གཤེན་ཀུན་མཁྱེན་ཡེ་ཤེས་བློ་གྲོས་ཀྱི་མཛད་རྣམ་ངོ་མཚར་ནོར་བུའི་འོད་ཀྱི་ཕྲེང་བ།

[ཟླ་ཚེས། 2019-08-04 22:27:10][རྩོམ་པ་པོ། གཤེན་བཙུན་ཉི་མ་འོད་ཟེར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


དམུ་རིགས་གཤེན་གྱི་གདན་ས་རི་རྒྱལ་དགོན་ཁྲི་བརྟན་ནོར་བུ་རྩེའི་མཁན་རབས་དང་པོ་གཤེན་ཀུན་མཁྱེན་ཡེ་ཤེས་བློ་གྲོས་ཀྱི་མཛད་རྣམ་ངོ་མཚར་ནོར་བུའི་འོད་ཀྱི་ཕྲེང་བ་བཞུགས།

གཤེན་བསྟན་སྲོལ་འཛུགས་ཀུན་སློང་བཟང་པོའི་གདུགས་དཀར་མཁའ་ལ་འཕྱར། །

ངོ་མཚར་ཁྱད་འཕགས་དུ་མས་རྒྱན་བསྟན་བ་དན་ལྷུབ་མོས་སྤུད། །

རླབས་ཆེན་བསྟན་པའི་དར་ཆེན་ཁྲི་བརྟན་ནོར་རྩེར་ལྷུན་པོ་བཞིན། །

རྒྱལ་ཀུན་སྤྱི་གཟུགས་གཤེན་བླ་ཀུན་མཁྱེན་ཡེ་བློ་ཕྱག་གི་ཡུལ། །

  དེ་ཡང་ནང་པའི་གྲུབ་མཐའ་ཐམས་ཅད་མཁྱེན་གཟིགས། རྒྱལ་བ་གཤེན་གྱི་གདན་ས་ཆེན་མོ་དཔལ་ལྡན་དར་སྡིངས་རི་རྒྱལ་དགོན་ཁྲི་བརྟན་ནོར་བུ་རྩེའི་མཁན་རབས་དང་པོ། མཚན་བརྗོད་པར་དཀའ་བའི་སེམས་དཔའ་ཆེན་པོ་གཤེན་ཀུན་མཁྱེན་ཡེ་ཤེས་བློ་གྲོས་འདི་ཉིད་ཀྱི་སྐུ་སྐྱེ་བ་སྔ་མ་རྣམས་ཀྱི་མཛད་སྤྱོད་རྣམས་བདག་ཅག་བློ་ཡིས་དཔོག་པར་མི་ནུས་ཤིང་། དམུ་རིགས་གཤེན་གྱི་གདུང་སྲས་སུ་འཁྲུངས་པ་ཕན་ཆད་དུ། གཤེན་ཀུན་མཁྱེན་ཆེན་པོ་ཡེ་ཤེས་བློ་གྲོས་ཀྱིས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་འགྲོ་སྤྱི་དང་སྒོས་སུ་དམུ་རིགས་གཤེན་གྱི་གདན་སར་གཞན་ལས་ལྷག་པའི་མཛད་པའི་འཕྲིན་ལས། ཕྱི་ནང་གང་ལ་ཡང་མཁྱེན་དགོངས་དགོས་འདོད་ཀུན་འབྱུང་གི་ནོར་བུ་ལྟ་བུ་ཞིག་བྱོན་པས་དེའི་བཀའ་དྲིན་སྙིང་ཁོངས་ནས་མི་དོར་བ་དང་། དད་པའི་བ་སྤུ་གཡོ་བཞིན་པར་ཕྱི་རབས་སྐལ་ལྡན་རྣམས་ཀྱི་དོན་དུ། མཆོག་གི་རྣམ་ཐར་མཐོང་བ་དང་། ཐོས་པ་དང་། རྟོགས་པའི་ཚུལ་མདོ་ཙམ་ཞིག་ཡི་གེར་འགོད་པ་ལ། བླ་མ་དམ་པ་རྣམས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། གཤེན་ཀུན་མཁྱེན་ཆེན་པོ་དེའི་མཛད་ཚུལ་ལ་ཡང་ཐུན་མིན་རྣམ་ཐར་དང་ཀུན་ལ་གྲགས་པ་ཐུན་མོང་གི་མཛད་པ་གཉིས་ལས། 

