དབྲ་སྲས་གཡུང་དྲུང་དབང་རྒྱལ།

[ཟླ་ཚེས། 2019-08-14 17:31:58][རྩོམ་པ་པོ། ཉག་ཚེ་དབང་ནོར་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སྐུ་མཚན་དཔེའི་དཀྱིལ་འཁོར་བཀོད་པ་ཅན། །གསུང་ཚངས་དབྱངས་དྲུག་ཅུའི་ང་རོ་ཅན།།

ཐུགས་མཁྱེན་དང་བརྩེ་བའི་བདག་ཉིད་ཅན། །རྗེ་བླ་མ་གཡུང་དྲུང་དབང་རྒྱལ་རྨད།།

   ཅེས་བསྟོད་ཚིག་དོན་དང་ལྡན་པས་མདུན་བསུས་ཏེ་རྩ་བའི་བླ་མ་མཚན་བརྗོད་པར་དཀའ་བ་སུ་ལ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེའི་རྟོགས་པ་ཅུང་ཟད་བརྗོད་ན། དབྲ་སྲས་གཡུང་དྲུང་དབང་རྒྱལ་མཆོག་ནི་གངས་ཅན་བོད་ཀྱི་ཤར་ཕྱོགས།   མདོ་ཁམས་སྨད་ཀྱི་ཡུལ་གྲུ། དབྲ་ཁྱུང་སུ་ལའི་ཡུལ་ལྗོངས།ཉག་སྨད་སྐྱོབ་འབྱིན་སེང་ནག་གི་གནས་ཞོལ།སྒྲེ་བོ་ཞེས་པའི་སྡེ་ཤོག་དེར།བོན་སྲིད་གཉིས་ཀྱི་བདག་པོ་སུ་ལ་ཚང་ཞེས་པའི་གཞིས་ཁྱིམ་ཆེན་པོ་དེར། བོད་རབ་བྱུང་བཅུ་དྲུག་པའི་མེ་གླང་སྟེ་ཕྱི་ལོ་[1936]ལོར་ཡབ་དབྲ་རིགས་ཁོད་སྤུངས་ཀྱི་གདུང་བརྒྱུད་སྐལ་བཟང་ཉི་མ་དང་།ཡུམ་བསོད་ནམས་དཔལ་འཚོ་གཉིས་ལ་ལྕམ་དྲལ་གསུམ་ཡོད་པའི་ཁོང་ནི་འབྲིང་པོ་དེ་ཡིན།ཆུང་ངུའི་དུས་ནས་ཕལ་བའི་བུ་ཆུང་གཞན་དང་མི་འདྲ་བར།དད་གུས་བག་ཡོད་ལྡན་ཞིང་སྐྱེས་ཐོབ་ཀྱི་ཤེས་རབ་རྩལ་ཆེ་བ་སྐྱེས་བུ་དམ་པའི་རང་གཤིས་བཅོས་མིན་དུ་མངའ་བ་ལགས།ནར་སོན་ནས་ཁུ་བོ་དབྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན་མཆོག་དང་།སུ་ལའི་ཕྱག་མཛོད་ཆེན་མོ་ཨ་དངོས་གྲུབ་རྣམ་གཉིས་མདུན་དུ་བོད་ཡིག་གཟབ་གཤར་དང་།ཞང་ཡིག་སྤྲུངས་སོ་ཆེ་ཆུང་།རྒྱ་གར་གྱི་ལཉྫ་དང་ཝཏུ་སོགས་ཡིག་རིགས་གང་བསླབས་པ་རྣམས་ཐོགས་མེད་དུ་མཁྱེན།ཁྱད་པར་ཁོང་རིན་པོ་ཆེ་ནི་སངས་རྒྱས་བྱང་སེམས་ཀྱི་རྣམ་རོལ།སྙིགས་དུས་ཀྱི་འདྲེན་པ་ཆེན་པོ་ཡིན་པར་གཏེར་ལུང་རྡོ་རྗེ་བརྡ་ཚིག་མང་དུ་ཡོད།མཚན་ཡང་རིག་འཛིན་ཀུན་གྲོལ་ཧཱུཾ་ཆེན་འགྲོ་འདུལ་གླིང་པ་དང་དཔལ་ལྡན་ས་སྐྱ་བའི་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་རྣམ་གཉིས་ཀྱིས་ཕྱོགས་སོ་སོར་ནས་ཡི་གེ་ཕུལ་བའི་ནང་དུ།གཡུང་དྲུང་དབང་སྡུད་རྒྱལ་མཚན་དང་གཡུང་དྲུང་དབང་རྒྱལ་ཞེས་གཅིག་མཐུན་དུ་བབ་པས་མཚན་དེ་ལྟར་གསོལ།དགུང་ལོ་བཅུ་གསུམ་བཞེས་སྐབས།སྤྲུལ་སྐུ་ལས་རབ་གླིང་པའི་ཕྱག་ཕུར་གཏེར་སྐལ་གྱི་ཚུལ་དུ་ཉིད་ཀྱི་ཕྱག་ཏུ་གཏད་པ་ཙམ་གྱིས་སྔོན་གྱི་ལས་འཕྲོ་བརྡོལ་བས།གསན་སྦྱངས་ཐོགས་མེད་དུ་ཐུན་མོང་གི་རིག་གནས་དང་གཞུང་ལུགས་རབ་འབྱམས་ལ་མཁས་པའི་དབང་པོར་གྱུར།བྱ་བྲལ་བ་ཆེན་མོ་བྱ་བཏང་ཚེ་དབང་འགྱུར་མེད་མདུན་ནས་གསུང་འབུམ་དུ་མའི་ཁྲིད་ལུང་གསན་མཐར།ཁོང་གི་ན་གཟའ་ཞིག་ཉིད་ལ་གནང་ནས་ཁྱེད་ནི་མཁས་གྲུབ་གཉིས་འཛོམས་ཀྱི་བདག་ཉིད་ཆེན་པོ་བསྟན་འཛིན་སྐྱེས་མཆོག་དམ་པར་ངེས་ཞེས་གསུངས།རྙིང་མ་བ་ཤེས་རབ་རབ་གསལ་དང་ཞལ་མཇལ་བྱུང་སྐབས་ཕན་ཚུན་བོན་ཆོས་ཀྱི་བགྲོ་གླེང་མང་དུ་མཛད་པ་དང་།གསར་རྙིང་གི་མཁན་པོ་དགེ་བཤེས་དུ་མར་བོན་ཆོས་ཀྱི་དྲི་བ་དྲི་ལན་སོགས་བགྲོ་གླེང་མཛད་པས།ཀུན་གྱིས་མགྲིན་གཅིག་ཏུ་བོན་སྤྲུལ་མཁས་པའི་དབང་པོ་ཞེས་བསྔགས་བརྗོད་མཛད།    ང་བརྒྱད་ལོ་རིགས་གསར་ཀྱི་རླུང་འཚུབ་འོག་བགྲང་བྱ་བཅུ་ལ་ཉེ་བར་ཙམ་ཞིག་རྒྱ་ཁྲིམས་འོག་འདུག་དགོས་བྱུང་ནའང་སངས་རྒྱས་ཀྱི་བསྟན་པ་ལ་ཟུར་ཟ་དང་ཁ་སྨད་ཚིག་གཅིག་ཀྱང་བཤད་མྱོང་མེད་ལགས། ད་དུང་བན་དྷེ་ཨ་མྱེ་སྤྲུལ་སྐུ་སོགས་ཀྱིས་ཆོས་ལ་ཁ་སྨད་དང་སྤྱོད་ལམ་འཆལ་བ་ལ་བཀའ་བཀྱོན་དང་བསླབ་བྱ་འོག་བསྟན་པ་ལ་གནས་སྐབས་དར་ནུབ་འོང་རུང་རང་ཉིད་ལྟ་བ་གཏན་ནས་་ལོག་རུང་མ་རེད་གསུང་མྱོང་། དེ་བཞིན་བརྒྱད་ཅུ་ལོ་ནས་གཞན་དོན་འཆད་རྩོད་རྩོམ་གསུམ་ལ་རང་དབང