སྤ་སྟོན་གཡུང་དྲུང་འབྲུག་གྲགས་དཔལ་བཟང་པོ།

[ཟླ་ཚེས། 2020-04-03 16:37:35][རྩོམ་པ་པོ། སྟག་བཙུན་དགེ་བཤེས་འཕྲིན་ལས་འོད་ཟེར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


འོད་གསལ་སྤ་ཡི་གདུང་ལས་བྱོན་པའི་མཁས་གྲུབ་ཆེན་མོ་སྤ་སྟོན་གཡུ༵ང་དྲུ༵ང་འབྲུ༵ག་གྲ༵གས་དཔ༵ལ་བཟ༵ང་པོ༵འི་རྣམ་ཐར་མདོར་བསྡུས་མཐོང་ཐོས་དད་པའི་ལྡེ་མིག
གོང་སྐུ་སྒྲིབ་གཉིས་སྤྲིན་བྲལ་སྟོང་ཆེན་བོན་སྐུའི་ཀློང་ཡངས་སུ། །
ལྷུན་གྲུབ་འགག་མེད་རིག་པའི་རྩལ་ལས་སྤྲུལ་པའི་སྐུར་བྱོན་པའི། །
སྨྲ་བའི་སེང་གེའི་སྤྲུལ་པའི་ཟློས་གར་མི་ཡི་རྣམ་རོལ་བ། །
སྐྱ༷བས་ཀྱི་ཡུལ་མཆོག་མཚན་ལྡན་བླ་མ་ཕྱོ༷གས་ལ༷ས་རྣ༷མ་པ༷ར་རྒྱ༷ལ། །
 
སྔོན་ནས་གཤེན་བསྟན་ཉིན་བྱེད་མཁས་ཤིང་གྲུབ་པ་བརྙེས་པའི་རིགས། །
ངེས་མེད་སྤྲུལ་པའི་སྐྱེ་རབས་དུ་མའི་རྣམ་ཐར་དམུ་རྒྱལ་བཞིན། །
ཟླ་མེད་འཕྲིན་ལས་སྟོང་གསུམ་ཞིང་འདིར་མངོན་པར་ཆེར་འཕགས་པའི། །
མགོ༷ན་གྱི་བདག་ཉིད་ལེ༷གས་བཤ༷ད་བདུ༷ད་རྩི༷འི་འོ༷ད་སྣ༷ང་དུས་ཀུན་རྒྱལ། །
 
མཚུངས་མེད་ལྔ་བརྒྱའི་སྟོན་པ་ཆེན་པོ་རྒྱལ་སྲས་སྤྲུལ་པའི་སྐུ་མཆོག་རྗེ། །
གང་གིས་འགྲན་བྲལ་ཞིང་འདིའི་ལྷ་སྐལ་སྨྲ་བའི་སེང་གེ་སྤ་ཡི་གདུང་། །
ཆེད་དུ་བྱོན་པའི་འགྲོ་བའི་དེད་དཔོན་བླ་མེད་བསོ༷ད་ན༷མས་དཔ༷ལ་བཟ༷ང་པོ༷།
རྒྱལ་གཤེན་བསྟན་པའི་སྲོལ་འཛིན་ཆེན་མོ་གཡུ༷ང་དྲུ༷ང་འབྲུ༷ག་གྲ༷གས་ཁྱེད་མིན་སུ། །
   ཞེས་མཆོད་བརྗོད་གསེར་རིའི་ཕྲེང་བས་མདུན་ནས་བསུས་ཏེ་སྐབས་འདིར་གླེང་བར་བྱ་བའི་བོན་ནི། མགོན་གྲུབ་ཐོབ་སྤ་ཡི་གདུང་རྒྱུད་རབ་འབྱམས་མཁས་བརྒྱའི་བདག་ཉིད་མ་ཧ་པཎ་ཊྲིཏ་ཆེན་མོ༧སྤ་སྟོན་གཡུ༷ང་དྲུ༷ང་བསྟ༷ན་པ༷འི་འབྲུ༷ག་གྲ༷གས་སམ་ཀློ༷ང་ཆེ༷ན་རི༷ག་པ༷འི་དབ༷ང་ཕྱུ༷ག་ཕྱ༷་སྲ༷ས་དགྱེ༷ས་པ༷འི་བློ༷་གྲོ༷ས་འཇི༷གས་མེ༷ད་སྨྲ༷་བ༷འི་སེ༷ང་གེ༷འི༧རྣམ་ཐར་མདོར་བསྡུས་མཐོང་ཐོས་དད་པའི་ལྡེ་མིག་འདི་ཉིད་འཆད་པར་བྱ་བ་ལ།