དང་པོ། ཐུན་མོང་མ་ཡིན་པ་བཀའ་གཏེར་གྱི་ལུང་དང་རིགས་པས་གྲུབ་ཚུལ།

  ཐུན་མོང་མ་ཡིན་པ་བཀའ་གཏེར་གྱི་ལུང་དང་རིགས་པས་གྲུབ་ཚུལ་ནི། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་གདུལ་བྱ་འདུལ་བྱེད་ཀྱི་རིག་འཛིན་སེམས་དཔའ་རྣམ་གསུམ་དུ་བྱུང་བའི་ནང་མཚན་ཀུན་མཁྱེན་ཆེན་པོ་གཤེན་སྟོན་ཡེ་ཤེས་བློ་གྲོས་ཉིད། བསྟན་འགྲོའི་དོན་དུ་བསམ་བཞིན་གདུལ་བྱའི་མོས་ངོར་སྙིགས་དུས་འགྲོ་བའི་མེ་ཏོག་ལྷ་སྐལ་དུ་བབ་པ་བཀའ་གཏེར་གསུང་རབ་རྣམས་སུ་ལུང་བསྟན་པ་ནི། ཡེ་ཤེས་ཀྱི་སྤྱན་ལྡན་དཔལ་ལྡན་བླ་མ་དམ་པ་དམུ་དབང་ཉི་མ་རྒྱལ་མཚན་གྱིས་དམ་པ་ཁོང་ལ་བསྟོད་པ་སེང་གེའི་སྒྲ་དབྱངས་གདངས་ཀྱི་ངར་ཅན་ཞེས་པ་ལས། གང་གི་སྐྱེས་རབས་ཚོགས་གཉིས་རྒྱ་མཚོ་ལས། །དོན་གཉིས་པད་སྡོང་དྲི་ངད་རབ་ཏུ་རྒྱས། གཞན་དོན་བྱང་ཆུབ་སེམས་ཀྱི་འབུམ་ལངས་ཅན། །དཔལ་ལྡན་བླ་མ་དེ་ལ་ཕྱག་འཚལ་ལོ། ཞེས། སྐྱེས་བུ་དམ་པ་གཤེན་ཀུན་མཁྱེན་ཆེན་པོ་འདི་ཉིད་རྒྱལ་བའི་རྣམ་སྤྲུལ་ཡིན་པར་ངེས་ཏེ། ཚད་མར་གྱུར་པའི་སྐྱེས་ཆེན་རྣམས་ཀྱིས་ངོ་བསྟོད་ཙམ་མ་ཡིན་པར་ལུང་བསྟན་པ་དང་། ཁྱད་པར་ལྐོག་གྱུར་གྱི་གནས་ལ་སངས་རྒྱས་ཀྱི་བཀའ་ཚད་མ། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། ཡ་གོང་རྒྱུད་པའི་མཁན་པོ་སྟེ། །ཡེ་ཤེས་རྒྱལ་བའི་སྤྲུལ་པ་ནི། གཤེན་སྟོན་ཡེ་ཤེས་བློ་གྲོས་མཚན། །རིག་པའི་གནས་ལྔ་མ་སྒྲིབ་མཁྱེན། །སྡེ་སྣོད་རྟོགས་པའི་སེམས་ཅན་འདྲེན། ཞེས་དང་། ཁོང་ནི་རྒྱལ་བ་གཉིས་པ་དངོས་སུ་བྱོན་པ་ཡིན་ཏེ། དྲན་པའི་སྡེ་མིག་ལས། གྱིམ་བུ་ལེན་ཚའི་སྨོན་ལམ་ལས། །ཇོ་མོའི་མདུན་གྱི་ཤར་ངོས་སུ། །སྔོན་ཚེ་བསོད་ནམས་བསགས་པ་ཡིས། །སྐྲ་དཀར་མ་ཡི་མངལ་ནས་བྱུང་། །འབུམ་མཚོ་བདུན་གྱི་འགྲོ་བ་འདྲེན། ཅེས་དང་། མ་འོངས་ལུང་ལས། དམུ་རིགས་གཤེན་གྱི་གདུང་རྒྱུད་ལ། །བློ་གྲོས་རིག་པའི་རྩལ་ཅན་དང་། །རིག་འཛིན་ཚུལ་འཛིན་རྣམ་གསུམ་འབྱུང་། ཞེས་གསུངས། གཞན་ཡང་ཡིད་ཀྱི་ཁྱེའུ་ཆུང་སྐུ་སྤྲུལ་དངོས་སུ་བྱོན་པ་དང་། མི་ལ་རས་པའི་སྐུ་ཚེ་ཕྱི་མ་ཡིན་པ་ལུང་ལས་བཤད་དོ། འོན་ཏེ་བདག་ལྟ་བུའི་སོ་སྐྱེ་ཐ་ཤལ་པ་ཉོན་མོངས་པའི་འདམ་རྫབ་ཏུ་ཚུད་པ་ཞིག་གིས་དེ་དག་མིན་པར་གོང་དུ་སྨོས་པ་ལྟར་འཕགས་པའི་ལུང་ཚད་མར་གསུངས་པ་རྣམས་ལ་དགོས་པ་སོ་སོར་མཆིས་པས་གཡས་ཆུང་དུ་མི་བོར་བར་རགས་བསྡུས་སུ་འགོད་ན། ལུང་བསྟན་ལ་མངའ་བརྙེས་ཤིང་། རིག་པ་འཛིན་པའི་ས་ལ་བཞུགས་པའི་གཤེན་ཀུན་མཁྱེན་ཆེན་པོ་འདི་ཉིད། ཕྱི་ལྟར་ཡེ་ཤེས་རྒྱལ་བ། ནང་ལྟར་ཡིད་ཀྱི་ཁྱེའུ་ཆུང་། གསང་བ་ལྟར་ཀུན་ཏུ་བཟང་པོའི་དགོངས་པ་རྩེར་ཆིབ་པའོ། །

