སྙན་རྒྱུད་དབལ་འབར་སྟག་སླག

[ཟླ་ཚེས། 2020-11-17 16:55:45][རྩོམ་པ་པོ། ཁྱུང་སེར་ལྷ་ཁྱུང་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


སྙན་རྒྱུད་དབལ་འབར་སྟག་སླག

  བོད་ལྗོངས་ཆབ་མདོ་ས་ཁུལ་ཁྱུང་པོ་སྟེང་ཆེན་ལ་ཆགས་པའི་ཁྱུང་སེར་སྒར་ཁང་བླ་བྲང་གི་སྲས། རྩེ་དྲུག་དགོན་པའི་ཁྲི་འཛིན་སངས་གླིང་བཞི་པ་པདྨ་གར་དབང་མཆོག༧ དགུང་ལོ་སོ་གཉིས་ཐོག་རྩེ་དྲུག་ནས་ཟླ་གཤིས་སུ་ཕེབས་སྐབས། ཟླ་བཟའ་ཨ་ཏིང་ངམ་དགའ་འདེགས་ཨ་ཏིང་སྟེང། ཟླ་གཤིས་གྲོང་གི་ཟླ་སྒང་ལ་ཁར་ལ་ཁྲི་ལས་བབ། ཞབས་ཕྱིས་ཧ་གོ་བས་དགོང་མདོན་སྐབས། ཟླ་གཤིས་ཟླ་སྒང་ལ་ཁ་ན། ཟླ་བཟའ་ཨ་ཏིང་རང་གཟུགས་དོད། དེ་ཡང་ཞིང་སྐྱོང་ལྷ་མོའི་དྲིན། ཞེས་ཞབས་ཕྱིས་བླ་མར་གོ་རྒྱུ་གཏོང་བ་ཤོད་རྒྱུན་ཡོད། དགའ་འདེགས་ཨ་ཏིང་མོ་རང་གི་མིང་ཡིན་ལ་ཟླ་བཟའ་ཨ་ཏིང་ནི་ཁྱིམས་ཚང་གི་མིང་འགོ་ལ་སྦྱར་ནས་འབོད་པ་ཡིན། ཟླ་གཤིས་ནས་ས་རུ་ལ་ཕར་འགྲོ་ས། ཟླ་གཤིས་སྟོད་སྨད་གཉིས་ཀྱི་རྒྱབ་རིའི་ལ་ཁའི་སྒང་དེ་ལ་ཡོངས་གྲགས་སུ་ཟླ་སྒང་ལ་ཁར་འབོད། ཟླ་བཟའ་ཨ་ཏིང་ངམ་དགའ་འདེགས་ཨ་ཏིང་ཁབ་ཏུ་བཞེས་ནས་ཟླ་གཤིས་སྟོད་མེ་ཧོ་གཉིས་སྤོམ་པའི་སར་ཟླ་གཤིས་བླ་བྲང་ཐོག་མར་ཕྱག་བཏབ། སྲས་རིག་འཛིན་དབལ་འབར་སྟག་སླག་དང་ནོར་བུ་དབང་རྒྱལ་གཉིས་འཁྲུངས།

  སྲས་ཆེ་བ་གཡུང་དྲུང་བསྟན་འཛིན་དབང་རྒྱལ་འམ་སྙན་རྒྱུད་དབལ་འབར་སྟག་སླག་མཆོག༡༨༣༣ཆུ་སྦྲུལ་ལོ་ལ་སྐུ་འཁྲུངས། འཁྲུངས་ལོ་ལ་མི་མཐུན་པ་འགའ་ཞིག་སྣང་ཡང་རབ་བྱུང་བཅུ་བཞི་པའི་ཆུ་སྦྲུལ་ལོ་ཡིན་པ་གཏེར་ཆེན་རང་གི་ཞལ་བཞེས་ཡིན་ཏེ། དེ་ཉིད་ཀྱིས་མཛད་པའི་ཡབ་སྲས་ཐུགས་སྒྲུབ་གཏེར་བྱང་ལོ་རྒྱུས་ལས། སྐྱེས་བདག་ཆུ་སྦྲུལ་ལོ་ཐོབ་པའི། །ཁོ་བོ་གཡུང་དྲུང་བསྟན་འཛིན་དབང་རྒྱལ་བདག །ཞེས་གསུངས་སོ། དགུང་ལོ་བདུན་གྱི་ཐོག་ཡབ་ཀྱི་དྲུང་ནས་ཡི་གེ་སློབ་པའི་དབུ་བཙུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པ་སྦྱངས། སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན། སྐྱབས་མགོན་ཟླ་བ་རྒྱལ་མཚན་རྣམ་གཉིས་དྲུང་ནས་སོ་ཐར་སྡོམ་པ་ཞུས། མེ་སྟོན་ཉི་མ་རྒྱལ་མཚན་དང་། བདེ་ཆེན་གླིང་པ། འགྲོ་མགོན་ཤེས་རབ་གཡུང་དྲུང་སོགས་ལ་བླ་སློབ་ཀྱི་འབྲེལ་བ་དམ་ཟབ་བྱུང་། དབེན་གནས་མནྜལ་རི་ཁྲོད་ནས་འགྲན་བྲལ་བསོད་ནམས་རྒྱལ་མཚན་རྩ་བའི་བླ་མར་བསྟེན་ནས་སྔོན་འགྲོ་དངོས་གཞི་དང་ཕྱི་ནང་གསང་གསུམ་གྱི་ཁྲིད་ལུང་མང་པོ་ཞུས། དུས་རྒྱུན་མང་ཆེ་བ་ཁྱུང་ནག་བླ་བྲང་དང་རྩེ་དྲུག་དགོན་ཟླ་གཤིས་བླ་བྲང་སོགས་ལ་བཞུགས། ས་སྤྲེལ་ལོར་སྟག་སླག་ཅན་དགུང་ལོ་དོན་དྲུག་ཐོག ཚ་བ་རོང་དུ་ཕེབས་ནས་ལྷ་རྒོད་སྒྲུབ་གཞུང་མང་ཕལ་ཆེར་གྲུབ་དུས། ༡༩༠༨ཧོར་ཟླ་༡༢་པའི་ཚེས་༣༠ལ་དགོངས་པ་བོན་དབྱིངས་སུ་གཤེགས། གཏེར་ཤོག་འཕྲོ་དེ་ཕྱིས་སུ་ག་ཤེལ་ཁྲི་ཆེན་གྱིས་ཕེབས།

