལ་མཚན་གྱི་བརྒྱུད་འཛིན་བྱས་ནས་དགོན་བདག་གི་འགན་བཞེས།  དགོན་ཁྲིམས་ཇེ་དམ་བྱས།  རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་ཕྱག་བཏབ་མཛད་པའི་ཐོན་རྒྱལ་སྨན་རིའི་དགོན་གྱི་བཀའ་ཡིག་ལག་བསྟར་བྱས།  

   དགུང་ལོ་སུམ་ཅུ་བཞེས་པའི་སྐབས།  གླ་ཁོག་ནས་བརྒྱུད་དེ་འདྲ་ཡུལ་ཕྱོགས་དང་ལྕགས་བརྐོས་ཕྱོགས་སོགས་ལ་བྱོན་ནས་གང་ལ་གང་འདུལ་གྱིས་གདུལ་བྱ་དང་བསྟན་པའི་དོན་རྒྱ་ཆེ་མཛད།  བྲག་རལ་དགོན།  ཆུ་མིག་དགོན་སོགས་དགོན་ཁག་བཞི་ཙམ་ལ་ཞབས་ཀྱི་པདྨོ་ལེགས་པར་བཅགས།  ཡུལ་དེ་ཡི་མི་སྐྱ་ཕོ་མོ་ལ་བློ་ལྡོག་རྣམ་བཞི་ཁྲིད་ལུང་དང་།  བླ་གྲྭ་རྣམས་ལ་རྫོགས་ཆེན་སྐུ་གསུམ་རང་ཤར།  བསྐྱེད་རྫོགས་ཁྲིད་རིམ་དང་།  དམར་མོ་མཛུབ་ཁྲིད།  སྙན་བརྒྱུད་སོགས་ཀྱི་ཁྲིད་ལུང་ཟབ་མོ་གནང་།  ཕྱོགས་མཚམས་ཀུན་ལ་མཆོད་རྟེན་དང་གསས་མཁར།  ཚྭ་ཁང་སོགས་མང་པོ་བསྐྲུན།  དགོན་པ་སོ་སོར་རྟེན་འཇོག་ཆེན་པོ་བྱས།  དེ་ནས་ཁྱོ་ཡུལ་ཕྱོགས་ལ་ཕེབས་ནས།  སྐུ་གསུང་ཐུགས་རྟེན་རྒྱ་ཆེར་གསར་བཞེངས་མཛད།  ཞོར་དུ་རང་རྒྱུད་གྲོལ་བྱེད་ཀྱི་ཐབས་ཁྲེགས་ཆོད་དང་ཐོད་རྒལ་གྱི་ཉམས་ལེན་མཛད།  ཐུན་དྲུག་གི་རྣལ་འབྱོར་པ་ཆེན་པོར་གྱུར།  

   དགུང་ལོ་སོ་གཉིས་བཞེས་པའི་སྐབས་སུ།  མགར་བ་བླ་མ་ཨ་གཡུང་ངམ་གཡུང་དྲུང་བསྟན་པའི་རྒྱལ་མཚན་གྱིས་མཁན་པོའི་འགན་བཞེས།  ལོ་དེ་ནས་བཟུང་ཁྱུང་སྲས་གཡུང་དྲུང་བདུད་འདུལ་དང་མགར་བ་བླ་མ་ཨ་གཡུང་མཆོག་གཉིས་ཐུགས་མཐུན་ཁྲིམས་གཙང་པའི་སྒོ་ནས་ཡེ་ཤེས་བཤད་སྒྲུབ་བསྟན་རྒྱལ་གཡུང་དྲུང་གླིང་གི་ཕྱི་ཡི་བཀོད་པ་དང་།  ནང་གི་དགོན་ཁྲིམས་སོགས་ལེགས་པར་བསྐྱངས་ཏེ་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྤེལ།  སེར་སྐྱ་སྟོང་ཕྲག་དུ་མ་ལ་བསྙེན་གནས་དང་།  དགེ་བསྙེན་སོགས་ཀྱི་སྡོམ་པ་འབོག   གསང་སེམས་དང་སྔགས་སྡོམ་མནོས།  དབང་ལུང་ཁྲིད་གསུམ་དང་མན་ངག་དམར་ཁྲིད་རྗེས་གནང་བཅས་བརྩལ།  འབྲེལ་ཐོབ་ཀྱི་སེམས་ཅན་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་བཀོད། ཡེ་ཤེས་དགོན་པའི་བླ་གྲྭ་བཞི་བརྒྱ་ཁ་ལོང་ཙམ་ལ་ཕྱི་ནང་གསང་བའི་དབང་ལུང་མན་ངག་གནང་།  རྟེན་གསུམ་གསར་བཞེངས་མཛད།  དུས་དེ་ནས་བཟུང་རྣལ་འབྱོར་པ་གཡུང་དྲུང་བདུད་འདུལ་དང་གཡུང་དྲུང་བསྟན་པའི་རྒྱལ་མཚན་གཉིས་ཀ་དགོན་པའི་བདག་པོའམ་དགོན་བདག་གྱུར་ཏོ།།

སྨྲས་པ།
རིང་ནས་ཐུགས་བསྐྱེད་རྣམ་དག་ཆུ་གཏེར་ལས།།  
འཁྲུངས་པའི་མཛད་ཕྲིན་བསིལ་བའི་འོད་སྟོང་གིས།།
ཕྱོགས་མཚམས་གདུལ་བྱའི་པད་མོ་འདབ་བརྒྱ་གྲོལ།།
ཟད་མེད་བོན་སྦྱིན་བསྩལ་འདིར་རྒྱལ་བས་བསྔགས།།

རྒྱལ་འཕགས་སྲས་བཅས་བསྔགས་འོས་དམ་པ་ཡི།།
མཛད་འཕྲིན་རྣམ་བཞི་ངོ་མཚར་འབུམ་བཀྲ་འདིར།།
འགྲན་ཟླ་རྒྱལ་བ་དངོས་ལས་དཔེ་གཞན་ཞིག།
སྲིད་ཞིའི་མཐའ་ལ་འཚོལ་ཡང་ངལ་བའི་རྒྱུ།།

གྲུབ་ཐོབ་བརྒྱ་ཕྲག་གྲངས་ལས་བརྒལ་བ་ཡི།  
རྫུ་འཕྲུལ་རྩལ་ལ་འགྲན་པའི་དམ་པའི་ལུགས།།
གང་གི་ཟད་མེད་ཡོན་ཏན་ཀུན་གསལ་ལམ།།
ལྷག་པར་ཡིད་ཆེས་དད་འདུན་མི་སྐྱེ་སུ།།

ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

སྐུ་ཚེ་དཀྱིལ་གྱི་མཛད་ཕྲིན་བསྟན་པ།

  གསུམ་པ་སྐུ་ཚེ་དཀྱིལ་གྱི་མཛད་པ་ཕྲིན་ལས་སྐོར་ནི། དགུང་ལོ་སོ་གསུམ་གྱི་སྐབས་སུ།  རྗེ་འདི་ཉིད་སྟག་ལ་མེ་འབར་གྱི་བསྙེན་མཚམས་ལ་བཞུགས།  རྒྱལ་བ་གོང་མའི་མཛད་པ་མ་ནོར་བ་རྗེས་སུ་འཇུག་ནས་མཚམས་ལ་དམ་པོ་འདུག  དེ་ནས་མ་རྒྱུད་གསང་མཆོག་མཐར་ཐུག  ཕུར་པ་ཁྲོ་བཅུ།  དབལ་གསས།  བདེ་འདུས་སོགས་བསྙེན་ཅིང་བསྒྲུབ་པ་མཛད་པས་གྲུབ་རྟགས་ཐུན་མིན་དང་ཐུན་མོང་སྣ་ཚོགས་འབྱུང་བ་དང་།ཕུར་པ་དང་སྟག་ལ་ཡི་ལྷ་ཞལ་མངོན་དུ་མཇལ།  རྒྱལ་པོ་ཉི་པང་སད་ཁྱི་བཞིན་ལས་ལ་རྒྱུག་པ་དང་།  རྔ་ལ་མེ་སྟག་མཆེད་པ་སོགས་རྟགས་མཚན་ཁྱད་པར་ཅན་དུ་མ་བྱུང་ཞེས་དད་ལྡན་མང་ཚོགས་མང་པོས་ལག་པ་ཐོད་པ་བཞག་ནས་ངག་རྒྱུན་དུ་གྲགས་པའོ།།  སྔར་ཡབ་ཉི་མ་རྒྱལ་མཚན་དང་དགོན་པའི་ཁང་ཚན་བཞི་ནང་འགལ་བྱུང་ནས་དགོན་དཔོན་སྟོང་དཔོན་འཇམ་དབྱངས་དཔལ་ལྡན་ལ་ཕུལ་ཡང་།  སྟོང་དཔོན་གྱི་བཀའ་ཁྲིམས་ཤིན་ཏུ་བཙན་པས་སེར་སྐྱ་ཀུན་ལ་སྡུག་བསྔལ་སྣ་ཚོགས་ཀྱི་མཚོ་འཁྱིལ་ཡི་མུག་ག་ཆད་པའི་སྐབས་སུ།  རྗེ་འདི་ཉིད་ཀྱིས་བྱས་དགུ་བོན་དང་འབྲེལ་བའི་བློ་ཐབས་ཞི་དྲག་སྣ་ཚོགས་མཛད་ནས་དགོན་པ་སྟོང་དཔོན་ལག་ནས་ལེན་ཐུབ་པས་སེར་སྐྱ་ཀུན་ལ་བདེ་བ་བསམ་གྱིས་མི་ཁྱབ་པ་བསྐྲུན།  
  དགུང་ལོ་སོ་བདུན་བཞེས་པའི་སྐབས་སུ།  ཀྲུང་གོའི་བཅིང་གྲོལ་དམག་སྤུངས་ལི་ཐང་ནས་ཉག་རོང་ཚུར་འོང་བའི་དམག་ལ་བླ་མ་ཨ་གཡུང་དང་རྗེ་འདི་གཉིས་ཀྱིས་རོགས་རམ་མང་པོ་བྱས།  དེ་ནས་ཉག་རོང་བཅིང་གྲོལ་བཏང་།  ཉག་རོང་རྫོང་ཐོག་མར་བཙུགས་པའི་སྐབས།  ཁོང་ཉིད་ནི་ཉག་རོང་རྫོང་སྲིད་གཞུང་ཨུ་ཡོན་དུ་སྐོས་བཞག་བྱེད་པ་བཞིན་རྒྱལ་ཁབ་དང་མི་དམངས་ལ་ཞབས་འདེབས་ཅི་ནུས་བྱེད།  འགྲོ་བ་མི་ལ་བདེ་སྐྱིད་འབྱུང་ཐབས་ཀྱི་ལས་ལ་འབད་པ་དྲག་ཏུ་བྱེད།  ཞོར་དུ་རྫོགས་ཆེན་ཐོད་རྒལ་གྱི་ཉམས་ལེན་རྒྱུན་ཆད་མེད་པར་མཛད།  
   དགུང་ལོ་བཅོ་ལྔ་དང་སོ་བདུན་བར་དུ་རྗེ་འདི་ཉིད་ཀྱི་དགེ་སྦྱོར་ལ་བརྩོན་འགྲུས་བྱེད་ཚུལ་ནི།ཐུན་དང་ཐུན་མཚམས་གཉིས་སུ་ཕྱེས་ནས་ཐུན་མཚམས་ཀྱི་བོན་སྤྱོད་ཀྱང་།  ནང་མོར་ལྡང་བའི་རྣལ་འབྱོར་གྱིས་ལངས་ཏེ་ཐུན་ལ་འཇུག  དེ་ནས་མཉམ་མེད་གསོལ་འདེབས་ནས་བཟུང་བོན་སྤྱོད་སྐོར་ཁ་ཚང་ཁ་ཐོན་དུ་གསུངས། དེ་ནས་ཕུར་ནག་གི་ཡི་དམ་ཁ་ཚང་གསུངས།  ནམ་ལངས་ནས་ཁྲུས་དང་།  ཆབ་གཏོར་རྩིས་མགོ་བདུན་པ་དང་བདུད་རྩིའི་ཆུ་རྒྱུན་བཅས་ཁ་ཚང་གསུངས།  ལྷ་བསང་དང་དཀར་གསུར་རེ་བཏང་། སྔ་དྲོ་ལ་བླ་མའི་རྣལ་འབྱོར་དང་ཕུར་ནག་གི་བསྙེན་པ་གང་འགྲུབ་བསྐྱལ། ཉིན་གུང་ལ་མ་རྒྱུད་སྐང་བཤགས་སོགས་བཤགས་པའི་ལས་ལ་བརྩོན།  དགོང་མོར་སྲིད་རྒྱལ་དྲེལ་ནག་དང་རྒྱལ་པོ་ཉི་པང་སད།  པོམ་རའི་གསོལ་ཁ།  སྟག་ལ་བཅུད་དྲིལ་ཚར་བཅུ་གསུམ་བཅས་དང་།དམར་གསུར་བཏང་།  སྲོད་ཐུན་ལུས་སྦྱིན་དང་སྐྱབས་སེམས་ལྟུང་བཤགས་སོགས་ཀྱང་ཆགས་མེད་མཛད།  ཐུན་གྱི་དངོས་གཞི་ལ་སྔགས་ཀྱི་ཐབས་ལམ་སྡེ་དྲུག་དང་རྫོགས་ཆེན་ཐོད་རྒལ།  འོད་གསལ་ཟུང་འཇུག་ཉམས་ལེན་ཁོ་ན་བརྩོན་པ་དང་།  ཕྱི་ནང་གི་ཀུན་སྤྱོད་དང་སྔགས་རྫོགས་ཀྱི་ཉམས་བཞེས་གང་གི་སྒོ་ནས་དཔྱད་ཀྱང་སྔོན་བྱོན་འཆི་མེད་དྲན་པ་ཡབ་སྲས་ཀྱི་སྤྱོད་པ་དང་ངེས་པར་མཚུངས་བའི་ངང་ཚུལ་ལ་གནས་པ་ཤ་སྟག་གོ །