་འབྱོར་བས་གཞུང་ལུགས་མཐའ་དག་ལ་གཞན་དྲིང་མི་འཇོག་པའི་རྣམ་དཔྱོད་ཀྱི་སྨྲ་བའི་ལྗགས་ཡངས་པོར་བསྐྱོད་དེ་སྔ་འགྱུར་བསྟན་པའི་རིང་ལུགས་ཀྱི་གྲུབ་མཐའི་རྐང་ཚུགས་པའི་བཤད་པ་རྒྱ་ཆེར་མཛད་ནས་གསུང་བའི་ལྗགས་རྩོམ་སྐོར་ལ།《སུམ་ཅུ་བའི་དེ་ཉིད་རྣམ་ངེས།》《བརྡ་སྤྲོད་ཤེས་རབ་སྒྲོན་མེ།》《རྟགས་ཀྱི་འཇུག་པའི་རྣམ་གཞག་དོན་གྱི་ལྡེ་མིག》《གསར་སྙིང་ལྟ་གྲུབ་ཤན་འབྱེད་ཀྱི་ཟིན་ཐུན་གནད་ཀྱི་ཟླ་ཟེར་》《ཀློང་རྒྱས་སྔགས་འགྲེལ་བསྡུས་པ》《དབལ་ཕུར་རྩ་བའི་ལྷ་འཛབ་ཀྱི་འགྲེལ་བ》《འབྲུག་གསས་རྩ་སྔགས་ཀྱི་འགྲེལ་བ་བསྡུས་པ》《ཁུ་བོ་རིན་པོ་ཆེ་དབྲ་སྟོན་པཎྚི་ཏའི་རྣམ་ཐར་བསྡུས་པ་ངོ་མཚར་སྣང་བ》《ཁོད་སྤུངས་སུ་ལ་ཚང་གི་གདུང་རབས་རིམ་བྱོན་གྱི་རྣམ་ཐར》དང་། གཞན་ཡི་དམ་དང་སྲུང་མའི་རྒྱུན་ཁྱེར་སྐོར་ལ་《བླ་མའི་རྣལ་འབྱོར་སྔོན་འགྲོ་ངག་འདོན།》《ཡང་ཟབ་ཁྲོས་མ་ནག་མོའི་གསང་སྒྲུབ》《ཡེ་ཤེས་ཕུར་བུ》《མ་རྒྱུད་ཀྱི་ཡི་དམ་ཉམས་ལེན་རྒྱུན་ཁྱེར་ཡེ་ཤེས་རྒྱ་ཅན》《ཡོངས་རྫོགས་བསྟན་པ་རྒྱས་པའི་སྨོན་ལམ》སོགས་དངོས་སུ་མཇལ་ཡུལ་དུ་གྱུར་པ་དང་། གསུང་རྩོམ་འཕྲོ་ཅན་གླེགས་བམ་གྲས་སུ་མ་བཞུགས་པའི་ཤོག་དྲིལ་སྐོར་གྲངས་ལས་འདས་པ་ཡོད། སློབ་མ་ལ་བཤད་པ་ཚིག་དོན་གཉིས་ཀས་རྒྱུད་སྨིན་པ་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་སོགས་མདོར་ན་སྐྱ་སེར་གཉིས་ཀྱི་སློབ་མ་བདུན་བརྒྱ་ལྷག་ལ་བོད་མི་རིགས་ཀྱི་སྐད་ཡིག་གཉིས་སྟེང་ལ་བྱ་བཞག་བློ་ཡུལ་ལས་འདས་པར་བཞག སྣང་ཚུལ་དུ་ཉག་རོང་འབྲུག་མོ་རྫོང་སྲིད་གཞུང་གི་འགོ་ཁྲིད་ལས་འགན་བཞེས་ནས་མི་ལོ་བཅུ་བཞི་ལྷག་ལ་མི་དམངས་ཀྱི་ལས་དོན་དང་ལྷག་པར་དུ་དགོན་སྡེ་སོ་སོའི་ལོ་རྒྱུས་དང་དངོས་རྫས་ཤུལ་བཞག་སྐོར་ལ་གྲུབ་མཐའ་དང་ཆོས་ལུགས་ཀྱིས་འཐེན་ཁྱེར་དུ་མ་སོང་བ་གཟུར་བོ་ལམ་ནས་ངོ་