གཤེན་མཁས་གྲུབ་ཚུལ་ཁྲིམས་རྒྱལ་མཚན་དཔལ་བཟང་པོ།

[ཟླ་ཚེས། 2020-03-08 09:56:28][རྩོམ་པ་པོ། གཤེན་བཙུན་ཉི་མ་འོད་ཟེར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 
མཁན་རབས་ཉི་ཤུ་པ་གཤེན་མཁས་གྲུབ་རིན་པོ་ཆེ་ཚུལ་ཁྲིམས་རྒྱལ་མཚན་དཔལ་བཟང་པོའི་མཛད་རྣམ་རྨད་བྱུང་ཡོན་ཏན་ཡིད་བཞིན་ནོར་བུའི་གཏེར་ཞེས་བྱ་བ་བཞུགས།
བསྟན་པའི་གསལ་བྱེད་མདོ་རྒྱུད་བསྟན་བཅོས་མང་པོའི་ཆུ་གཏེར་ཆེ། །
བསྟན་པའི་སྲོལ་འབྱེད་བསྲུབས་པའི་ཡང་བཅུད་སྔོན་མེད་ཉིན་མོར་བྱས། །
བསྟན་པའི་སྲོལ་འཛིན་རླབས་ཀྱི་རྦ་ཀློང་འཛུམ་ཞལ་གཡོ་བྱེད་པའི། །
བསྟན་པའི་རྒྱུད་འཛིན་པཎ་གྲུབ་ཤཱི་ལ་དྷ་ཛ་སྤྱི་བོར་མཆོད། །
   ཅེས་མཆོད་བསྟོད་ཀྱི་ཡུལ་དུ་གྱུར་བའི་མཁས་པའི་གཙུག་རྒྱན་གཤེན་གྱི་མཁས་གྲུབ་ཚུལ་ཁྲིམས་རྒྱལ་མཚན་ནམ། ཡོངས་གྲགས་ཀྱི་མཚན་ལ་གཤེན་མཁས་གྲུབ་ཆེན་པོ་ཤཱི་ལ་དྷ་ཛ། གཞན་ཡང་མཚན་གཞན་ལ་ཚུལ་ཁྲིམས་ཕུན་ཚོགས་དང་། གཙང་གཤེན་རྒྱས་པའི་བློ་གྲོས། མཁས་གྲུབ་ཐོས་པ་རང་གྲོལ་སོགས་གསོལ་བ་ནི་མཚན་གྱི་རྣམ་གྲངས་ཏེ། གཤེན་གྱི་བླ་བསྟོད་ནོར་བུའི་ཕྲེང་བ་ལས། བླ་ཆེན་དྲན་པའི་བྱིན་རླབས་བསྟན་འགྲོའི་གཉན། །རྣམ་དག་ཚུལ་ཁྲིམས་འཛིན་སྐྱོང་གནས་ལྔའི་གཏེར།  །རྒྱལ་བསྟན་ཕུན་ཚོགས་རང་གྲོལ་སྨྲ་བའི་སེང་། །མཁས་གྲུབ་སྤྲུལ་བའི་སྐུ་ལ་གསོལ་བ་འདེབས། ཞེས་གསུངས་པ་ལྟར། གང་གི་རྣམ་ཐར་བདག་གི་བློ་ཡིས་ཇི་བཞིན་དཔོག་ནུས་པ་ཞིག་མ་འོངས་ལས་ཅན་གང་ཞིག་གི་རྒྱུད་ལ་བསོད་ནམས་ཀྱི་སྒོ་དུ་མ་འབྱེད་པའི་དཔལ་དུ་འགོད་པ་ལ། སྐུ་ཚེ་སྔོན་མའི་འཁྲུངས་རབས་རྒྱ་ཆེ་གཏིང་ཟབ་པས་ཚུལ་བཞིན་དུ་འགོད་པར་དཀའ་བའི་གནས་ཡིན་མོད་ཀྱང་། རྟེན་འདིའི་རིགས་རུས་བཞེས་ཚུལ་དང་། འཁོར་སྤངས་དགོན་པར་ཕེབས་ཚུལ། སྔོན་གྱི་ལས་འཕྲོ་སད་པས་ཁྲི་གསོལ་མཛད་པ་དང་བཅུ་ཕྲག་རིག་པའི་གནས་ལ་གསན་བསམ་མཛད་ཚུལ།  གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བསྟན་བསྐྱངས་ཚུལ། རྗེས་འཇུག་སློབ་མ་སྨིན་པར་མཛད་ཚུལ། མཐར་ངེས་དོན་ཡེ་ཤེས་ཆེན་པོར་རྩེ་གཅིག་ངང་ལས་རྫོགས་སངས་རྒྱས་ཚུལ་ལོ། །
དང་པོ།  རྟེན་འདིའི་རིགས་རུས་བཞེས་ཚུལ།
   དེ་ཡང་རྟེན་འདིའི་རིགས་རུས་བཞེས་ཚུལ་ནི། བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་ཆེ་ཀུན་ལས་རྣམ་པར་རྒྱལ་བའི་རྗེས་འཛིན་རིང་ལུགས་པ་ཆེན་པོ། སོ་སོར་ཡང་དག་པར་རིག་པ་བཞིའི་འོད་སྣང་མཆོག་ཏུ་འབར་བས་གདུལ་བྱའི་བློ་གྲོས་ཀྱི་པད་མོ་རྣམ་པར་འབྱེད་པའི་ཉི་ཟླ་ལྟ་བུ། བཅུ་ཕྲག་རིག་པའི་གནས་ཀྱི་གླིང་ཀུན་ལ་མཁྱེན་དཔྱོད་གསེར་གྱི་འཁོར་ལོས་ཐོགས་པ་མེད་པར་མངའ་དབང་བསྒྱུར་བའི་ངེས་པ་དོན་གྱི་པཎྟི་ཏ་ཆེན་པོ་འདི་ཉིད་ནི་འབྱུང་ལྡན་ཉིས་བརྒྱ་གོ་བདུན། སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་བོད་རབ་བྱུང་བཅུ་གསུམ་པའི་ཆུ་མོ་ཡོས་སམ་མཛེས་བྱེད་སྤྱི་ལོ་༡༧༨༣ལོར་གངས་རིའི་མུ་ཁྱུད་ཀྱིས་བསྐོར་བའི་ཡུལ་ལྗོངས། ཆོལ་ཁ་གསུམ་དུ་བྱས་པའི་དབུས་གཙང་ཆོལ་ཁའི་རུ་བཞིའི་ནང་ཚན། གཙང་སྟོད་གཡས་རུའི་དེང་གི་ཆར་བཞད་མཐོང་སྨོན་རྫོང་གི་དཔལ་ལྡན་དར་སྡིངས་ཞེས་པ་གནས་ཆེན་གསེར་སྒོ་ཁྲ་མོའི་ཉེ་འགྲམ་དུ། རིགས་རྒྱུད་གཙང་མ་སྒ་རིགས་ཡིན་ལ་སྒ་གྲོང་ནང་པ་ཞེས་པའི་ཁྱིམ་རྒྱུད་དུ་སྐུ་མཆོག་མངོན་པར་བལྟམས་ཤིང་། ཕྱིས་སུ་ཁྱིམ་རྒྱུད་དེར་སྐུ་འབུམ་ཞེས་ཟེར་སྲོལ་ཆགས་ཤིང་དེང་དུས་ཀྱང་ཁྱིམ་རྒྱུད་དེ་ཡོད་འདུག