སྒྲུབ་གཤེན་དམ་པ་སྙིང་རྒྱལ་བྱམས།

[ཟླ་ཚེས། 2019-09-24 12:39:01][རྩོམ་པ་པོ། སྙན་བཟང་བྱམས་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅།།རེབ་གོང་ཧོར་སྙན་བཟང་གི་བོན་གཤེན་དམ་པ་༧སྙིང་རྒྱལ་བྱམས་ལགས་ཀྱི་སྐུ་ཚེའི་མཛད་རིམ་བསྡུས་པ་གཞོན་ནུ་ངོ་མཚར་བསྐྱེད་པའི་གཏམ་སྙན་ཞེས་བྱ་བ་བཞུགས་སོ།།
དང་པོ། རིགས་རུས་ཕུན་སུམ་ཚོགས་པ་རྒྱ་ཡེ་ཚང་ཞེས་པའི་ཁུངས་བསྟན་པ།
   ཆོས་འབྱུང་མཁས་པའི་དགའ་སྟོན་ལས། བོད་ཡུལ་རུ་ཆེན་ལྔ་རུ་ཕྱེ་བ་ནི། གཡས་རུ། གཡོན་རུ། དབུས་རུ། རུ་ལག སུམ་པའི་རུ། བཅས་ཡིན་ཞིང་། བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སྐབས་ཀྱི་དབུས་གཙང་རུ་བཞི་རུ་གྲགས་པ་དེར། དབུ་རུ། གཡོ་རུ། གཡས་རུ། རུ་ལག་བཅས་ཡིན་པ་སྟེ། དེ་ལས་གཡོ་རུ་ནི་གཡོན་རུ་དང་དོན་གཅིག་ཏུ་གཡོན་རུའི་ལོ་རྒྱུས་ཆེན་མོ་རུ་བཞེད་པ་ལྟར་ན། གཡོན་རུ་སྟོད་པ་དང་གཡོན་རུ་སྨད་པ་ཞེས་ཡན་ལག་གཉིས་སུ་གྱེས་ཡོད། གཡས་རུ་ལྟ་བུར་མཚོན་ན་མ་འགྱུར་བར་ད་ལྟའི་རེབ་གོང་ཆུ་མའི་གཡས་རུ་སྡེ་བ་ལྟ་བུ་སོར་བཞག་གི་ཚུལ་དུ་སྣང་། རྒྱ་བོད་བར་མནའ་མཐུན་གྱི་རྡོ་རིང་སོགས་བཙུགས་ཏེ་ཞི་འཇགས་བྱུང་བའི་སྐབས་དང་འཕྲད། དབུས་ཀྱི་གཡོན་རུ་བ་རྣམས་མདོ་སྨད་ཕྱོགས་སུ་ཡོང་སྟེ་གཞི་བཟུང་བ་དང་། ཁྲི་ཀ་སོགས་སུ་གནས་ངེས་མེད་འཁྱམས་ཤིང་རྨ་ཆུའི་ལྷོ་རྒྱུད་ཀྱི་གསའ་ལུང་རི་བོའི་ཁུག་སོ་རུ་གནས་བཅས་ཏེ་མི་རྒྱུད་གང་སར་འཕེལ་བ་ནི། གཅན་ཚའི་གཡོན་རུ་དང་མཚོ་སྔོན་པོའི་གཡོན་རུ་ལྟ་བུ་ཡིན། དེ་ལ་གཡོན་རུ་བ་རྣམས་དང་ཐོག་གཡོན་རུ་ཟབ་མོ་ལུང་པར་གཞིས་ཆགས་པ་དང་། སྤྱི་ཉིན་ལུང་ཞེས་འདུས་སྡེའི་ཆ་ནས་མིང་བཏགས་ཤིང་ཚོ་བ་བཅུ་གཉིས་འཕེལ། དེ་དག་ནི། དཔོན་སྐོར། ཚག་སྐོར། མཐེབ་བརྒྱ། རྒྱ་ཡེ། རྨོག་རུ། སྐྱ་ལི། དམེ་སྔགས། ཧ་ཡག ཕག་སྐོར། ཟླ་ཚང་། འཁྱག་སྐོར། ལྡོང་ངེ་བཅས་ཡིན། གངས་གཅིག་ལས་བབ་པའི་ཆུ་རྒྱུན་དང་ཆུ་གཅིག་ལས་གྱེས་པའི་ཡན་ལག་ལྟར་ཚོ་བ་འདི་དག་ཕྱོགས་མཐར་ཁྱབ་ཅིང་རྒྱས་པར་བྱས་པས་མཚོ་སྔོན་པོའི་ཕྱོགས་སུ་རྒྱ་ཡེ་ཚོ་བ་དར་རྒྱས་བྱུང་ཞིང་། རེབ་གོང་ཧོར་སྙན་བཟང་སྟོང་ཆེ་སྡེ་བར་ཡང་མཆེད། སྔོན་ཚེ་གཡོན་རུ་རྒྱ་ཡེ་ཚང་། སྟོང་ཆེ་ཀ་ཡེ་ཚང་། གཡོན་རུ་སྟོང་ཆེ་ཚང་། ཁྲི་ཀའི་སྟོང་ཆེ་ཚང་། ཞེས་སྟོང་ཆེ་སྡེ་བའི་རྒན་པོ་རྣམས་ཀྱིས་གླེང་བའང་དོན་ལ་འབབ་པར་སེམས་ཏེ། དང་པོ་གཡོན་རུ་བ་རྣམས་ཁྲི་ཀའི་ཕྱོགས་སུ་ཆགས་ཏེ་རིམ་བཞིན་གསའ་ལུང་ཁུལ་གྱི་ཟབ་མོ་ལུང་པར་སྤར་ཞིང་། སྤྱི་ཉིན་ལུང་ཞེས་རྒྱ་ཆེར་འཕེལ་ཏེ་སྤྱི་དཔོན་གང་མང་བྱུང་བ་མ་ཟད། ཏ་མེན་གོང་མའི་དུས་སུ་སྟོང་དཔོན་གྱི་ཆོ་ལོ་ཡང་གནང་མྱོང་བའི་རུ་སྡེ་ཆེན་པོ་ཞིག་ཏུ་གྱུར་ཏེ་གང་སར་ཁྱབ། རྒྱུ་མཚན་གཞན་ཞིག་ནི་རྒྱ་ཡེ་ཚང་ཞེས་པའི་ཚོ་བའི་དཔོན་རྒྱུད་ནི་བོན་བཤེན་སྙིང་རྒྱལ་བྱམས་ཀྱི་བར་དུ་རིང་རྩིས་བྱས་ན་ཉེར་ལྔ་ཙམ་དང་། ཐུང་རྩིས་བྱས་ན་རྒྱ་ཡེ་ནམ་མཁའི་བར་བཅོ་བརྒྱད་ཙམ་སོང་བའི་དུས་མཉམ་པར་བྱེད་པ་དེ་ཡང་ཁྲི་ཀའི་སྟོང་ཆེའི་ཕྱོགས་དང་རེབ་གོང་སྟོང་ཆེའི་ཕྱོགས་གཉིས་ལ་འབྲེལ་བ་ཟབ་མོ་ལྡན་པའི་སོག་བཙུན་སྟོན་པ་ཡེ་ཤེས་རྒྱལ་མཚན་གྱི་སྐབས་ལ་གཏུག་ཡོད་པས་རེད། དེའི་ཕྱིར་ས་ཁུལ་འདི་དག་གི་བར་ན་འབྲེལ་བ་ངེས་ཅན་ཡོད་པ་ནི། སྡེ་མིང་དང་ཚོ་མིང་། དཔོན་རྒྱུད་ཀྱི་དམངས་ཁྲོད་གཏམ་རྒྱུད་སོགས་གཞི་གཅིག་ཏུ་འབབ་པ་ཡིན། དེའང་ཅུང་ཟད་ཅིག་བསམ་དགོས་པ་ཡོད་དེ། ཀྭ་ཡེ་ཞེས་པ་ནི་འབོད་པའི་དོན་ཚོ་བའི་དོན་དུ་སོང་བ་ཡིན་ནམ། ཡང་ན། རྒྱ་ཡེ་ཞེས་པའི་ཡི་གེ་འཕྲལ་ནས་མགྱོགས་པོར་བཀླགས་པ་ག་ཡ་ཡེ་དང་། ག་ཡེ་ཞེས་སུ་གྱུར་བ་གང་ཡིན་དཔྱད་གཞི་ཆེ། དེ་ནི་སྐད་བརྡ་རིག་པའི་ངོས་ནས་བཤད་ན་རྒྱུ་མཚན་ཆེན་པོ་ལྡན། གང་ལྟར། གཡུང་དྲུང་བོན་བསྟན་མེད་པའི་གནས་མེད།། མེ་ཏོག་སེར་ཆེན་མེད་པའི་ས་མེད།། ཅེས་པ་ནང་བཞིན་མཚོ་སྔོན་གྱི་ཕྱོགས་འདིར་བོན་གྱི་སྔགས་པ་རྣམས་རུས་དཔོན་དུ་བསྟེན་པ་ཡོངས་ཁྱབ་ལྟར་ཡིན་ཞིང་། རེབ་གོང་བོན་མང་དང་ཁྲི་ཀའི་སེར་བརྒྱའི་བོན་མང་། ཁྲི་ཀའི་སྟོང་ཆེའི་བོན་མང་སོགས་བོན་གཤེན་རྣམས་མཚོ་སྔོན་གྱི་ཕྱོགས་གང་སར་འགྲིམས་ཤིང་། རུས་དཔོན་དུ་བསྟེན་པའི་ལོ་རྒྱུས་ཡོངས་གྲགས་ཡིན་ཞིང་ད་ལྟ་ཡང་སྔར་སྲོལ་མ་ཉམས་པར་ཡོད། དཔེར་ན། པཎ་ཆེན་བཅུ་བ་ཆེན་མོའི་རུས་དཔོན་རེབ་གོང་བོན་མང་ཡིན་པ་དང་། རྡོ་སྦིས་དགེ་བཤེས་རྗེ་བཙུན་ཤེས་རབ་རྒྱ་མཚོའི་རུས་དཔོན་རྒན་གྱའི་རྩེ་ཞིག་དགོན་པ་ཡིན་པ་ལྟ་བུ་རེད། དེ་ལྟར། རྒྱ་ཡེ་ཚང་ཞེས་པའི་ཚོ་བའི་རུས་དཔོན་ནི་བོན་གཤེན་སྙིང་རྒྱལ་བྱམས་ལགས་ཀྱི་གདུང་རབས་སྔ་མ་དག་ཡིན་སྟབས། ཁོང་གི་སྐུ་ཚེའི་སྟོད་དུ་མཚོ་སྔོན་པོའི་ཕྱོགས་དང་གཡོན་རུའི་ཕྱོགས། རེབ་གོང་ནང་ཁུལ་སོགས་གང་སར་གྲོང་ཆོག་ཏུ་འགྲོ་བའི་སྲོལ་སྔར་མུས་བཞིན་བསྐྱངས་པའི་ལོ་རྒྱུས་རྒྱུན་པར་ཤོད་པ་ཡིན། དེའི་སྟབས་ཀྱིས་རྒྱ་ཡེ་ཚང་ཞེས་པའི་དཔོན་རྒྱུད་འདི་ནི་ཀུན་གྱིས་རྩིས་ཆེན་བྱེད་པ་ཡིན་ནོ།།
   རྒྱ་ཡེ་ཀ་ཡེ་གཉིས་ནི་ཚོ་བ་གཅིག་གི་མིང་ཡིན་པ་དང་། མཆེད་ཁུངས་ཀྱང་གཡོན་རུ་ཟབ་མོ་ལུང་བ་ཡིན་སྟབས། རྒྱ་ཡེའི་དཔོན་རྒྱུད་རེབ་གོང་སྟོང་ཆེ་ནས་རྒྱུན་བཟུང་ཞིང་ཕྲེང་ཐག་མ་ཆད་པར་ད་ལྟའི་བར་སོང་། དང་པོ་སོག་བཙུན་སྟོན་པ་ཚང་ཀ་ཡེ་དུང་འབུད་ཀྱི་རྒྱུད་པ་ཡིན་ཞེས་པའི་ངག་རྒྱུན་ཡོད་ཀྱང་ཡི་གེ་མ་མཐོང་། ཁྱུང་པོ་སོག་སྡེའི་ཕྱོགས་སུ་ཀ་ཡེའི་ཚོ་བ་དང་རུས་རྒྱུད་ཡོད་ཚེ་གོང་གསལ་གྱི་སྒྲུབ་གཞི་འཆོལ་འགྲོ་བས་སྐབས་སུ་མ་བབ་རང་སོར་བཞག་པ་ཡིན། སྒྲུབ་གཤེན་དམ་པ་སྙིང་རྒྱལ་བྱམས་ལགས་ཀྱི་གཞི་ཁྱིམ་གཙོ་བོ་ནི་སྟོང་ཆེའི་དཔོན་གཡང་འབུམ་ཚང་ཡིན། སྐབས་ཤིག་ལ་བསྙེན་ཁང་མེས་འཚིགས། དྲེའུ་དམར་གྱི་བརྩན་ཐང་ཞིག་དང་བསྐང་འབུམ་གྱི་དཔེ་ཆ་གཉིས་མ་གཏོགས་ཚང་མ་མེ་ལ་ཐིམས། རྗེས་སུ་ཁྱིམ་ཚང་འདི་ཁ་ཁར་བགོ་དུས་བསྐང་འབུམ་གྱི་དཔེ་ཆ་གཡང་འབུམ་ཚང་ལ་ཐེམ།  སྲིད་རྒྱལ་དྲེའུ་དམར་གྱི་བརྩན་ཐང་སྙིང་རྒྱལ་བྱམས་ཚང་ལ་ཐེམ། ད་ལྟ་ཡང་རྟེན་རྩ་ཆེན་འདི་གཉིས་མཇལ་དུ་ཡོད། སྐབས་དེ་དུས་དཔོན་རིང་བཅོ་བརྒྱད་སོང་ཚར། དེའི་དེ་ནས་བཟུང་སྟེ་སྟོང་ཆེའི་ཁྱིམ་ཚང་ལ་དཔོན་གཡང་འབུམ་གྱི་བར་དུ་བོན་རྒྱུད་ཆད། བོན་གཤེན་གཡང་འབུམ་གྱི་རྗེས་འཇུག་ད་ལྟའང་སྐྱོང་མུས་ལགས། ཨ་མྱེས་ནམ་མཁའ་བྱམས་ཟེར་བ་ལ་བུ་གསུམ་ཡོད་པ་དེའི་ཆེ་བ་རིན་ཆེན་དང་། ཆུང་བ་བོན་ཕྲུག་ཟེར་བ་ཡིན། ཆེ་བ་རིན་ཆེན་འཁྱམས་སྐོར་རུ་ལོ་ལ་བུ་སྐལ་དུ་བྱིན། ཕྱིས་སུ་བོན་ཕྲུག་དང་ཁོང་གཉིས་ཁྲི་ཀར་རུ་སྤར། ཨ་མྱེས་ནམ་མཁའ་བྱམས་ཀྱིས་ཁྲི་ཀ་ནས་སྦྲ་སར་པཎྟི་ཊ་ཚང་དང་། མཁར་ནག་གྲུབ་ཆེན་ཚང་། ཁྱུང་མོ་འཕོ་བ་གྲོང་འཇུག་ཚང་བཅས་གསུམ་གྱི་བསྐང་འདོན་བྱས་ཤིང་། ཉིན་གཅིག་གི་རིང་ལ་ནང་ཆེན་གསུམ་ཀ་ནས་བསྐང་བ་ཚར་གསུམ་རེ་རྫོགས་པར་བྱས། ཆུང་བ་བོན་ཕྲུག་ཁྲི་ཀ་རྒྱ་མགོ་ཚོ་བ་ནས་མག་པར་བསྡད། མིང་ལ་རྒྱ་མགོ་བོན་ཕྲུག་ཅེས་འབོད་པ་རེད། དེ་ནས་ཨ་མྱེས་ནམ་མཁའ་བྱམས་ཕྱིར་རང་ཡུལ་ལ་ལོག་དུས་བླ་མ་ཁྱུང་མོ་ཚང་གིས་ཁོང་ལ་ཁྱེད་ནི་རི་ལ་སོང་ན་རི་གོ་ཆོད་ཅིང་། ཡུལ་ནས་བསྡད་ན་ཡུལ་གོ་ཆོད་གསུངས་ཏེ་སྲུང་མ་དྲེའུ་དམར་གྱི་དར་ཅིག་གནང་ཞིང་། རྒྱ་ཐང་གི་ལྷ་བ་ཡང་རང་འབབ་བརྒྱབ་པས་རྒྱ་ཐང་གི་ཙ་ཀ་ཞིག་གནང་། རང་ཡུལ་ལ་ཐོན་དུས་ཁོང་གི་ཞང་བོ་དཔོན་པོ་སྙིང་བྱམས་དང་འཁྱམས་སྐོར་རུ་ལོ། སྙིང་རྒྱལ། བོང་ཉལ་གནའ་ཚང་མའི་ཨ་མྱེས་བྱམས་པ་རྒྱལ་མཚོ་བཅས་ནས་ས་འདི་ནི་བཙན་མ་མོ་གཉིས་ཀྱི་རྒྱུ་ལམ་ཡིན་པས་ཁྱེད་ཀྱིས་ཤུལ་མ་གནོན་ན་གཞན་གྱིས་མི་ཐུབ་པའི་རེ་བ་ནན་མོ་ཞུས་མཐར་སྟོང་ཆེ་ལ་འགྲོ་རུ་མ་བཅུག་པར་རུ་ཞོལ་མའི་ཁྱིམ་ཚང་གཉིས་ཀྱི་ཤུལ་ཁོ་ལ་སྤྲད། ཡང་བར་སྐབས་ཤིག་ལ་བློན་ཆེ་དམེ་ཚང་གི་རུས་དཔོན་ལ་བསྟེན་ཅིང་། དམེ་ཚང་གི་རྒད་པོ་ཞིག་གི་གཤེགས་མལ་བཙལ་ཞིང་ཤིན་ཏུ་འཕྲོད་པར་གྱུར་ཏེ་རྗེས་སུ་འབྲོག་པ་དེའི་ཁྱིམ་རྒྱུད་རུ་ཁ་བརྒྱ་ལྷག་ཏུ་འཕེལ་ངེས་ཡིན་ཞེས་པའི་ལུང་བསྟན་པ་མ་ཟད། ད་ལྟ་ཡང་དུས་ཐོག་སྨིན་ཞིང་ཁྱིམ་ཚང་ཉིས་བརྒྱར་འབུད་པ་ཞིག་དར་རྒྱས་སུ་སོང་ཡོད་པ་བློན་ཆོས་ཀྱི་རྒན་པོ་རྣམས་ཀྱིས་གླེང་ཞིང་ས་དེའི་ངག་རྒྱུན་དུའང་གྲགས་སོ།།