   རྩ་བའི་ས་བཅད། སྔོན་འགྲོ་གསལ་བཤད།  རྣམ་ཐར་གྱི་དགོས་པ་དང་།  ཐོག་མའི་སྐྱེ་བ་བཞེས་ཚུལ། བར་དུ་ཐོས་བསམ་སྦྱོང་ཚུལ།  ཐ་མ་བསྟན་འགྲོའི་དོན་མཛད་ཚུལ། ཕྱི་རབས་བསྟན་འགྲོའི་དོན་དུ་སྲོལ་འཛིན་པ་རྣམས་ལ་རྗེས་བཞག་གནང་བའི་ལྗག་རྩོམ་སྐོར་ཞིག    མཐར་དབྱིངས་སུ་གཤེགས་ཚུལ་ལོ། །
{༡}སྔོ་འགྲོའི་གསལ་བཤད།
   ད་ལན་འདི་ལྟ་བུའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོ་ཞིག་གི་རྣམ་ཐར་འབྲི་མཁན་གང་ཟག་ཕལ་པ་བདག་ལྟ་བུ་ཞིག་གིས་ངོས་ནས་ཧ་ཅང་དགའ་སྐྱོ་ཟུང་འབྲེལ་གྱི་འཇིག་རྟེན་གསར་པ་ཞིག་སླེབས་པ་དང་ཁྱད་མི་འདུག  འོན་ཀྱང་ད་ལན་སྔོན་བསགས་ལས་སྨོན་བཟང་པོས་འདི་ལྟ་བུའི་སྐལ་བཟང་གི་གོ་སྐབས་ཞིག་རང་ལ་འཕྲད་དུས། མེ་ཏོག་ཆུང་ཡང་ལྷ་རྫས་ཅེས་པའི་དཔེ་ལྟར་དུ་དད་པའི་བརྡ་མཚོན་ཙམ་ཞིག་འབྲི་རྒྱུ་བྱུང་བར་ཤིན་ཏུ་སྤྲོ།  དེ་མ་གཏོགས་རང་ཉིད་རྣམ་དཔྱོད་དང་ཤེས་ཡོན་འདི་ལྟ་བུ་ཞིག་གིས་དམ་པ་ཁོང་གི་རྣམ་ཐར་ཞིབ་རྒྱས་ལྟ་ཅི་སྐུ་ལུས་ཀྱི་བ་སྤུའི་ཆ་ཤས་ཙམ་གྱིས་རྣམ་ཐར་འབྲི་བའི་སྤོབས་པ་དང་ཆུ་ཚད་ག་ལ་ཡོད་སྲིད། དེར་བརྟེན་ང་རང་ལ་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་སྣང་ཞིག་ངང་གིས་འབྱུང་བཞིན་པ་ནི་དེ་ཡིན་མོད། སྤྱིར་ན་རྣམ་ཐར་ལ་རིགས་གཉིས་སུ་དབྱེ་རུང་བ་སྟེ་རང་རྣམ་དང་གཞན་རྣམ་གཉིས་དང་། དེ་བཞིན་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་གྱི་དབྱེ་བ་ཕྱེས་ནས་བྲིས་པའང་འདུག ཡིན་ནའང་ད་རེས་རྣམ་ཐར་འབྲི་བ་པོ་སྐྱེ་སྟོབས་ཀྱི་ཤེས་རབ་ཉམ་དམན་ཞིང་། སྦྱངས་སྟོབས་ཀྱི་ཡོན་ཏན་ཆ་ཕྲ་བའི་བློ་རྨོངས་ང་དང་ང་ལྟ་བུའི་རིགས་རྣམས་དད་པའི་སྒོ་ཙམ་དང་། དེ་ལྟ་བུའི་སྐྱེས་བུ་ཁྱད་པར་ཅན་ཞིག་འཛམ་བུ་གླིང་འདིར་འཁྲུངས་མྱངས་ཡོད་པ་ཧ་གོ་བ་ཙམ་གྱི་ཆེད་དུ་རྣམ་ཐར་མདོར་བསྡུས་མཐོང་ཐོས་དད་པའི་ལྡེ་མིག་ཅེས་པ་འབྲི་འདོད་ཀྱི་ཀུན་སློང་ཞིག་སྐྱེས་སོང་།