དེའི་སྐབས་ནམ་མཁའ་ནས་འཇའ་ཚོན་གྱིས་འོད་གུར་ཕུབ་པ་དང་མེ་ཏོག་གིས་ཆར་འབབ་པ་ལ་སོགས་ངོ་མཚར་ཆེ་བའི་རྟགས་དང་རྟེན་འབྲེལ་མང་པོ་བྱུང་སྐད། གཤེན་སྟོན་ཆེན་པོ་མི་འགྱུར་གཙུག་ཕུད་དབང་གི་རྒྱལ་པོ་མཆོག་གིས་སྐྱེས་བུ་འདི་ཉིད་མ་འོངས་པར་རྒྱལ་གཤེན་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ཞིག་ཡིན་ཞེས་མ་འོངས་ལུང་གིས་བསྐུལ་གནང་ཞིང་།  སྐུ་ཁྲུས་མཚན་གསོལ་དང་བཅས་པ་མཛད། དེ་ནས་སྐུ་བྱིས་པའི་དུས་ཡབ་ཡུམ་གཉིས་ཀྱིས་ཁོང་གི་སྐུ་ཚེ་ལ་བར་ཆད་མི་ཡོང་བའི་རྩ་ཆེའི་གཟིགས་སྐྱོང་འོག་སྐུ་གཞོན་ནུའི་དུས་འདས། དགུང་ལོ་ལྔ་དྲུག་ནས་ཡབ་ཀྱི་དྲུང་དུ། ཐོག་མར་ཡོན་ཏན་ཀུན་གྱི་གཞི་མ་འབྲི་ཀློག་འདོན་གསུམ་ལ་སྦྱངས་ཏེ། སྔོན་སྦྱངས་ལས་ཀྱི་འཕྲོ་སད་པར་བརྟེན་རིག་པ་རང་ཤར་དུ་དཀར་ནག་ཡི་གེ་ཐམས་ཅད་ཚེགས་མེད་དུ་སློབ་པ་མཐར་ཕྱིན། གང་ཉིད་དགུང་ལོ་ཧ་ཅང་གཞོན་པའི་གནས་སྐབས་ན་ཡང་སྐྱེས་སྟོབས་ཀྱི་ཤེས་རབ་དུ་མ་དང་ལྡན་པའི་རིན་ཆེན་ལྷུང་བཟེད་དུ། མཁས་ཚུལ་བསམ་གྱིས་མི་ཁྱབ་པའི་རང་སེམས་གཙང་མའི་ལྷ་སངས་བཙུགས་ཤིང་། བློ་རྩལ་ཤེས་རབ་དང་ལྡན་པའི་རྩི་བཅུད་བཀུས་པའི་ཐོག སྦྱངས་སྟོབས་ཡོན་ཏན་གྱིས་ཞི་དུལ་བག་ཡོད་དང་ལྡན་པའི་ཞལ་ཟས་ལྷ་སངས་ལྟ་བུ་ཞིག་ཡིན་འདུག་པར་གྲགས་ཏེ། ལུང་ལས་ཀྱང་ཤེས་རབ་སྨྲ་བའི་སེང་གེའི་རྣམ་སྤྲུལ་ཡིན་གསུངས་པ་ནི་ངོ་བསྟོད་ཙམ་མ་ཡིན་པར། སྐྱེས་སྦྱོང་ཤེས་རབ་གསལ་བས་ལུང་རྟོགས་ཡོན་ཏན་གྱིས་ཕྱུག་པ། བདག་འཛིན་ཕྱོགས་རིས་ཆུང་བས་ཀུན་དགའ་ཡིད་དུ་འོང་བ། ང་ཆེ་ཁེངས་དྲེགས་དབེན་པས་ཞི་བ་བྱང་ཆུབ་སེམས་དང་ལྡན་པ་སོགས་དཀར་ཕྱོགས་ལྷ་མི་ཀུན་གྱིས་སྨོན་པའི་ཡོན་ཏན་བརྗོད་ལས་འདས།
གཉིས་པ།  འཁོར་སྤངས་དགོན་པར་ཕེབས་ཚུལ།
   དེ་ནས་འཁོར་སྤངས་དགོན་པར་ཕེབས་ཚུལ་ནི། དགུང་ལོ་བཅུ་བཞེས་ཐོག་ཆུ་ཕོ་བྱི་བའམ་ཡོངས་འཛིན་སྤྱི་ལོ་༡༧༩༢ལོར་དམུ་རིགས་གཤེན་གྱི་གདན་ས་རི་རྒྱལ་དགོན་ཁྲི་བརྟན་ནོར་བུའི་རྩེར་མཁན་ཆེན་མི་འགྱུར་གཙུག་ཕུད་དབང་རྒྱལ་དྲུང་དུ།  ཐུན་མོང་མ་ཡིན་པའི་གཤེན་ལུགས་ཀྱི་འབུད་རྡུང་དཀྲོལ་གསུམ་དང་གྱེར་དབྱངས་བཅའ་འགྱུར་སོགས་སྔགས་ཕྱི་ནང་གི་ལག་ལེན་དང་། བཅུ་ཕྲག་རིག་པའི་གནས་ཀྱི་ཐོག་མ་སུམ་རྟགས་དག་གསུམ། མངོན་བརྗོད། སྙན་ངག  རྩིས་དཀར་ནག  སྒྲ་འགྲེལ།  སྡེབ་སྦྱོར་སོགས་ཐམས་ཅད་རིམ་བཞིན་བསླབ། དགུང་གྲངས་བཅོ་ལྔ་བཞེས་ཐོག་མེ་མོ་སྦྲུལ་ལམ་དམར་སེར་ཅན་ཞེས་སྤྱི་ལོ་༡༧༩༧ལོར་རྗེ་བཙུན་གཙུག་ཕུད་དབང་ལས་རབ་ཏུ་ལེགས་པར་བྱུང་ཞིང་མཚན་ཚུལ་ཁྲིམས་རྒྱལ་མཚན་ཞེས་གསོལ་ཞིང་བསླབ་བྱའི་ཁྲིམས་རྣམས་ཉེས་ལྟུང་གི་མ་གོས་པར་འཆལ་མེད་གཅེས་སྤྲས་ངང་ནས་བསྲུང་། གང་ཉིད་ཀྱིས་སྔོན་འགྲོ་ཚོགས་ལམ་བཅུ་གཉིས་ལ་སོགས་ཀྱི་ཁྲིད་ལུང་དང་བཅས་པ་གནང་ཞིང་། བོན་སྤྱོད་སྔོན་འགྲོ་འབུམ་དགུའི་བསགས་སྦྱང་མཛད་དེ་དངོས་གཞི་འཕོ་བ་བཅས་རྫོགས་པ་དང་།  གཞན་ཡང་འཚོ་བྱེད་རྒྱུད་བཞིའི་སྨན་གྱི་ལག་ལེན། མཚན་ཉིད་རིགས་ལམ་ཆེ་འབྲིང་ཆུང་གསུམ། བསྡུས་རྟགས་བློ་གསུམ། དབུ་ཚད་ཕར་གསུམ།  གབ་མཛོད་ས་གསུམ། མ་རྒྱུད་སོགས་གཞུང་ཆེན་རྣམས་ལ་གོ་ལོ་ཐོས་ལོ་ཙམ་མིན་པར་ཚིག་དོན་གཉིས་ཆ་ནས་སྒྲོ་འདོགས་ལེགས་པར་ཆོད་ངེས་སུ་མཛད་དེ་དགག་སྒྲུབ་རྩོད་པའི་རྣམ་གཞག་དང་བཅས་པ་མཐར་ཕྱིན་པ་དང་། བོན་ཕྱི་ནང་གསང་གསུམ་གྱི་དབང་ལུང་ཁྲིད་གསུམ་སོགས་མན་ངག་གི་གདམས་པ་མང་དུ་བཞེས་མཐར། ཐུགས་ཀྱི་རྩལ་སྟོབས་ལྷག་པར་རྒྱས་པར་གྱུར་ཏེ་གསང་གསུམ་བསྟན་པའི་མངའ་བདག་ཏུ་གྱུར། དགུང་ལོ་བཅུ་དགུ་བཞེས་དུས་ལྕགས་མོ་བྱའམ་བློ་ངན་སྤྱི་ལོ་༡༨༠༡ལོར་མཁན་ཆེན་མི་འགྱུར་གཙུག་ཕུད་དབང་རྒྱལ་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་བཞེས་ཏེ།  མཚན་ཚུལ་ཁྲིམས་ཕུན་ཚོགས་ཞེས་གསོལ།  དུས་དེ་ནས་བཟུང་ཤ་སོགས་མི་རུང་བའི་ཁ་ཟས་ཀྱི་སྡེ་བཞི་ལ་སོགས་གཏན་དུ་སྤངས་ཞིང་བསླབ་གསུམ་རྣམ་པར་དག་པ་ཕྱི་ཚུལ་དང་ནང་ཁྲིམས་ལྡན་པའི་སྒོ་ནས་བྱང་ཆུབ་མཆོག་སེམས་ཀྱི་རྟུལ་ཤུགས་བསྐྱེད་མཛད་དོ། །
གསུམ་པ།  སྔོན་གྱི་ལས་འཕྲོ་སད་པས་ཁྲི་གསོལ་མཛད་པ་དང་བཅུ་ཕྲག་རིག་པའི་གནས་ལ་གསན་བསམ་མཛད་ཚུལ།
   མཆོག་ཉིད་དགུང་ལོ་ཉི་ཤུ་ཐམ་པ་ཆུ་ཕོ་ཁྱིའམ་རྔ་ཆེན་སྤྱི་ལོ་༡༨༠༢ལོར་མཁན་ཆེན་མི་འགྱུར་གཙུག་ཕུད་དབང་རྒྱལ་སོགས་གཤེན་གྱི་སྐྱེས་མཆོག་རྣམས་ཀྱི་བཞེད་དགོངས་ཟུང་འབྲེལ་གྱིས་དཔལ་ལྡན་རི་རྒྱལ་དགོན་ཁྲི་བརྟན་ནོར་བུ་རྩེའི་ཁྲི་འཛིན་ཉི་ཤུ་པར་ཁྲི་བསྐོས་མངའ་གསོལ་ཏེ། བསྟན་དོན་རྒྱ་ཆེར་མཛད་པ་དང་དུས་མཚུངས། ཁོང་གི་ཐུགས་ལ་ད་རེས་མཐུན་རྐྱེན་ཕུན་སུམ་ཚོགས་པའི་དལ་འབྱོར་གྱི་ལུས་རྟེན་འདིར་བསྟན་འགྲོའི་དོན་ལ་འབད་པ་དོན་ཡོད་ཅིག་བྱ་དགོས་སྙམ་པའི་ཐུགས་ཐག་རྦད་ཀྱིས་བཅད་དེ་ཡབ་ཡུམ་གཉིས་དང་གཉེན་ཕྱོགས་གྱི་འབྲེལ་ཐག་རིང་བར་བཅད་གནང་སྟེ། རྗེ་བཙུན་གཙུག་ཕུད་དབང་གི་རྒྱལ་པོ་ལ་སོགས་མཁས་དབང་མང་པོའི་དྲུང་ནས། ཕྱི་སྤངས་ལམ་མདོ་ཡི་གཞུང་ལུགས། ནང་བསྒྱུར་ལམ་སྔགས་ཀྱི་བསྐྱེད་རྫོགས། གསང་བ་གྲོལ་ལམ་བླ་མེད་རྫོགས་པ་ཆེན་པོའི་མན་ངག་གི་ཁྲིད།  མཚན་བཅས་སེམས་འཛིན།  མཚན་མེད་མཉམ་པར་བཞག་པ་དང་། འོད་གསལ་ཉམས་ལེན། གེགས་སེལ་འབོགས་འདོན་རྩ་རླུང་འཕྲུལ་འཁོར་སོགས་ལ་གསན་སྦྱང་རྒྱ་ཆེར་ཕྱིན་པས་སྨྲ་བའི་དབང་ཕྱུག་ཏུ་གྱུར། དེ་ཙམ་མ་ཟད་ཁོང་གིས། ལྟོ་འགྲངས་བདེ་བའི་སྟན་ལ་བཏང་སྙོམས་སུ།  འདུག་པར་མ་ཕོད་འབད་རྩོལ་དུ་མ་ཡིས།  ཞེས་སོགས་གསུངས་བཞིན། ཕྱོགས་དང་རིས་སུ་མ་ཕྱེད་པའི་གྲུབ་མཐའ་ཁག་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཞུང་ལུགས་སྒོ་བཞི་མཛོད་ལྔ། རྒྱུད་ལུང་མན་ངག་སོགས་རིག་གཞུང་རྒྱ་ཆེ་ལ་གཏིང་ཟབ་པ་རྒྱ་མཚོ་ལྟ་བུར། རང་དོན་དུ་ཐོས་བསམ་སྒོམ་གསུམ་གྱི་ཐུགས་རྒྱུད་ལེགས་པར་སྨིན་པའི་ཐོག་གཞན་དོན་བསྟན་འགྲོའི་བྱ་བར་ལྷག་བསམ་རྣམ་པར་དཀར་བའི་སྒོ་ནས་འཆད་རྩོད་རྩོམ་གསུམ་གྱི་གཡུང་དྲུང་སེམས་པའི་མཛད་སྤྱོད་བཟང་པོས་རྒྱུད་བསྲིངས་པས་བཅུ་ཕྲག་རིག་པའི་གནས་ཀྱི་གླིང་ཀུན་ལ་མཁྱེན་དཔྱོད་གསེར་གྱི་འཁོར་ལོས་ཐོགས་པ་མེད་པར་མངའ་བསྒྱུར་བའི་པཎྟི་ཏ་ཆེན་པོ་ཞེས་གངས་ལྗོངས་ཡུལ་གྲུ་ཀུན་ཏུ་གྲགས་པའི་རྔ་ཆེན་ལྡིར་བར་མཛད།
བཞི་པ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་དོན་རྒྱ་ཆེར་བསྐྱངས་ཚུལ།
    ཐབས་མཁས་ཐུགས་རྗེ་ཆེ་བས་དགོན་ཁྲི་བརྟན་ནོར་བུ་རྩེར་བསྟན་པའི་སྙིང་པོ་བཤད་སྒྲུབ་སྒོམ་གསུམ་གྱི་བསྟན་རྒྱུན་བཙུགས་ཏེ་མ་ཉམས་གོང་འཕེལ་གྱི་གཤིས་བཟང་སྙན་གྲགས་ཆེ་བས་སྐལ་ལྡན་ངང་གིས་འདུ་བའི་མཛད་འཕྲིན་རླབས་པོ་ཆེ་འཇོག་གནང་སྟེ། ཚུལ་ཁྲིམས་དག་པ་འདུལ་བ། ཏིང་འཛིན་དག་པ་མདོ། ཤེས་རབ་དག་པ་འབུམ། གཞན་ཡང་དབུ་ཚད་ཕར་གསུམ་ལ་སོགས་གཞུང་ལུགས་མཐའ་དག་ལ་འཆད་པའི་འོད་ཀྱི་གདུལ་བྱ་སྨིན་པར་མཛད་ཅིང་། གང་ཞུས་པ་དེ་ཉིད་བཀའ་རྒྱ་བཀྲོལ་ནས་ལེགས་པར་འཆད་དོ། དགུང་གྲངས་ཉེར་གཉིས་བཞེས་དུས་འབྱུང་ལྡན་ཉིས་བརྒྱ་གོ་བརྒྱད་ཀྱི་ཤིང་ཕོ་བྱི་བའམ་མིག་དམར་ཞེས་སྤྱི་ལོ་༡༨༠༤ལོར་སྔོན་མེད་ལེགས་བཤད་ཀྱིས་གཟུར་གནས་མཁས་རྣམས་དགྱེས་པར་གྱུར་བྱེད་ལྟ་བུའི་གཤེན་གྱི་རྩིས་གསར་རྣམ་དག་དང་བསྟན་རྩིས་སྐལ་ལྡན་དྭང་འདྲེན་ཅེས་ཡོངས་སུ་གྲགས་པ་འདི་ཉིད་བརྩམས། དགུང་ལོ་ཉེར་ལྔ་མེ་མོ་ཡོས་སམ་སྦྱིན་འགྱུར་ཞེས་རབ་བྱུང་བཅུ་བཞི་པའི་སྤྱི་ལོ་༡༨༠༧ལོར་བརྡ་སྤྲོད་པའི་བསྟན་བཅོས་ཉི་ཤུ་བདུན་པ་ཞེས་བྱ་བ་སྙིགས་མའི་འདྲེན་པ་གཤེན་སྟོན་རིན་པོ་ཆེ་མི་འགྱུར་གཙུག་ཕུད་དབང་རྒྱལ་མཆོག་གིས་འདི་བཞིན་དགོས་ཚུལ་གྱི་བཀའ་སྤྱི་བོར་ཕེབས་པ་དང་། སླར་ཡང་བཀའ་གསུང་ཡང་ཡང་ཕེབས་པས་དེ་བཞིན་དང་དུ་ལེན་པ་ཡིད་ལ་བརྣག་ཀྱང་། རྣམ་གཡེང་ཁོལ་པོར་འཕྱན་པ་ཟིན་མེད་ཀྱི་དབང་གིས་རེ་ཞིག་ལྷོད་ཤོར་དུ་འགྱང་ཡང་། རང་ལོ་ཉེར་དགུ་ལྕགས་མོ་ལུག་གམ་སྐྱེས་བདག་སྤྱི་ལོ་༡༨༡༡ལོར་རང་ཉིད་ཀྱང་གཤེན་གྱི་བསྟན་ལ་སྲི་ཞུ་བགྱིད་བློས་ཀུན་ནས་བསླངས་ཏེ་གང་དེའི་ཞབས་རྡུལ་སྤྱི་བོར་ལེན་པ་ཐོས་ཆུང་ཚུལ་ཁྲིམས་ཕུན་ཚོགས་ཞེས་པ་བདག་གིས་བརྩམས་ཏེ། སླར་གཞུང་འདི་གང་ཉིད་ལ་སྤྱན་གཟིགས་སུ་ཕུལ་སྐབས་ལེགས་སོ་དང་བཅས་ཏེ་ད་དུང་འགྲེལ་ཞིག་དགོས་ཚུལ་གྱི་བཀའ་ལ་བརྟེན་ནས་རང་འགྲེལ་གཤེན་བསྟན་གསལ་བའི་ཉི་མ་ཞེས་བྱ་བ་ཚིག་ཉུང་ལ་དོན་རྒྱས་འདི་བཀོད་པའི་སྐབས་སུ་བསྟན་པ་རིན་པོ་ཆེ་དང་རང་གཞུང་ཀུན་ལ་ཕན་པའི་རྟགས་སུ་མཚན་ལྟས་བཟང་པོ་དུ་མ་བྱུང་ཞིང་ལྕགས་མོ་ལུག་ལོའི་གྲོ་བཞིན་ཟླ་བའི་དཀར་ཕྱོགས་རྒྱལ་བ་གསུམ་པའི་ཚེས་ཀྱི་བདུད་རྩི་ཐུན་མཚམས་དང་ལྡན་པའི་དུས་དགེ་བར་གསས་ཁང་གསེར་སྒོ་ཁྲ་མོའི་ཉེ་འདབས་སྐུ་འབུམ་ལྷ་ཁང་གི་གཙུག་ལག་ཁང་དུ་གྲུབ་པར་བགྱིས་ཞེས་སོ། དགུང་ལོ་སོ་དགུ་ལྕགས་མོ་སྦྲུལ་༡༨༢༡ལོའི་ནག་པ་ཟླ་བའི་ཡར་ཚེས་ལ་བོད་ཀྱི་བརྡའི་དུས་གསུམ་བསྐུལ་ཚིག་དང་བཞིའི་ཁྱད་པར་འབྱེད་པའི་རེའུ་མིག་བློ་གསལ་དགའ་སྟོན་ཨུཏྤལ་དོ་ཤལ་ཞེས་བྱ་བ་མཛད་གནང་། དགུང་ལོ་བཞི་བཅུ་ཞེ་ལྔ་མེ་མོ་ཕག་གམ་ཐམས་ཅད་འདུལ་ཞེས་སྤྱི་ལོ་༡༨༢༧ལོར་སྐུ་འབུམ་རིག་བྱེད་ཁང་དུ་ལོ་བཤད་སྣང་གསལ་སྒྲོན་མེ་མཛད།  དགུང་ལོ་ཞེ་བརྒྱད་ལྕགས་ཕོ་སྟག་གམ་རྣམ་འགྱུར་ཞེས་པའི་ལོར་མགྱོགས་རྩིས་གཞོན་ནུའི་ཁ་རྒྱན་བྱ་བ་མཛད་པ་སོགས་དམ་པ་ཁོང་གིས་བསྟན་དང་འགྲོ་ལ་ཕན་པར་རྗེས་སུ་ཆགས་པའི་ཐུགས་བསྐྱེད་རླབས་པོ་ཆེའི་མཐུ་དང་དཔལ་ལས། རྣམ་མང་གཙུག་ལག་དུ་མའི་སྒོ་བརྒྱ་ཡངས་པོར་ཕྱེས་སྟེ། རབ་འབྱམས་གཞུང་ལུགས་མང་པོའི་ལྗགས་རྩོམ་ངོ་མཚར་བཀྲ་བ་རྒྱུ་སྐར་ཕྲེང་བའི་དཔལ་ལ་འཁུ་ཞིང་། གཙང་གཤེན་སྙན་གཞུང་ལས་ཀྱང་འདི་ལྟར་གསུངས་ཏེ། གཤེན་མཁས་ཚུལ་ཁྲིམས་རྒྱལ་མཚན་ཡང་། སྙན་ཚིག་གཞུང་བརྒྱ་སྨྲ་བའི་དབང་། ཞེས་དང་། དངུལ་ཆུ་དྷརྨ་བྷ་དྲའི་གསུང་འབུམ་དུ་ཡང་བོན་གྱི་དྲང་སྲོང་རིག་གནས་ཕལ་མོ་ཆེ་ལ་མཁྱེན་པ་རྨད་དུ་བྱུང་བ་གཤེན་མཁས་གྲུབ་དང་སུམ་རྟགས་སོགས་ཀྱི་སྐོར་ལ་འབེལ་གཏམ་ཡུན་རིང་མཛད་པས་བོན་གྱི་བླ་ཆེན་འདི་ནི་རིག་གནས་ཀུན་ལ་མཁས་པ་ཕུལ་དུ་བྱུང་བ་ཞིག་གོ་ཞེས་གསུང་ཡོད་པ་དངུལ་ཆུའི་གསུང་འབུམ་དུ་མཇལ་རྒྱུ་ཡོད་པ་བཞིན། སྐྱེས་མཆོག་དམ་པ་ཁོང་གིས་ཚད་གསུམ་ལུང་རིགས་ཟབ་མོའི་ལམ་ནས་དྲངས་པའི། གསུང་འབུམ་སྐོར་ཕྱི་རབས་བསྟན་འགྲོའི་བོན་སྐལ་དུ། གཤེན་གྱི་བླ་བསྟོད་ནོར་ཕྲེང་། བརྡ་སྤྲོད་ཉི་ཤུ་བདུན་པ།  