གཉིས་པ། ཀུན་ལ་གྲགས་པ་ཐུན་མོང་གི་རྣམ་པར་ཐར་བ།

  ཀུན་ལ་གྲགས་པ་ཐུན་མོང་གི་རྣམ་པར་ཐར་པ་ལའང་ལྔ་སྟེ། དམུ་རིགས་གཤེན་གྱི་གདུང་སྲས་སུ་སྐུ་སྐྱེ་བ་བཞེས་ཚུལ་གྱི་ཆེ་བ་བཤད་པ་དང་། སྐྱེས་ཐོབ་བློ་གྲོས་ཀྱི་ཆེ་བ་བཤད་པ། སྐུ་ཆེ་བའི་ཡོན་ཏན་བཤད་པ། རྒྱལ་བའི་བསྟན་པ་ལ་མཛད་པའི་འཕྲིན་ལས་ཀྱི་ཆེ་བ་བརྗོད་པ། འགྲོ་དོན་གྲུབ་སྟེ་དགོངས་པ་བོན་དབྱིངས་སུ་གཤེགས་ཚུལ་བཤད་པ་བཅས་ལས། །

དང་པོ། གཤེན་ཀུན་མཁྱེན་ཆེན་པོ་ཉིད་མི་མཇེད་འཇིག་རྟེན་འདིའི་སྟེང་སྐུ་སྐྱེ་བ་བཞེས་ཚུལ།

