ཞུ་བཙུན་དཔལ་ལྡན་བཟང་མོ།

[ཟླ་ཚེས། 2020-10-30 17:42:57][རྩོམ་པ་པོ། དབལ་ཁྱུང་བསོད་ནམས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

    ཞུ་བཙུན་དཔལ་ལྡན་བཟང་མོ་མཆོག་ནི་མདོ་ཁམས་ཁྱུང་པོའི་ཡུལ་གྲུ་ལྡོང་རྫོང་སྨུག་པོ་མཆེད་བརྒྱད་ཀྱི་མདུན་ཟུར་ལྡོང་རྫོང་རི་ཁྲོད་དུ་ཡབ་ཞུ་ནམ་མཁའ་གྲགས་པ་དང་ཡུམ་སྒྲུ་ཟ་རིག་འཛིན་ལྷ་མོ་གཉིས་ལ་བོད་རབ་བྱུང་བཅུ་བདུན་པའི་ཤིང་བྱ་ལོ་སྟེ། སྤྱི་ལོ་༡༩༣༥ལོར་སྐུ་བལྟམས་ཤིང་། མཚན་ལ་ཨ་ཕྲུག་ཅེས་བཏགས། ཆུང་ནས་སྐྱེས་ཐོབ་ཤེས་རབ་ཀྱི་རྩལ་རྫོགས་པས་དགུང་གྲངས་བརྒྱད་ནས་ཡབ་ཀྱི་དྲུང་དུ་ཤེས་བྱའི་གཞི་མ་ཡི་གེ་སྦྱངས།  དགུང་ལོ་བཅུ་ཡི་ཐོག་ཐུགས་རབ་ཏུ་རྒྱས་ཏེ་གནས་སྐོར་ལ་ཕེབས་རྒྱུའི་ཐུགས་འདུན་རྒྱུད་ལ་སྐྱེས་ཏེ།  སྟོན་པའི་ཐུགས་སྤྲུལ་གནས་མཆོག་བོན་རི་དང་།  གངས་རིན་པོ།  རྩེ་དྲུག་རིག་འཛིན་བརྒྱད་ཅུ་སོགས་གནམ་མཇལ་དང་སྒྲུབ་པ་མཉམ་ལེན་མཛད། དགུང་ལོ་བཅུ་གཉིས་ཡས་མས་སུ་གཡུང་དྲུང་དཔལ་རི་དགོན་དུ་བླ་མ་བཟོད་པ་རིན་པོ་ཆེའི་དྲུང་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་བཞེས་ཤིང་། ཚུལ་མཚན་དུ་དཔལ་ལྡན་བཟང་མོ་ཞེས་གསོལ། སྤྱི་ལོ་༡༩༤༧དགུང་གྲངས་བཅུ་གསུམ་ལ་ཕེབས་སྐབས་མཚམས་ཆུང་དམ་པ་དེ་ཉིད་ཀྱི་སྐུ་མདུན་ནས།  ཡབ་སྲས་སྔོན་འགྲོའི་ཁྲིད་ཞུས་ཏེ་རྒྱུད་སྦྱོང་བསགས་སྦྱོང་རྟགས་ཐོན།   ལོ་དེའི་ལོ་མཇུག་ཏུ་གྲུབ་དབང་བཟོད་པ་རིན་པོ་ཆེའི་མདུན་ནས་འཕོ་ཁྲིད་ཞུས་ཏེ་འཕོ་བ་ལ་བྱང་ཆུབ་པ་མཛད།   དེ་ནས་སྤྱི་ལོ་༡༩༥༧ཏེ་དམ་པ་ཁོང་ནི་དགུང་གྲངས་བཅུ་དྲུག་གི་ལོ་ནས། ཕྱི་མ་དོན་གཉེར་གྱི་རྣལ་འབྱོར་པ་ཞིག་ལ་ཆོ་གའི་ཕྱག་ལེན་དང་རྒྱུ་བོན་གང་རུང་ལ་མཐར་སོན་པ་དང་།  སྔོན་འགྲོ་བསགས་སྦྱོང་སྔོན་དུ་སོང་བ་ཙམ་གྱིས་ས་གང་ཡང་མི་ཆོད་པ་དགོངས་ཏེ།  