རག་ཤི་རྣལ་འབྱོར་ཤེས་རབ་ཚུལ་ཁྲིམས་མཆོག

[ཟླ་ཚེས། 2020-09-24 17:02:46][རྩོམ་པ་པོ། དགེ་བཤེས་བསོད་ནམས་ཚུལ་ཁྲིམས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

    སྤྱི་ལོ་ ༡༩༦༣ ཆུ་ཡོས་ལོ་ལ་ཁྱུང་པོ་གསེར་རྩ་རི་ཐ་རུ། གྲུབ་ཐོབ་རག་ཤི་ཁ་མཛོའི་ཁྱིམ་རྒྱུད་བོར་སྟོད་རག་ཤི་ཚང་གི་བུ་རག་ཤི་ཀོང་ཙེ་དང་། བོན་ཟ་ཐར་དགའ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དེ་གཉིས་ལ་བུ་སྤུན་བཞི་ཡོད་པའི་ནང་ནས་གསུམ་པ་དེ་ཡིན། བུ་ཆེ་བ་དགོ་གྲགས་ཁྱིམ་རྒྱུད་བཟུང་མཁན་ཡིན་པ་དང་། དེ་འོག་དཔོན་སློབ་སྐལ་བཟང་ཉི་མ། དེའི་འོག་མ་ཁོང་ཡིན་ཞིང་། བུ་ཆུང་ཤོས་ངས་གཞུང་མར་ཁུ་དགོན་པའི་དབུ་བླ་ཚུལ་ཁྲིམས་བསྟན་རྒྱལ་ཡིན། ཁོང་གི་སྐྱ་མིང་ལ་དོན་གྲུབ་ཟེར་ཞིང་ཆུང་དུས་མི་དམངས་ཀུང་ཧྲེའི་ནང་དུ་ནོར་རྫི་སོགས་དཀའ་སྡུག་མང་པོ་མྱང་། ནར་སོན་རྗེས་༡༩༨༧ ལོའི་ལ་ཁྱུང་པོ་གྲུབ་ཆེན་བཟོད་པ་རྒྱལ་མཚན་གྱི་གདན་ས་རུ། བླ་མ་འཆི་མེད་རིག་འཛིན་མདུན་ནས་སྔོན་འགྲོ་འབུམ་དགུ་བསགས་སྦྱོང་དང་། དངོས་གཞི་སེམས་ཁྲིད་བཅས་རྒྱས་པར་ཞུས། ༡༩༨༨ ལོར་ཁྱུང་པོའི་རི་བོ་རྩེ་དྲུག་དགོན་གྱི་དབུ་བླ་མཆོག་སྤྲུལ་རིན་ཆེན་རྒྱལ་མཚན་མདུན་ནས་རབ་བྱུང་སྒྲུབ། དེ་ནས་ཀོ་དགོན་དུ་ཟླ་གྲགས་སྤྲུལ་སྐུ་དང་མཁན་པོ་དགེ་ལེགས། ནག་རུ་མཁན་པོ་བོན་དབྱིངས་རང་གྲོལ་སོགས་ཀྱི་མདུན་ནས་རྩ་རླུང་སོགས་སྦྱང་བ་དང་། ཤར་རྫ་པའི་བཀའ་འབུམ་གྱི་ཁྲིད་དང་ལུང་ཞུས་ཤིང་། སྒྲུབ་གྲྭའི་སྦྱོང་པ་ཁྲེག་ཆོད་ཐོད་རྒལ་བཅས་སྦྱངས། ༡༩༩༠ ལོར་ཀོང་པོ་བོན་རི་ལ་སྐོར་བརྒྱ་དང་བརྐྱང་ཕྱག་བཅས་གྲུབ་པར་བྱས་པ་དང་། དེ་ནས་གྲྭ་ས་གཙང་སྨན་རིའི་གདན་ས་དང་། གཅེན་པོ་དཔོན་སློབ་སྐལ་བཟང་ཉི་མ་བཅས་མཇལ་ཞོར་དུ་གཡས་རུ་མཁར་སྣར་བྱོན་པས། དེ་གའི་དབེན་གནས་ཀྱི་ཐུགས་ཡིད་འཕྲོག་ནས་གནས་དེར་ལོ་འགར་སྒོམ་སྒྲུབ་བགྱིས། དེ་ནས་ཧོར་སྦྲ་ཆེན་དུ་བྱོན་ནས། ངེས་དོན་རྫོགས་པ་ཆེན་པོའི་རྣལ་འབྱོར་རག་ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང་རྩ་བའི་བླ་མ་རུ་བརྟེན་ནས། སླར་ཡང་འཇའ་ལུས་ཤར་རྫ་པ་ནས་བརྒྱུད་པའི་རྫོགས་པ་ཆེན་པོའི་ཟབ་གནད་མང་པོ་ཞུས་ནས། ལྟ་སྒོམ་ཉམས་ལེན་གྱི་གདར་ཤ་བཅད་པས་བོན་ཉིད་མ་བུ་མཇལ། སེམས་ཉིད་དམར་ཐག་ཆོད་པར་གྱུར། དེ་ནས་ཡུལ་དེའི་རྟ་རྫའི་རང་ཤར་སྒྲུབ་ཕུག་ཟེར་བ། སྔར་བསྟན་རྒྱལ་བཟང་པོའི་སྒྲུབ་གནས་བྱིན་ཆེན་དེ་རུ་རྫོགས་ཆེན་གྱི་ཉམས་ལེན་ལ་ལོ་འགར་འབད་པ་ལྷོད་མེད་གནང་། དེ་ནས་གནམ་མཚོའི་དོ་རུ་ལོ་གཅིག་བཅུད་ལེན་ལ་བརྟེན་ནས་བཞུགས། དེ་ནས་སྟོད་ལུང་འབྲི་ལུང་དགོན་ཤུལ་གྱི་ལུང་པའི་ཕུག་གི་སྔར་དགོངས་མཛོད་རི་ཁྲོད་ཆེན་པོའི་རབ་བྱུང་ཞུ་སའི་དབུས་ཀྱི་མཁན་སློབ་གཉིས་ཀྱི་སྒྲུབ་ཕུག་དང་། ཞང་ཞུང་བར་པའི་གནས་མཆོག་སྟ་སྒོའི་རྫུ་འཕྲུལ་ཕུག་སོགས་སུ་ལོ་རེ་ཙམ་བཞུགས་ནས་ཕྱོགས་མེད་རི་ཁྲོད་དང་གཉན་ས་འགྲིམ་པར་མཛད། དེ་ནས་ཕ་ཡུལ་རི་ཐ་ངང་ཚང་དགོན་པའི་ཟུར་དུ་མཚམས་ཁང་ཞིག་བརྩེགས་ནས་ལོ་རེ་འགའ་དེ་གར་བཞུགས་པ་དང་། རེ་འགའ་དེ་ནས་ཐག་ཧ་ཅང་མི་རིང་བའི་སར་སྔར་ཞང་ཞུང་སྙན་རྒྱུད་ཀྱི་བླ་མའི་གྲས་སུ་གཏོགས་པའི་ཁྱུང་པོ་རང་རང་གྲོལ་བླ་མ་རྒྱལ་མཚན་གྱིས་སྒྲུབ་ཕུག་ཡོད་ས་དེ་རུ་ཁང་པ་ཆུང་ཆུང་གཅིག་གསར་བཞེངས་གནང་ནས་དེ་རུ་བཞུགས་ནས་ཕར་འབྱོན་ཚུར་འབྱོན་མཛད་ནས་རེ་མོས་སུ་བཞུགས། ཚུལ་ཆོས་དང་མི་ཡི་ངོ་སྲུང་ཡེ་ནས་མི་བྱེད་པར་རང་ཉིད་གང་