  གཤེན་ཀུན་མཁྱེན་ཆེན་པོ་ཉིད་མི་མཇེད་འཇིག་རྟེན་འདིའི་སྟེང་སྐུ་སྐྱེ་བ་བཞེས་ཚུལ་ནི། དེ་ཡང་གཤེན་ཆེན་པོ་འདི་ཉིད་ལས་དབང་གིས་སྲིད་པ་མ་ཡིན་པར། སྨོན་ལམ་མཐའ་བཙན་པ་དང་སྙིགས་མ་ལྔ་བདོའི་སེམས་ཅན་རྣམས་ལ་གཞི་སྙིང་རྗེ་ཆེན་པོའི་དབང་གིས་ཐུགས་དགོངས་གང་དུ་སྐྱེ་བའི་སྲིད་པ་བཟུང་བའི་ཡུལ་ནི། སྐལ་བཟང་རྣམ་འདྲེན་བརྒྱད་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་ཆེའི་གདུལ་ཞིང་འཛམ་གླིང་བྱེ་བ་ཕྲག་བརྒྱར་གནས་པའི། གངས་དཀར་ར་བའི་ལྗོངས་ཆེན་ཆོལ་ཁ་གསུམ་དུ་བྱས་པའི་དབུས་གཙང་རུ་བཞིའི་ཆོལ་ཁའི་ནང་ཚན། གཡས་རུ་འཇེད་ཀྱི་ས་གནས། སྟོད་ཀྱི་གདན་ས་ཆེན་པོ་བྲུ་ཞུ་སྤ་རྨེའུ་སྤྱི་ཕུད་གཤེན་དང་རྣམ་ལྔའི་ཡ་གྱལ། དཔལ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་བརྒྱུད་འཛིན་དར་སྤེལ་བྱེད་སའི་ལྟེ་གནས། བཞད་ཀྱི་དཔལ་ལྡན་དར་སྡིངས་སུ། རིགས་རུས་ཕུན་སུམ་ཚོགས་པ་དམུ་རིགས་གཤེན་ལྷའི་གདུང་རྒྱུད་དུ་བྱོན་པའི་ཡབ་དམུ་གཤེན་དཔོན་གསས་ཤེས་རབ་རྒྱལ་མཚན་དང་། ཡུམ་ཞུ་བཟའ་ཁྱེའུ་འདྲེན་གཉིས་ལས། སྐུ་མཆེད་གསུམ་གྱི་བར་མ། གཤེན་མཁས་ལྟར་ན། འབྱུང་ལྡན་ཉིས་བརྒྱ་དང་གྱ་བདུན། སྤྱི་ལོའི་དུས་རབས་བཅུ་གཉིས་པའི་བོད་རབ་བྱུང་གསུམ་པའི་ཆུ་ཕོ་བྱི་བའམ་ཡོངས་འཛིན་སྤྱི་ལོ་༡༡༩༢ལོར་གཟུགས་སྐུ་ལེགས་པར་འཁྲུངས་ཤིང་།(ལོ་རྒྱུས་འགའ་རེར་ཆུ་ཕག་ལོར་སྐུ་བལྟམས་ཞེས་པའང་བཞེད་པ་མི་འདྲ་བར་འདུག)རྒྱལ་བ་གཉིས་པ་དངོས་སུ་བྱོན་པའི་རྟགས་སུ། ནམ་མཁའ་ལ་འཇའ་ཚོན་གྱིས་འོད་གུར་ཕུབ་པའི་སྣེ་མོ་གཤེན་གྱི་ཕོ་བྲང་ལ་ཟུག་པ་དང་། རྩི་ཤིང་ལོ་འདབ་རྒྱས་པའི་དྲི་ཞིམ་ཕྱོགས་བཅུར་ཐུལ་བ། བར་སྣང་ནས་སྒྲ་གྲགས་པ། མཛེས་པའི་ཨུཏྤལ་དཀར་པོའི་མེ་ཏོག་སྐྱེས་པ། ཡུལ་ཁམས་བདེ་སྐྱིད་བྱུང་བ་ལ་སོགས་ངོ་མཚར་ཆེ་བའི་རྟགས་དང་རྟེན་འབྲེལ་མང་པོ་དང་བཅས་ཏེ་དམུ་རིགས་གཤེན་གྱི་གདུང་སྲས་སུ་སྐུ་དངོས་སུ་ཕེབས་པ་དང་། ཡུལ་མི་ཐམས་ཅད་དག་སྣང་མོས་གུས་སྐྱེས་པ་དང་། ཡིད་ཆེས་པ་མཐོང་ཐོས་གྲོལ་བ་དང་། མཚན་དང་དཔེ་བྱད་ལྡན་ཞིང་མི་རྣམས་ཀུན་གྱིས་ལྷའི་སྲས་པོ་འདྲ་བ་མངོན་པར་བསྟོད་དེ། ཡབ་ཀྱིས་ཁོང་གི་མཚན་ལ་ཁྲི་སྐྱོང་དར་པོ་ཞེས་གསོལ། །