 {༢}རྣམ་ཐར་དགོས་པ།
   དེ་ཡང་ཇི་སྐད་དུ། སྐྱེས་བུ་དམ་པའི་རྣམ་པར་ཐར་པ་ནི། །མཐོང་ཐོས་དྲན་པས་འབྲེལ་ཚད་དོན་དང་ལྡན། །གདུལ་བྱའི་རྒྱུད་ལ་ངེས་ལེགས་ས་བོན་ཐེབས། །རྣམ་པར་ཐར་པའི་དགོས་པ་དེ་འདྲའོ། ། ཞེས་དང་། ཡི་དམ་བསྙེས་བསྒྲུབ་བརྒྱ་ལྷག་བས། བླ་མ་མཆོད་པ་ལན་གཅིག་ཆོག  ཅེས་གསུངས་པ་ལྟར་རོ། །
{༣}ཐོག་མའི་སྐྱེ་བ་བཞེས་ཚུལ།
   ལྷོ་རྒྱལ་འཛམ་བུ་གླིང་གི་ལྟེ་བ་བླ་རི་གངས་དཀར་ཏི་སེའི་རི་རྒྱུད་ཞང་ཞུང་སྲིད་པ་རྒད་པོའི་ས་ཆར། བོད་ཆོལ་ཁ་གསུམ་གྱི་ནང་ཚན་མདོ་ཁམས་རྔུལ་ཟལ་མོའི་སྒང་སྟོད་ཧོར་ཡུལ་ས་ཡི་ཐིག་ལེ།  བྲིས་རྒྱང་དཔེ་བྲག་ལྷ་རྩེ་བཀའ་སྟེགས་གསང་བ་བདེ་ལྡན་གྱི་ཞོལ་འདབས་སུ།  གནམ་བབ་ལྷ་ཡི་གདུང་རྒྱུད་ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་མེན་ལྕགས་ཀྱི་བྱ་རུ་ཅན་གྱི་རིགས་ལས་མཆེད་པའི་གྲུབ་ཐོབ་སྤ་ཚང་གི་གདུང་རྒྱུད་འཛིན་པའི་ཁྱིམ་ཚང་བླ་མ་ཡབ་ཚང་ཞེས་པ། སྔ་ཕྱི་ཐམས་ཅད་ངུར་སྨྲིག་འདུལ་བ་འཛིན་པའི་མཁས་གྲུབ་དང་གོས་དཀར་ལྕང་ལོ་ཅན་གྱི་གཏེར་ཆེན་སོགས་མདོར་ན་ལུང་ཟིན་གྱི་སྐྱེས་བུ་དུ་མ་འབྱོན་པའི་ཡབ་གཞིས་ཞིག་ལ།  བོད་འབྱུང་ལྡན ༢༩༩ ཆུ་འབྲུག་ལོ། སྤྱི་ལོ ༡༨༩༢  ཟླ ༣ ཚེས ༣ ཉིན་ཡབ་སྤ་ཚང་བླ་མ་གཡུང་དྲུང་ཕུན་ཚོགས་དང་། ཡུམ་གེབ་བཟའ་གཡུང་དྲུང་མཚོ་དཔལ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས།  དེའི་སྐབས་སུ་བླ་མ་མཆོག་སྐུ་འཁྲུངས་མ་ཐག་དང་སྦྲག་ཡེ་ཐ་སྤ་ཚང་དགོན་དང་སོག་ཙན་དན་དགོན་གཉིས་ཀྱིས་ཡང་སྲིད་ངོས་འཛིན་གྱི་འཁྲུངས་དར་གསོལ་བར་ཆེད་དུ་ཕེབས་དུས་སྔ་ཕྱི་ཅུང་ཤོར་ཚེ་སྤྲུལ་སྐུ་སྤ་ཚང་དགོན་པར་དབང་རྒྱུ་བྱས།  འབྱུང་ལྡན ༢༩༩ ཤིང་ལུག་ལོར། རྗེ་བླ་མ་མཆོག་དགུང་གྲངས་བཞི་ལ་ཕེབས་སྐབས་སུ། མི་འཇིགས་གདོང་ལྔས་སྟེགས་པའི་ཁྲི་རུ་མངའ་གསོལ།  དེ་རྗེས་དགུང་ལོ་ལྔ་པ་མེ་སྤྲེལ་ལོར། ཨོ་རྒྱན་བདེ་ཆེན་གླིང་པའི་གསང་ལུང་ལས། དབལ་གཤེན་སྟག་ལའི་སྤྲུལ་པ་རུ། །སྤ་ལ་ཉི་མའི་མཚན་ཅན་འབྱུང་། གསུངས་པ་ལྟར། རྗེ་བླ་མ་མཆོག་གི་ཁུ་བོན་སྤ་སྟོན༧ཉི་མ་འབུམ་གསལ་དབང་གི་རྒྱལ་པོའི༧དྲུང་དུ་རབ་ཏུ་བྱུང་ནས་མཚན་ལ་གཡུང་དྲུང་བསྟན་པའི་བྲུག་གྲགས་ཅེས་གསོལ་ཏེ་ངུར་སྨྲིག་གི་རྒྱལ་མཚན་སྤར་བར་མཛད།
{༤}བར་དུ་ཐོས་བསམ་སྦྱོང་ཚུལ།
   སྤྱིར་དམ་པ་ཁོང་ནི་བསྟན་པའི་བདག་པོ་སྤྲུལ་པའི་སྐུ་མཆོག་འགྲོ་དོན་དུ་བྱོན་པ་ཙམ་མ་ཡིན་པར་སྨྲ་བའི་སེང་མི་ཡི་རྣམ་རོལ་དུ་བྱོན་པའི་སངས་རྒྱས་དངོས་ཡིན་པ་ལུང་དུ་མ་ནས་གསལ་བ་ལྟར།  རིག་པའི་གནས་ཐ་དག་ལ་གཟིགས་ཙམ་གྱིས་ཚེགས་མེད་དུ་མཁྱེན་མོད། རྒྱུན་དུ་བླ་མ་མཆོག་གིས་ངའི་དགེ་རྒན་དཔེ་ཆ་ཡིན། དཔེ་ཆ་ཡོད་ན་དེ་ཙམ་གྱིས་ཆོག་གསུངས་བའི་ངག་རྒྱུན་ལྟར། རྗེ་སྨྲ་བའི་སེང་གེ་མཆོག་གཞི་ནས་ཐོས་བསམ་གྱི་རྩལ་རྫོགས་ཤིང་གཞན་འབྲེང་མི་འཇོག་བའི་བློ་གྲོས་ཀྱི་སྤོབས་པ་ཐོབ་ཡོད་ནའང་།  འོན་ཀྱང་ཕྱི་རབས་བསྟན་པའི་རྗེས་འཇུག་པ་རྣམས་དཔེར་བསྟན་པའི་ཆེད་དུ། ཁུ་བོན་ཉི་མ་འབུམ་གསལ་གྱི་མདུན་ནས། ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་འབྲི་ཀློག་སོགས་དག་པར་སྦྱངས། དེ་ནས་བཟུང་སུམ་རྟགས་དག་གསུམ་དང་སྙན་ངག་མངོན་བརྗོད་དང་རྫོགས་ཆེན་སྐོར་སོགས་བསན་གཟིགས་མཛད།  རང་དགོན་གྱི་སློབ་དཔོན་རྟོགས་ལྡན་བློ་གྲོས་འོད་ཟེར་དང་རྒྱ་རོང་དགེ་བཤེས་སྒོ་པ་རྒྱལ་མཚན་ནམ་མཚན་གཞན་དབང་ལྡན་འོད་ཟེར་གཉིས་ཀྱི་མདུན་དུ་རྩིས་དཀར་ནག་སྐོར་སྦྱངས་པ་ཕུལ་ཕྱིན་མཛད། རབ་ལེགས་གཡུང་དྲུང་གླིང་གི་ཡོངས་འཛིན་དཔོན་སློབ་ཕྱྭ་རོང་ཤེས་རབ་ཡེ་ཤེས་བསྟན་འཛིན་གྱི་མདུན་དུ་མདོ་སྔགས་སེམས་གསུམ་སོགས་བཅུ་ཕྲག་རིག་པའི་གནས་ཀུན་ལ་སྦྱངས་པ་ཕུལ་ཕྱིན་མཛད་དེ། སྤྱི་ལོ ༡༩༡༩ ས་ལུག་ལོར་སྟོད་ཀྱི་གྲ་ས་གོང་འོག་སོགས་ལ་རབ་འབྱམས་པའི་དམ་བཅའ་བཞུགས་ཏེ་རིག་པའི་བརྒལ་རྟགས་བླངས་ནས། སླར་རང་ཡུལ་དུ་ཕེབས་ཏེ་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས། སྤོ་མི་ཐུབ་བསྟན་གྱི་མདུན་དུ་གསོ་བ་རིག་པའི་སྐོར་ལ་ཐོས་བསམ་དཔྱད་ཕྱིན་པར་སྦྱངས་ནས་གསོ་རིག་སྐོར་མཁས་པའི་ཡང་རྩེར་བསྙེགས། མདོར་ན་གཞུང་མདོ་སྔགས་སེམས་གསུམ་རིག་གནས་ཆེ་ཕྲ་ཀུན་ལ་བསན་བསམ་རྒྱ་ཆེར་མཛད་དེ།  བཅུ་ཕྲག་རིག་པའི་གནས་ཀུན་ལ་མཁས་པའི་ཡང་རྩེར་སོན་ཏེ་སྙན་པའི་གྲགས་པ་མདོ་དབུས་ཁམས་གསུམ་དུ་ཁྱབ།
{༤}བསྟན་འགྲོའི་དོན་མཛད་ཚུལ།
   སྤྱིར་འཁོར་ལོ་གསུམ་གྱི་བསྟན་པའི་བྱ་བ་བསམ་གྱིས་མི་ཁྱབ་པ་མཛད་པ་རྣམས་ལོ་རྒྱུས་རྒྱས་པ་གཞན་དུ་གཟིགས་པར་འཚལ། འོན་ཀྱང་གང་ཟག་སོ་སོའི་ཁམས་དང་མོས་པ་མི་འདྲ་བས་འདིར་དད་པའི་རྟེན་འབྲེལ་གྱི་སྒོ་ཙམ་ཞུས་ན། འབྱུང་ལྡན ༢༩༩ ཆུ་སྤྲེལ་ལོ་གདན་ས་གཡུང་དྲུང་རབ་གླིང་དུ་གྲྭ་སའི་དགོངས་དོན་ཇི་བཞིན་གཞུང་ཆེན་སྡེ་ལྔའི་འཆད་སྤེལ་གྱི་བཤད་གྲ་འཛུགས་ཤིང་། རྗེ་བླ་མ་མཆོག་མཚན་ཉིད་དཔོན་སློབ་ཀྱི་ཐུགས་འགན་བསྣམས་ཏེ་རིག་པ་སྨྲ་བའི་བུ་སློབ་བརྒྱ་ཕྲག་གྲངས་སུ་འཕེལ་ཞིང་། དེའི་ནང་མཆོག་ཏུ་གྱུར་པ་སངས་རྒྱས་བསྟན་པའི་བྱ་བ་རླབས་ཆེན་མཛད་པའི་སློབ་མ་ཁའོ་རྟོགས་ལྡན་ཤེས་རབ་ཕུན་ཚོགས།  སྤ་སྟོན་ཟླ་བ་རྒྱལ་མཚན། གས་དཔོན་སློབ་གཡུང་དྲུང་བློ་ལྡན།  འབྲོང་པ་དགེ་སློང་བསྟན་འཛིན་དབང་གྲགས། ངུ་འབྲོང་དགེ་སློང་སངས་རྒྱས་དཔལ་ལྡན།  འཚོ་བྱེད་མཁས་དབང་ཁྲི་ཤེས་ཉི་མ་སོགས་བསྟན་དང་འགྲོ་ལ་ཕན་པའི་དོན་རྒྱ་ཆེན་བསྐྲུན་ནུས་པའི་སྐྱེས་བུ་དུ་མ་སྐྱེ་བསྲིང་གནང་ཡོད་། སྐྱེས་བུ་དེ་དག་གི་རྣམ་ཐར་སོགས་ཞིབ་རྒྱས་འདིར་མ་བཀོད། དེ་བཞིན་གྲུབ་བརྒྱའི་དཔལ་བརྙེས་དཔལ་ཤར་རྫ་བའི་དགོངས་དོན་བཞིན་བསྒྲུབ་གྲྭ་བཙུགས་ནས་ཉམ་རྟོགས་ཀྱི་གདེང་ཐོབ་ཅིང་སྨིན་གྲོལ་ནུས་པའི་སློབ་མ་གྲངས་མང་བྱུང་། གཞན་ཡང་བཀྲ་ཤིས་པའི་གཙུག་ལག་ཁང་དང་སྐུ་གདུང་སྐུ་གཟུགས་གསུང་རབས་སོགས་ཕྱི་ཡི་སྣོད་དང་། ནང་གི་བཅུད་ལྟ་བུ་བཀའ་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན། ལམ་བསླབ་པ་གསུམ་གྱི་ཉམས་ལེན་སོགས་མཁས་པའི་བྱ་བ་གསུམ་གྱི་ཉིན་མཚན་གྱི་དུས་འདས་ཤིང་། དུས་བརྒྱ་ལན་གཅིག་གི་ཐོག་ཏུ་རྟེན་དང་བརྟེན་པ་ཆ་ཚང་བ་འདི་ལྟ་བུ་ཞིག་བྱུང་བ་ནི་མ་འོང་པར་བོན་བསྟན་དར་རྒྱས་སུ་འགྲོ་བའི་བརྡ་དང་རྟགས་སུ་ངེས་ཅེས་གསུངས་པ་བཞིན། འགྲོ་བ་ཐུན་མོང་གི་སྣང་ངོར་བོན་གྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་དང་། ཐུན་མོང་མ་ཡིན་པའི་སྣང་ངོར་བཤད་སྒྲུབ་གཉིས་དང་མཁས་པའི་བྱ་བ་གསུམ་གྱི་བསྟན་པའི་རྒྱལ་མཚན་ས་ཆེན་གོ་ལའི་ཁྱོན་དུ་གྲགས་སྙན་དབྱར་གྱི་རྔ་གསང་ལྡིར་བར་མཛད་པ་རྣམས་ཞིབས་རྒྱས་གཞན་དུ་གཟིགས།
{༥}ཕྱི་རབས་བསྟན་འགྲོའི་དོན་དུ་སྲོལ་འཇིན་པ་རྣམས་ལ་རྗེས་བཞག་གནང་བའི་ལྗགས་རྩོམ་སྐོར།
   དྲན་པའི་ཞལ་ལུང་ལས། དེ་བརྗེས་སྤ་ཚང་གདུང་ལས་སྤྲུལ་པའི་སྐུ། །སྤ་རིགས་སྟོན་པ་འབྲུག་གྲགས་མཚན་འཛིན་པ། །ཐུགས་གཏེར་སྙིང་པོ་ཟབ་རྒྱས་བོན་གྱི་སྡེ། །ཕྱི་ནང་གསང་བའི་རྒྱུད་དང་སྒྲུབ་སྐོར་དབང་། །ཞེས་པ་ལྟར། བཀའ་ལུང་སྡེ་སྣོད་གསུམ་གྱི་དགོངས་དོན་ཚུད་པའི་རིག་གནས་ཀྱི་གཞུང་ཆ་ལག་སྐོར།  བོན་གྱི་བསྟན་འབྱུང་རྒྱས་པ་དང་བཀའ་འགྱུར་དཀར་ཆག་གཤེན་བསྟན་གསལ་བའི་སྒྲོན་མེ་པོད་ཆེན་གཉིས། བཀའ་བརྟེན་གཉིས་ཀྱི་རྩིས་བརྒྱ་རྟ་བདུན་དབང་པོ།  ཀུན་འབུམ་གོ་འབྱེད་ནས་ཕྱུང་བའི་སྲིད་པ་ཡེ་དབང་རིག་ལྔའི་གཞུང་ཆ་ལག་ཆ་རྐྱེན་འགྲེལ་དང་བཅས་པའི་པོད་ཆེན་གཉིས་དང་། ཇུ་ཐིག་གསལ་བའི་སྒྲོན་མེ།  ཞག་གསུམ་རྩིས་གཞུང་ལས་དཔྱད་དང་དབྱང་ཆར་འབྲས་རྩིས་མུ་ཏིག་ཕྲེང་བ། ཀེག་རྩིས་རྒྱ་ནག་རྡེལ་བསྐོར་སུམ་བརྒྱ་དྲུག་བཅུའི་སྐོར་འགོ་གསལ་བྱེད་ལྟ་སྟངས་སྨྲ་ཤེས་ལྡེ་མིག