སྤྲོད་བྱས་ཡོད་པ་དེང་སང་མཇལ་ཡུལ་དུ་གྱུར་པ་འདི་ག་ལགས། སྐུ་ཁམས་མི་བདེ་བའི་ཚུལ་གནང་ཚེ་ཞལ་ནས་འཁོར་བ་སྡུག་བདེན་གྱི་ཕུང་པོ་ལ་ཞེན་འཛིན་ཅི་ཡང་མེད་ཅེས་ཡང་ཡང་གསུངས།སྐུ་ཞི་བར་གཤེགས་པའི་སྔ་ཉིན་ཀྱང་མ་རྒྱུད་རྫོགས་རིམ་སྐོར་གྱི་ཡི་གེ་བྲི་བཞིན་པར་བཞུགས་པ་ནི་སློབ་དཔོན་ཡར་མེ་བའི་མཛད་པ་དང་མཚུངས། འདའ་ཁར་རོལ་མོ་སྣ་ཚོགས་ཀྱི་སྒྲ་གྲག་པ་དང་ཐོས་ཆོག་རིན་ཆེན་སྒྲོན་མའི་སྙིང་པོའི་སྒྲ་གྲག་པ་ནི་ཉེ་འཁོར་ལས་དག་པ་རྣམས་ཀྱང་ཐོས་ཚེ།མ་དང་མཁའ་འགྲོའི་བསུ་མ་བྱུང་གསུངས།དགུང་ལོ་རེ་བཞི་བོད་རབ་བྱུང་བཅུ་བདུན་པའི་ལྕགས་འབྲུག་སྟེ་ཕྱི་ལོ་[2000]ལོའི་ཟླ་བ་དང་པོའི་ཚེས་ལྔ་ཉིན་ཞབས་གཡུང་དྲུང་སྐྱིལ་ཀྲུང་ཕྱག་མཉམ་བཞག་བཅས་ཞི་དབྱིངས་སུ་གཤེགས།སྐུ་གདུང་ཞུགས་ལ་བཞེན་སྐབས།དབུ་ཐོད་ལ་མ་རྒྱུད་གསང་མཆོག་གི་སྐུ་གར་སྟབས་སུ་བཞེངས་པ་རང་བྱོན་དུ་བབ་པ་སྐུ་སྲས་ནམ་མཁའ་རྒྱལ་མཚན་ཕྱག་དུ་སོན།གཞའ་འོད་བཀྲ་ཞིང་འབྲུག་སྒྲ་ལྡིང་བ།བྱ་རྒོད་ནམ་མཁའ་འཕུར་ལྡིང་བྱེད་པ་སོགས་ངོ་མཚར་བའི་རྟགས་མཚན་དུ་མ་ཀུན་ཀྱིས་མཐོང་ཡུལ་དུ་གྱུར་པས་དད་གུས་དཔག་མེད་སྐྱེས་སོང་།མདོར་ན་སྐུ་ཚེ་གང་བོར་མི་མངོན་པའི་ཚུལ་དུ་བསྟན་དོན་ཁོ་ནར་སེམས་པ་ལས།ཆོས་བརྒྱད་ཀྱི་ཁྲི་འཕང་མཐོན་པོར་ཞུགས་ནས་རྙེད་བཀུར་སྙན་གྲགས་ལ་དགྱེས་པའི་ཚུལ་ཅུང་ཙམ་མི་མངའ་ཞིང་ཁེངས་སྐྱུང་གིས་དམན་ཚུགས་བཟུང་ནས་སྦས་པའི་རྣལ་འབྱོར་གྱི་ཚུལ་དུ་བཞུགས་པར་རྗེས་སུ་ཡི་རང་གི་གནས་ཁོ་ནའོ།།

                ༢༠༡༧/༡༠/༡༡ཉིན་རྔ་གཡང་ཕྱུག་མོ་ནས་བླ་མ་དྲན་པས་གསོལ་བ་རྩེ་གཅིག་བཏབ་ནས་ཉག་ཚེ་དབང་ནོར་བུའམ་མངའ་ནོར་བུས་སྒོ་གསུམ་གུས་པས་སྦྱར་ཏེ་ཕུལ་བའོ།།   །། ཐ་ཚན་མུ་ཙུག་སྨར་རོ།། །།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།