དགའ་རྒྱ་ཡན་ཤུགས་འབྱུང་གི་སྤྱོད་པར་དགྱེས་པས། ཁོང་ལ་རྒྱུས་ཡོད་པ་རེ་གཉིས་མ་གཏོགས་མང་ཕལ་ཆེ་བས་སྤྱིར་བཏང་གི་རི་ཁྲོད་པ་དབང་ཐོ་སྣ་ཡུ་གཅིག་ལས་གདེང་ཐོབ་ཀྱི་རྟོགས་ལྡན་ཡིན་པའི་ངེས་ཤེས་དང་དད་མོས་དོ་སྣང་དེ་ཙམ་བྱུང་མེད། སྐབས་ཤིག་ཁོང་གི་ཞལ་ནས་རྫོགས་པ་ཆེན་པོའི་ཁྲེག་ཆོད་དང་ཐོད་རྒལ་ཉམས་སུ་བླང་བའི་རྟགས་ནི་འཆི་བའི་དུས་སུ་ཅུང་ཙམ་མ་གཏོགས་ཤེས་ཀྱི་མ་རེད་ཅེས་གསུངས་མྱོང་ཡོད། ཁོང་གི་གཅེན་གཅུང་གཉིས་ཀ་དགོན་པ་རེ་རེའི་དབུ་བླ་ཡིན་པས་འཚོ་བ་དང་བཞུག་ས་བཅས་ལ་འབད་རྩོལ་དེ་ཙམ་མི་དགོས་པར་དེ་གར་བཞུགས་ཆོག་ཆོག་ཡིན་ཀྱང་། ཁོང་རང་ཉིད་གར་བདེ་དང་གར་དབེན་ལ་མ་གཏོགས་སུས་ཀྱང་བཅོས་སུ་མེད།
   ད་ལོ་དགུང་ལོ་༥༨ ཐོག་དང་སྤྱི་ལོ་༢༠༢༠-༧-༣ པའི་ཉིན་ཁྲག་གྲིབ་སྙུང་གཞི་ཕོག་པས། ཁོང་གིས་ཐུགས་ཐག་ཆོད་པའི་སྒོ་ནས་འཆི་བ་དུས་ལ་བབ་ཡོད་པར་འདུག་པས་ད་ནི་བཅོས་སུ་མེད་ཅེས་གསུངས། དེ་ནས་གཅུང་པོ་མཆོག་གིས་ཨུ་ཚུགས་མཛད་ནས་ཆབ་མདོ་རུ་སྨན་བཅོས་བྱ་རྒྱུར་གདན་དྲངས། ཆབ་མདོ་རུ་སླེབས་སྐབས་སྐད་ཆ་ཧ་ལམ་བཤད་མི་ཐུབ་པའི་གནས་སྟངས་སུ་ལྷུང་། སྤྱི་ཟླ་༧ པའི་ཚེས་༢༡ ཉིན་དེ་རིང་ནི་སྣང་བ་དང་རིག་པ་གསལ་པོ་འདུག  འོན་ཀྱང་ན་ཚ་ནི་དྲག་རྒྱུ་ཕར་ཞོག་མར་སྡུག་རུ་ཕྱིན་ནས་འབྱུང་བ་འཇིག་བཞིན་པ་རེད་འདུག སྤྱིར་རིག་འཛིན་གོང་མའི་ཞལ་གསུང་ལས་གཡའ་རི་གངས་བྲག་གི་གནས་སུ། བྱ་རྒོད་རྙི་ཐག་ཆད་པ་ལྟར་དུ་འགྲོ་དགོས་གསུང་པ་ལས་གྲོང་ཁྱེར་དུ་སྡོད་ནས་འཆི་བར་མ་གསུང་། ད་ནི་ཡར་མཚམས་ཁང་ནང་དུ་འགྲོ་དགོས། དེ་རིང་ཕྱིན་ན་ཏག་ཏག་ཡིན། རྟེན་འབྲེལ་འགྲིག་གི་ཡོད། གལ་སྲིད་མཚམས་ཁང་གི་གཡས་གཡོན་ཁག་གི་ས་ལ་ཕུང་པོ་སྦས་བཞག་ནའང་ས་ནི་ཡག་པོ་ཡོད། ད་ནི་སྨན་ཁང་ནས་ཐོན་འགྲོ་དགོས་ཞེས་ཨུ་ཚུག་གིས་ཡང་ནས་ཡང་གསུངས་ཀྱང་། ཁོང་ཉིད་ནམ་རྒྱུན་རང་ཤེད་ཨུ་ཚུག་ཆེ་བ་དང་། དེ་ཉིན་ན་ཚ་སྔར་ལས་ཧ་ཅང་དྲག་རུ་ཕྱིན་པའི་བཟོ་ལྟ་ཡོད་ཙང་། ཞབས་ཕྱི་གཉིས་ཀྱིས་སྨན་ཁང་ནས་ཐོན་ཐག་མ་ཆོད། ཕྱི་དྲོ་ཙམ་ལ་ད་ནི་ང་ལ་ཡིད་ཆེས་ཡོད་ན་ནི་སྨན་ཁང་ནས་ཐོན་དགོས། ཞེས་ཨུ་ཚུག་གིས་ཡང་ཡང་གསུངས་པས་མཐར་ཕྱི་ཉིན་སྨན་ཁང་ནས་ཐོན་རྒྱུ་ཁས་བླངས་པས་དེ་ནས་གང་ཡང་མ་གསུངས། ནམ་སྨད་ཙམ་ནས་ལྟ་དུས་སྨན་པས་ཀྱང་གནས་ཚུལ་མི་ལེགས་པ་བཤད་པས། དེ་ནས་ནམ་མ་གསལ་ཙམ་དུ་རླངས་འཁོར་ནང་ལ་བཞག་སྟེ་ཆབ་མདོ་ནས་ཐོན། ལམ་བར་དུ་སྒོམ་བརྒྱབ་པ་བཞིན་དུ་སང་ངེར་བཞུགས་པ་དང་སྣ་བུག་ནས་རླུང་བུས་པའི་སྒྲ་ཅུང་རེ་སྣང་། བོད་ཟླ་ལྔ་པའི་ཚེས་ཉེར་གཉིས་དང་། སྤྱི་ལོ་༢༠༢༠-༧-༡༢ ཀྱི་སྔ་དྲོའི་ཆུ་ཚོད་བརྒྱད་པ་ཙམ་ལ་རི་བོ་ཆེའི་ས་རུ་སླེབས་པ་དང་ཞལ་དབུགས་ཀྱི་རྒྱུ་བ་ཡོངས་སུ་ཆད་ནས་སྐུ་ལུས་ཆ་ལུགས་ལྔ་ལྡན་ངང་དྲང་པོ་དང་ཁུ་སིམ་མེར་ལྟ་བུ་ཆགས།
 
   ཞོགས་པ་དེ་གའི་དུས་ཙམ་ལ་ཕ་ཡུལ་དུ་ཡང་འཇའ་ཚོན་བཀྲ་ལ་གསལ་བ་ཞིག་ཀྱང་ཤར་འདུག་ལ་ནམ་རྒྱུན་འཇའ་ཚོན་ཤར་བའི་ཆ་རྐྱེན་ཆར་ཟིམ་དང་ཆུ་རླངས་སོགས་གང་ཡང་བྱུང་མ་སོང་ཟེར། རླངས་འཁོར་དགོན་པའི་ནང་དུ་སླེབས་དུས་ཀྱང་དབུ་ཅུང་ཙམ་མདུན་དུ་གུག་པ་མ་གཏོག་སྔར་བཞིན་སང་ངེར་འདུག  ཡིད་ཕོངས་པ་ཞིག་ལ་ཞབས་ཕྱི་བ་སེམས་སྡུག་གིས་རྐྱེན་པས་འདྲ་པར་ལེན་རྒྱུ་བྱུང་མི་འདུག  ཞག་གསུམ་བར་དུ་དེ་ལྟར་བཞག་པ་དང་། ནམ་ཟླ་དྲོད་ཆེ་བས་འབུ་རྒྱག་པར་དྭོགས་ནས་ཞག་གསུམ་དྲོས་བཞིའི་ཉིན་པར་པུར་ཆོག་ཁྲུས་ལྔ་དང་ལུས་ཡིག་རྣམས་སྲོལ་རྒྱུན་ལྟར་དུ་སྐུ་གདུང་ཐོག་ཏུ་སྦྱར་ནས་ཤིང་སྒམ་ནང་དུ་བཞག   