སྨྲས་པ།
དྲན་པ་ཡབ་སྲས་རྣམ་ཐར་ཇི་བཞིན་དུ།།
བླ་མེད་མཛད་ཕྲིན་རྣམ་དག་ཀུན་གསལ་མཐར།།
ཚུར་མཐོང་བློ་ཡིས་བསྐལ་བརྒྱར་གཞལ་ན་ཡང་།།
ཆ་ཤས་ཙམ་ལས་ལྷག་མེད་གཞལ་ནུས་སུ།།

བསྙེན་སྒྲུབ་ལས་གསུམ་སྐྱ་རེངས་ཀྱིས་དྲངས་ཤིང་།།
རིམ་གཉིས་ཟབ་མོ་ཉམས་བཞེས་གྲོགས་ཀྱིས་བསྐུལ།།
སྙིགས་མ་ལྔ་བདོ་དུས་ངན་སྨག་རུམ་དུ།།
ཡི་དམ་ལྷ་ཞལ་མཇལ་བ་ཁྱོད་མིན་སུ།།

ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། 

   དགུང་ལོ་སོ་བརྒྱད་བཞེས་པའི་སྟེང་ནས་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་བསྒྲུབས་པར་མཛད།  དགུང་ལོ་ཞེ་གསུམ་བཞེས་པའི་སྐབས།  དམངས་གཙོ་བཅོས་བསྒྱུར་བྱས་ནས་ཉག་ཡུལ་ངོ་ལོག་འཁྲུག་པ་བྱེད་དུས།  རྗེ་འདི་ཉིད་ངོ་ལོག་ཞི་འཇག་སྤྲད་པའི་ལས་སྒྲུབ་ཚོ་བའི་ཚུའུ་ཀྲང་འགན་བཞེས།  རང་གི་ཉེན་ཁ་ལ་མ་འཛེམ་ནས་ཉག་སྟོད་སྨད་བར་གསུམ་དུ་ཞི་འཇགས་དོན་དུ་ཐེངས་གྲངས་འགའ་སོང་ནས་མཚོན་ཆ་བསྡུས་ཏེ་མགོ་བཏགས་རྒྱུའི་དོན་བཅས་བྱས་རྗེས་མངོན་གསལ་ཅན་བཞག་པས་ཉག་ཡུལ་ལ་མི་ཤི་རྟ་ལོག་གི་བྱ་བ་ངན་པ་མ་བྱུང་ངོ་།།  
   དགུང་ལོ་ཞེ་ལྔ་བཞེས་པའི་སྐབས།  ཉག་ཡུལ་དུ་བཞི་རྒོལ་གྱི་ལས་འགུལ་བྱས་དུས།  རྗེ་འདི་ཉིད་ལ་མ་ཉེས་ཁ་ཡོག་ཕོག་ནས།  གྲལ་རིམ་འཐབ་རྩོད་ཀྱི་གྲལ་དུ་བཅར་བརྡུང་ལན་མང་པོ་མྱོང་དགོས་པ་མ་ཟད།  བོད་རང་གིས་མགོ་རྣ་མི་འཚོ་བའི་མི་ངན་འགའ་ཡིས་བཅར་བརྡུང་དྲག་པོ་བྱེད་ཀྱང་།  རྗེ་འདི་ཉིད་ཀྱིས།  བཟང་ངན་ལས་ཀྱིས་འབྲེལ་ཐོབ་སེམས་ཅན་རྣམས།  །བདག་གིས་ཐར་པ་འདྲེན་པར་ཤོག  །སྙམས་པའི་ཀུན་སློང་བཅས་གཞན་ཕན་ཁུར་ཁྱེར་གྱི་བསམ་པ་ནམ་ཡང་ཡལ་མ་མྱོང་།  ལོ་དེ་ལ་ཤང་ལང་གཤིས་སུ།  ལོ་ངོ་འཁྲུག་རྩོད་བྱས་དུས།  རྗེ་འདི་ཉིད་ཟླ་བ་བརྒྱད་ཙམ་རི་མགོ་ལ་བཞུགས་ནས་རི་འགྲོ་རྣམས་ཚུར་འབོད་འཁྲུག་སློག་ཞི་འཇགས་བྱེད་དེ་ཡུལ་ཕྱོགས་ལ་ལྷོད་འཇགས་བློ་བདེ་བྱེད་པའི་དུས་སྐབས་བྱུང་བ་ནི།  ཁོང་གི་བཀའ་དྲིན་ཡིན་ནོ།  །རྗེ་འདི་ཉིད་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་སྒྲུབ་ཞོར།  ཉིན་མཚན་ཀུན་ཏུ་དགེ་སྦྱོར་དང་ཉམས་ལེན་ལ་ལེ་ལོ་བདུད་ཀྱི་དབང་དུ་སྐད་ཅིག་ཙམ་ཡང་ཤོར་མ་མྱོང་ཞེས་ཞལ་རྒྱུན་ནོ།།

སྐུ་ཚེ་སྨད་ཀྱི་མཛད་ཕྲིན་བསྟན་པ།

   བཞི་པ་སྐུ་ཚེ་སྨད་ཀྱི་མཛད་ཕྲིན་བསྟན་པ་ནི།  དགུང་ལོ་ང་གསུམ་བཞེས་པའི་སྐབས།  ཉག་རོང་ཡུལ་དུ་རིག་གནས་གསར་བརྗེའི་ལས་འགུལ་བྱེད་པའི་སྐབས།  སྔོན་ཆད་དམར་དམག་གི་སྲུང་སྐྱོབ་བྱེད་པའི་ཡེ་ཤེས་དགོན་པ་ནི་བར་གྱི་མི་ངན་གྱི་གཡོ་ཐབས་འོག་ནས་རྨང་མེད་བཏང་སྟེ་དགོན་ཤུལ་ཙམ་ལས་མེད་པར་བྱས་པ་རེད། རྗེ་འདི་ཉིད་ལ་བླ་མ་གྲལ་རིམ་གྱི་འཐབ་རྩོད་ལན་མང་པོ་མྱོང་དགོས་བྱུང་ཡང་།  འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཁུར་ཁྱེར་གྱི་བསམ་པ་རྣམ་དག་བསྐྱེད།  ཉག་རོང་ཕྱོགས་ཀྱི་ནག་ཉེས་ཐམས་ཅད་ཁོ་ཡི་ཕྲག་ཏུ་བླངས་པས་བན་བོན་གྱི་བླ་མ་རྣམས་ལ་སྡུག་བསྔལ་གྱི་ཁུར་པོ་ཅུང་ཙམ་ཡང་མོ་བྱུང་ཞེས་སྨྲ།  དེ་ལྟ་བུའི་སྡུག་བསྔལ་དྲག་པོའི་འོག་རྗེ་འདི་ཉིད་ཟབ་མོ་གྲོལ་ལམ་རྫོགས་པ་ཆེན་པོའི་ཉམས་ལེན་རྣམས་དང་གདམས་ངག་ཟབ་མོ་རྣམས་ཤོག་ངོས་སུ་མི་བཞག་པར་ཉམས་སུ་མྱོང་བར་མཛད་པས་ལམ་རྟགས་ཀྱི་ཡོན་ཏན་ཉིན་བཞིན་གོང་འཕེལ་བྱུང་།  རྐྱེན་ངན་ལམ་དུ་བསླངས་པས་རྗེ་འདི་ལ་མི་འདོད་ཀྱི་སྡུག་བསྔལ་ཅི་ཙམ་བྱུང་བཞིན་ཉམས་རྟོགས་གོང་འཕེལ་བྱུང་ཞེས་ཞལ་རྒྱུན་ནོ།།
   དེ་ནས་བཟུང་དགུང་ལོ་རེ་དགུའི་བར་དུ་རྒྱལ་ཁབ་ཀྱི་ལས་དོན་དང་མི་དམངས་ལ་སྲི་ཞུ་ཅི་ནུས་སྒྲུབ་ཞོར་དུ།  རྫོགས་ཆེན་སེམས་ཀློང་མན་ངག་གི་སྡེ་སོགས་ཟབ་མོ་རྫོགས་ཆེན་གྱི་ཉམས་ལེན་མཛད་པ་དང་ལྐོག་ཏུ་སྔོན་ཆད་ཐོས་བསམ་མཛད་པའི་ཡི་གེ་ཐར་ཐོར་ལག་ཏུ་བྱུང་བ་རྣམས་ལ་བརྟག་རྟོག་མཛད་པ་དང་།ཉམས་ལེན་གནད་དུ་འགྲོ་ཕྱིར་སྙན་བརྒྱུད་སྐོར་ལ་གཟིགས་སྟངས་མཛད། ནུབ་མོ་མཚན་ལ་སྟོང་ཕྱག་གཉིས་ཙམ་རེ་འཚལ་ཞིང་སངས་རྒྱས་ཀྱི་བསྟན་པ་མྱུར་དུ་དར་བའི་སྨོན་ལམ་རྒྱ་ཆེ་བཏབས།  ཤི་གསོན་རྣམས་ལ་བསྔོ་སྨོན་རྣམ་དག་མཛད་དོ།།

སྨྲས་པ།

བོད་ཀྱི་རྒྱན་ཆ་བསྣམས་བཞིན་དུ།།
བླ་མ་མི་བརྩི་གཅར་བརྡུང་ལས་ངན་བསགས།།
གཞན་ངོ་ཨེ་ལོན་ལྟ་བཞིན་རང་ཉིད་ཕུང་།།
དེ་ནི་བོད་ཀྱི་ལུགས་སྲོལ་ཨེ་ཡིན་སྙམས།།

བརྡུང་བརྡེག་བྱས་སོ་ཁྲེལ་མེད་སྐྱེས་བུ་ཡིས།།
བཀའ་དྲིན་ཅན་གྱི་དཔོན་གསས་བླ་མ་སྟེ།།
བསམ་མེད་བུ་ཡིས་དྲིན་ཆེན་ཕ་མ་དང་།།
བླུན་རྨོངས་ཅན་གྱིས་ཉེས་མེད་དཔོན་བླ་བཅས།།

ཀྱེ་མ་ཀྱི་ཧུད་སྐྱེས་བུ་ཁ་ཅིག་ནི།།
ལ་རྒྱ་འཛིན་ཏེ་སྲོག་གི་འབེན་དུ་བཙུགས།།
ལ་ལས་མ་བཅོལ་རྟེན་གསུམ་རྩར་མེད་བཏང་།།
འགའ་ཞིག་ལས་འབྲས་མི་བརྩི་ཡོངས་འཛིན་གཅར།།

ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། 

   དགུང་ལོ་བདུན་ཅུ་བཞེས་པའི་སྐབས།  ཟླ་བ་དང་པོའི་ཚེས་བཅོ་ལྔའི་ཐོ་རངས་རྗེ་ཡི་རྨི་ལམ་དུ།  སྲིད་པ་རྒྱལ་མོ་ཞལ་མངོན་སུམ་དུ་བསྟན་ནས་འདི་སྐད་དོ།།  ད་ཡུན་རིང་མི་ཐོགས་སངས་རྒྱས་བསྟན་པའི་ཉི་མ་ཤར་རོ།།  ཞེས་གསུངས་ནས་གར་སོང་ཆ་མེད་གྱུར་རོ་ཞེས་ངག་རྒྱུན་ནོ།།  ལོ་དེ་ཡི་སྟོན་མཇུག་ཙམ་ལ།  རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལ་བརྟེན་ནས་ཆོས་ལུགས་དད་པ་རང་མོས་དང་།  ཉག་རོང་ཡེ་ཤེས་དགོན་པ་ཆོས་སྒོ་ཕྱེ་ཆོག་པའི་ཆོག་མཆན་ཐོབ།  རྗེ་འདི་ཉིད་ཡེ་ཤེས་དགོན་པའི་སྐུ་ཚབ་བྱས་ནས།  རྫོང་ནང་འཚོགས་འདུ་ལན་མང་བྱོན་པ་དང་བསམ་འཆར་ཡང་ལན་མང་ཕུལ།  བླ་མ་ཨ་གཡུང་ཡང་དར་མདོ་ནས་ཡར་བྱོན།  རྗེ་འདི་ཉིད་དང་བླ་མ་ཨ་གཡུང་ཟུང་གི་མགོ་གཙོ་བཞེས་ཏེ་ཡེ་ཤེས་དགོན་པ་གསར་བཞེངས་མཛད་པའི་ཐུགས་བཀོད་གནང་། གྲྭ་བ་རྣམས་ལ་འགན་བཀལ་ནས་དགོན་པ་གསར་བཞེངས་ཀྱི་དབུ་བཟུང་།  ཕྱོགས་སོ་སོའི་མི་དམངས་ཀྱི་རྒྱབ་སྐྱོབ་ལ་བརྟེན་ནས་དགོན་པ་ལེགས་འགྲུབ་བྱུང་།  ལོ་དེའི་ཚེས་བཅུ་སྐབས་རྟགས་མཚན་དུ་མ་བྱུང་།  ལོ་དེ་ལ་རྗེ་ཉིད་ཀྱི་གཅུང་པོ་ཁྱུང་གཏེར་ཐུགས་རྗེ་གླིང་པ་སྐུ་མི་རྟག་མྱ་ངན་ལས་འདའ་བའི་ཚུལ་བསྟན།  རྗེ་ཉིད་ཀྱི་ཚོགས་བསགས་རྒྱ་ཆེ་མཛད་དོ།།  

   དགུང་ལོ་དོན་གཅིག་གི་སྐབས་སུ།  རྫོང་ཆོས་དོན་ཅུས་ཀྱི་བཀའ་བཞིན་དུ།  ཡེ་ཤེས་དགོན་པའི་ལོ་རྒྱུས་རྒྱས་བསྡུས་གཉིས་ཙམ་བྲིས་ནས་སྲིད་གཞུང་དང་ཆོས་དོན་ཅུས་གཉིས་ལ་ཕུལ།  བླ་མ་ཨ་གཡུང་དང་རྗེ་འདི་གཉིས་ཀྱི་ཁུལ་དང་ཞིང་ཆེན།  ཀྲུང་དབྱང་ལ་ཡར་ཞུ་ཕུལ་པས་ཡེ་ཤེས་དགོན་པ་ནི་གཙང་གནས་དགོན་པ་གྱུར།  ལོ་དེ་ལ་ཁྱུང་བླ་ཉི་མ་ཚུལ་ཁྲིམས་ཡབ་སྲས་འཁོར་བཅས་ཉག་རོང་དུ་ཕེབས་སྐབས།  རྗེ་འདི་ཉིད་དང་དབང་ལུང་ཕུལ་རེས་བྱས་པ་དང་ཉམས་རྟོགས་འབུལ་རེས་བྱས།  རྗེ་འདི་ཉིད་ཀྱིས་ཁྱུང་བླ་ཉི་མ་རིན་པོ་ཆེ་ལ་རྫོགས་ཆེན་སྐུ་གསུམ་རང་ཤར་གྱི་རྩ་རླུང་ཁྲིད་གནང་མཛད་དོ།།  སྐབས་དེ་བླ་མ་ཁོང་དང་། བླ་མ་ཨ་གཡུང་གཤེན་བསྟན་མཐའ་རྒྱས། ཁྱུང་བླ་ཉི་མ་ཚུལ་ཁྲིམས། སྨོན་རྒྱལ་ལྷ་སྲས་ཚོགས་གཉིས་རྒྱ་མཚོ། མཁའ་འགྲོ་མཁའ་སྤྱོད་དབང་མོ། སུ་ལ་གཡུང་དྲུང་དབང་རྒྱལ། སྤྲུལ་སྐུ་བློ་ལུ། གཡུང་དྲུང་དོན་འགྲུབ་སོགས་བོན་པོ་བླ་ཆེན་རྣམས་ཀྱིས་བཀའ་གྲོས་མཛད་དེ་གཡུང་དྲུང་བོན་གྱི་བཀའ་འགྱུར་རིན་པོ་ཆེ་དེ་པར་སྐྲུན་རེ་ཐུབ་ན་ཅི་མ་རུང་ཞེས་འབོད་སྐུལ་བྱེད། བླ་མ་ཨ་གཡུང་ལ་རེ་སྐུལ་མཛད་པ་སོགས་བསྟན་པའི་དོན་ལ་ཐུགས་ཁུར་རྒྱ་ཆེར་བཞེས།

   དགུང་ལོ་དོན་གསུམ་བཞེས་པའི་སྐབས།  བླ་མ་ཨ་གཡུང་དང་རྗེ་འདི་གཉིས་ཀྱི་སླར་ཡང་ཀྲུང་དབྱང་ལ་ནན་ཞུ་བྱས་པ་དང་།  སྔ་དར་གཡུང་དྲུང་བོན་ཡིན་པ་དང་།  སྔོན་ཆད་དམར་དམག་ལ་དགོན་པའི་རོགས་རམ་བྱས་པ་སོགས་ཀྱིས་རྐྱེན་བྱས་པས་ཀྲུང་གོ་སྲིད་གཞུང་ནས་མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཡེ་ཤེས་དགོན་པ་བཞེངས་རྟེན་དུ་གནང་བ་ནི་བླ་མ་འདི་གཉིས་ཀྱི་བཀའ་དྲིན་ཡིན་ནོ། །བླ་མ་རྣམ་གཉིས་ཀྱིས་ལོ་དེ་ལ་དབྱར་གནས་ཞག་ལྔ་བཅུ་གསར་དུ་བཙུགས།