བརྡ་སྦྱོར་བློ་གསལ་མགུལ་རྒྱན། བོད་ཀྱི་བརྡའི་དུས་གསུམ་བསྐུལ་ཚིག་དང་བཞིའི་ཁྱད་པར་གསལ་བར་སྟོན་པའི་རེའུ་མིག་བློ་གསལ་དགའ་སྟོན། བོད་ཀྱི་བརྡ་ཡང་དག་པར་སྦྱོར་ཚུལ་གྱི་བསྟན་བཅོས་བརྡ་སྤྲོད་ཉི་ཤུ་བདུན་པའི་རང་འགྲེལ་གཤེན་བསྟན་གསལ་བའི་ཉི་མ། སྔོན་འགྲོ་ཆ་བདུན་མུ་ཏིག་ཕྲེང་བ། སྐད་གཉིས་ཤན་སྦྱར་དགོས་འདོད་ཀུན་ཚང་།  བརྡ་གསར་རྙིང་དང་། གཤེན་གྱི་ལེགས་བཤད་རྣ་བའི་བཅུད་ལེན། ས་ལམ་རྣམ་གཞག་བསྡུས་པ། གཤེན་གྱི་རྩིས་གསར་རྣམ་དག མ་རྒྱུད་སྒྲུབ་གཞུང་གི་ཟིན་བྲིས་དང་། སྨྲ་སེང་དཔའ་བོ་གཅིག་སྒྲུབ། གཤེན་ལུགས་རྣམ་རྒྱལ་སྟོང་མཆོད་སོགས་སྒྲུབ་གཞུང་མང་པོའི་ཕྱག་བཞེས། ལག་ལེན། ལས་ཀྱི་ཁ་ཚར། ཆོག་ཁྲིགས། སྙན་བརྒྱུད་བསྐང་བཤགས་དཔྱོད་ལྡན་དགྱེས་པའི་གླུ་དབྱངས་སོགས་བསྐང་བ་ཅི་རིགས་དང་། བསླབ་གསུམ་རྣམ་འབྱེད་གསལ་སྒྲོན།  འབྲས་རྩིས་བདུད་རྩིའི་བུམ་བཟང་། སངས་རྒྱས་བསྟན་པའི་བྱུང་ཁུངས་ལོ་རྒྱུས། བོན་ཆོས་དབྱེར་མེད་རྣམ་བཞག་ལོག་ཏོག་སེལ་བའི་གཏན་ཚིགས། སྲིད་པ་རྒྱལ་མོའི་ཤོ་མོ་མངོན་ཤེས་གསལ་བའི་སྒྲོན་མེ། བསྟན་རྩིས་སྐལ་ལྡན་དྭངས་འདྲེན། བཟླས་ཆོག་རིན་ཆེན་སྒྲོན་མའི་གསུང་བསྐུལ་ཉི་ཤུ་རྩ་ལྔ་པ། གཤེན་གྱི་ས་དཔྱད་ཤེལ་དཀར་མེ་ལོང་། སྙན་ངག་ཡང་སྙིང་ནོར་བུའི་ཕྲེང་བ། སྙན་ངག་རྒྱན་གསུམ་དཔེར་བརྗོད་འཁྲུལ་བྲལ་དཔྱོད་ལྡན་ཡིད་འཕྲོག མངོན་བརྗོད་རིན་ཆེན་མཛེས་པའི་ཕྲེང་བ་ཞེས་པ་དེ་ལ། ས་སླ་དང་། ས་གཞི། ས་འོག ཐུན་མོང་གི་སྡེ་མཚན་དང་བཅས་བཞི་རུ་ཕྱེ་ཞིང་། ཟུར་བཀོད་མིང་ཅིག་དོན་མང་ལ་འཇུག་ཚུལ་མང་དུ་བསྟན་ཡོད། དེ་བཞིན་སྒྲ་འགྲེལ་དང་། སྨན་གཞུང་བློ་གྲོས་སྐྱེད་བྱེད་འཕྲུལ་གྱི་ལྡེ་མིག་ཅེས་པ། བཀའ་སྐྱོང་ཡེ་ཤེས་དབལ་མོའི་ཀ་བསྟོད་བློ་གསལ་ཡིད་འཕྲོག དམག་དཔོན་རྒྱལ་པོའི་ཀ་བསྟོད་ཡིད་འཕྲོག་མུ་ཏིག་ཕྲེང་མཛེས་ལ་སོགས་བསང་ཡིག་ཅི་རིགས་དང་། སྤྱི་རྒྱུག་མདོས་ཀྱི་ལས་བྱང་ཡིད་བཞིན་འདོད་འབྱུང་། ད་དུང་ཁོང་གིས་གསུངས་པའི་བརྡ་སྤྲོད་ཀྱི་རྩ་བར་ངག་ཉུང་ཚིག་སྙོམས་བཟུང་བ་སླ་བའི་ལེགས་ཆ་དང་། ཚིག་བསྡུས་དོན་གསལ་བརྗོད་པ་བདེ་བའི་དགེ་མཚན་ལྡན་ཞིང་། འགྲེལ་བའི་ཐད་དུ་ཡང་མཚན་ཉིད་ལེགས་པར་བཀྲལ་བ་ལ་སྤྲོས་པ་ཆ་ཞིང་འཕྲོས་དོན་མང་བ་ལྟ་བུའི་རྒྱས་སྐྱོན་སྤངས་ཤིང་། ཚིག་སྣ་བསྡུས་དྲགས་པ་དང་ཤུགས་བསྟན་ལ་སོགས་ཕལ་ཆེར་མེད་པས་བསྡུས་དྲགས་པའི་སྐྱོན་གྱིས་ཀྱང་མ་རེག་པ་ནི། སྐྱེ་བོ་བློ་རབ་འབྲིང་ཐ་མ་གསུམ་གྱི་སྤྱོད་ཡུལ་དུ་གྱུར་བའི་ཁྱད་ཆོས་ལྡན་པ་བཅས། རིག་པའི་གནས་ཆེན་ཀུན་ལ་གསལ་བྱེད་ཁྱོན་པོད་བཅུ་ལ་ཉེ་བ་བརྩམས་གནང་ཡོད་པར་གསུངས་ཀྱང་། དུས་དབང་གི་རྐྱེན་པས་པོད་འགའ་རེ་གཟུགས་འཛིན་ལམ་དུ་མཇལ་དཀའ་བར་གྱུར་ཡང་། ཁྱད་པར་མཁས་པའི་གཙུག་རྒྱན་ལྟ་བུ་སྔར་མེད་མཁས་གྲུབ་ཤཱི་ལའི་རྣམ་དཔྱོད་ལས་འཁྲུངས་པའི་གཤེན་གྱི་རྩིས་གསར་རྣམ་དག་ཅེས་པ་འདི་ཉིད། བརྒྱ་བའི་སྟོན་པ་རྣམ་འདྲེན་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གི་རང་ལུགས་དྲི་མ་མེད་པའི་བཤོལ་ཐག་ཡངས་པོར།  