དུས་འཁོར་རྒྱུད་ལས་བྱུང་བའི་སྣང་གསལ་རིག་པའི་རྩིས་མོ། རྒྱུད་བཞིའི་བཀའ་གནད་མཆན་འགྲེལ་དང་དངུལ་ཆུ་བཙོ་བཀྲུའི་ལག་ལེན་ཆེན་མོ། མན་ངག་ཀུན་བཏུན་རདྣ་གཅེས་བཏུན། ལྕགས་བརྒྱད་ཁམས་བདུན་ཐལ་བཟོའི་ལག་ལེན། ཚྭ་རིགས་བཟོ་སྟངས་དང་ཁྲོག་སྨན་ཚབ་གཏོང་ལུགས། དབྱངས་ཅན་སྒྲ་མདོའི་འགྲེལ་བ་དང་སྙན་ངག་རྒྱན་གསུམ་བཀའ་མཆན་འགྲེལ་དཔེར་བརྗོད་དང་བཅས་པ།   ཀཱ་པ་ལ་ཡི་དོན་འགྲེལ་དང་སྡེབས་སྦྱོར་རིན་ཆེན་འཕྲེང་བ།    འོད་གསལ་རྫོགས་ཆེན་ལྟ་བའི་གླུ་དབྱངས་སྐལ་བཟང་ཐེག་ཆེན་དབྱར་གྱི་ལང་ཚོ་རྣལ་འབྱོར་རྐང་དྲུག་དགྱེས་པའི་མགྲིན་གླུ།  ཤེར་ཕྱིན་མཐའ་སྤྱོད་དབྱར་གྱི་རྔ་སྒྲ་བློ་གསལ་མདོང་མཐའ་དགའ་བའི་དགྱེས་གླུ་དང་ཕར་ཕྱིན་སྐབས་བརྒྱད།  གཏན་ཚིག་གཞུང་དོན་སྒོ་འབྱེད་བསྡུས་གྲྭའི་རྣམ་བཞག་འཇིགས་མེད་སྨྲ་བའི་སེང་གེའི་གད་རྒྱང་ལྟ་ངན་གཉིས་འཐུང་གཞོམ་པའི་ངར་རོ་སོགས་རིག་ལམ་ཆེ་འབྲིང་ཆུང་གསུམ་རྣམ་བཞག  རྒྱལ་བའི་མཛད་ཆེན་བཅུ་གཉིས་ཀྱི་རྟོགས་བརྗོད་ཀུན་འཁོར་རེའུ་མིག་རྒྱས་པ། མཛད་ཆེན་སུམ་བརྒྱ་དྲུག་བཅུའི་རྟོགས་བརྗོད། རྒྱལ་བ་དམུ་སྲས་མགོན་པོའི་རྣམ་ཐར་རྟོགས་བརྗོད་ནོར་བུའི་ཕྲེང་བ།  དེ་བཞིན་ལས་ཚོགས་དང་བསྐང་བ། ཕྱག་བཞེས་ཆ་ལག་བསྒྲུབ་གཞུང་གསོལ་འདེབས་རྟེན་འཁོར་འབྲི་ཐབས་བསྐུལ་པ་བླ་བསྒྲུབ་བསང་མཆོད་སོགས་ཤིན་ཏུ་མང་མོད།  ཞིབ་རྒྱས་མཁྱེན་འདོད་ཚེ་རྗེ་བླ་མ་ཡིད་བཞིན་ནོར་བུའི་གསུང་འབུམ་ལ་གཟིགས་པར་ཞུ།  མདོར་ན་སྐུ་ཚེ་བཞུགས་ཡུན་རིང་རིག་གནས་ཀྱི་སྐོར་པོད་ཆེན ༡༥ དང་དེ་མིན་ཆོ་ག་ཕྱག་ལེན་སོགས་གསང་བ་སྔགས་ཀྱི་སྐོར་རོབ་རྩིས་བྱས་ན་པོད ༥ ལྔ་ཁྱོན་གསུང་འབུམ་པོད་ཆེན ༢༠ བོད་ཁ་བ་ཅན་གྱི་ཞིང་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་མཛེས་བརྒྱན་དུ་བཞགས་ཡོད་པ་ཀུན་གྱི་མཐོང་ཐོས་སུ་གྱུར་པ་དེ་ཉིད་ཡིན། འོན་ཀྱང་ལོ་རྒྱུས་ཀྱི་གོ་ཆགས་རྐྱེན་ངན་ཆེན་པོའི་རྡུལ་འཚུབ་ཀྱི་ཁྲོད་དུ་རྩ་ཆེན་གྱི་དཔེ་ཆ་དེ་དག  ཐལ་བའི་འོག་ཏུ་དག་གཟིམས་ཤིང་མི་མངོན་པའི་ཀློང་དུ་དེང་བ་ནི་ཤིན་ཏུ་འཕངས་སེམས་དང་གནང་འགྱོད་ཤོར་དགོས་པ་ཞིག་ཅི་ལ་མིན།  