   གཞན་ཡང་། གཡོན་རུ་རྒྱ་ཡེ་ཚང་ཞེས་པའི་རུས་དཔོན་ལ་བསྟེན་སྐབས་རྒྱ་ཡེ་ཚང་ལ་དཔའ་མཁར་ཞིག་བརྩིགས་ཤིང་། ད་ལྟ་ཡང་མཐོང་དུ་ཡོད། དེ་ནས་མཚན་ལ་རྒྱ་ཡེ་ནམ་མཁའ་ཞེས་ཡོངས་སུ་སྙན་གྲགས་རྒྱས་པ་བྱུང་། ཁོང་གིས་ནམ་རྒྱུན་སྲིད་རྒྱལ་དྲེའུ་དམར་སྒྲུབ་བཞིན་ཡོད་པས་སྐབས་ཤིག་འགྲུབ་རྟགས་སུ་རྡོ་ཞིག་གི་སྟེང་དུ་དྲེའུ་རྗེས་བབས་ཤིང་། སྤྱི་ལོ་1973ལོར་རྔ་བ་སྣང་ཞིག་དགོན་པའི་དགེ་བཤེས་གཡུང་དྲུང་བློ་གསལ་ཞུ་བ་དམ་པ་ཁོང་གི་ཁྱིམ་ནས་སྐུང་དུ་བཅུག་སྟེ་གསང་སྟབས་ཀྱིས་མཚམས་ལ་སྡོད་པའི་སྐབས་སུ་སྡེ་བའི་གཞུང་ཞབས་པ་མི་གསུམ་གྱིས་གོང་རིམ་ལ་ཞུ་གཏུག་བྱས་ཏེ། དགེ་བཤེས་དང་ལྷན་དུ་འཛིན་བཟུང་སྒོས་སྐྱོན་བརྗོད་ངོས་ལེན་བྱེད་དུ་བཅུག་པ་དང་། བསྙེན་ཁང་དུ་ཡོད་པའི་སྐུ་གསུང་ཐུགས་རྟེན་འབོར་ཆེན་ལས། རྣམ་ཐར་ལོ་རྒྱུས་ཀྱི་སྐོར། རྒྱུན་སྤྱོད་ཞལ་འདོན་གྱི་སྐོར། དཀར་ནག་རྩིས་ཀྱི་སྐོར། ཐང་ག་དང་ཙ་ཀའི་སྐོར། རྒྱུན་སྤྱོད་ཕྱག་ཆའི་སྐོར། རྟེན་སྐལ་སྣ་ཚོགས་བཅས་མི་ལྔ་ཡིས་འཁུར་ཏེ་མི་དམངས་ཀུང་ཧྲེའི་ནང་སྤྲད་པ་རྐྱེན་བྱས་ཏེ་འཇིག་སོང་། ཁོང་གི་བུ་ཚག་ལོ་ཟེར་བ་ནི་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་ཀྱི་སློབ་མ་ཡིན་ཞིང་། ལྟ་བ་དང་རྟོགས་པ་ཧ་ཅང་མཐོ་བོ་ཡོད་རྐྱེན་ཆོས་རྗེས་ཁོང་ལ་ཕྱག་འཁོར་གསེར་བྲིས་མ་ཞིག་ཀྱང་གནང་མྱོང་། དེ་ནི་ད་ལྟ་ཡང་མཇལ་དུ་ཡོད། ཚག་ལོའི་བུ་ནི་ནམ་མཁའ་ཡེ་ཤེས་ཡིན་ཞིང་ཕ་ཤུལ་བུ་ཡིས་ཟིན་པའི་སྐྱེས་ཆེན་དམ་པ་ཞིག་ཡིན་པར་ཁོ་བོའི་ཡབ་ཆེན་གྱིས་རྒྱུན་པར་སྨྲ་ཞེས་བདག་ལ་གསུངས། དེའི་བུ་ནི་སྙིང་ལྕགས་ཟེར་བ་ཡིན་ཞིང་། དེའི་བརྒྱུད་འཛིན་གྱི་དཔོན་ནི་སྙིང་རྒྱལ་བྱམས་ཡིན་ནོ།།

(ཁོང་གི་འཁྲུངས་གཞིས་ནང་དུ་རྩོམ་པ་པོར་རང་གི་མི་ཚེའི་བྱུང་བ་བརྗོད་པའི་སྐབས།)
གཉིས་པ། སྐུ་སྐྱེས་མཛད་དེ་ཀློག་སློབ་པའི་དགེ་རྒན་བསྟེན་ཅིང་བསྙེན་སྒྲུབ་ལས་གསུམ་གྱི་གཞི་བཟུང་བ།
   སྒྲུབ་གཤེན་དམ་པ་སྙིང་རྒྱལ་བྱམས་ལགས་ནི། རེབ་གོང་གསེར་མོ་ལྗོངས་ལས་ཧོར་སྙན་བཟང་རུ་ཞོལ་མ་སྡེ་བར་བོད་རབ་བྱུང་བཅུ་དྲུག་པའི་ནང་སྟེ། སྤྱི་ལོ་1926ལོར་རིགས་རུས་ཕུན་སུམ་ཚོགས་པ་རྒྱ་ཡེ་ཚང་ཞེས་གསང་སྔགས་རིག་པ་འཛིན་པའི་བོན་བརྒྱུད་ཟམ་མ་ཆད་པའི་རྒྱུད་དུ། ཡབ་འཕགས་པ་རྒྱལ་དང་། ཡུམ་སྣར་མ་བྱམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁུ་བོ་རིན་པོ་ཆེ་རྒྱ་ཡེ་ནམ་མཁའ་མཆོག་གི་མདུན་ནས་ཡི་གེ་འབྲི་ཀློག་དང་འདོན་དབྱངས་རྟ། བཅའ་ཕྱག་ལེན། འབུད་བརྡུང་རོལ་མོ་སོགས་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱ་དང་། སྙན་བཟང་བོན་མང་གི་ཕྱག་ལེན་ཀུན་ལ་མཁས་པར་བསླབས། བཀྲ་ཤིས་འཁྱིལ་དགོན་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ། དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་ཀླུ་ཕྱུག་ཚང་གི་མདུན་ནས་དག་ཡིག་མཁས་པ་དགའ་བསྐྱེད་སོགས་སུམ་རྟགས་སྐོར་ལ་སློབ་གཉེར་མཛད་ཅིང་། ད་ལྟའི་བར་རྒྱུན་བསྐྱངས་པའི་བྲིས་རྒྱུན་ཡང་བཤེས་གཉེན་ཁོང་གི་བྲིས་རྒྱུན་ལགས། སྐབས་དེ་དུས་ཧོར་སྙན་བཟང་ཕྱོགས་ཀྱི་བོན་གཤེན་མང་ཤོས་ཤིག་ཁོང་གི་སྐུ་མདུན་དུ་སོང་སྟེ་བོད་ཡིག་གི་རྨང་གཞིའི་ཤེས་བྱར་སྦྱོང་བ་བྱེད། རང་ལོ་བརྒྱད་ནས་བཟུང་སྟེ་ཁུ་བོ་རིན་པོ་ཆེ་རྒྱ་ཡེ་ནམ་མཁའ་ཚང་གི་མདུན་ནས་བསླབ་པ་སློབ་གཉེར་གྱི་དབུ་ཚུགས་ཤིང་། རང་ལོ་དགུ་སྟེ་ལོ་གཅིག་གི་ནང་ལ་ཚོགས་འདོན་སྐོར་གྱི་བསང་དང་བསྐང་བ། སྐྱབས་འགྲོ། ཀུན་བཟང་། ཕྱག་བཞེས་སོགས་སྦྱངས་ཚར། དགུང་ལོ་དགུ་ནས་བཅུ་གཅིག་གི་བར་དུ་ཚོ་བའི་ཁྲོད་ནང་དམེ་ཞིག་བྱུང་བའི་དབང་གིས་མུ་མཐུད་དུ་སློབ་སྦྱོང་བྱེད་མ་ཐུབ། རང་ལོ་བཅོ་ལྔ་ནས་བཟུང་སྟེ། མུ་མཐུད་དུ་སྦྱངས་པ་བྱས་ཏེ་རང་ལོ་བཅུ་བདུན་གྱི་བར་དུ་འདོན་པ་ཡོངས་སུ་རྫོགས། དུས་རྒྱུན་ཟོག་རྫི་སོགས་བྱེད་དུས་རི་མགོར་དཔེ་ཆ་འཁྱེར་ནས་འགྲོ་རྒྱུར་དགའ་ཞིང་། སྔོན་འགྲོའི་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ། ཁྲིད་ཡིག་དམར་མོ་མཛུབ་ཚུགས། ཚུལ་ཆེན་ལམ་རིམ་དང་རྒྱལ་དབང་ལྔ་བའི་