ཚད་གསུམ་རིན་ཆེན་དང་པོའི་རྩིབས་སྟོང་མངོན་པར་བསྒྱུར་བའི་གཤིས་བཟང་རྣམ་པར་དག་ཅིང་། སྐལ་ལྡན་གཟིགས་པ་ཡངས་ཤིང་བློ་རབ་གཟུ་བོར་གནས་པ་འཇུག་པའི་དགའ་སྟོན་དུ་ཆེ་བའི་གསུང་རབ་འདི་ཉིད། རྩོད་ལྡན་བསྐལ་བའི་དུས་ཀྱི་སྙིགས་མ་འདི་ལ་ཕྱོགས་རྐྱེན་སྣ་ཚོགས་པའི་དབང་གིས། རྒྱལ་བའི་བསྟན་པ་དང་སྣོད་བཅུད་ཀྱི་འཇིག་རྟེན་དག་ལ་འཕོ་འགྱུར་འདྲ་མིན་སྣ་ཚོགས་སུ་བྱུང་བ་དང་། དེར་བརྟེན་མི་རིགས་རང་ཉིད་ཀྱི་ཤེས་ཡོན་རླབས་པོ་ཆེ་མི་ཉུང་བ་ཞིག་རྩ་རླགས་ཏུ་སོང་ཟིན་པ་དང་། རྡུལ་ཁྲོད་དུ་འགྲིམ་བཞིན་པའི་གསུང་རབ་ཆེས་མང་པོ་དག་གི་ནང་ནས། ད་ལྟ་རང་རེའི་ཁ་བ་ཅན་གྱི་རིག་གནས་ཁྱབ་གདལ་དུ་སྤེལ་བའི་དུས་འདིར། རྣམ་རིག་རྩིས་ཀྱི་དཔྱད་གཞིའི་ཡིག་ཆ་རིན་ཐང་དང་ལྡན་པ་ཞིག་ཡིན་པའང་སྨྲ་ཆོག་ཆོག་ཡིན་པའི། དམ་པ་ཁོང་གི་གསུང་འབུམ་ལས་གཤེན་གྱི་རྩིས་གསར་རྣམ་དག་གི་དཔེ་རྩིས་ཙམ་ཞིག་འདྲེན་པར་འདོད།
ཐོག་མར་དུམ་པ་དང་པོའི་སྐར་རྩིས་སྐོར་ལ། སྔོན་འགྲོའི་ལེའུ་བློ་མུན་སེལ་བའི་འོད་སྣང་། བསྟན་རྩིས་སྐལ་ལྡན་དྭངས་འདྲེན། རྩིས་གཞི་སྣང་བའི་གཏེར་མཛོད།  གཏན་ལེའི་ཤོག་ཁྲ་སྣང་བྱེད་འོད་ཀྱི་དཀྱིལ་འཁོར། མགྱོགས་རྩིས་གཞོན་ནུའི་ཁ་རྒྱན། ཉི་ཟླ་གཟའ་འཛིན་བཤད་པ་ཀུན་རྨོངས་སེལ་བའི་སྒྲོན་མེ། གཟའ་འཛིན་ཞལ་བཞེས་གླིང་གཞི་གར་འཛིན་ལྡེ་མིག ལོ་བཤད་སྣང་གསལ་སྒྲོན་མེ། ཞག་གསུམ་གཟའ་ལྔའི་རྣམ་བཤད། ཟུར་རྩིས་སྐལ་བཟང་བློའི་སྒྲོན། ས་གླང་ཡོངས་འདུའི་ཤིང་དབང་། རྒྱ་ནག་ས་གླང་བརྟག་རྩིས། ས་གླང་འབྲས་བཤད་ཟུར་སྦས། དུས་བཞི་ཆ་བརྒྱད་འཁོར་ལུགས། ཁྱིམ་བཅུ་གཉིས་ཀྱི་རེའུ་མིག གཟུགས་ཐུབ་མེའི་གྲངས་རྩིས་གཤེན་ལུགས་རྣམ་པར་དག་པའི་ཡང་སྙིང་། གཟའི་དར་གུད་རེའུ་མིག ཟླ་བཤད་ཤོག་ཁྲ། ཆ་ཤས་དམར་ནག་ཁུག་པ། གཟའ་དྷྲུ་བསྐལ་པར་འཁོར་བའི་རེའུ་མིག ཉི་དྷྲུའི་རེའུ་མིག་གསར་སྤེལ་དཔྱོད་ལྡན་དགྱེས་པའི་སྙིང་ནོར། ཉི་དྷྲུའི་རེའུ་མིག རིལ་ཆའི་རེའུ་མིག སྒྲ་གཅན་རྟག་ལོངས་དང་ཉ་སྟོང་རེའུ་མིག ཚེས་ལྷག་འདོན་བྱེད་ཤོག་གཅིག ཟླ་བཤོལ་དང་ཟླ་ནག་འདོན་ལུགས། སྤེན་པའི་དལ་དག མིག་དམར་གྱི་མྱུར་དག ལྷག་པའི་མྱུར་དག  ཕུར་བུའི་མྱུར་དག པ་སངས་ཀྱི་མྱུར་དག སྤེན་པའི་མྱུར་དག དབུགས་སྒང་ཁྱིམ་སླེབས་ཀྱི་ཚད་ཁྲ་ཤོག་གཅིག ཉིན་ཚེས་བར་ཆད་ཀྱི་རེའུ་མིག ཉིན་ཞག་མའི་རྟག་ལོངས་ཤོག་གཅིག ཉིན་ཞག་མའི་ཉི་རགས་དག་པར་འཆར་བྱེད། གཟའ་ལྔའི་མྱུར་སྐང་དང་དལ་སྐང་། ཉིན་ཞག་མའི་ཐུན་མོང་རེའུ་མིག ཉིན་ཞག་མའི་མིག་དམར་གྱི་དལ་དག ཕུར་བུའི་དལ་དག་རེའུ་མིག ལྷ་ཡི་བླ་མའི་སྐར་རྩིས། ལྷག་པའི་རྐང་འཛིན་རེའུ་མིག་བརྒྱ་ཆར་བསྡུས་པ། པ་སངས་རྐང་འཛིན་རེའུ་མིག་བཅུ་ཆར་བསྡུས་པ། སྤེན་པའི་སྐར་རྩིས་ནོར་བུ་དབང་གི་མཛེས་ཕྲེང་། རྒྱལ་བློན་ཀར་མྱངས་རེའུ་མིག་ཤོག་གཅིག་དང་། བཅུ་གསུམ་ཆའི་རེའུ་མིག རྒྱ་ཡི་འཕྲུལ་རྩིས་གསལ་བའི་མེ་ལོང་། དབུགས་སྒང་ཁྱིམ་འཕོའི་རེའུ་མིག ཉི་ལྡོག་ཟུར་བཀོད་རེའུ་མིག ཁྱིམ་དྲུག་སྤྱི་ནོར་གྱི་རེའུ་མིག་ཀུན་ཕན་བདུད་རྩིའི་སྣང་བ། ཉི་ལྡོག་དང་ཕག་ཞག་སོགས་ཀྱི་ཞལ་ཤེས་ཟུར་བཀོད། བདུད་རྩི་ཐུན་མཚམས་དང་བཅས་པའི་རེའུ་མིག གཟའ་ལྔའི་འཕོ་མཚམས་བརྟག་བྱེད་ཤོག་གཉིས། ས་རིས་མངོན་ཤེས་བརྟག་ཐབས། རིགས་ལྡན་འཆར་ཐབས་སྤྱོད་ཁྲའི་རེའུ་མིག  འཕྲོད་བསྟེན་རེའུ་མིག རྟེན་འབྲེལ་དར་གུད་རེའུ་མིག