བོད་ཟླ་བདུན་པའི་ཚེས་བཅུ་གཉིས་དགོང་མོར་ཤིང་སྒམ་ནང་ནས་བཏོན་པ་དང་། ཀ་ཏོ་ར་ནང་དུ་ཚྭ་བླུག་ནས་ཆ་སྙོམས་པར་བཀང་བའི་སྟེང་དུ། སྐུ་གདུང་བཞག་ནས་ཁྲུ་ཚད་ལ་འཇལ་དུས་སུ། ཁྲུ་གང་ལྷག་ཙམ་ལས་མི་འདུག  དེ་ནས་སྐུ་གདུང་མདུན་དུ་མར་མེ་སོགས་མཆོད་པ་རྣམ་ལྔ་ཕུལ་ནས་ཉིན་གཉིས་རིང་གདུང་མཇལ་བཏང་། བོད་ཟླ་བདུན་པའི་ཚེས་བཅུ་བཞིའི་ཕྱི་དྲོར་སྟེང་ཆེན་མཐོང་གྲོལ་རི་ཁྲོད་དབུ་བླ་འཆི་མེད་རྣམ་རྒྱལ་མཆོག་གཙོས་པའི་བླ་མ་རྣམས་ཀྱིས་སྐུ་གདུང་ལ་ཁྲུས་ལྔ་བཏབ་དུས་སུ། ནམ་མཁའ་ནས་ཀྱང་ཆར་པ་བབ་པ་དང་མཉམ་དུ་གདུང་བཞུགས་སའི་གསས་ཁང་ཐོག་ཏུ་ཁ་དོག་རྣམ་པར་བཀྲ་བའི་འཇའ་ཚོན་ཤར་བ་དང་།
   བོད་ཚེས་བཅོ་ལྔའི་ཉིན་ནམ་མ་གསལ་ཙམ་ནས་གདུང་ཁང་དུ་གདན་དྲངས་ནས་བསྲེགས་པས། ནམ་མཁའ་གཡའ་དག་པའི་ངོགས་སུ་ཉི་མ་ལ་འཇའ་ཚོན་གྱི་རྣ་ཆ་འདོག་པ་བཅས་བྱུང་།
   བོད་ཚེས་བཅུ་དགུ་ཉིན་གཞི་ནས་མེ་གཟིམ་པར་གྱུར་པས་དམ་པ་ཁོང་གི་གཅུང་པོ་བླ་མ་ཚུལ་ཁྲིམས་བསྟན་རྒྱལ་རིན་པོ་ཆེ་སོགས་ཀྱིས་གདུང་རུས་བསལ་བས་རིང་བསྲེལ་དཀར་པོ་དང་། ཤེལ་མདོག་དང་། ལྗང་ཞད་ཅན་དང་། སེར་ཞད་ཡོད་པ་བཅས་བརྒྱ་ཕྲག་མང་པོ་འདུག
   གནས་ཚུལ་འདི་དག་ནི་དངོས་བྱུང་བཀོད་པ་ལས་རྒྱན་ཚིགས་དང་རབ་བཏགས་གང་ཡང་བྱས་མེད་ལ། བྱེད་དགོས་པའི་དམིགས་ཡུལ་ཡང་མེད། ཁོང་ནི་འཚོ་བཞུགས་སྐབས་སུ་ཡང་དགེ་བྱེད་གཉོམ་ཆུང་ཁུ་སིམ་མེ་དང་དལ་ཅམ་མེར་བཞུགས་པའི་དབུལ་པོ་ཞིག་ཡིན་ལ། འདས་དུས་ཀྱང་ཁུ་སིམ་མེར་ཕེབས་སོང་བའི་རྣལ་འབྱོར་དབུལ་པོ་ཞིག་ཀྱང་ཡིན། གནས་ཚུལ་འགོད་པ་པོ་དགེ་མིང་པ་བསོད་ནམས་ཚུལ་ཁྲིམས་ཀྱིས། ༢༠༢༠–༩–༢༣ ཉིན།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།