གཡས་སུ་ལ་གཡུང་དྲུང་དབང་རྒྱལ།  དཀྱིལ་ཁྱུང་པོ་གཡུང་དྲུང་བདུད་འདུལ།   གཡོན་ཨ་གཡུང་གཤེན་བསྟན་མཐའ་རྒྱས།

 དགུང་ལོ་དོན་བཞི་བཞེས་པའི་སྐབས།  ཡུལ་ཕྱོགས་མང་པོ་ལ་ནད་ཡམས་འོངས་སྐབས། བླ་མ་ཨ་གཡུང་རིན་པོ་ཆེ་དང་སུ་ལ་གཡུང་དྲུང་དབང་རྒྱལ། ཁོང་གསུམ་པོ་མཉམ་འཛོམ་གྱི་སྒོ་ནས་མ་མོ་རྦོད་གཏོང་སོགས་སྐུ་རིམ་རྒྱ་ཆེན་པོ་མཛད། སྐབས་དེར་སུ་ལ་གཡུང་དྲུང་དབང་རྒྱལ་གྱིས་ཁོང་ལ་གསོལ་འདེབས་འདི་ཕུལ་བར་བཤད།
ཨེ་མ་ཧོ། རིག་སྟོང་མི་ཕྱེད་གཡུང་དྲུང་ཐུགས་ཆེན་པོ། །མངོན་དུ་གྱུར་ནས་དགོངས་སྤྱོད་རྡུལ་ཤུགས་ཀྱིས། །སྙིགས་དུས་བདུད་དཔུང་འདུལ་མཛད་དཔའ་བོ་ཆེ། །ཁྱུང་སྲས་དམ་པའི་ཞབས་ལ་གསོལ་བ་འདེབས།།