གཉིས་པ། སྐྱེས་ཐོབ་བློ་གྲོས་ཀྱི་ཆེ་བ་བཤད་པ།

  སྐྱེས་ཐོབ་བློ་གྲོས་ཀྱི་ཆེ་བ་བཤད་པ་ལའང་། གཤེན་ཀུན་མཁྱེན་ཆེན་པོ་འདི་ཉིད་ཆུང་ནས་ཤེས་རབ་རྩལ་རྫོགས་པས་གཞུང་ལུགས་ཐ་དག་ལན་རེ་ཟུང་རེས་མཁྱེན་པ་རབ་ཏུ་རྒྱས་ཤིང་། ཁོང་གི་བསྟོད་པ་ལས། འགྲོ་བའི་དོན་བྱེད་རྒྱུན་ཞུགས་འཁོར་ལོ་ཆེ། །སྤྱི་ཕུད་བཀུར་བསྟིའི་གདུགས་ཆེན་རབ་ཏུ་འཁྱིལ། །དོན་ལྡན་གཏེར་གྱི་ནོར་བུ་འོད་དུ་འབར། །དཔལ་ལྡན་བླ་མ་དེ་ལ་ཕྱག་འཚལ་ལོ། ཞེས། ཁོང་སྐུ་བྱིས་པའི་དུས་སུའང་གྲུབ་པའི་རྟགས་མཚན་རྡོ་ཨར་མོ་ལི་ཀའི་ཐོག་སྐུ་མཆེད་དང་ལྷན་དུ་བཀའ་རྟགས་ཀྱི་ཞབས་རྗེས་དང་ཕྱག་རྗེས་ལ་སོགས་དུས་ད་ལྟ་ཡང་གཤེན་གྱི་བླ་བྲང་དུ་མཇལ་ཡུལ་དུ་གྱུར། གཞན་ཡང་མ་འོངས་མཁྱེན་རྟོགས་རྒྱས་པས་ལུང་བསྟན་ཐོལ་ཐོལ་དུ་གསུངས་པ་སོགས། ཆུང་ངུའི་དུས་ནས་རྨད་བྱུང་གྲུབ་རྟགས་ཡ་མཚན་ཧ་ཅང་མང་བ། བྱམས་དང་སྙིང་རྗེ་ཆེ་ཞིང་ཤེས་རབ་གསལ་བས་ལུང་རྟོགས་ཡོན་ཏན་གྱིས་ཕྱུག་པ་ཞིག་ཡིན་པར་གསུངས། དེ་ནས་རིམ་བཞིན་དགུང་ལོ་བཅུ་གསུམ་བཞེས་སྐབས་སྔོན་སྦྱངས་ལས་འཕྲོ་བཟང་པོ་དུས་སུ་སྨིན་ནས། བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་ཉིད་ཁྱིམ་ནས་ཁྱིམ་མེད་པར་རྣམ་དག་མཆོད་རྟེན་དྲུང་དུ་རབ་ཏུ་བྱུང་བའི་རྗེས་སུ་ཕེབས་ཏེ། གཏན་དུ་འཁོར་བར་འཁྱམས་པ་སྐྱི་རེ་འཇིགས། སྔོན་གྱི་སྡུག་བསྔལ་དེ་ལ་སུན་ནས་སུ། འཁོར་བའི་གནས་ནས་ཁྱིམ་སྤངས་རབ་ཏུ་བྱུང་། ཞེས་གསུངས་པ་བཞིན་ཁྱིམ་དང་འཁོར་བ་ལ་ཐུགས་སྐྱོ་བའི་ངེས་འབྱུང་གིས། རབ་བྱུང་དང་ཐར་བ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་སྤྲོ་བས་དད་པའི་ཐུགས་རྒྱུད་ཡང་ཡང་བསྐུལ་ཏེ། བསྟན་པའི་གཞི་མ་དང་ཡོན་ཏན་ཀུན་གྱི་འབྱུང་གནས་འདུལ་བ་ཡིན་པར་དགོངས་ནས་འཁོར་བའི་རང་བཞིན་བདེ་མེད་སྡུག་བསྔལ་བརྒྱ་ཕྲག་གི་འབྱུང་གནས་སུ་ངེས་འབྱུང་གི ཐུགས་དགོངས་དང་བསྟན་འགྲོ་ལ་ཕན་པའི་ཐུགས་བསྐྱེད་གསེར་ལྟར་དག་པའི་སྒོ་ནས། རྨེའུ་མཁས་པ་སུམ་སྟོན་བླ་མ་ལྷ་འབུམ་གྱི་ཞབས་ལ་གཏུགས་ཏེ་རབ་ཏུ་ལེགས་པར་བྱུང་ཞིང་། ཚུལ་མིང་གཤེན་ཀུན་མཁྱེན་ཆེན་པོ་ཡེ་ཤེས་བློ་གྲོས་ཞེས་མཚན་གྱི་ཅོད་པན་གསོལ་ཏེ། གནས་ལྔ་རིག་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་གསན་གཟིགས་ཚུལ་བཞིན་མཛད་ཚེ་ཚིག་དོན་ནོར་འཁྲུལ་མེད་པར་མཁྱེན་པའི་བློ་གྲོས་ཀྱི་པདྨ་ཀུན་ནས་རབ་ཏུ་རྒྱས་ཤིང་སྐལ་ལྡན་ངུར་སྨྲིག་འཛིན་པ་རྐང་དྲུག་བུང་བའི་ཚོགས་ལ་རོ་མངར་ནུས་བཅུད་ལྡན་པའི་བོན་གྱི་བདུད་རྩི་དྭངས་མ་ཕོངས་མེད་ཡོངས་སུ་སྟེར་བར་སྤྲོ་ནས་སྟོན་པ་ཐུགས་རྗེ་ཅན་གྱིས་དངོས་བསྟན་འདུལ་བ་སོ་ཐར་ཡིན་པར་གསུངས་བ་རྣམས་ཞིབ་རྒྱས་སུ་བཤད་པ་རྒྱ་ཆེར་གནང་བས་སྟོན་པ་དངོས་བཞིན་བསྟན་པ་ལ་ཕན་པ་བརྗོད་ལས་འདས་པ་བྱུང་སྟེ། བསླབ་གསུམ་སྡོམ་ཁྲིམས་ཉམས་པའི་དྲི་མས་མ་གོས་པར་བསྲུང་ཞིང་མཁས་པའི་སྙན་གྲགས་རྒྱལ་ཁམས་ཡོངས་ལ་དབྱར་རྔའི་སྒྲ་ལྡིར་བ་བཞིན་གདུལ་བྱའི་སློབ་མ་སྤྲིན་བཞིན་འདུས་པ་སོགས་བོན་གྱི་རྒྱལ་སྲིད་ཆེན་པོར་ཐོབ་ཀྱང་། ང་རྒྱལ་གྱི་མགོ་འཕང་སྨད་ནས་ཀུན་ལས་དམན་པའི་ས་བཟུང་སྟེ་མཆོག་དམན་འབྲིང་གསུམ་གོང་དུ་བཀུར་བ་དང་། རྒྱལ་བསྟན་སྤྱི་ལ་ཕན་པའི་མཛེས་རྒྱན་དམ་པར་དགོངས་ནས་ཚུལ་ཁྲིམས་རྣམ་པར་དག་པའི་གཞི་བཟུང་སྟེ་དགེ་བའི་བཤེས་གཉེན་དམ་པ་རྣམས་དང་སྤྱོད་ཚུལ་ཡོངས་སུ་མཐུན་པར་བྱས་སོ། །