དབྱངས་ཅན་དགྱེས་གླུ་སོགས་ཚར་གཉིས་གསུམ་རེ་བཀླགས་ཤིང་དཔེ་ཀློག་གི་གོམས་གཤིས་ཇེ་བརྟན་དུ་བཏང་། དཔོན་གྱི་བརྒྱུད་གྲིམ་བཟང་བ་དང་། གཏོར་མ་བཅའ་ཐབས་སོགས་ལག་བདེ་བའི་སྟབས་ཀྱིས་སྐུ་རིམ་ཆེ་མ་ཆུང་གསུམ་གང་ལའང་འགྲོ་དགོས་པ་ཞིག་ཏུ་གྱུར། ལོ་དེར། ཧོར་ནག་གཞུང་ལ་གེགས་རྐྱེན་ཞིག་བྱུང་བའི་དབང་གིས་ཉིན་སྐོར་གྱི་ཁང་བ་བཞི་ཞག་མ་གཅིག་ལ་མེས་འཚིགས་སྟབས། ས་གནས་བོན་གཤེན་རྒན་པ་ཚོ་དང་མཉམ་དུ་ཐེངས་དང་པོར་གྲོང་ཆོག་ཏུ་སོང་སྟེ་སྐུ་རིམ་ཆེན་པོ་ཞིག་གི་ནང་ཞུགས་ཤིང་། སྤྱི་འདུལ་གྱི་སྒོ་ནས་འདུལ་བརྒྱབ་ཏེ་དྲག་པོའི་སྦྱིན་སྲེགས་བླུགས། སྡེ་བའི་གཞུང་ལ་དེ་ལྟ་བུའི་སྐུ་རིམ་མང་པོ་བཙུགས་མྱོང་།  རང་ལོ་ཉི་ཤུའི་སྟེང་ཁོང་གི་དགེ་རྒན་རྒྱ་ཡེ་ནམ་མཁའ་ཡེ་ཤེས་ཚང་སྐུ་གཤེགས་པ་དང་། དགུང་ཞག་ཞེ་དགུ་ཚང་མ་ཚང་གི་བར་དེར། ཁོའི་ཚབ་ཏུ་ཤ་སྦྲང་གི་ཁྱིམ་ཚང་ཞིག་ལ་ཆུང་སྲི་ཞིག་གིས་གནོད་པའི་དབང་གིས་དེ་འཛིན་དུ་སོང་། སྤྱིར་བཏང་། ནད་རིགས་བཞི་བརྒྱ་རྩ་བཞི་དང་གདོན་རིགས་སུམ་བརྒྱ་དྲུག་ཅུ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གསུངས་པ་བཞིན། ཤ་སྦྲང་གི་གྲོང་ཆོག་དེ་ནི་གདོན་རིགས་སུམ་བརྒྱ་དྲུག་ཅུ་ལས་སྲི་ཡི་སྐོར་ཡིན་པ་དང་། སྲི་ལ་ཡང་། ཆེ་སྲི་དང་ཆུང་སྲི། དར་སྲི། གཞོན་སྲི། ཐབ་སྲི་སོགས་མང་། དུས་དེ་ནས་བཟུང་སྟེ་རང་མགོ་ཐུབ་པ་བྱུང་སྟེ་ཕྱོགས་ཡར་མར་ལ་གྲོང་ཆོག་ཏུ་སོང་། རང་ལོ་སོ་གཉིས་ཀྱི་སྟེང་དུ་ང་བརྒྱད་དང་རིག་གསར་སོགས་བསྟུད་མར་ཐོན་པས་སློབ་སྦྱོང་བྱེད་མ་ཐུབ་ཅིང་། ན་བ་ཡང་རྒྱུན་མི་ཆད་པ་ཞིག་བྱུང་བས་ཆོས་སྒོ་འབྱེད་རག་བར་དུ་སློབ་སྦྱོང་སོགས་མཚམས་ཆད། ཡིན་ཡང་། སྐབས་དེ་དུས་ཧོར་ནག་གཞུང་འདིར་བྱ་བ་ཅི་བྱེད་ཀྱང་ཆོས་ལུགས་ལ་དད་པ་བྱེད་མི་ཉན་པའམ་བྱེད་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཀྱང་། ཆོས་དད་མང་ཚོགས་ཁག་ཅིག་གིས་རུས་དཔོན་དུ་བསྟེན་པའམ་བྱིས་པ་སོགས་ཀྱི་ན་བ་གསོ་བ། བྱིས་པར་མིང་འདོགས་པ། སྲུང་འཁོར་སྣ་ཚོགས་བཟོ་བ། བཀའ་བསྒོ་སོགས་མཚན་གྱི་གོ་སྐབས་སྤྱད་ནས་འབད་འབུངས་བྱས་པ་དང་། ཁ་བཏོན་དགེ་སྦྱོར་གྱི་བྱ་བ་གང་ཐུབ་ཐུབ་ཅིག་བྱས། སླར་ཆོས་སྒོ་ཕྱེས་མ་ཐག་སྟོང་ཆེའི་དཔོན་ལྕགས་རྟ་འབུམ་དང་། རུ་ཞོལ་མའི་དཔོན་ཨ་ལོ། དཔོན་མཁར་བྱམས་རྒྱལ། རུ་གོང་མའི་སེར་བ་འགོག་མཁན་དཔོན་ཤ་བོ་དང་དཔོན་ཀུན་ཐར་རྒྱལ། སོགས་ལ་གཟེ་མའི་ཆོས་ཐོགས་ཤིག་གི་ནང་རང་རང་གི་དད་ལྡན་མང་ཚོགས་རྣམས་ལ་བདག་གྱིས་ཞེས་སོ་སོར་སྤྲད་ཅིང་། སྔོན་ཆག་ལུས་ཐེབས་པ་དག་ལ་ཁ་སྐོང་དང་བསྐང་བཤགས་བཏོན་པ་མ་ཟད། བསྟུད་མུར་བསྙེན་མཚམས་ལ་བཞུགས། སྲིད་ཇུས་ལྷོད་ཡང་བྱུང་བ་ནས་བོན་ཕྲུག་སློབ་ཚོགས་བསྐྱངས་པ་དང་། སྙན་བཟང་བོན་མང་གི་སྒྲུབ་མཆོད་དག་གི་ཕྱག་ལེན་ཀ་དག་ཡང་དག་ཏུ་བྱས་པ་མ་ཟད། གར་འཆམ་སླར་གསོ་དང་འཆམ་ཡིག་འཐུས་ཚང་དུ་བཏང་སྟེ། ཡུལ་རེབ་གོང་གི་དམངས་ཁྲོད་རིག་གནས་ལས་གསང་བ་སྔགས་ཀྱི་བསྟན་པའི་སྲོག་ཤིང་ལྟ་བུར་ཆགས།

གསུམ་པ། མཚན་ལྡན་བླ་མར་མཇལ་ཞིང་དབང་ལུང་ཁྲིད་གསུམ་ཞུས་ཏེ་ཉམས་ལེན་གྱི་གནད་ཕིགས་པ།
སྔ་ཕྱིར་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཚང་དང་། མཁས་དང་གྲུབ་པའི་དབང་ཕྱུག་སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་རིན་པོ་ཆེ། བོན་བརྒྱ་གྲུབ་དབང་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ། མཁས་དང་གྲུབ་པའི་དབང་ཕྱུག་སྐྱབས་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ༧དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ། ཀུན་མཁྱེན་ཤར་རྫ་བའི་དངོས་སློབ་སྒོ་དམར་བསྟན་པ་དཀོན་མཆོག་རིན་པོ་ཆེ། སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་སོགས་རྩ་བའི་བླ་མར་བསྟེན་ནས་དབང་ལུང་ཁྲིད་གསུམ་ཞུས་པ་དང་། འདོན་དབྱངས་རྟ་དང་བཅའ་ཕྱག་ལེན་སོགས་ཀྱི་འཆད་ཉན་དང་། སྔོན་འགྲོ། དངོས་གཞི། འཕོ་བ། ཡི་དམ་ལྷ་ཡི་བསྙེན་སྒྲུབ་སོགས་ལ་གཞོལ་ནས་ཀུན་བཟང་རྒྱལ་བ་འདུས་པའི་བསྙེན་ཆེན་དང་། དབལ་གསས་ཀྱི་བསྙེན་ཆེན་གསུམ། གེ་ཁོད་ཀྱི་བསྙེན་ཆུང་། ཆུ་མིག་གཉན་ཁྲོད། ལ་བརྒྱ་གཅོད་བརྒྱ་སོགས་ཀྱི་ཉམས་ལེན་མཐར་ཕྱིན་པར་མཛད། ཧོར་ནག་གསང་ཆེན་སྨིན་གྲོལ་དཔལ་ལྡན་གླིང་གི་ཉམས་གསོའི་སྐབས། རྟེན་བཞེངས་སོགས་གང་ཐད་ནས་གཙོ་འགན་བཞེས་ཏེ་བསྟན་པ་སྐུ་ཡི་དཔེའུ་ཙེ་དང་བསྒྲགས་པ་གསུང་གི་དཔེའུ་ཙེ། སྒྲུབ་པ་ཐུགས་ཀྱི་དཔེའུ་ཙེ་རྣམ་པ་གསུམ་གྱིས་གསང་སྔགས་ཨ་དཀར་ཐེག་པའི་བསྟན་པ་སྤེལ། ཧོར་ནག་གསས་ཁང་གསང་ཆེན་སྨིན་གྲོལ་དཔལ་ལྡན་གླིང་ནས་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཚང་གིས་ཟླ་གཅིག་གི་རིང་ལ་བན་བོན་རིས་མེད་ཀྱི་སྐྱ་སེར་ཐམས་ཅད་ལ་དབང་ལུང་གནང་མྱོང་ཞིང་རེབ་གོང་བོན་མང་གི་ནང་ན་ཁོང་གཅིག་པུ་མ་གཏོགས་དབང་ལུང་དེ་ཐོབ་ཡོད་མཁན་མེད། རིག་གསར་གྱི་རླུང་འཚུབ་དྲག་པོའི་ནང་མཚན་གྱི་དུས་ཚོད་བེད་སྤྱད་ནས་རང་གི་སློབ་མ་རྣམས་ལ་ཟབ་ཁྲིད་ཐེངས་གང་མང་བྱས། ཧོར་སྙན་བཟང་ཕྱོགས་ཀྱི་བོན་གཤེན་ཡོད་ཚད་ཁོང་གི་སློབ་མ་དང་སློབ་བརྒྱུད་དུ་མ་གྱུར་བ་གཅིག་ཀྱང་མེད་ལ། སྙན་བཟང་བོན་མང་གི་དགེ་བསྐོས་ཀྱི་འགན་ལོ་གསུམ་ལ་འཁུར་བ་མ་ཟད། དགུང་ལོ་དྲུག་ཅུར་ཉེ་དུས་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་བླ་མ་ཁྲི་བའི་འགན་བཞེས། དགུང་ལོ་རེ་བདུན་གྱི་གཡས་གཡོན་ཙམ་ལ་བསྟན་དང་འགྲོ་བའི་དོན་ཆེན་ཁུར་དུ་བཞེས་ཏེ་ཨ་འོག་སྡེ་བའི་བོན་གཤེན་རྒན་པ་བློ་བཟང་རྒྱ་མཚོ་ཚང་དང་ལྷན་དུ་བོན་བརྒྱ་དགོན་པར་ཕེབས་ནས་ཟླ་ངོ་ལྔ་ཙམ་གྱི་རིང་ལ་སྒྲུབ་པ་ཉམས་ལེན་བྱས།

(ཧོར་ནག་གསས་ཁང་༧གསང་ཆེན་སྨིན་གྲོལ་དཔལ་ལྡན་གླིང་གི་པར་གསར་རྙིང་གཉིས།)
   ཁོང་གཅིག་པུའི་རིང་ལ་ཧོར་ནག་གསས་ཁང་དཔལ་ལྡན་སྨིན་གྲོལ་གླིང་ཉམས་གསོ་ཐེངས་གཉིས་མཛད་པ་སྟེ། རང་ལོ་ལོ་ཉི་ཤུའི་ནང་དུ་བོན་བརྒྱ་འབྲོག་ཏུ་གསས་ཁང་བསྐྱར་བཞེངས་ཀྱི་དོན་དུ་དཀར་ཐིག་སློང་དུ་སོང་སྟེ། བོན་བརྒྱའི་ཨ་མྱེས་བ་ཡན་གྱི་ལབ་ཙེ་ཐོག་དང་པོར་བསྟོད་པ་དང་དཔའ་མཁར་བརྩིགས་པ། གཏེར་རྒྱག་པ། སྨན་རྩིས་སོགས་ལ་བྱས་རྗེས་ཤིན་ཏུ་ཆེ་བའི་བོན་བརྒྱའི་དཔའ་མཁར་རྒྱལ་ཞེས་པའི་རྒྱུད་འཛིན་དུ་གྱུར་བ་བོན་པོ་སྤྱི་བའི་ནང་སྟེ། བོན་བརྒྱའི་རྒྱ་རྡང་སྡེ་བར་བོན་པོ་ཨ་གཉའ་ཞེས་པའི་མདུན་དུ་གསང་སྔགས་ཉམས་ལེན་དང་ཆོ་ག་ཕྱག་ལེན་གྱི་སྐོར་ནས་དགེ་སློབ་ཀྱི་འབྲེལ་བ་བྱུང་ཞིང་། མན་ངག་ཕུལ་རེས་བྱས་ཏེ་ཕན་ཚུན་སློབ་སྦྱོང་གི་གོ་སྐབས་ཤིན་ཏུ་ཡག་པོ་བྱུང་།  ཕྱིར་ཕ་ཡུལ་དུ་ཕེབས་ནས་ཧོར་ནག་གསས་ཁང་རྙིང་བའི་བསྐྱར་བཞེངས་ཀྱི་ནང་ཞུགས་ཤིང་། རུ་གོང་ཞོལ་གྱི་ཕོ་གསར་རྣམས་ཀྱིས་གསས་ཁང་ནང་གི་ཀ་རིང་ཚོ་བཀྲ་ཤིས་འཁྱིལ་ནགས་གསེང་ནས་བཅད་དེ་འཁུར་ཡོང་ཞིང་། ཤིང་ཆ་དག་རུ་གོང་ཞོལ་གཉིས་ལས་གང་དུ་ཕབ་རྒྱུའི་སྐོར་ལ་རྩོད་པ་བྱུང་མཐར། རུ་ཞོལ་མར་ཕབ་དགོས་བྱུང་བ་དང་། བསྐྱར་བཞེངས་ལེགས་པར་གྲུབ་ཏེ་ཨ་ཁུ་གཡུང་ལྷུན་བདེར་གཤེགས་ཚང་གི་ཐུགས་བཀོད་ལྟར་ནང་གི་རྟེན་བཞེངས་སོགས་ལས་འགན་དང་དུ་བླངས་མྱོང་ཞིང་། གླིང་བརྒྱའི་དབུ་མཛད་ཆེན་མོ་དཔོན་ཀླུ་འབུམ་རྒྱལ་གྱིས་གཤེན་རབ་རྣམ་པར་རྒྱལ་བའི་གཙོ་སྐུའི་འབག་བཞེངས། སླར་ཡང་གསས་ཁང་གསར་བའི་ས་འདུལ་རྨང་འདིང་གི་དོན་དང་ཕྱི་ནང་གི་རྟེན་བཞེངས་ཐད་ནས་སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེའི་སྐུ་མདུན་དུ་ཐེངས་ཁ་ཤས་བཅར་བ་མ་ཟད། བསྟན་ལ་འཚེ་བའི་གེགས་རྐྱེན་ཅི་བྱུང་ཡང་སྐྱབས་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པའི་ཐུགས་རྗེའི་བྱིན་རླབས་དང་། ལོ་ངོ་བཞིའི་རིང་ལ་བསྟན་དོན་དུ་ཉིན་གཅིག་ལའང་ཆག་ལུས་མེད་པར་བསྐང་བ་དང་སྐྱབས་འཇུག་ཞུས་པ། ལྷ་དང་སྲུང་མའི་སྡོངས་གྲོགས་བཅས་ལ་བརྟེན་ནས་རེབ་གོང་བོན་མང་གི་བྱིངས་འདྲེན་ཆེན་མོ་སྐྱིད་རྟིང་གདོང་མགོའི་དཔོན་མཆོད་རྟེན་ཚང་གཙོར་བྱས་བོན་མང་གི་རྒན་པ་སྐོར་ཞིག་དང་མཉམ་དུ་ས་འདུལ་རྨང་གཞི་བཏིང་ཞིང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་སྔར་ལས་ལྷག་པའི་སྒོ་ནས་བསྟན་པའི་གནས་གཞི་བསྐྲུན་པ་དང་། དགའ་བའི