   དགུང་ལོ་དོན་ལྔ་བཞེས་པའི་སྐབས་སུ།  རྗེ་འདི་ཉིད་ཀྱིས་རང་དགོན་དུ་གྲྭ་བ་གཉིས་བརྒྱ་ཙམ་ལ་སྔོན་འགྲོ་བཀའ་ལུང་རྒྱ་མཚོ།  ལྷ་གཉེན་ཤེལ་སྒོང་།  རིགས་དྲུག་རང་སྦྱོང་།  སྐུ་གསུམ་རང་ཤར།  རྫོགས་ཆེན་སྙིང་ཐིག་སོགས་ཁྲིད་ལུང་མཛད། ཁྲིད་ཁ་ཞུ་མི་ལི་ཐང་བཞག་གསར་འགྲོ་མགོན་དགོན་དང་མི་ནུབ་དགོན།  གོང་རྒྱལ་དགོན།  ལ་ཁ་དགོན།  རྒྱ་ཞིག་དགོན་སོགས་དགོན་ཁག་དུ་མའི་བླ་སྤྲུལ་གྲངས་མེད་བྱོན།  ལོ་དེ་མཇུག་ལ་ཕུར་པའི་བསྙེན་མཚམས་ལ་བཞུགས་ནས་གྲུབ་པའི་རྟགས་མཚན་ལེགས་པ་བྱུང་ཞིག་ངག་རྒྱུན་ནོ།།  རྗེ་འདི་ཉིད་ཀྱིས་ཉག་རོང་གི་དགོན་ཁག་ཡོངས་དང་འདྲ་ཡུལ་གྱི་དགོན་པ་དང་རྫ་ཁོག་རི་ཁྲོད་དང་རྫ་ཡུལ་དགོན་པ་རྣམ་ལ་རྟེན་བཞག་མང་པོར་བྱས།  འདྲ་ཡུལ་དང་ཉག་གི་ཁྱུང་ཡུལ་ཕྱོགས་ལ་མཆོད་རྟེན་གསར་བཞེངས་མང་དུ་མཛད་པ་རེ་རེ་བཞིན་འདིར་བརྗོད་ཀྱིས་མི་ལངས།
   དགུང་ལོ་དོན་དྲུག་བཞེས་པའི་སྐབས་སུ།  རྗེ་འདི་ཉིད་དང་བླ་མ་ཨ་གཡུང་གཉིས་ཀྱིས་རྫོང་ལ་རེ་ཞུ་བྱས་པས།  རྫོང་གི་ཆོག་མཆན་གནང་ནས་དགོན་པའི་བླ་གྲྭ་ཡོངས་ལ་གྲྭ་ཤག་དགུ་བཅུ་ཙམ་གསར་བཞེངས་བྱས་གྲུབ་བྱུང་།  ལོ་དེ་ནས་བཟུང་རྗེ་ཉིད་ཉིན་མཚན་ཁྱད་མེད་ཀྱི་ཉམས་ལེན་ལ་གནད་དམིགས་བྱས།  ལོ་རེ་རེ་བཞིན་དུ་དབང་ལུང་མན་ངག་དུ་མ་གནང་ལ།  ཕྱོགས་ནས་བྱོན་འོང་བའི་བླ་གྲྭ་རྣམས་ལ་སྙན་རྒྱུད་བཀའ་བརྒྱུད་སྐོར་བཞི་དང་།  སྙིང་ཐིག   སྐུ་གསུམ་རང་ཤར།  བསྐྱེད་རྫོགས་ལྷ་གཉེན་ཤེལ་སྒོང་།  ཨ་རྫོགས་སྙན་གསུམ་གྱི་རིགས་དྲུག་རང་སྦྱོང་།  བྱང་སེམས་བརྒྱ་རྩ་པ་དང་ལྔ་བཅུ་པ་སོགས་ཁྲིད་ལུང་མང་པོ་གནང་། དབྱར་ཁ་ཚེས་བཅུ་སྐབས་བླ་གྲྭ་སེར་སྐྱ་སྟོང་ཕྲག་ལྷག་ལ་དབང་ལུང་དང་བསླབ་བྱ་རྒྱ་ཆེན་གནང་བ་དང་།  ཡུལ་ཕྱོགས་ཀྱི་འཐབ་རྩོད་ཞི་བདེ་ཡི་ལས་ལ་འབད་པ་དང་།  ཟུག་རྔུ་ནད་ཀྱིས་མནར་བའི་གང་ཟག་ལ་སྨན་དཔྱད་གཏོ་རྩིས་བྱས་པ་དང་།  དགོན་པའི་ནང་དུ་རྟེན་གསུམ་གསར་བཞེངས་དང་རོལ་མོ་སྐོར་དང་ལྷ་རྫས་མཆོད་རྫས་གྲངས་མང་བཞེངས་པ་མཛད།  ཤར་རྫ་རིན་པོ་ཆེ་དང་དབྲ་སྟོན་སུ་ལ་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་གསེར་དངུལ་རྒྱན་ཆ་ཅན་བཞེངས་པ་སོགས་བསམ་བརྗོད་ཡུལ་ལས་འདས་སོ།། རྗེ་འདི་ཉིད་ལ་ཕུལ་བའི་གསོལ་འདེབས་ཞབས་བརྟན་གསོལ་འདེབས། བསྔགས་བརྗོད་བསྟོད་པ་སོགས་མང་ཡང་འདིར་རེ་ཞིག་བཏང་སྙོམས་སུ་བཞག་གོ།  རྗེ་འདི་ཉིད་ཀྲུང་གོའི་ཆོས་སྒོ་ཕྱེས་ནས་བཟུང་།  དཀོར་དང་འཁོར་བའི་འདུ་འཛི་རྒྱང་དུ་དོར་ནས།  ཐུན་དྲུག་གི་རྣལ་འབྱོར་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་གནང་། དེ་ཡང་ཐོག་མར་ཐོ་རངས་སྐྱ་རེངས་དང་པོ་མ་ཤར་གོང་ནས་ཡར་བཞེངས་ཏེ་ལྡང་བའི་རྣལ་འབྱོར་སྔོན་དུ་བཏང་ནས་སྒོ་གསུམ་བྱིན་རླབས་དང་འགྱུར་སྔགས་སོགས་ཀྱི་མཐར།  མཉམ་མེད་གསོལ་འདེབས་ནས་དབུ་བཟུང་སྟེ་བོན་སྤྱོད་སྐོར་ཁ་ཚང་གསུངས།  དེ་ནས་སྔོན་འགྲོའི་དམིགས་རྣམས་ལ་གཤར་སྒོམ་གྱི་ཚུལ་དུ་བླ་མའི་རྣལ་འབྱོར་བཅས་དང་།  དེ་ནས་ཞི་བ་ཨ་གསལ་གསུང་ནས་ཀུན་བཟང་བསྙེན་པ་ས་ལེ་འོད་བརྒྱ་སྐོར་གཅིག  དེ་ནས་བསྐྱེད་རྫོགས་ཡ་མ་བྲལ་བའི་སྒོ་ནས་ཕུར་ནག་ཚོགས་འཁོར་བཅས་ཁ་ཚང་བརྗོད།  དེ་ནས་ལྷ་རྣམས་གནས་འགྱུར་བའི་ཚུལ་གྱིས་བསྒོམ་ནས།  མ་རྒྱུད།  དབལ་གསས།  ལྷ་རྒོད།  གཙོ་མཆོག  གེ་ཁོད།  མེ་རི།  བྱམས་མ།  སྟག་ལ།  རོལ་པ།  ཁྱུང་དམར།  དྲན་པ་གསང་སྒྲུབ།  ཚེ་དབང་བོད་ཡུལ་མ།  བྱ་རི་མ།  ཡབ་སྲས་དྲིལ་སྒྲུབ།  སྙིང་པོ་རྣམ་གསུམ།  ཡི་གེ་བརྒྱ་པ།  སྨྲ་སེང་གི་བསྙེན་པ་རྣམས་བསྙེན་པའི་དམ་ཚིག་དང་འབྲེལ་བའི་སྒོ་ནས་བརྒྱ་སྐོར་རེ་གསུངས།  དེ་ནས་སྟོང་ར་གསུམ་སྔོན་དུ་བཏང་ནས་རླུང་ཁུག་བདུན་རེ་ཆགས་མེད་དང་།  སེམས་སྦྱོང་ཐུན་རེ་བྱས།  ནམ་ལངས་ནས་ཁྲུས་ལ་འཇུག  ཆུ་གཏོར་རྩིས་མགོ་བདུན་པ་སོགས་གནང་ཞིང་ཆུ་གཏོར་ཀྱི་སྣོད་དང་རྫས་རྣམས་གཞུང་ལས་གསུངས་བཞིན་སྒྲུབ།  དེ་ནས་དཀར་གསུར་བརྗོད།  ཇ་བཞེས་ཏེ་ཕུད་མཆོད་འབུལ་བ་དང་།  བཞེས་པ་ཅི་རིགས་གནང་།  དེ་ནས་རྣམ་ལྔ་དང་རྣམ་བརྒྱད་སོགས་ཕུལ་ནས་མདོ་ཕྲན་གྱི་ཡན་ལག་བརྒྱད་པ་བརྗོད།  ཉིན་གུང་སྟག་ལ་སྤུ་གྲི་དམར་པོ་དང་མ་རྒྱུད་བསྐང་བཤགས།  སྟོང་བཤགས་ཅི་རིགས་གནང་།  ཐུན་མཚམས་སུ་སློབ་གཉེར་བ་ཡོད་ཚེ་ཁྲིད་ལུང་ཅི་རིགས་གནང་བར་མཛད།  དགོང་མོའི་ཆར་དམར་གཏོར་རྫས་བཅས་པོམ་ར་དང་ཉི་པང་སད།  དྲེལ་ནག་སྟག་ལ་བཅུད་དྲིལ་དང་།  ནུབ་མོར་དམར་གསུར།  ལུས་སྦྱིན་གནང་།  དེ་ནས་ཉམས་ལེན་གྱི་ཏིང་འཛིན་ཐུན་རེ་བཞུགས།  ཐུན་མཐར་བསྔོ་སྨོན་རྒྱས་པར་མཛད།  དེ་ནས་ཉལ་བའི་རྣལ་འབྱོར་ལ་ཞིང་ཁམས་སྦྱོངས་བའི་འདུན་པ་སྐྱོང་བ་རྣམས་རྒྱུན་གྱི་རྣལ་འབྱོར་དུ་མཛད་པ་ཡིན་ནོ།།  དེ་ལས་གཞན་དུ་ཕྱག་སྐོར་ཁ་ཏོན་སོགས་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་མཛད་པའོ།།  འཁོར་འདས་སྒྱུ་མ་དང་རྨི་ལམ་ལྟ་བུ་ཉམས་ཤར་བས་སྐབས་འགའ་ཞིག་ལ་ཁང་བའི་ཕྱི་རོལ་ན་ཅི་ཡོད་གཟིགས་པའི་གྲོགས་དང་མགྲོན་པོ་སུ་སླེབས་སོགས་བརྗོད་ནུས་པའི་ལོ་རྒྱུས་ཀྱང་སྣང་ངོ་།  །ཉིན་རེ་བཞིན་དུ་ཉམས་སྣང་སྣ་ཚོགས་འཆར་བ་དང་།  ཉིན་སྣང་མཚན་སྣང་ཕྱོགས་ཀུན་ཁྱབ་པའི་ནང་དུ་ཐིག་ལེ་སྐར་ཚོགས་བཀྲམ་པ་ལྟར་གསལ་བའི་དབུས་སུ་ལྷ་ཡི་སྐུ་མང་པོ་ཤར་བ་དང་།  སྔོན་ཆད་མཐོང་ཐོས་མེད་པའི་རྟོགས་པ་འཆར་བ་དང་སྣང་བཞི་ཟད་པའི་རྟགས་མཚན་བཅུ་གསུམ་རིམ་གྱིས་རྫོགས་པར་བྱུང་ཞེས་ངག་རྒྱུན་ནོ།།
  དགུང་ལོ་གྱ་གཉིས་བཞེས་པའི་སྐབས་སུ།  དར་རྩེ་མདོ་ནས་བླ་མ་ཨ་གཡུང་རང་དགོན་དུ་བྱོན་ནས་ཁོང་རྣམ་གཉིས་ཐུགས་མཐུན་པའི་སྒོ་ནས་གསུང་གླེང་སྣ་ཚོགས་མཛད་སྐབས།  རྗེ་འདི་ཉིད་ཀྱིས་གློ་བུར་དུ་ཨ་གཡུང་ལ།  སང་ལོ་ནི་ང་རང་འགྲོ་བའི་དུས་ཡིན།  ཁྱེད་ཉིད་ཅི་ནུས་ཀྱིས་བསྟན་དོན་མཛད་དགོས་པ་དང་།  དགོན་པ་འདི་ཡི་འགན་ཁུར་ཚང་མ་ཁྱེད་ཉིད་ཀྱིས་བཞེས་དགོས།  ཞེས་གསུངས་སྐབས།  བླ་མ་ཨ་གཡུང་གིས།  གཡུང་དྲུང་བདུད་འདུལ་ལགས།  ཁྱེད་སང་ལོ་བྱོན་ན།  ང་ཡང་གནངས་ལོ་བྱོན་ངེས་ཡིན།  བཞུགས་ན་འུ་གཉིས་ལྷན་དུ་བཞུགས།  འགྲོ་ན་ལོ་གཅིག་སྔ་ཕྱི་ཙམ་ལས་མེད་པ་ལྷན་དུ་འགྲོ། ཞེས་གསུངས་བཤད་རྣམས་ཉེ་འཁོར་ཞབས་ཕྱི་པ་རྣམས་ཀྱིས་ཐོས་པའི་གཏམ་དུ་སྣང་ངོ་།།
   དགུང་ལོ་གྱ་གསུམ་བཞེས་པའི་ཚེས་བཅུའི་སྐབས།  ཡེ་ཤེས་དགོན་པའི་བླ་གྲྭ་ཡོངས་ལ་ཚེ་མི་རྟག་པའི་བོན་སྒོ་ལན་མང་གསུངས་པའི་མཐར།  འུ་ཅག་ལྷན་ཅིག་འཚོགས་པ་འདི་ལས་མེད་པའི་ཚུལ་དང་།  འདུས་པའི་ཐ་མ་འབྲལ་དགོས་པ་ནི་བོན་ཉིད་ཡིན་པ་དང་།  མ་འོངས་པ་ན་བླ་གྲྭ་ཡོངས་ཐུགས་མཐུན་ཁྲིམས་གཙང་བའི་སྒོ་ནས་བཤད་སྒྲུབ་ཀྱི་བསྟན་པ་བསྐྱང་དགོས་པའི་ཚུལ་དང་།  བསྟན་འགྲོ་དོན་དུ་སྲོག་ཕངས་མེད་དགོས་པའི་བསླབ་བྱ་མང་པོར་གསུངས།  དེ་ནས་རིག་འཛིན་འདུས་པ་དང་ཞི་ཁྲོ་དམ་པ་རིགས་བརྒྱ་སོགས་དབང་ལུང་མང་དུ་གནང་།དབྱར་གནས་འཚོགས་པའི་བླ་གྲྭ་རྣམས་ལ་མང་ཇ་དང་སྐུ་འགྱེད་མང་ཙམ་བྱས། རྒྱུན་དུ་ངག་ཐོག་ནས་ཤར་རྫ་རིན་པོ་ཆེའི་གསུངས་བའི་སྨོན་ལམ་དཀོན་མཆོག་གསུམ་གྱི་བདེན་པ་དང་།  བོན་ཉིད་བདེན་པའི་བདེན་པ་ཡིན།  ཞེས་པའི་སྨོན་ལམ་དེ་ཤར་རྫ་རིན་པོ་ཆེའི་སྐུ་མདུན་བྱོན་པ་ནས་བཟུང་རྒྱུན་ཆད་མེད་པ་བརྗོད་པ་ཡིན་ཡང་། ལོ་འདི་ལ་ལྷག་པར་དུ་ཉིན་མཚན་བར་མེད་ལ་སྨོན་ལམ་དེ་ཞལ་འདོན་བྱེད་པར་མཛད།  དེ་ནས་སྐུ་ལ་བསྙུང་བའི་ཚུལ་བསྟན།  ཁོང་ཉིད་དུས་རྟག་ཏུ་མཉམ་པར་བཞག་ནས་ཉམས་ལེན་ཁོ་ནར་མཛད་པ་ཡིན་པས་སྤྱན་འཛུམ་ལ་ཁད་བྱས་པ་ལ་ཞབས་ཕྱིན་པ་རྣམས་ཀྱིས།  བླ་མ་ལགས།  མ་གཟིམ་ཞེས་ཞུས་ཚེ།  བླ་མའི་ཞལ་ནས།  མིག་བཙུམ་ཚེ།  གཟིམ་པ་མིན་པས།  ཁྱེད་ཅག་བོན་སྐུའི་སྨོན་ལམ་དེ་དལ་མོ་ཞིག་གསུངས་རོགས།  ཞེས་གསུང་ཕེབ།  སྤྱི་ལོ༼༡༩༩༦༽སྟེ་མེ་ཕོ་བྱི་བ་ལོའི་ཧོར་ཟླ་དགུ་པའི་ཚེས་ཉི་ཤུ་གཉིས་ཉིན་རྗེ་འདི་ཉིད་ཀྱི་དགོངས་པ་ཀ་དག་གི་དབྱིངས་སུ་མཉམ་པར་བཞག་པའི་ངང་ནས་སྣང་སེམས་རོ་གཅིག་ཏུ་འདྲེས་པའི་རྟོགས་པའི་རྩལ་གྱིས་ཕྱི་གསལ་ཡེ་ཤེས་ཀྱི་བཀོད་པ་ཐམས་ཅད་ནང་དབྱིངས་གཞོན་ནུ་བུམ་སྐུའི་དབྱིངས་སུ་བསྡུས་ཏེ་ཀ་དག་གི་དབྱིངས་སུ་ཐིམ་པ་ལ་མངོན་པར་ཕྱོགས་པར་གྱུར་ཏོ།།  དེ་ལ་འདི་སྐད་དུ།  

ཀྱེ་མ་ཀྱི་ཧུད་ཐར་པའི་དེད་དཔོན་མཆོག།  
དགོངས་པ་བོན་ཉིད་དབྱིངས་སུ་ད་ནི་ཐིམ།།  
འགྲོ་བ་འདི་རྣམས་མྱ་ངན་ཐང་དཀྱིལ་དུ།།  
དམིགས་བུ་བྲལ་བའི་སྐལ་བ་འདི་ཡང་ཐོབ།།  

བགྲང་ཡས་གོང་ནས་ཐུགས་བསྐྱེད་རྣམ་དག་གིས།།  
འགྲོ་ཁམས་རྗེས་སུ་འཛིན་པའི་དམ་བཅས་ནས།།  
བདག་ཅག་ཁྱེད་ལ་རེ་བའི་གདུལ་བྱ་རྣམས།།  
མྱ་ངན་ཐང་དུ་བསྐྱུར་བ་ཅང་སྲིད་དམ།།  