  སྙན་རྒྱུད་དབལ་འབར་སྟག་སླག་ཁོང་གིས་བཀའ་གཏེར་སྙན་རྒྱུད་དང་གསུང་བརྩམས་ཁག འཆི་མེད་ཡབ་སྲས་རྣམ་གསུམ་གྱི་ཐུགས་སྒྲུབ་སྲུང་ཟློག་དབང་དང་བཅས་པ། གསས་མཁར་ཞི་ཁྲོ་རབ་འབྱམས་རྩ་གསུམ་ཀུན་འདུས། ཆེ་མཆོག་དྲེགས་པ་སྤྱི་འདུལ་གྱི་བསྒྲུབ་པ་སྲུང་ཟློག་བསད་གསུམ་གྱི་ལས་མཐའ། ཕུར་པའི་རྒྱུད་དགུ དབལ་ཕུར་ནག་པོ་གསང་བ་ཐུགས་ཀྱི་བརྣག་པའི་བསྒྲུབ་པ། ཐིག་ལེ་གཏིང་རྫོགས་དྲག་སྔགས་དབལ་མོའི་ལས་མཐའ་ཆ་ཚང་། སྤྱི་སྤུངས་གབ་པ་གསང་མཆོག་ཐུགས་ཀྱི་བརྣག་པ་ཁྲོ་བོ་ལྷ་རྒོད་ཐོག་པའི་སྒྲུབ་སྐོར། གཙོ་མཆོག་གསང་སྒྲུབ། གེ་ཁོད་གསང་སྒྲུབ་ཉུང་འདུས། སྟག་ལ་མེ་དཔུང་དམར་ནག་དུན་ཙེ་སྟོང་སྒྲོལ། སྟག་ལ་ཕུར་བུ་རྩེ་མེད་དེ་ཁོ་ན་ཉིད་ཀྱི་སྲུང་ཟློག་དབང་དང་བཅས་པ། དབལ་ཕུར་འབར་ནག་གི་བསྒྲུབ་བ་སྲུང་ཟློག་དང་བཅས་པ། ཕུར་པ་ལྷ་རྒྱན་གཅིག་པ། ཀློང་རྒྱས་ཕྲིན་ལས་བཅོ་བརྒྱད་ཀྱི་སྤྱི་དོན། སྲིད་རྒྱལ་སྙིང་ཐིག་སྙན་བརྒྱུད། གཡུང་དྲུང་གཡུ་སྒྲོན་མའི་ཀ་བསྟོད། ལམ་ལྷའི་གསོལ་མཆོད། སྨུག་པོ་རི་བཙུན་གྱི་བསང་མཆོད། ཟོ་དོར་གཉེན་པོ་གཡུ་རྩེའི་གསོལ་ཁ། མ་མོའི་གནད་བསྐང་། སྒྲ་དབྱངས་རྒྱལ་མོའི་འཛབ་བསྐུལ། སྲིད་རྒྱལ་དཀར་སྨུག་ནག་གསུམ་གྱི་སྒྲུབ་གཞུང་། ནང་བདུད་མོ་རུ་བསྒྲུབ་པའི་གཟེར་བུའི་ཆ་ལག སྲིད་རྒྱལ་སྲོག་སྒྲུབ་ཟློག་པ་འགུག་སྒྲོལ། སྒྲ་བླའི་རྒྱལ་མོའི་སྒྲུབ་ཐབས་གློག་ཞགས་ཕྲེང་བ། བཀའ་ཉན་ནག་མོའི་ཐུགས་ཀྱི་གསང་བསྒྲུབ། སྒྲ་བླའི་རྒྱལ་མོའི་གསང་དང་བསྐུལ་པ། སྒྲ་བླ་སྤྱང་ཞོན་ནག་མོའི་སྒྲུབ་ཐབས་ཆ་ལག བྱ་ར་མ་གསུམ་སྒྲུབ་གཞུང་། བྲག་བཙན་གཞུང་མེ་རི་འཁྱིལ་བ། ཉི་པང་སད་ཀྱི་གཏོར་བསྐང་། རྒྱལ་ཆེན་གྲགས་སེང་ཚོགས་གཞུང་ཆ་ལག་དང་བཅས་པ་ཆ་ཚང་། ཡུལ་ས་དགེ་བསྙེན་རྣམས་ཀྱི་གསོལ་ཁ། མ་འོངས་ལུང་བསྟན། གནད་ཀྱི་མན་ངག མན་ངག་ཡིག་རྒོད། དེ་མིན་བསྐང་ཆུང་དང་བསྟོད་བསྐུལ་གསོལ་འདེབས་སོགས་གྲངས་ལས་འདས་པ་བཞུགས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།