་སེམས་ཚོར་ཆེན་པོས་བླ་མའི་མདུན་དུ་བཅར་བ་མ་ཟད། དད་ལྡན་མང་ཚོགས་ཀྱི་རེ་འདུན་ཞུས་པ་བཞིན་ཁྲོ་བོ་གཙོ་མཆོག་གི་དབང་རྒྱས་པ་ཞིག་ཀྱང་གནང་། དགུང་ལོ་དགུ་ཅུ་བཞེས་པའི་བསྐལ་བཟང་ཤར་དུས་རང་གི་རྩ་བའི་བླ་མ་བོན་བརྒྱ་ཐམས་ཅད་མཁྱེན་པའི་སྐུ་དྲུང་དུ་བཅར་བ་དང་། བླ་མ་རིན་པོ་ཆེ་ནས་དགུང་ལོ་དགུ་ཅུའི་བར་དུ་རེབ་གོང་བོན་མང་གི་གདན་ཐོག་ལ་ཁ་མ་བྲལ་བར་སྐུ་འཚོ་བཞེས་གནང་བའི་བོན་གཤེན་ཁྱེད་གཅིག་པུ་མ་གཏོགས་བྱུང་མ་མྱོང་གསུངས་ཏེ། ཐུགས་དགྱེས་པའི་ངང་བཀྲ་ཤིས་ལྷ་དར་དཀར་པོའི་མདངས་དང་བཅས་སྐུ་རྟེན་གཤེན་ལྷ་འོད་དཀར་གཅིག་དང་། གསུང་རྟེན་རྣམ་རྒྱལ་གཟུངས་ཆེན་ཚར་གཅིག། ཐུགས་རྟེན་རྣམ་རྒྱལ་མཆོད་རྟེན་གཅིག། དམངས་སྒོར་སུམ་བརྒྱ་བཅས་རྟེན་གསུམ་གྱི་ལེགས་སྐྱེས་རྩ་ཆེན་པོ་གནང་སྟེ་ལུང་ཟིན་གྱི་སློབ་མའི་ཐུ་བོ་ལྟ་བུར་གྱུར། དེ་ལྟར་ཉིན་རྒྱུན་བཞིན་གསས་ཁང་ལ་སྐོར་བ་བྱེད་པ་དང་ཡི་དམ་ལྷ་ཡི་བསྙེན་འཛབ་ལ་འབད་བཞིན་བཞུགས།

(གཡོན། བོན་བརྒྱ་རིན་པོ་ཆེ་ནས་དགུ་ཅུའི་གོ་སྟོན་དུ་རྟེན་གསུམ་གནང་སྐབས། གཡས། སྐྱང་སྤྲུལ་༧ནམ་མཁའ་བསྟན་འཛིན་མཆོག་དང་ལྷན་དུ་བཞུགས་སྐབས།)
བཞི་བ། གནའ་དཔེ་ཕབ་བཤུ་དང་ངག་ཚིག་ཡི་གེར་བཀོད་དེ་རྗེས་བཞག་བཀའ་བསྒོ་གནང་བ།
   དམ་པ་ཁོང་ལ་གསར་རྩོམ་གྱི་བརྩམས་ཆོས་མང་པོ་མི་འདུག་མོད། དུས་དང་བསྐལ་པའི་དབང་གིས་གནའ་དཔེ་མང་པོ་འབྲི་བཞེངས་དང་། བསྲུང་ཟློག་བསད་གསུམ་གྱི་ཕྱག་ལེན་མ་ནོར་བར་སྐྱོང་བ། ཆོ་གའི་ཡིག་རྙིང་མང་པོ་ཕབ་བཤུའི་ལག་ལེན་བཅས་ཕུན་སུམ་ཚོགས་པ་ཡོད་རྐྱེན། རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་རིག་འཛིན་བྱིངས་ཀྱི་ཁྲོད་ན་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་བཞིན་མངོན་པར་འཚེར་ནས་ཡོད། བྲིས་ལ་བོང་བུའི་ཁེལ་ལྟ་བུ་ཞིག་ཡོད་ཅེས་དམ་པ་ཁོང་གིས་རྒྱུན་པར་སྨྲ་སྟེ། དཔེར་ན། ལྷ་གཉན་ཤེལ་སྒོང་དང་། ཀུན་གྲོལ་ལམ་རིམ། ཁྲིད་ཡིག་དམར་མོ་མཛུབ་ཚུགས། སྡེ་སྣོད་རིན་པོ་ཆེའི་མཛོད་ཀྱི་རྩ་བ། མཁའ་འགྲོ་གསང་གཅོད་ཀྱི་གཞུང་ཆ་ཚང་། ཡི་དམ་དབལ་གསས་ཀྱི་སྒྲུབ་གཞུང་། ཚེ་དབང་བོད་ཡུལ་མ། ནག་མོའི་ཆོ་ག་ཤོག་གྲངས་350ནས་370བར་བྲིས། བསྙེན་ཡིག་གི་སྐོར། གཤེན་གཡུང་དྲུང་བཀྲ་ཤིས་རྣམ་རྒྱལ་གྱི་མགུར། ཚེ་དབང་གཞུང་བཞི་ཞིག་བྲིས་པ་རིག་གསར་ནང་མེར་བསྲེགས། གནའ་རྒྱའི་ཚེ་ལོ། དྲི་མེད་ཀུན་ལྡན། བསྐང་དཔེ། ཚ་གསུར་གྱི་འགྲེལ་བ་ཞིག་བྲིས་ཤིང་དེའི་ནང་བརྒྱ་རྩའི་འགྲེལ་བ་ཡང་ཡོད། བྱམས་མའི་འགྲེལ་བ། བསྟན་གྲགས་དགའ་ལེ་ཞེས་པའི་དགག་རྩོམ་ཡག་པོ་ཞིག་ཕབ་བཤུ་བྱས། སྟོན་དུས་ལོ་ཏོག་བསྡུ་བར་བྲེལ་བ་ཧ་ཅང་ཆེ་དུས་ཤིག་ལ་ནངས་དགོང་གི་དུས་ཚོད་ལ་བསྟུན་ནས་ཀུན་བཟང་ཁ་ཚང་ཞིག་བྲིས། ཀླུ་དབང་རྒྱལ་བོ་ཞིག་ཀྱང་བྲིས། གཏོ་ཁ་ཡ་མཆུ་དང་རྒྱལ་བསེན་སྦྲགས་མདོས་སོགས་བྲིས་མང་པོ་ཡོད་པ་ལས། ལ་ལ་ཞིག་རིག་གསར་ནང་འཇིག་པ་དང་། ལ་ལ་ཞིག་ཁོང་གི་སློབ་མ་རྣམས་ཀྱིས་འཁྱེར་བ། ལ་ལ་ཞིག་གར་སོང་ཆ་མེད་དུ་གྱུར་བ་སོགས་གནས་སྟངས་བྱུང་། ཡ་མཚན་པ་ཞིག་ལ། རིག་གསར་ནང་མེད་བརླག་ཏུ་སོང་བའི་རྟེན་རྙིང་དག་ལས་རུ་གོང་མའི་རྒན་པོ་དབང་གྲགས་མཁར་དང་རུ་ཞོལ་མའི་རྒན་པོ་ཤ་བོ་གཅོད་པ་གཉིས་ཀྱི་བཀའ་དྲིན་ལས། དཔེ་ཆ་སྒམ་གཅིག་མི་དམངས་ཀུང་ཧྲེའི་ནང་ནས་ཐབས་བརྒྱ་ཇུས་སྟོང་གིས་འཁྱེར་ཡོང་སྟེ་ཁོང་གི་ལག་ཏུ་འཕྲོད་པར་བྱས་པས་དྲིན་ཆེ་ཞིང་ལན་རིང་བའི་རྒྱུ་མཚན་རྒྱུན་པར་གླེང་། བོད་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་སྤྲེལ་གྱི་ལོ་སྟེ་སྤྱི་ལོ་2004ལོར་རིག་འཛིན་གོང་མའི་ཕྱག་ལེན་མ་ནོར་བར། མདོ་སྨད་བྱང་ཁའི་རྒྱུད་ཀྱི་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་སྒྲུབ་ཆེན་ཁག་གི་འགྲོ་ལུགས་ངོ་སྤྲོད་མདོར་བསྡུས་དང་། སྙན་བཟང་བོན་མང་གི་སྒྲུབ་ཆེན་ཁག་གི་འགྲོ་ལུགས་ངོ་སྤྲོད་བསྡུས་པ། སྙན་བཟང་རུ་གོང་ཞོལ་གྱི་གསུམ་པའི་གཟེ་མའི་འགྲོ་ལུགས་ངོ་སྤྲོད་མདོར་བསྡུས་བཅས་ཁོང་གི་སློབ་མར་གྱུར་བ། རེབ་གོང་བོན་མང་གི་དྲུང་ཡིག་ཆེན་མོ་སྙན་བཟང་བསོད་ནམས་གཡུང་དྲུང་ལགས་ལ་བཤད་ཅིང་ཡི་གེར་བཀོད་དེ། ཨཀྟ་རོང་གི་སྒྲུབ་སྡེ་ཞེས་པའི་དེབ་ཆུང་གནད་བསྡུས་ཤིག་ཡོད་པར་བཀོད།