འཆི་མེད་གཉུག་མའི་དོན་རྟོགས་རྒྱལ་བ་དངོས།།  
འཕོ་མེད་གཡུང་དྲུང་སྐུ་ཡང་འཕོ་འཇིག་ཏུ།།  
མཐོང་བའི་རྫུན་སྣང་སྒྱུ་མ་མིག་འཁྲུལ་གྱི།།  
རྣམ་པའི་ཚུལ་དུ་འཛིན་ལ་ཅི་ཡང་ལྟོས།།

བསྐལ་མང་གོང་ནས་བསྐྱངས་པའི་སྲིད་གསུམ་མགོན།།
གཟུགས་སྐུའི་བཀོད་པ་དབྱིངས་སུ་བརྟུལ་ན་ཡང་།།
མཁྱེན་བརྩེ་ཐུགས་རྗེས་རྟག་ཏུ་རྗེས་དགོངས་ནས།།
ཚེ་རབས་ཀུན་ཏུ་རྗེས་སུ་བཟུང་དུ་གསོལ།།

 

བདག་སོགས་དད་ལྡན་འགྲོ་བ་ཡོད་དོ་ཅོག།
ཁྱེད་ལས་གཞན་པའི་སྐྱབས་མགོན་རེ་གནས་བྲལ།།
ཁྱེད་ཉིད་གར་བྱོན་ཞིང་མཆོག་དེ་དག་ཏུ།།

   སྨོན་ལམ་སྟོབས་ཀྱིས་དལ་འབྱོར་ཐོབ་པར་ཤོག།ཞེས་ཀྱང་སྨྲེང་ངོ་།  དེ་ལྟར་བོན་གྱི་ཉི་མ་ནི་ནུབ།   སློབ་མ་མཐའ་དག་དམུས་ལོང་ཐང་ལ་འཁྱམས་པ་ལྟ་བུར་གྱུར་ཏོ།།

   དེ་ནས་ཞག་བདུན་བར་དུ་གསང་རྒྱའི་ཚུལ་དུ་བྱས། རྗེ་འདི་ཉིད་ཀྱི་བཞུགས་གནས་ནང་དུ་འཇའ་གུར་ཟླུམ་པོ་རྔ་བོ་ཆེ་ལྟ་བུ་ཁ་དོག་སྣ་ལྔ་ཧ་ཅང་གསལ་བའི་མཐའ་ལ་དེ་ལས་ཆུང་བའི་ཟླུམ་བཞིས་བསྐོར་བ་ལྟ་བུ་ཉེ་འཁོར་ཀུན་ཀྱིས་མཐོང་བར་གྱུར་པའི་གཏམ་དུ་གྲགས། མཚམས་སྒོ་ཕྱེ་བའི་ཉིན་ས་ཆེན་པོ་ཅུང་ཟད་གཡོ་བ་དང་སྤྲིན་བྲལ་ནམ་མཁའི་དབྱིངས་ལས་ཆར་ཟིལ་བུ་འབབ་པ་དང་མཚན་མོའི་སྐབས་སུ་འཇའ་དཀར་པོ་ཤར་བ་སོགས་རྟགས་མཚན་ངོ་མཚར་མང་པོར་བྱུང་ངོ་།།

   སྐབས་དེ་ཙམ་ལ་དབྲ་རིགས་ཁོད་སྤུངས་སུ་ལ་གཡུང་དྲུང་དབང་རྒྱལ་མཆོག་ཡེ་ཤེས་དགོན་དུ་ཕེབས་སྐབས་སྐུ་འཁོར་རྣམས་ཀྱིས་ཞུ་བ་ལྟར།
 ཨེ་མ་ཧོ། སྣང་བ་སྐུ་དང་ཡེ་ཤེས་རོལ་བའི་རྒྱན། །ནང་དབྱིངས་སྟོང་གསལ་གཞོན་ནུ་བོན་སྐུའི་སྦུབས།། ཀ་དག་དང་པོའི་གཞི་ཐོག་མངོན་གྲོལ་བ། གཡུང་དྲུང་བདུད་འདུལ་ཞབས་ལ་གསོལ་བ་འདེབས།།  ཞེས་པ་འདི་སུ་ལ་གཡུང་དྲུང་དབང་རྒྱལ་ནས་ཕུལ། ཞེས་པ་དེ་དང་དེ་འདྲ་བའི་གསོལ་འདེབས་རིགས་མང་པོ་ཡོད་དོ། །
དེ་ནས་བླ་མ་ཨ་གཡུང་དར་རྩེ་མདོ་ནས་རང་དགོན་དུ་བྱོན།  ཡེ་ཤེས་དགོན་གྱི་བླ་གྲྭ་ཡོངས་དང་།  མི་ནུབ་དགོན།  དབལ་ཁྱུང་དགོན།  གོང་རྒྱལ་དགོན།  ལ་ཁ་དགོན།  ཀླུ་འབུམ་དགོན།  རྒྱ་ཞིག་དགོན།  བྲག་ཡེར་དགོན།  འགྲོ་མགོན་དགོན་སོགས་ཀྱི་བླ་སྤྲུལ་བརྒྱ་ཕྲག་འགའ་ཡིས་མ་རྒྱུད་དང་བདེ་འདུས། དགོངས་འདུས། རིག་འཛིན་འདུས་པ་སོགས་ཀྱི་ཚོགས་འཁོར་རྒྱ་ཆེན་པོར་ཕུལ།  དེ་ནས་སྐུ་གདུང་རིན་པོ་ཆེ་སྲིད་ན་འགྲན་ཟླ་བྲལ་བ་དེ་ཉིད་མཆོད་པའི་ཞིང་དུ་ཁྲི་ལ་མངའ་གསོལ་ནས་དད་ལྡན་མང་ཚོགས་ལ་མཇལ་ཁ་ལེན་དུ་བཅུགས།ཉིན་རེ་བཞིན་སྐུ་གདུང་ཇེ་ཆུང་སོང་བས་སེར་སྐྱ་ཀུན་ཀྱིས་ལྷག་པར་ཡིད་ཆེས་བྱུང་།  བན་བོན་སེར་སྐྱ་ཀུན་ཀྱིས་ངོ་མཚར་བའི་ཡུལ་དུ་གྱུར།  

བླ་མ་བདུད་འདུལ་གྱི་སྐུ་གདུང་བྱིས་པ་ལོ་ལྔ་ཙམ་གྱི་རྣམ་པ།

   དེ་ནས་བླ་མའི་སྐུ་གདུང་བྱིས་པ་ལོ་ལྔ་ཙམ་གྱི་ཤ་གཟུགས་ལས་མ་ལུས་པ་དྲང་སྲོང་རིག་འཛིན་དབང་རྒྱལ་གྱིས་ཟངས་ཀྱི་གཞོང་པ་ནང་གདན་དྲངས་ནས་གདུང་ཁང་དུ་མངའ་གསོལ། བླ་གྲྭ་ཡོངས་ཀྱིས་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་ག་དང་།  ཞི་ཁྲོ་དམ་པ་རིགས་བརྒྱ་ཆོ་ག་དང་།  བདེ་འདུས་ཀྱི་དཀྱིལ་འཁོར་རྣམས་ལ་བརྟེན་ནས་སྦྱིན་བསྲེག་ལས་ལ་བརྩོན།  དེའི་སྐབས་གཙོ་བོར།  སུ་ལ་པཎྜི་ཏ་གཡུང་དྲུང་དབང་རྒྱལ་དང་།  ཤེས་རབ་དགོངས་རྒྱལ་གྱི་ཡང་སྲིད་བླ་མ་ཨ་གཡུང་ངམ་གཡུང་དྲུང་བསྟན་པའི་རྒྱལ་མཚན།  གོང་རྒྱལ་བྱ་བཏང་ཉི་མའི་སྤྲུལ་སྐུ་བློ་ལི། རྗེ་འདི་ཉིད་ཀྱི་ཚ་བུ་ཁྱུང་པོ་རིག་འཛིན་ཡོན་ཏན་རྣམ་རྒྱལ།  མགར་བ་བླ་མ་སྐལ་བཟང་རྒྱལ་མཚན།  རྗེ་འདི་ཉིད་ཀྱི་སྲས་པོ་ཕྲིན་ལས་ཀུན་ཁྱབ་དང་།  སྲས་མཆོག་གྲུབ་ཐོབ་འགྱུར་མེད།  སྲས་པོ་མི་ནུབ་བླ་མ་ཉི་མ་འོད་ཟེར།  རྒྱ་ཞིག་སྤྲུལ་སྐུ་དཀོན་མཆོག་བསྟན་འཛིན།  ཁྱུང་པོ་བསྟན་འཛིན་ཉི་མ། རིག་འཛིན་ཟླ་གྲགས།  ཤེས་རབ་རྒྱལ་མཚན།  མཁན་གཡུང་དྲུང་བསྟན་འཕེལ།  མཁན་འཇིགས་མེད་དབང་ཕྱུག   སུ་ལ་གྲགས་པའི་ཡང་སྲིད་སྦྱིན་ཚེ་དབང་གཡུང་དྲུང་། མི་ནུབ་དགོན་པའི་མཁན་པོ་རིག་འཛིན་དབང་རྒྱལ་སོགས་སྐྱེས་ཆེན་དུ་མ་བྱོན་ནས་བསྲེག་ཆོག་བྱས།  སེར་སྐྱ་མང་ཚོགས་སྐུ་གདུང་མཇལ་བའི་སྐལ་བ་ལྡན། མཇལ་བ་རྣམས་ཀྱི་འདྲེན་བྱེད་ཡུལ་དུ་འཇའ་ཚོན་སྣ་ཚོགས་གྱུར་པ་དང་། འོད་གུར་ཁ་དོག་ལྔ་ཅན་བར་སྣང་དབྱིངས་སུ་ཐིམ་པ་སོགས་མཐོང་སྣང་མི་འདྲ་བ་གྲངས་མེད་བྱུང་བས་ཀུན་གྱིས་འཇའ་ལུས་པ་ཞེས་འབོད་དོ། །
 དེ་ནས་ཞག་ལྔ་བཅུ་ཡི་བར་དུ་ཞི་ཁྲོ་དམ་པ་རིགས་བརྒྱ་དང་ཀློང་རྒྱས་དཀྱིལ་འཁོར་གྱི་ཞལ་ཕྱེས་ནས་སྨན་སྒྲུབ་བསྒྲུབ།  སྲས་པོ་ཕྲིན་ལས་ཀུན་ཁྱབ་ཀྱིས་ཉག་གི་དགོན་ཁག་བརྒྱད་དང་རྫ་ཁོག་དགོན་ཁག་བདུན་ཙམ་དང་འདྲ་ཡུལ་དགོན་ཁག་གསུམ་ཙམ་ལ་མཆོད་བསྔོ་ཡི་ཆེད་དུ་རྟེན་བཞག་རྒྱ་ཆེན་པོ་མཛད།  ལོ་དེའི་ཕྱི་ལོ་ལ་རྣམ་དཔྱོད་ཕུལ་དུ་ཕྱིན་པའི་བཟོ་བ་གང་མཁས་རྣམས་བསྡུས་ཏེ།   རྒྱུ་ཟངས་དང་གསེར་ལས་སོགས་ཚགས་སུ་བཙུད་དེ་གསེར་གདུང་ཆེན་མོ་ལེགས་པར་བསྐྲུན་ནས་འགྲོ་བ་ཡོངས་ཀྱི་སྐྱབས་རྟེན་གཅིག་པུར་གྱུར་ཏོ།  །
རྗེ་འདི་ཉིད་ཀྱི་སློབ་མ་ཁྱུང་པོ།  རྫ་ཁོག  བྲག་མགོ  འདྲ་ཡུལ།  ཉག་རོང་།  ལི་ཐང་།  ཉག་ཆུ་ཁ་སོགས་གྲངས་ཀྱིས་མི་ཆོད་པ་བྱོན་པ་རྣམས་ལས་མཆོག་ཏུ་གྱུར་པ་ནི།  མི་ནུབ་བླ་མ་གྲུབ་ཐོབ་འགྱུར་མེད།  ཉི་མ་འོད་ཟེར།  ཕྲིན་ལས་ཀུན་ཁྱབ།  རིག་འཛིན་ཡོན་ཏན་རྣམ་རྒྱལ།བཞག་སར་ཚེ་དབང་རིག་འཛིན་སོགས་མང་ངོ་།།  
རྗེ་འདི་ཉིད་ཀྱིས་གསུངས་འབུམ་ལ།  ཤར་རྫ་བླ་མའི་རྣལ་འབྱོར་རྒྱས་པ་ཞིག་དང་།  རྒྱལ་ཆེན་ཉི་པང་སད་ཀྱི་བསྐང་གསོལ།  པོམ་རའི་བསྐང་བ།  ཡེ་ཤེས་དགོན་པའི་ལོ་རྒྱུས་མདོར་བསྡུས་དང་རྒྱས་པ་གཉིས།  གནའ་རབས་བོན་གྱི་ལོ་རྒྱུས།  མ་དང་མཁའ་འགྲོའི་ལུང་བསྟན་སྐོར།  ཕུར་པའི་བཅུད་འདྲིལ་དང་བསྐང་བ།  དྲེལ་ནག་གསོལ་ཁ། སྨན་རི་མཁན་རབས་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དང་ཨ་ལགས་བོན་རྒྱལ་ལྷུན་གྲུབ་རྒྱ་མཚོ་སོགས་ལ་ཕུལ་བའི་ཆབ་ཤོག་སྐོར་བཅས་པོད་གཉིས་ཙམ་ད་ལྟར་བཞུགས།  སྔོན་དུ་བཀའ་ལུང་རྒྱ་མཚོའི་མཆན་འགྲེལ།  ལུང་རིགས་མཛོད་ཀྱི་མཆན་འགྲེལ་སོགས་པོད་གསུམ་ཙམ་བཞུགས་ཀྱང་དུས་འགྱུར་སྐབས་མེ་ལྷའི་ཞལ་དུ་གསོལ་ལོ།།   གཞན་དུ་རྗེ་ཉིད་ཀྱི་གཅུང་པོ་གཏེར་སྟོན་ཐུགས་རྗེ་གླིང་པའི་གཏེར་ཆོས་ཡོད་དོ་ཅོག་རྣམས་རྗེ་འདི་ཉིད་ཀྱིས་གཏན་ལ་ཕབས་པ་ཡིན་ཞེས་གྲགས།  ལོ་རྒྱུས་རྒྱས་པ་རྣམ་ཐར་གཞན་དུ་གསལ་ལོ།། 