ད་སྐབས་བསྟན་པའི་ཉི་གཞོན་སླར་ཡང་གངས་རིའི་ཞིང་དུ་འཆར་བའི་དུས་འདིར་ལས་འབྲས་དང་དད་སེམས་རབ་ཏུ་བརྟན་པའི་མི་བུ་སྐོར་ཞིག་ཚེ་སྲོག་གིས་གཏའ་མ་བཞག་སྟེ་གཅེས་ཉར་གནང་བའི་རྩ་ཆེན་དཔེ་ཆ་ཁ་ཅིག་མངོན་གསུམ་མིག་གི་མཇལ་ཡུལ་དུ་ཕུལ་ཐུབ་མཁན་ཁོང་རྣམས་པ་སྐུ་ཚེ་བསྐལ་བརྒྱར་བརྟན་ཅེས་ལན་བརྒྱར་འབོད་བཞིན་ཡོད།
{༦}མཐར་དབྱིངས་སུ་གཤེགས་ཚུལ།
རེས་ཤིག་གདུལ་བྱ་རྟག་འཛིན་ཅན་རྣམས་སུན་དབྱུང་བའི་ཕྱིར་དུ་དགུང་གྲངས་དྲུག་བཅུ་ཐམ་པ་ལྕགས་མོ་ཡོས་ལོ{༡༩༥༡}བོད་ཟླ{༨}ཚེས་ {༣༠}ཐོ་རེངས་སུ་དགོངས་པ་བོན་དབྱིངས་སུ་བསྡུ་བའི་ཚུལ་བསྟན། ཕྱི་རབས་པ་རྣམས་ལ་ཡིད་ཆེས་སྨོན་ལམ་གྱི་མཐུས། སྐུ་གདུང་ལ་རིང་བསྲེལ་དང་ལྷ་སྐུ་ཡིག་འབྲུ་ཁྱད་པར་དུ་དབུ་ཐོད་ནས་བྱོན་པའི་གཤེན་རབ་སྨྲ་སེང་སྐུ་དང་སྲིད་རྒྱལ་དྲེའུ་དམར་གྱི་སྐུ་བྱིན་ཆེན་སོགས་རྗེས་འཇུག་དད་པའི་རྟེན་དུ་བཞག་ཡོད།
སྨྲས་པ།  
བོན་གཤེན་བསྟ༷ན་གངས་དཀར་ལྷུན་པོའི་རྩེར། །
ལུང་རིག་པ༷་སྨྲ་བའི་གྲུབ་རིགས་པའི། །
གསུང་ལེགས་བཤད་འབྲུ༷ག་སྒྲས་རྒོལ་ངན་འཇོམས། །
ཐུགས་གསང་གསུམ་མཛད་འཕྲིན་ཕྱོགས་མཐར་གྲ༷གས། །
རྗེ་བླ་མའི་ཡོན་ཏན་རྒྱ་མཚོའི་ཀློང་། །
གུས་བློ་དམན་ཐོས་ཆུང་བདག་ལྟ་བུའི། །
རྒྱུད་རྣམ་ཐར་འབྲི་འདོད་འཁྲེལ་བའི་རྒྱུ། །
བསམ་བཞིན་དུ་ངལ་བའི་ཆུ་ཐིགས་འདིར། །
འཁྲུལ་ལོག་ཚོགས་གྱུར་པའི་རྙོགས་མ་རྣམས། །
གང་མཁྱེན་ལྡན་བླ་མའི་སྤྱན་སྔར་བཟོད། །
དགེ་རྣམ་དཀར་མཆིས་ཚད་ཡོངས་ལ་བསྔོ། །
   འབྱུང་ལྡན་སུམ་བརྒྱ་གཅིག་གི་ཉག་མ་སོ་དྲུག་དང་། ལོ་རྒྱལ་ཤིང་ཕོ་བྱི་བ་སྟེ་སྤྱི་ལོ ༢༠༢༠ ལོའི་ཟླ ༢ པའི་ཚེས ༡༩ འཕྲོད་སྦྱོར་ལེགས་པའི་ཉིན་རྒྱ་ནག་སྤོས་ལྡན་གྲོང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་གི་ལས་ཞོར་དུ་གུས་དགེ་མིང་པ་སྟག་བཙུན་འཕྲིན་ལས་འོད་ཟེར་ནས་ཕུལ་བ་དགེའོ།།  །།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།