(དམ་པ་ཁོང་གིས་བཤད་ཅིང་དྲུང་ཆེ་བསོད་ནམས་གཡུང་དྲུང་གིས་ཡི་གེར་བཀོད་པའི་དེབ།)
   ནམ་རྒྱུན་ཁོང་དང་མཇལ་དུས། ཁོང་གི་སྐྱེ་ཁུངས་གླེང་བར་དགའ་ཞིང་། རེབ་གོང་སྟོང་ཆེའི་སྡེ་བ་འདིར་བརྩེ་འདང་ཤིན་ཏུ་ཆེ་བ་མ་ཟད། བླ་མ་ཁྱུང་མོ་ཚང་དང་འབྲེལ་བའི་དམངས་ཁྲོད་ཀྱི་གཏམ་རྒྱུད་དང་ཕྱག་ལེན་སོགས་གླེང་། སྙན་བཟང་བོན་མང་གི་སྒྲུབ་མཆོད་དག་གི་ཕྱག་ལེན་ནི་སྔར་སྲོལ་ལྟར་ན་ཁྲི་ཀའི་ཁྱུང་མོ་དགོན་པར་གཏུག་དགོས་ཚུལ་གྱི་ལོ་རྒྱུས་མང་པོ་བཤད་ཡོང་། དེའི་དོན་ནི་སྲུང་མ་སྲིད་རྒྱལ་དྲེའུ་དམར་བསྟེན་མཁན་མང་པའི་ཤུགས་ལས་རྟོགས་ཐུབ་པ་ཡིན་ཞེས་ངག་ཚིག་ཟབ་མོ་གནང་ཞིང་། ལྷག་པར་ཏུ། སོག་བཙུན་སྟོན་པའི་ས་ཡིག་གི་ནང་དུ། ཧོར་ནག་ས་ཆའི་དབྱིབས་ལྟར་ན་སྟག་བཞིའི་ཁ་ཕྱོགས་བཞིར་འཁོར་ཡོད་པའི་ཚིགས་བཅད་ཅིག་ཡོད་པ་བློ་ངོ་ནས་བཏོན་ཞིང་། དེ་མ་ཐག་ཡི་གེར་བཀོད་པ་ནི་འདི་ལྟ་སྟེ། བྲག་སེར་མིན་དང་སྟག་སེར་ཡིན།། སྟག་སེར་ཁ་འདུལ་ནུབ་ལ་འཁོར།། དཔའ་གདོང་མིན་དང་སྟག་གདོང་ཡིན།། སྟག་གདོང་ཁ་འདུལ་བྱང་ལ་འཁོར།། སྟག་ཤར་མིན་དང་སྟག་སྐྱ་ཡིན།། སྟག་སྐྱ་ཁ་འདུལ་ཤར་ལ་འཁོར།། ས་སྟག་མིན་དང་སྟག་དམར་ཡིན།། སྟག་དམར་ཁ་འདུལ་ལྷོ་རུ་འཁོར།། ཅེས་སྟག་མདོག་མི་འདྲ་བ་བཞིའི་ཁ་འཁོར་ཕྱོགས་དང་། ཐ་དཀར་མིན་དང་དཔྱངས་དཀར་ཡིན།། དཔྱངས་དཀར་ཡོལ་བ་འཐེན་འདྲ་ཡིན།། རྟ་གདོང་མིན་དང་འོ་དོང་ཡིན།། འོ་དོང་འོ་མའི་རྒྱ་མཚོ་ཡིན།། ཞེས་སྟོང་ཆེའི་གཡས་གཡོན་གྱི་ས་མིང་བསྡུས་ཡོད་པ་འདི་དག་ལོ་རྒྱུས་ས་དཔྱད་རིག་པའི་ཐོག་ནས་བལྟས་ན་རིན་ཐང་ཆེན་པོ་ལྡན་ངེས་སོ།། ས་ཡིག་དེར་བླ་མ་ཁྱུང་མོའི་ལྷ་སྡེ་རུ་གྱུར་བའི་ཧོར་ནག་སྟོང་ཆེ་དང་བཅས་པའི་ས་ཆའི་ཆགས་དབྱིབས་བསྡུས་ཡོད་ངེས་མོད། ཡིད་ཕངས་པ་ཞིག་ལ་ངག་ཐོག་གི་ཁ་རྒྱུན་ཙམ་ལས་ཡིག་རྙིང་དེ་ད་ལྟའི་བར་མཇལ་རྒྱུ་མ་བྱུང་། གཞན་ཡང་། རིག་གནས་གསར་བརྗེའི་སྐབས་སུ་ཧོར་ནག་བོན་པོ་དཔོན་བྱམས་པ་རྒྱལ་གྱིས་བསྟད་པའི་གསའ་ལུང་སྒང་རྒྱུད་ཀྱི་སྐྱ་ལིའི་ལབ་ཙེ་དེ་ལ་ཆག་འཇིག་ཐེབས་པ་དེ། 1982ལོར་རང་ས་རང་བདག་དང་སྲིད་ཇུས་སླར་གསོའི་སྐབས་དང་བསྟུན་ནས་ནང་གི་སྲོག་ཤིང་བྲིས་ཤིང་། གསའ་ལུང་སྒང་རྒྱུད་ཀྱི་སྐྱ་ལི་ལབ་ཙེ་སླར་ཡང་བསྟད་དེ་གཏེར་བརྒྱབ།  སྐྱ་ལིའི་ལབ་ཙེ་ཐོག་མར་བསྟོད་མཁན་ནི། གཡོན་རུ་བསོད་ནམས་སྟོབས་རྒྱས་ཀྱི་བུ་མོ་རིན་ཆེན་སྐྱིད་ཀྱི་བུ་སྐྱབས་ལོ་ཚེ་རིང་ཞུ་བ་ཡིན་ཞིང་། མིང་གཞན་ལ་སྐྱ་ལིའང་ཟེར། ཁོང་ལ་ཕ་ཤུལ་བུ་ཡིས་འཛིན་པའི་སྐྱེ་རྒྱུད་མེད་སྟབས། ཧོར་ནག་གི་སྒྲུབ་གཤེན་སྐད་གྲགས་ཅན་དཔོན་བྱམས་པ་རྒྱལ་ལགས་ཞུས་ཏེ་ལབ་ཙེ་བསྟད་ཅིང་། འཕྲོད་པར་གྱུར་ནས་བུ་དགུ་སྐྱེས་སྟབས། ད་ལྟའང་སྐྱ་ལི་བུ་དགུ་ལབ་ཙེ་ཞེས་འབོད་ཅིང་། རེབ་གོང་ཧོར་ནག་གི་གཞོང་དང་གཡོན་རུ་བ་རྣམས་ཀྱིས་ལབ་ཙེ་འདིར་སོང་སྟེ་བུ་སློང་སྲོལ་ཆགས་ཡོད། ལབ་ཙེ་དེ་བསྟད་པའི་སྐུ་ཡོན་དུ། དཔོན་བྱམས་པ་རྒྱལ་ལ་གསའ་ལུང་ཉིན་གྱི་གདོང་ཁ་ར་གསུམ་ཏེ། ཧི་ལན། ན་རན། ཕྲིས་ཁ་སོགས་ཕུལ་བ་མ་ཟད། གཡོན་རུ་བ་རྣམས་མཚོ་སྔོན་པོའི་ཕྱོགས་སུ་མཆེད་དུས་ཀྱང་ལབ་ཙེ་དེའི་བདག་སྐྱོང་གི་བྱ་བར་བཅོལ་གདམས་ཟབ་མོ་གནང་། དེ་ལ་བརྟེན་ནས་ཧོར་སྙན་བཟང་གི་མི་སེར་རྣམས་ཀྱིས་གསའ་ལུང་རི་བོའི་ཉིན་ཕྱོགས་སུ་ཕྱུགས་ཟོག་འཚོ་སྐྱོང་དང་ཤིང་ཆ་གཅོད་ལེན་སོགས་བྱ་བ་ཅི་བྱེད་ཀྱང་ཐེ་གཏོགས་མེད་པ་ཞིག་ཏུ་ཆགས་ཤིང་རང་ས་རང་ཡུལ་དུ་གྱུར།   ད་ལྟའི་བར་དུ་བདེ་ཞིང་སྐྱིད་པའི་ཉི་མ་ཤར་བ་མ་ཟད། ལོ་བསྟུད་མུར་ཧོར་ནག་རུ་གོང་ཞོལ་གྱིས་སྒང་འདིར་ལབ་ཙེ་ཤུགས་དྲག་བསྟོད་པ་ཡིན། དེ་ལྟར་སྐྱ་ལིའི་ལབ་ཙེ་སླར་གསོའི་ཐད་ནས་ཀྱང་བྱས་རྗེས་ཆེན་པོ་བཞག་ཡོད་སྟབས། ཧོར་ནག་མང་ཚོགས་ལ་སྐུ་དྲིན་ཤིན་ཏུ་ཆེ་བ་ཡིན་ནོ།།
(དཔོན་བྱམས་པ་རྒྱལ་གྱིས་བསྟད་ཅིང་དཔོན་སྙིང་རྒྱལ་བྱམས་ཀྱིས་རིག་གསར་ཚུན་སླར་གསོ་བྱུང་བའི་གསའ་ལུང་སྐྱ་ལིའི་ལབ་ཙེ།)