གཅེས་བཏུས་རིན་ཆེན་ཕྲེང་བ། འབྲས་རྩིས་བདུད་རྩིའི་བུམ་བཟང་། གཉིས་པ་ནག་རྩིས་ཀྱི་སྐོར་ལ། ནག་རྩིས་སྒོ་འབྱེད་རྩིས་བདར་སྣང་སྲིད་གཏན་འབེབས། ཚེ་རབས་ལས་རྩིས་ཀྱི་ལག་ཁྲིད། ཚེ་རབས་ལས་རྩིས་གཞུང་། བག་རྩིས་ལག་ཁྲིད། བག་རྩིས་ཁྱིམ་པའི་དགའ་སྟོན། ཀེག་རྩིས་ལག་ཁྲིད། ཀེག་རྩིས་མི་མཐུན་ཀུན་སེལ། གཤིན་རྩིས་ཕན་བདེའི་སྣང་བ། གཤིན་རྩིས་ཐར་བའི་སྐས་བཟང་། འབྱུང་བའི་གཟེར་ཆེན་བཅུ་གཉིས། ཐང་ཤིང་གསལ་བའི་སྣང་བྱེད། རྒྱ་བོད་སྐོར་འགོ་སུམ་ཅུ། རྒྱ་ནག་དཔྱད་ལྡིང་བཅུ་གསུམ། ནད་རྩིས་འཆི་བདག་ཞགས་གཅོད།  ལུས་འབྱུང་ཟུར་རྩིས་སྣང་གསལ་འཕྲུལ་གྱི་མེ་ལོང་བཅས་སོ། གང་ཉིད་ཀྱི་གསུང་འབུམ་ཁྲོད་ལེགས་པར་བཤད་པ་མང་བ་ནི་བརྗོད་བྱའི་ནང་དོན་ཟབ་ཅིང་རྒྱ་ཆེ་བ་བརྗོད་བྱེད་སྡེབ་ལེགས་སྙན་འཇེབས་ཀྱི་ཚིག་གི་སྲད་བུར་ལེགས་པར་བརྒྱུས་ཡོད་པས་མཁས་པ་ཆེན་པོའི་ཁྱད་ཆོས་འབུར་དུ་ཐོན་པ་འདི་ནི་གཙོ་བོ་དང་གལ་ཆེ་བ་ཞིག་ཡིན་པས་བརྟག་དཔྱད་པ་དང་གཟུར་གནས་དཔྱོད་ལྡན་དག་ལ་མཚོན་ན་བླ་ན་མ་མཆིས་པའི་ལེགས་སྐྱེས་སྙིམ་པར་ཐིངས་པ་ནང་བཞིན་རིག་གནས་པ་ལ་ཆེད་དུ་བདོག་པའི་ལེགས་པར་བཤད་པའི་སྐྱེས་ཀྱི་གྲོགས་ལ་གློ་བུར་དུ་འཕྲད་སྐབས་ཀྱི་དགའ་སྤྲོ་ཐུན་མིན་དེ་ཉིད་བརྡ་བར་འགྱུར་བ་གདོན་མི་ཟ་ལ།  ལེགས་བཤད་སྡུད་ཅིང་གཙིགས་སུ་བཟུང་བ་ལ་བརྟེན་ནས་འཕེལ་ཏེ་ཀུན་ལ་ཕན་པར་འགྱུར་བའང་དེ་དང་དེའི་གཤིས་སོ། དུས་རབས་གཉིས་ལྷག་ཙམ་གྱི་གོང་རོལ་དུ་མཁས་མཆོག་འདི་བས་གོ་རིམ་དེ་ལྟ་བུར་མཛད་ནས་གསུངས་པ་ནི་ཧ་ཅང་ངོ་མཚར་བའི་གནས་ཤིག་ལོས་ཡིན།
ལྔ་པ།  རྗེས་འཇུག་སློབ་མ་སྨིན་པར་མཛད་ཚུལ།
   དམུ་ཡི་གདན་སའི་དབྱིག་འཛིན་དབང་པོའི་ལྟོ་བ་རུ་འཁྲུངས་པའི་མཁྱེན་རབ་གཤེན་མཁས་རིན་པོ་ཆེའི་ཀུན་འདུས་ལྡུམ་རྭར་རིག་གྲོལ་དབྱིག་ལེན་སྐལ་ལྡན་གྱི་བུ་སློབ་ཀྱང་ཕྱོགས་མཚམས་མཐའ་དབུས་ཀུན་ནས་རྐང་དྲུག་བུང་བའི་ཚོགས་ཕྱོགས་དང་རིས་སུ་མ་ཕྱེད་པ་གྲངས་ལས་འདས་པ་ཞིག་དོན་གཉེར་འཕུར་ལྡིང་གི་གཤོག་སྒྲ་རྣ་བའི་མཛེས་རྒྱན་དུ་གྱུར་བའི་ནང་ཚན། ཐུགས་སྲས་དམ་པ་ད་ལྟ་ཡོངས་གྲགས་སུ་སྦྲ་གསར་ཚང་དང་། མཁས་གྲུབ་གཡུང་དྲུང་རིན་རྒྱན། མཁས་དབང་གཡུང་དྲུང་བཀྲ་ཤིས། གྲུབ་ཐོབ་རིན་ཆེན་དབང་རྒྱལ་ལ་སོགས་མཁས་དང་གྲུབ་པའི་དབང་པོ་མང་དག་ཅིག་ཤེས་པའི་རྒྱུད་སྨིན་ཅིང་གྲོལ་བར་བྱས་སོ། མདོར་ན་དམ་པ་ཁོང་ཉིད་ནི་སྐུ་ཚེ་ཧྲིལ་པོར་སྐུ་འབུམ་མཆོད་ཁང་མཐོང་གྲོལ་དུ་བཞུགས་ཤིང་། ལམ་བསླབ་པ་གསུམ་གྱི་ཉམས་ལེན། གཞུང་སྡེ་སྣོད་གསུམ་གྱི་འཆད་ཉན་གྱིས་དུས་འདས་ཤིང་།     ཕྱིའི་ཀུན་སྤྱོད་འདུལ་བ་དང་མཐུན་པ། ནང་གི་ལྟ་སྒོམ་གསང་སྔགས་དང་མཐུན་པ། གསང་བའི་ཉམས་ལེན་བླ་མེད་རྫོགས་པ་ཆེན་པོའི་ཡང་རྩེར་སོན་ཞིང་མདོ་སྔགས་གཤེན་བསྟན་ཉིན་མོར་བྱེད་པའི་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱིས་བཟུང་སྟེ་སྤེལ་བར་མཛད་དོ། །
དྲུག་པ། མཐར་ངེས་དོན་ཡེ་ཤེས་ཆེན་པོར་རྩེ་གཅིག་ངང་ལས་རྫོགས་སངས་རྒྱས་ཚུལ།