གྲུབ་དབང་བཟོད་པ་རིན་པོ་ཆེའི་མདུན་ནས་སེམས་ཁྲིད་ཞུས། དམ་པ་ཁོང་ནས་བྱུང་གནས་ཐིམ་གསུམ་དང་།  གནས་འགྱུ་རིག་གསུམ།  འཇོག་བཤིགས་སྐྱོང་གསུམ།  མ་བུ་རྩལ་གསུམ་སོགས་རྒྱུགས་རིམ་པར་ཕུལ་བ་དང་། རྒྱུགས་འཕྲོད་རྗེས། ངོ་སྤྲོད་ལག་ལེན་དང་བཅས་པའི་གཡུང་དྲུང་དཔལ་རིའི་ས་ཕུག་སྒྲུབ་ཁང་ནང་དུ་སྒོམ་སྒྲུབ་མཉམ་ལེན་མཛད།  དེ་ནས་སྤྱི་ལོ་༡༩༥༤ལོར་སྨོན་རྒྱལ་ནམ་མཁའ་གྲགས་པ་མཆོག་རྩ་བླ་བསྟེན་ཏེ་ཁྲིད་ཡིག་དམར་མོ་མཛུབ་བཙུགས་དང་མཁའ་འགྲོ་གསང་གཅོད་གཙོས་འཆར་ཅན་གྱི་བསགས་སྦྱང་གནད་སྨིན་གནང་། སྤྱི་ལོ་༡༩༥༩དགུང་ལོ་ཉི་ཤུ་སོན་སྐབས་དམངས་གཙོ་བཅོས་བསྒྱུར་ཞེས་པའི་དུས་འཁྲུག་ཆེན་པོ་ཞིག་བྱུང་སྟེ།  བླ་གྲྭ་རྣམས་དགོན་དུ་འདུག་དབང་མེད་པར་གྲོང་དུ་ཕེབས་ཏེ་མང་ཚོགས་དང་ལྷན་དུ་ངལ་རྩོལ་བསྒྱུར་བཀོད་བྱེད་དུ་བཅུག   དེ་ནས་དམ་པ་ཁོང་ནི་དགུང་གྲངས་ཞེ་གཉིས་མ་ཕེབས་བར་མི་དམངས་དང་ལྷན་དུ་དམངས་ཕན་གྱི་བྱ་བ་སྣ་ཚོགས་བསྒྲུབས། 
   སྤྱི་ལོ་༡༩༨༢ལོ་རང་རྒྱལ་གྱི་མི་རིགས་ཆོས་ལུགས་སྲིད་ཇུས་སླར་གསོ་བྱུང་སྟེ་ཆོས་དད་རང་མོས་ཀྱི་སྲིད་ཇུས་འཆར་སྐབས།  སྤྱི་ལོ་༡༩༨༥ཤིང་མོ་གླང་གི་ལོ་ལ་ཁྲ་རྒན་མཁན་རིན་པོ་ཆེ་ཁྱུང་ཡུལ་དུ་ཕེབས་ནས་རིན་པོ་ཆེའི་དྲུང་ནས་བཀའ་རྫོགས་ཆེན་སྐུ་གསུམ་རང་ཤར་གྱི་དབང་དང་ཐོད་བརྒལ་ལ་སོགས་ཀྱི་ཉམས་ཁྲིད་དང་།  ད་དུང་དཔལ་ཤར་རྫ་བའི་བཀའ་འབུམ་རྣམས་སླར་ཡང་ཁྲིད་ལུང་བཅས་ཟླ་བ་གཉིས་གསུམ་རིང་ཞུས།  དེ་ནས་དམ་པ་ཁོང་ནས་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམས་བོད་ཡུལ་དུ་ཞབས་སོར་འཁོད་སྐབས་སྐུ་མདུན་དུ་བཅར་ནས་བྱམས་མའི་དབང་བཞི་དང་དྲག་སྔགས་དབལ་མོ་སོགས་དབང་ལུང་གྲངས་མང་ཞུས། ངག་རྒྱུད་ལྟར་ན།  མོ་འདེབས་ཡ་ལ་ཐུན་མོང་མ་ཡིན་པའི་མཁས་པ་ཡོད་རེད་ཅེས་བཤད་ལ།   