སྨྲས་པ།
རིགས་ཀུན་ཁྱབ་བརྡལ་སྨྲ་དབང་མི་ཡི་སེང་།།
བསྟན་དང་འགྲོ་དོན་ཐུགས་བསྐྱེད་གཞལ་ཐབས་བྲལ།།
དེ་དང་འབྲེལ་པའི་མཛད་ཕྲིན་ཆུ་གཏེར་ལས།།
སྐུ་ཚེ་སྨད་ཀྱི་མཛད་པའི་ཟེགས་མ་སྤྲོས།།

སྙིགས་དུས་འཇོམས་པའི་དཔའ་བོ་བདུད་དཔུང་འདུལ།།
རེ་ལྟོས་བྲལ་བའི་ཉམ་ཐག་འགྲོ་དྲུག་རྣམས།།
ཐར་པ་དང་ནི་ངེས་ལེགས་དབུགས་འབྱིན་པའི།།
སྔོན་མེད་ཐར་པའི་དེད་དཔོན་ཁྱེད་ཉིད་ཙམ།།

གཤེན་བསྟན་མི་ནུབ་གཡུང་དྲུང་བ་དན་མཆོག།
མཁའ་ལ་བསྐྱོད་པའི་སྤོབས་པ་སྟོབས་བཅུ་ཅན།།
ཐུགས་བསྐྱེད་འཆི་མེད་དགའ་ཚལ་ལམ་ཡངས་ལས།།
འགྲོ་ཁམས་རྗེས་མཐུན་དངོས་གྲུབ་སྩོལ་བར་མཛོད།།

ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།  

འཇུག་གི་དོན་བསྟན་པ།

གསུམ་པ་འགྲོ་དོན་རྒྱ་ལག་ཕྱད་པའི་ཆེ་བ་འཇུག་གི་དོན་བསྟན་པ་ནི།  དུས་གསུམ་རྒྱལ་ཀུན་སྤྱི་གཟུགས་བཀའ་དྲིན་བཞི་ལྡན་འདི་ཉིད་སྙིགས་དུས་འདིར་བསམ་བཞིན་སྐྱེས་བ་མངོན་པར་བཞེས་པར་མཛད་ནས་སྐུ་ཚེ་སྟོད་ལ་ཐོས་བསམ་སྒོམ་གསུམ་དང་འབྲེལ་བའི་བསྟན་འགྲོའི་དོན་རླབས་ཆེན་མཛད་པ་དང་། སྒོམ་སྒྲུབ་ཉམས་ལེན་དང་གཙོ་བོར་འབྲེལ་བའི་དུས་སྙིགས་མ་འཁྲུགས་རྩོད་བདེ་འཇགས་བྱེད་པ་དང་།  བཤད་སྒྲུབ་ལས་ཀྱི་འཁོར་ལོ་དང་གཙོ་བོར་འབྲེལ་བའི་སྐུ་ཚེ་སྨད་ཀྱི་མཛད་ཕྲིན་རླབས་པོ་ཆེ་མཛད་པས།  ཕྱི་རྒྱུ་འབྲས་ཀྱི་བསླབ་བྱ་ལ་བརྟེན་ནས་གདུལ་བྱའི་དྭངས་བ་སྤྲོ་ཞིང་ལམ་གྱི་གཞི་བརྟན་པ་དང་། ནང་གི་ཉམས་བཞེས་ཚད་མེད་བཞི་ཡི་སེམས་ལ་མཛད་པས་ཐེག་ཆེན་གྱི་གཞུང་ཤིང་སྲོལ་བ་དང་། གསང་བ་རིམ་གཉིས་ཟབ་མོའི་ལམ་ལ་གཞོལ་བས་མཆོག་ཐུན་གྱི་དངོས་གྲུབ་ཐོབ་པས་བདེ་སྟོང་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་རོལ་བ་དང་། ཡང་གསང་ཨ་རྫོགས་སྙན་གསུམ་གྱི་དགོངས་པ་ཁྲེགས་ཆོད་དང་ཐོད་རྒལ་ལ་བརྟེན་ནས་གདོད་མའི་གཏན་སྲིད་ཉིན་ནས་སྣང་བཞི་ཟད་ཅིང་རྟགས་ཚད་བཅུ་གསུམ་རྫོགས་པས་གདུལ་བྱ་ཐམས་ཅད་རིམ་གྱིས་ཐར་ལམ་འཁྲིད་པ་མཛད་པས།  གཤེན་བསྟན་ཟབ་དོན་ལ་སྤྱོད་པའི་སྔོན་བྱོན་གྲུབ་དབང་རྣམས་དང་ཚུལ་མཚུངས་པར་གཤེན་བསྟན་རིན་པོ་ཆེ་ཕྱོགས་ཀུན་སྤེལ་བའི་མཛད་ཕྲིན་ལ་འགྲན་ཟླ་དང་བྲལ་བར་གྱུར་ཏོ།།  

སྨྲས་པ།
རྣམ་འདྲེན་སྟོང་གི་མཁྱེན་བརྩེ་ནུས་པའི་དཔལ།།
གཅིག་ཏུ་བསྡུས་ནས་ལྷུན་རྫོགས་སྲིད་ཞིའི་མགོན།།
སྙིགས་དུས་བསྟན་པའི་བདག་པོ་རྟ་བདུན་དབང་།།
མཚུངས་མེད་གཡུང་དྲུང་བདུད་དཔུང་འདུལ་ལ་བསྟོད།།

གང་གི་གསང་གསུམ་མཛད་ཕྲིན་ཆུ་གཏེར་མཐར།།
བདག་བློ་འཕར་འགྲོའི་རྩལ་གྱིས་གཞལ་བྱ་མིན།།
འོན་ཀྱང་ཀུ་ཤིའི་རྩེས་བླངས་ཆུ་ཐིགས་དཔེ།།
ཐུན་མོང་མཛད་སྤྱོད་འགའ་ཞིག་འདི་ན་བརྗོད།།

སྐྱེས་སྦྱངས་ཤེས་རབ་ཡོན་ཏན་ཉག་ཕྲ་བས།།
ལེགས་བཤད་སྦྲང་ཆར་འཇོ་བའི་གོ་སྐབས་དབེན།།
འོན་ཀྱང་དམ་པའི་ངག་རྒྱུན་འཁྲུལ་མེད་ལ།།
ལེགས་པ་གཞོལ་ནས་ཚུལ་འདིར་སྤྲོས་པའོ།།

དེ་ལྟ་ན་ཡང་བདག་བློ་མ་རིག་པའི།།
དབང་དུ་སོང་ནས་གསང་གསུམ་མཛད་ཕྲིན་དག།
མ་རྟོགས་ལོག་རྟོག་འགལ་འཁྲུལ་ཤོར་གྱུར་ན།།
མཁས་གྲུབ་རྒྱ་མཚོའི་དབུས་ན་བདག་གིས་འཆགས།།

འདི་བརྩམས་ལེགས་བྱས་རྣམ་དག་ཅི་མཆིས་པ།།
སྲིད་ཞི་མགོན་པོའི་བསྟན་པ་མཐར་རྒྱས་དང་།།
གཤེན་བསྟན་མི་ནུབ་སྲིད་མཐའི་བར་དུ་བརྟན།།
བདག་གཞན་རྫོགས་སངས་རྒྱས་པའི་ཆེད་དུ་བསྔོ།།

དེ་ཡི་མཐུ་ལས་རྒྱལ་བ་གཤེན་གྱི་བསྟན།།
འཛམ་གླིང་ཁོར་ཡུག་ཁྱོན་ཀུན་རྒྱས་པ་དང་།།
བསྟན་འཛིན་ཚོགས་རྣམས་སྐར་ཚོགས་ཇི་བཞིན་འཕེལ།།
བཤད་སྒྲུབ་འཁོར་ལོའི་ས་ཆེན་མཛེས་གྱུར་ཅིག།

སྐྱེ་འགྲོ་སྲོག་གིས་བསྡུས་པའི་འགྲོ་བ་གང་།།
གཡུང་དྲུང་བོན་གྱི་སྒོ་བཞུགས་རབ་བྱུང་ནས།།
ཐུགས་མཐུན་ཁྲིམས་གཙང་ཤེས་རབ་སྤོབས་པ་རྒྱས།།
མཐུན་རྐྱེན་ཀུན་ཚང་བོན་ལ་རྟག་སྤྱོད་ཤོག།  

བདག་སོགས་འགྲོ་དྲུག་སེམས་ཅན་ཚེ་རབས་ཀུན།།
རྗེ་བཙུན་བླ་མའི་ཐུགས་རྗེས་ཉེར་བཟུང་ཞིང་།།
འཁྲུག་བློ་གཞི་སྟོང་འཁོར་བ་དོང་སྤྲུགས་ནས།།
བོན་ཉིད་དབྱིངས་ཀྱི་རྒྱལ་ས་ཟིན་པར་ཤོག།  

བསླུ་མེད་དཀོན་མཆོག་གསུམ་གྱིས་བདེན་པ་དང་།།
བདག་སོགས་དད་མོས་ལྷག་བསམ་རྣམ་དག་གིས།།
སྨོན་ལམ་ཇི་ལྟར་བཏབས་པ་དེ་བཞིན་དུ།།

འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ།།

   ཞེས་མཚན་བརྗོད་པར་དཀའ་བ་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་མོ་གཡུང་དྲུང་བདུད་འདུལ་དཔལ་བཟང་པོའི་རྣམ་ཐར་བདེ་ཆེན་བགྲོད་པའི་ལམ་བཟང་ཞེས་བྱ་བ་འདི་ནི།   རྗེ་ཉིད་ཀྱི་སྐུ་སྲས་དམ་པ་ཕྲིན་ལས་ཀུན་ཁྱབ་མཆོག་གི་ཞལ་སྔ་ནས་ནན་བསྐུལ་ལན་མང་མཛད་ཀྱང་བཏང་སྙོམ་ངང་དུ་ལུས། སླར་ཡང་མགར་བ་བླ་མ་ཨ་རྒྱལ་ལམ་བསྐལ་བཟང་རྒྱ་མཚོས་ལན་གཉིས་ཙམ་བསྐུལ་མ་མཛད་པ་དང་རྗེ་ཉིད་ཀྱི་སྲས་མཆོག་དམ་པ་མི་ནུབ་དགོན་པའི་བླ་མའམ་གྲུབ་ཐོབ་འགྱུར་མེད་དཔལ་བཟང་པོ་དང་ཉི་མ་འོད་ཟེར་ཟུང་གིས་རྗེ་འདི་ཉིད་ཀྱི་རྣམ་ཐར་གོ་བདེ་ཞིང་དོན་དང་ལྡན་པ་ཞིག་འབྲི་དགོས་ཞེས་བཀའ་ནན་སྤྱི་བོར་ཕེབས་པ་དང་།  རྗེ་ཉིད་ཀྱི་སློབ་མ་ལི་ཕྲུག་གིས་ཕྱག་གཉིས་ཐལ་མོ་སྦྱར་ནས་རྗེ་ཉིད་ལ་རྣམ་ཐར་ཞིག་འབྲི་རོགས་ཞེས་བསྐུལ་བ་མཛད་པ་དང་། རང་གི་ཞང་རྒན་ཨ་ཉིའམ་ཚུལ་ཁྲིམས་ཉི་མ་སོགས་ཀྱིས་ཀྱང་ལན་དུ་མར་ཆེད་དུ་བསྐུལ་བ་རྣམས་ཡིད་ལ་བཅགས་ཏེ།  དཔལ་ལྡན་བླ་མ་དམ་པ་དེ་ཉིད་ཀྱི་བཀའ་འབངས་ཡོངས་ཀྱི་ཐ་ཤལ་བ་ལྕེ་བཙུན་སེང་གེ་དབང་ཕྱུག་གི་ཡང་སྲིད་ཚུལ་འཛིན་པ་གཡའ་དྲུག་རིག་འཛིན་ཉི་མ་ཞེས་མིང་འབོད་པས་ཉག་རོང་ཡེ་ཤེས་བཤད་སྒྲུབ་བསྟན་རྒྱས་གཡུང་དྲུང་གླིང་དུ་སྤྱི་ལོ༼༡༩༩༩༽སྟེ་ས་མོ་ཡོས་ལོའི་ཧོར་ཟླ་དགུ་པའི་ཚེས་བཅོ་ལྔ་ཉིན་དབུ་འཛུགས་ནས།  ཟླ་བ་དེའི་ཚེས་ཉི་ཤུ་གཉིས་སྟེ་བླ་མ་རིན་པོ་ཆེ་སྐུ་མྱ་ངན་ལས་འདས་པའི་དགེ་བའི་ཉིན་གྲུབ་པར་བགྱིས་པའོ།།
འདིར་ཆེད་དུ་ཞུ་བ་ནི་ཁོ་བོ་ནི་བླ་མ་དམ་པ་དང་འགྲོགས་ཐག་གི་ཡུན་ཐུང་བས་རྗེ་ཉིད་ལ་མངའ་བའི་མ་དང་མཁའ་འགྲོའི་ལུང་བསྟན་རྣམས་དང་།  གསུང་འབུམ་གྲངས་ཀ་དང་།  གསང་གསུམ་མཛད་ཕྲིན་རྨད་པོ་ཆེ་རྣམས་ཚུལ་བཞིན་བརྗོད་མ་ནུས་པས་རྣམ་ཐར་འདི་གཟིགས་པ་པོ་རྣམས་ཀྱི་ཐུགས་ཁྲེལ་མེད་པ་ཞུ།  གོང་དུ་བཀོད་པའི་རྣམ་ཐར་ནི། རྫོགས་པ་ཆེན་པོའི་རྣལ་འབྱོར་བ་གཡུང་དྲུང་བདུད་འདུལ་རིན་པོ་ཆེ་དགུང་ལོ་དོན་དགུའི་སྐབས་སུ་རང་ཉིད་བླ་མ་རིན་པོ་ཆེའི་མདུན་དུ་གཅར་ཏེ་ཁོང་རིན་པོ་ཆེའི་མི་ཚེའི་འགྲོ་རིམ་སྐོར་དྲི་བ་བྱས་ཚེ། ཁོང་གི་ཞལ་ནས། ང་ལྟ་བུ་ལ་རྣམ་ཐར་འབྲི་བའི་དགོས་པ་མི་འདུག་ཀྱང་། རྒྱུ་མཚན་རེ་ཤེས་ན་བཟང་ས་མ་གཏོགས་ངན་ས་ཡོད་རྒྱུ་མ་རེད་ཅེས་གསུངས་ཏེ། ཁོང་གི་མི་ཚེ་གཅིག་གི་རྒྱུད་རིམ་གསུངས་བ་རྣམས་རང་གིས་ཡིག་ཐོག་ཏུ་བཀོད་པའི་སྐལ་བ་ལྡན་སོང་། ངས་བླ་མ་གསུང་བ་དག་ཚིག་གི་སྒྲོས་བདེ་མོ་དང་།  བར་སྐབས་ཚིགས་སུ་བཅད་པ་སོགས་ཅུང་ཙམ་གོ་བདེ་བ་བྱས་པ་ལས། ཡོན་ཏན་མེད་བཞིན་དུ་ཡོད་པར་སྨྲ་བའི་སྒྲོ་འདོགས་དང་། ཡོན་ཏན་ཡོད་བཞིན་དུ་མེད་པར་བཤད་པའི་སྐུར་འདེབས་སོགས་ཀྱི་སྐྱོན་གྱིས་གོས་མེད། དེ་ལས་གཞན་པའི་རང་འདོད་ཀྱིས་བཤད་ཅི་མོས་དང་བསྟོད་ཅི་མོས་མ་ཡིན་པར། བླ་མའི་གསུང་བཞིན་ཁོང་གི་རང་གཤིས་བརྗོད་པ་ཙམ་དུ་ཟད། རྣམ་ཐར་བྲིས་ཚར་རྗེས་རང་ཉིད་རྣམ་གཡེང་དང་ལེ་ལོའི་དབང་དུ་སོང་བས་ལོ་མང་པོའི་རིང་ལ་ཡིག་ཚོགས་གྲལ་དུ་ཉར་ཚགས་བྱས།  ཕྱིས་སུ་ཁྱུང་སྲས་རིག་འཛིན་ངེས་དོན་དང་ཁྱུས་སྲས་ཀུན་བཟང་རྣམ་རྒྱལ་ཁོང་རྣམ་གཉིས་ཀྱིས་ཡང་ཡང་གསུང་ནན་བསྐུལ་བ་ལ་བསྟེན་ནས་རང་དང་ཡེ་ཤེས་དགོན་པའི་དགེ་བཤེས་གཡུང་དྲུང་ཉི་མ་ཟུང་གིས་ཚིག་ནོར་སྐོར་ལ་ཞུ་དག་ལན་གཅིག་བྱས་རྗེས་དྲྭ་ཐོག་ཏུ་སྤེལ་བ་ལགས་སོ། །འདི་བརྩམས་པའི་དགེ་བས་བདག་སོགས་སྐྱེ་བའི་ཕྲེང་བ་ཀུན་ཏུ་དཔལ་ལྡན་བླ་མས་མཉེས་བཞིན་རྗེས་སུ་བཟུང་ནས་ཟུང་འཇུག་སྐུ་བཞིའི་གོང་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག་གུ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།