ལྔ་བ། སྒྲུབ་པ་མཐར་ཕྱིན་བྱུང་སྟེ་མི་རྟག་གནས་ལུགས་སྟོན་བཞིན་ཐུགས་དམ་དབྱིངས་སུ་གཤེགས་པ།
   བོད་ས་ཕོ་ཁྱི་ཡི་ལོ་སྟེ། སྤྱི་ལོ་ཉིས་2018ལོའི་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་རྒྱ་ལོའི་སྨོན་ལམ་སྒྲུབ་ཆེན་ནམ། དཔྱིད་ཆོས་ཆེན་མོ་ཧོར་སྙན་བཟང་ཡུལ་ཚོའི་གསང་ཆེན་དཔལ་ལྡན་སྨིན་གྲོལ་གླིང་དུ་རྒྱ་ལོའི་ཚེས་ལྔ་ཉིན་འཚོགས་སྐབས་དར་དཀར་པོ་ལག་ཏུ་ཐོགས་ཏེ་ཕྱོགས་སོ་སོ་ནས་ཕེབས་པའི་གོས་དཀར་ལྕང་ལོ་ལྡན་པའི་སྔགས་འཆང་སྒྲུབ་གཤེན་གྱི་ཆས་སུ་ཞུགས་པའི་སྡེ་ཁག་རེས་མོས་སུ་ཕེབས་བསུ་བྱེད་པའི་ནང་ཞུགས་ཤིང་། ཡར་འཚོགས་ལ་ཕེབས་ཏེ་རིག་འཛིན་འདུས་པ་རྒྱ་མཚོའི་ཚོགས་དབུར་བཞུགས། ཚེས་དྲུག་ཉིན་ལྟ་བ་དང་ཚེས་བདུན་ཉིན་གར་འཆམ་ཡིན་པ་སྟེ། ཉིན་འདི་དག་ལ་སྒྲུབ་པ་ལྷུར་ལེན་པའི་སྒོ་ནས་ཆག་ལུས་མེད་པར་སྒྲུབ་མཆོད་ནང་ཞུགས་ཤིང་། རང་གི་སློབ་མ་རྣམས་ལ་གཏོར་མ་བཅའ་ཐབས་དང་ཆོ་ག་ཕྱག་ལེན་ཡང་དག་པ་ཡོང་དགོས་པའི་ཟབ་གདམས་གནང་བ་དང་། གར་འཆམ་ཆེན་མོའི་སྐབས་སུ་ཡང་མང་ཚོགས་ལྟད་མོ་བ་རྣམས་ལ་འགྲིག་ལམ་བཟོ་བ་སོགས་གཞོན་སྐྱེས་དར་མ་ཞིག་གི་ངང་ཚུལ་བཟུང་སྟེ། ཆོས་ཐོགས་གྲོལ་རག་བར་རྒྱུན་བསྐྱངས། ཚེས་བརྒྱད་ཉིན་ཞོགས་པའི་སྐྱེ་རེངས་ཤར་བ་ནས་ཡར་བཞེངས་པ་དང་། སྒྲུབ་པ་མཐར་ཕྱིན་བྱུང་བའི་ཉིན་ཡིན་སྟབས་རྫོགས་རིམ་ལ་ཞུགས་ནས་བོན་གཤེན་རྣམས་རང་སར་ཕེབས་དགོས་པས་བཀྲ་ཤིས་བདེ་ལེགས་ངང་སྐྱེལ་མ་ཞུས་ཤིང་ཆོས་ཐོགས་ལེགས་པར་གྲུབ་ཏེ་ཕྱིར་རང་ཁྱིམ་དུ་ལོག། སྔོན་ཚེ་རྗེ་བཙུན་ཡར་མེ་བ་ཆེན་མོ་བོན་འཆད་པའི་ངང་གཤེགས་སོང་བ་ཡིན་ལ། རྒྱལ་བ་མཉམ་མེད་པ་ཆེན་མོས་ཀྱང་ཁོང་ཡང་དེ་ལྟར་བྱའོ་གསུང་ནས་ཕེབས། ཀུན་མཁྱེན་ཤར་རྫ་བ་ཆེན་མོ་དང་། དབྲ་སྲས་འཇའ་ལུས་པ་ཟླ་བ་གྲགས་པ་སོགས་གསང་སྔགས་བསྐྱེད་རྫོགས་ཟབ་མོ་ལ་མངའ་བརྙེས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོ་དག་གིས་ཀྱང་རྫོགས་པ་ཆེན་པོའི་ལམ་འདི་ལ་བརྟེན་པ་བཤད་ཅི་ལ་འཚལ། དེ་ལྟར། ཁོང་གི་སྐུ་ཚེ་ཧྲིལ་བོར་བསྙེན་པའི་གཞི་མ་སྒོ་དགུ་དང་། བསྒྲུབ་པའི་ཡན་ལག་བཅོ་བརྒྱད། ལས་མཐའ་འཕྱོང་ཆེན་སྡེ་དགུ་སོགས་གསང་སྔགས་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་བོན་མཆོག་སོ་དྲུག་གི་ལུགས་བཟང་རྨ་མེད་པ་བསྐྱངས་མཐར།  རྒྱ་ལོ་ཚེས་དགུའི་ཐོ་རངས་ཀྱི་ཆ་སྟེ། ཆུ་ཚོད་ལྔའི་སྟེང་སྔོན་ཚེ་སྐྱབས་རྗེ་བོན་བརྒྱ་མཆོག་ལ་ཞུས་པ་བཞིན། ང་རང་ཁྱེད་ཀྱི་སྔུན་ཆོད་པར་བྱས་ཏེ་བུད་འགྲོ་ཞེས་པའི་དམ་ཚིག་ལ་གཡེལ་བ་མེད་པར། ངོ་མཚར་བའི་རྟགས་དང་བཅས་ཏེ་ཐུགས་དམ་གཡོ་བ་མེད་པའི་ངང་དགོངས་པ་གཞན་དུ་གཏད་དོ།།
སླར་ཡང་སྨྲས་པ།         བསྙེན་སྒྲུབ་ལས་གསུམ་གསང་སྔགས་ཟབ་མོའི་བོན།།  སྔོན་དངོས་རྗེས་གསུམ་རྫོགས་པའི་རྒྱས་གདབ་སྟེ།།  དཀྱིལ་འཁོར་དབྱེ་བསྡུའི་བཀོད་པ་མཐར་ཕྱུང་ནས།།  གྲུབ་མཆོག་རིག་འཛིན་ཇི་བཞིན་མཁའ་ལ་ལྡིང་།།  སྟོང་ཉིད་སྙིང་རྗེ་རྩ་བར་ཐུགས་བསྐྱེད་ཅིང་།།  ཐིག་ལེ་མཆོག་མའི་སྣང་བ་གར་དུ་རྩེན།།  དཀྱིལ་འཁོར་གསུམ་གྱི་སྣང་བ་རྫོགས་པའི་ངང་།། དབྱིངས་རིག་འོད་གསལ་ཐིག་ལེ་གཅིག་ཏུ་བཟླུམས།།  གདུང་རྟེན་མེ་ལྷར་བཞེན་པའི་རྗེས་ཤུལ་ན།། འདས་རྟགས་ངོ་མཚར་ཨ་ཡིག་རང་བྱོན་དང་།།  ཐུགས་དམ་རང་བསྲེལ་རིལ་བུ་བྱིན་ལྡན་བཅས།། གདུལ་བྱ་རྗེས་སུ་འཛིན་པའི་རྟེན་དུ་བཞུགས།། 
                     ཞེས་པ་འདི་ནི་དམ་པ་ཁོང་གི་ཉེ་ཚན་དང་བུ་སློབ་དག་གིས་བསྐུལ་ངོར། སྙན་བཟང་སུམ་སྐྱེས་ལགས་ཀྱིས་བྲིས་གནང་མཛད་པའི་ཨཀྟ་རོང་གི་སྒྲུབ་སྡེ་ཞེས་པར་གཞི་བཅོལ་ཞིང་། ལོ་ངོ་དུ་མར་ཁོང་གི་སྐུ་མདུན་དུ་དམངས་ཁྲོད་རིག་གནས་འཚོལ་བསྡུ་དང་དག་སྒྲིག་གི་བགྱི་བ་ལྷུར་ལེན་པའི་ན་གཞོན་སློབ་གཉེར་བ་སྙན་བཟང་བྱམས་པས་སྒོ་གསུམ་གུས་པས་སྦྱར་བ་དགེའོ།། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་གྲུབ་ཤོག།།།    ཐ་ཚན་མུ་ཙིག་སྨར་རོ།།                          
2019 ལོའི་ཟླ་ 9 ཚེས་ 23 ཉིན།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།