སྲུང་མདུད་དེ་ཚོ་ནོར་ཕྱུགས་ཀྱི་སྐེ་ལ་བཏགས་ན་རྨ་བཟོ་མི་ཐུབ་པ་དང་།   ནད་པ་ལ་བཀའ་བསྒོ་བྱེད་པ་དང་   སྲུང་མདུད་བཏགས་ན་གདོན་བགེགས་སོགས་ཁོག་པ་མི་མང་པོ་ཞིག་ལ་མྱོང་བ་ཡོད་ཅེས་བཤད། ཚེ་སྨད་དུ་ཚེ་གཅིག་སྒྲུབ་པ་མཉམ་ལེན་བྱེད་པའི་དམ་བཅའ་བཞག་སྟེ་བླ་མ་གོང་མའི་བྱིན་གྱིས་བརླབས་པའི་གནས་ལྡོང་རྫོང་རི་ཁྲོད་ཉམས་གསོ་མཛད། དེ་མིན་གང་བསླབ་བྱའི་གཞུང་ལུགས་ལ་ཁ་ཙམ་ཚིག་ཙམ་གྱིས་སྦྱངས་ལོ་ཙམ་མ་ཡིན་པར། ཐོས་དོན་རང་རྒྱུད་ལ་སྦྱར་ཞིང་བསྒོམ་དོན་རིགས་དྲུག་ལ་བསྐྱེད་པས་རྟོགས་གྲོལ་ཡེ་ཤེས་ཀྱི་རིག་པ་མཁའ་མཐར་བརྒལ་བར་མ་ཟད། གཞན་ཡང་བཀའ་དྲིན་བཞི་རྫོགས་ཀྱི་བླ་མ་རིན་པོ་ཆེའི་དྲུང་ནས། བཀའ་རྒྱ་ཆེ་དང་། ལུང་གྲངས་མང་བ། བྱིན་རླབས་དབང་གི་ཆུ་བོ་རྣམ་བཞི་ཡང་ཐུགས་ཉིད་ཞི་བདེའི་རྒྱ་མཚོ་ཆེན་མོའི་ཀློང་དུ་བསྐྱིལ་བར་བྱས། དེ་ཡང་འཕྲུལ་གཤེན་ཐེག་པའི་མདོ་ལས། དེ་ཕྱིར་བོན་ལ་སྤྱོད་པ་ལ། །རང་ལ་ཕན་པའི་དད་པ་དགོས། །གཞན་ལ་ཕན་པའི་སེམས་བསྐྱེད་དགོས། །སེམས་བསྐྱེད་རྩ་བ་སྙིང་རྗེ་ཡིན། །ཞེས་གསུངས་པ་བཞིན། སྐྱབས་རྗེ་དཔོན་སློབ་བསྟན་འཛིན་རྣམ་དག་ཐམས་ཅད་མཁྱེན་པའི་མདུན་ནས་ཐེག་ཆེན་ལྷའི་མེ་ལོང་ལྟར་དུ་བྱང་སེམས་ཀྱི་མཆོད་པ་རྒྱ་ཆེར་འབྲེལ་ཏེ་བྱང་ཆུབ་སེམས་དཔའི་སྡོམ་པ་ཐུགས་རྒྱུད་ལ་བཞེས་ནས། 
  
སྤྱི་ལོ་༢༠༠༥བར་ལྡོང་རྫོང་རི་ཁྲོད་དུ་འཆད་ཉན་སྒོམ་སྒྲུབ་ཀྱི་བསྟན་སྲིད་དཀར་པོས་འགྲོ་རྣམས་སྨིན་གྲོལ་ལམ་དུ་བཀོད་ཅིང་།
  སྒོས་སུ་སྙིགས་འགྲོ་བསོད་ནམས་དམན་པའི་དབང་གི་དགུང་ལོ་བདུན་ཅུ་ཐོག་ས་ག་ཟླ་བའི་བོད་ཚེས་བཅོ་ལྔ་ཉིན་ཕྱག་མཉམ་བཞག  ཞབས་སྐྱིལ་ཀྲུང་ཐུགས་དམ་བཞུགས་ནས་དགོངས་པ་བོན་དབྱིངས་སུ་གཤེགས་སོ།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།