   སྐྱེས་མཆོག་བོན་གྱི་མངའ་བདག་ཆེན་པོ་འདི་ཉིད་མཐར་སྐུ་ཚེ་ཡང་རིང་པོར་བཞུགས་ཤིང་དཔལ་ལྡན་རི་རྒྱལ་དགོན་ཁྲི་བརྟན་ནོར་བུ་རྩེའི་སྐུ་འབུམ་རིག་བྱེད་ཁང་དུ་དགུན་ཟླ་རྭ་བ་ཞིག་ལ་ངོ་མཚར་ཆེ་བའི་རྟགས་མཚན་དུ་མ་དང་བཅས་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་ཚུལ་བསྟན། དེའི་སྐབས་མཁའ་དབྱིངས་ནས་སྤྲིན་རིས་མི་འདྲ་བ་ཇི་སྙེད་པས་བརྒྱན་ཏེ་གློ་བུར་དུ་ས་གཞི་འཛིན་མའི་ཁྱོན་ལ་ངོ་མཚར་གངས་ཆབ་ཀྱི་ལ་ཐོད་གསོལ་ཞིང་ཉེ་སྐོར་གྱི་རི་ལུང་ཀུན་དང་།  དེའི་སྐབས་ཀྱི་འགྲོ་བ་མཐའ་དག་གི་ཡིད་ཀྱི་འདོད་པ་ཚིམས་པར་བྱས་ཤིང་། འཇའ་འོད་ཀྱི་རི་མོ་རྨད་དུ་བྱུང་བ་བཅས་ཡུལ་མི་དང་། ཉེ་འཁོར་རྣམས་ཀྱི་སེམས་རྒྱུད་ལ་བརྗོད་མི་ཤེས་པའི་ཞི་དུལ་ཆགས་པ་སོགས་ནི་རྟོགས་པ་ཆེ་ཆུང་གིས་གསལ་མིན་སྣ་ཚོགས་བྱུང་བ་དང་།  དུས་འདིར་འདུས་སྡེ་རིན་པོ་ཆེས་བདུན་མཆོད་དུ་བདེ་བར་གཤེགས་པ་སྟོང་གི་མཚན་བསྟོད་ལ་སོགས་པའི་མཆོད་འབུལ་གནང་བ་དང་། སྐུ་གདུང་དུ་རིང་བསྲེལ་ཡང་གྲངས་མང་བྱུང་བ་སོགས་ངག་རྒྱུན་དུ་བཤད་སྲོལ་འདུག ཡིན་ན་ཡང་ད་རེས་ཁོ་བོར་གཤེན་མཁས་རིན་པོ་ཆེ་སྐུ་འདས་པའི་དུས་ཚིགས་ངེས་གཏན་ཞིག་མཇལ་བའི་བསྐལ་བ་མ་བྱུང་རུང་། ཧོར་བཙུན་བསྟན་འཛིན་བློ་གྲོས་ཀྱིས་དམ་པ་ཁོང་གིས་སྤྱི་ལོ་༡༨༣༡བར་དུ་མཛད་འཕྲིན་བསྐྱངས་ཞེས་བཤད་ཡོད་ཀྱང་མ་ངེས་ཏེ། མཁས་དབང་བོན་བརྒྱ་རིན་པོ་ཆེའི་བསྟན་རྩིས་ནང་གསུངས་པ་ལྟར་ན། བོད་རབ་བྱུང་བཅུ་བཞི་པའི་ཤིང་སྟག་སྤྱི་ལོ་༡༨༥༤ལོར་ཁོང་དགུང་ལོ་བདུན་བཅུ་དོན་གཉིས་ལ་ཕེབས་སྐབས་ཁོང་གི་ཐུགས་སྲས་རྗེ་བཙུན་ཁྲི་ཀ་བ་སྦྲ་སར་རིན་པོ་ཆེ་དབུས་གཙང་དུ་བྱོན་ནས་མཁན་ཆེན་ཉི་མས་ཐུགས་བཀོད་གནང་བ་ལྟར་གཤེན་མཁས་པ་ཚུལ་ཁྲིམས་རྒྱལ་མཚན་གྱི་ཞབས་ལ་བསྟེན་ཞེས་གསུངས་པར་གཞིགས་ན། སྐྱེས་མཆོག་འདི་ཉིད་དགུང་གྲངས་མཐོ་པོར་བཞུགས་ཚུལ་དེ་ཡང་བདེན་ཚིག་ཏུ་མཐོང་ངོ་། །
སྨྲས་པ།  མཐའ་ཀླས་ཤེས་བྱ་རྒྱ་མཚོའི་ལྷ་ལམ་དུ། །
རྣམ་དཔྱོད་རྒོད་པོའི་གཤོག་ཟུང་ཆེར་བསྟོད་དེ། །
ལུང་རིགས་ཟབ་མོའི་ནམ་འཕང་གཅོད་མཁས་པའི། །
གཤེན་མཁས་ཚུལ་རྒྱན་དགོངས་རྟོགས་མངོན་པར་བསྟོད། །
 
གང་སྐུ་འགྱུར་མེད་གསེར་གྱི་ལྷུན་པོའི་སྤོར། །
གང་གསུང་ཚངས་དབྱངས་གཟི་འོད་འབུམ་གྱིས་འཁྱུད། །
གང་ཐུགས་གཞི་དབྱིངས་ཀ་དག་ཆེན་པོའི་ཀློང་། །
གང་གི་གསང་གསུམ་འཕྲིན་ལས་བླ་རུ་འདེགས། །
 
འཕྲུལ་ངག་བསྟན་པ་ལུང་རྟོགས་བདག་ཉིད་ཅན། །
འཆད་ཉན་རྩོམ་དང་སྒྲུབ་པའི་ཐབས་བཟང་གིས། །
གདུལ་བྱའི་རྒྱུད་ལ་དར་ཏེ་མི་འགྲོ་ན། །
སྐྱོབ་པ་བླ་མེད་བོན་དུ་ཅི་ཞིག་འགྱུར། །
 
དོན་དམ་སྤྲོས་པ་ཀུན་གྱི་མཐའ་བྲལ་ཡང་། །
ཀུན་རྫོབ་དོན་ལ་བཀྲི་ཕྱིར་གཙུག་ལག་རྩིས། །
འབྱུང་འགྱུར་བླང་དོར་ཀུན་གསལ་སྲིད་པའི་མིག །
འདི་འདྲའི་འཁྲུལ་བྲལ་རྩིས་གཞི་ཨེ་མ་མཚར། །
 
དེ་ལྟར་ལོ་རྒྱུས་ཁ་འཐོར་འགའ་ཞིག་ནས། །
རང་ལུགས་རྨ་མེད་ལེགས་བཤད་རིན་ཆེན་གཏེར། །
གཤེན་མཁས་མཛད་རྣམ་གཅིག་ཏུ་བསྡུས་བྱས་སྟེ། །
བསྙེན་བཀུར་ཞབས་ཏོག་ཀུན་ཕན་བློ་ཡིས་ཞུས། །
 
འདི་ལ་བདག་བློས་མ་རྟོགས་ནོར་འཁྲུལ་ཆ། །
གང་མཆིས་སྐྱབས་ཡུལ་གཉན་ལ་བཟོད་པར་གསོལ། །
འདི་བྱས་དགེ་བས་ཡོངས་འདུའི་ལྗོན་པ་ཡིས། །
ལུས་ཅན་ཕན་བདེའི་དགོས་འདོད་འཇོ་གྱུར་ཅིག །
   ཅེས་པའི་རྣམ་ཐར་ཉུང་བསྡུས་འདི་ནི་གང་ཉིད་ཀྱི་གསུང་འབུམ་དང་གཤེན་ལུགས་ཀྱི་དཔེ་ཆ་འགར་དཔྱད་པར་བྱས་ཏེ་གཤེན་མཁས་རིན་པོ་ཆེས་སྐུ་ཚེ་གང་པོར་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་གྱིས་རྒྱལ་བསྟན་འཁོར་ལོ་གསུམ་གྱི་མཛད་བཟང་བསྐྱངས་གནང་བའི་བཀའ་དྲིན་རྣམས་དྲན་ཏེ་གཤེན་བཙུན་ཉི་མ་འོད་ཟེར་པས་གཤེན་གྱི་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་དེའི་རྗེས་དྲན་དུ་བྲིས་པ་དགེའོ། །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།