གསུམ་པ། གཤེན་ཆེན་པོ་དེའི་སྐུ་ཆེ་བའི་ཡོན་ཏན་བཤད་པ།

  གཤེན་ཆེན་པོ་དེའི་སྐུ་ཆེ་བའི་ཡོན་ཏན་བཤད་པ་ལ། ཁོང་གི་བསྟོད་པ་བླ་མའི་རྣལ་འབྱོར་ལས། ཐོས་པའི་ཡིད་འཛིན་དཔལ་གྱི་བེའུར་བཀྲ། །བསམ་པའི་ཡིད་དབང་ཆུ་དཔལ་རབ་ཏུ་འཁྱུག །སྒོམ་པའི་ཏིང་འཛིན་པད་མོར་འདབ་བརྒྱ་བཞད། །དཔལ་ལྡན་བླ་མ་དེ་ལ་ཕྱག་འཚལ་ལོ། ཞེས། དེ་ནས་དགུང་ལོ་ཆེར་བསྐྱེད་སྐྱེས་བུ་ཆེན་པོ་རྣམས་ཀྱི་རྣམ་ཐར་བཞིན་རིག་པའི་གནས་མཐའ་དག་གི་ཕྱོགས་ལ་འབད་པ་མཐའ་ཅིག་ཏུ་གནང་སྟེ། མདོ་བསྡུས་ལས། བླ་མ་མཁས་རྣམས་རྟག་ཏུ་བསྟེན་པར་བྱ། ཅིའི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། ཞེས་གསུངས་པ་རྣམས་ཐུགས་ལ་ལེགས་པར་བཅག་ནས་གངས་རིའི་ཡུལ་ཁྲོད་ན་གྲུབ་མཐའ་རིས་མེད་ཀྱི་ཚེ་རབས་ལས་ཀྱི་བླ་མ་དགེ་བའི་བཤེས་གཉེན་འགྲོ་མགོན་བློ་གྲོས་རྒྱལ་མཚན་དང་། ཞང་ལོ་བཀྲ་ཤིས་བྱང་ཆུབ་ལ་སོགས་པ། དྲང་སྲོང་ལྔ་བརྒྱའི་དབུས་སུ། མདོ་སྔགས་གཞུང་ལུགས་མཐའ་དག་དང་རིག་པའི་གནས་ཆེ་ཆུང་ཀུན་ལ་ཕྱོགས་དང་རིས་སུ་བཅད་པ་སྤངས་ཏེ་བུང་བ་གཞོན་ནུས་སྦྲང་རྩིའི་རོ་མངར་དོན་དུ་གཉེར་བ་བཞིན། མདོ་སྔགས་སེམས་གསུམ་ལ་མཁས་པའི་སློབ་དཔོན་དེ་རྣམས་ཀྱི་མདུན་ནས་ལྷག་པར་སྤངས་ལམ་མདོ་ཡི་གཞུང་ལུགས། བསྒྱུར་ལམ་སྔགས་ཀྱི་བསྐྱེད་རྫོགས། གྲོལ་ལམ་བླ་མེད་རྫོགས་ཆེན་གྱི་དབང་ལུང་ཁྲིད་སོགས་བུམ་པ་གང་བྱོའི་ཚུལ་དུ་གསན། བར་སྐབས་གཞན་སྡེའི་རིག་པ་ལ་སློབ་པའི་ཆེད་དུ་གདན་ས་ཆེན་པོ་ས་སྐྱའི་ཆོས་གྲྭར་ལོ་མང་བཞུགས་ཏེ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་བཏགས་ཡང་བཞེས་པར་གྲགས། གཤེན་ཀུན་མཁྱེན་ཆེན་པོ་འདི་ཉིད་ཀྱི་འཆད་རྩོད་རྩོམ་གསུམ་གྱིས་ཡོན་ཏན་ཇི་ལྟར་སྙེད་པའི་ཚུལ་ནི། བླ་བསྟོད་ནོར་ཕྲེང་ལས། གནས་ལྔའི་དཔག་བསམ་ཡོངས་རྫོགས་ཤིང་། འཆད་རྩོད་རྩོམ་པའི་འདབ་སྟོང་རྩེར། བསྟན་འགྲོའི་ཕན་བདེ་སྨིན་འབྲས་ཅན། ཀུན་མཁྱེན་ཡེ་བློ་ལ་ཕྱག་འཚལ། ཞེས་གསུངས་པ་ལྟར་སྤྱིར་གཤེན་ཀུན་མཁྱེན་ཆེན་པོ་འདི་ཉིད་ནི་རིག་པའི་གནས་ཆེན་ཀུན་ལ་མཁས་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་ཞིང་། ཡང་སྒོས་བོད་ཡུལ་དུ་མཚན་སྙན་ཡོངས་སུ་གྲགས་པར་གྱུར་བའི་སྨན་པ་བརྒྱ་དང་སོ་དགུའི་ནང་ཚན་དང་། གསོ་དཔྱད་བསྟན་པའི་སྲོག་ཤིང་ལྟ་བུའི་སྨན་པ་དགུའི་ཡ་གྱལ་ཡིན་ཞིང་། གསུངས་པའི་བོན་ལ་ཡང་ཀུན་མཁྱེན་བཀའ་འབུམ་དུ་གྲགས་ཏེ། ཕྱི་ནང་མདོ་སྔགས་གཞུང་འགྲེལ་ཕྱག་ལེན་སོགས་ལ་ཤེས་བྱ་བློ་གྲོས་ཀྱི་འབྱེད་པ་རབ་ཏུ་འཇུག་པའི་ཇི་སྙེད་མཁྱེན་པའི་བདག་ཉིད་བློ་གྲོས་ཀྱི་གཏེར་སོགས་སྤོབས་པ་མི་ཟད་པའི་གཏེར་བརྒྱད་ཀྱི་སྒོ་ལས་བྱུང་ཞིང་། ཤེས་རབ་རྒྱ་མཚོའི་ཀློང་ནས་གཏེར་དུ་བླངས་པའི་ཟབ་མོའི་བོན་ཐེག་པ་ཐམས་ཅད་ཀྱི་རྣམ་གཞག་གྲུབ་མཐའ་ཐམས་ཅད་ཀྱི་སྤྱི་ཆིངས། སངས་རྒྱས་བསྟན་པའི་ཟབ་གནད་མདོ་བརྒྱུད་ཀྱི་དགོངས་འགྲེལ། གཙོ་བོ་སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པའི་བཀའ་མཚན་མ་རྣམ་འགྲེལ་དང་། སྔོན་བྱོན་མཁས་གྲུབ་གོང་མ་རྣམས་ཀྱིས་གསུངས་པའི་ལུང་ཚད་མ་རྣམས་ལ་དཔྱད་པ་གསུམ་གྱིས་དགོངས་རྟོགས་རྣམ་པར་དག་པ་ལས་འཁྲུངས་པའི་རིག་པའི་རྩལ་སྟོབས་ཀྱིས། མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་རྣམས་ཀྱི་འགྲེལ་ཆེན་དང་། མངོན་རྟོགས་ཕྱག་བཞེས། ལག་ལེན། ལས་ཀྱི་ཁ་ཚར། རྒྱལ་བསྟན་གསལ་བྱེད་བསྟན་རྩིས། ཞལ་གདམས། ཀུན་བཟང་ཨ་སྐོར་གྱི་འཕྲིན་ལས་སོགས་སྙན་བརྒྱུད་སྐོར། བྱང་སེམས་གབ་པའི་འགྲེལ་བ་དང་། གསོ་དཔྱད་རྒྱུད་བཞིའི་སྐོར། ད་ལྟ་ཡོངས་གྲགས་ཆེ་བའི་རྨ་བཅོས་འཆི་གསོས་ལ་ཆུའི་ཞལ་གདམས། དབང་བརྒྱུད་ཆུ་འབྱམས་ཡེ་བློ་ཅན། མངོན་རྟོགས་རྒྱན་གྱི་གསལ་བྱེད། ཁྲོ་བོའི་ཀ་བསྟོད། ཆོ་གའི་རིགས། ཡི་དམ་དང་སྲུང་མ་སོགས་ཀྱི་བསྐང་བསོ་ཅི་རིགས། བཀའ་སྐྱོང་དྲེལ་དམར་སོགས་ཀྱི་ཚོགས་བསྡུས། དེ་བཞིན་སྒྲ་སྡེབ་སྦྱོར་སྙན་ངག་མངོན་བརྗོད་སོགས་རིག་པའི་གནས་ཆེན་ཀུན་ལ་གསལ་བྱེད་དང་འགྲེལ་བ་ལ་སོགས་བསྟན་བཅོས་དང་ལེགས་བཤད་རྨད་བྱུང་མང་དུ་མཛད་སྣང་བར་གསུངས་ཀྱང་དེང་སང་པོད་ཁ་ཤས་ནི་མཇལ་བའི་བསྐལ་བ་མ་མཆིས།

བཞི་པ། རྒྱལ་བའི་བསྟན་ལ་མཛད་པའི་འཕྲིན་ལས་ཀྱི་ཆེ་བ་བརྗོད་པ།

  རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ནི་སྔོན་གོང་མ་རྣམས་ཀྱི་དུས་ནས་ཉི་མ་ཤར་བ་བཞིན་ཡོད་ཀྱང་དུས་ཀྱི་དབང་གིས་ཆགས་འཇིག་མང་པོ་བྱུང་བ་ལྟར་གཤེན་གྱི་གདན་ས་གཙང་བོ་དོང་ཁ་ཡི་བོན་གནས་ཡང་གཤེན་དམ་པ་རྒྱལ་ཚབ་༼༡༠༥༠-༡༡༣༩༽ཀྱིས་ཞུ་སྒྲོལ་བ་གཤེན་རྒྱལ་དང་བྲུ་ཤ་ཁྱུང་གི་རྒྱལ་མཚན་གཉིས་ཀྱི་དྲུང་ནས་དོན་གྱི་གཞུང་ལུགས་མཐར་ཕྱིན་པར་སྦྱངས་པ་གནང་། རབ་བྱུང་དང་པོའི་ནང་བོ་དོང་ཁ་ཞེས་པ་རུ་བླ་བྲང་བྱུང་ཞིང་དགོན་པ་བཞེངས་ནས་བསྟན་པ་སྤེལ་བའི་ལོ་རྒྱུས་ཆགས་ཡོད། དེ་རྗེས་ལྷ་རྗེ་ཇོ་བཀྲ་དང་། སྲས་ནམ་མཁའ་རྒྱལ་མཚན་སོགས་ཀྱིས་རྟེན་བཞེངས་བཤད་སྒྲུབ་སྤེལ་ཏེ་དར་རྒྱས་སུ་གྱུར། དགོན་འདི་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་ནས་དུས་རབས་བཅུ་གསུམ་པའི་དུས་མགོ་ཙམ་ལ་བྱུང་བ་ཞིག་ཡིན། ཕྱིས་བཞུགས་མཁན་ཆེར་མ་བྱུང་བའི་རིམ་བཞིན་རྒུད་དུ་སོང་། དེང་གི་ཆར་གཡས་རུ་གཙང་སྟོད་ལྷ་རྩེ་རྫོང་བཀྲ་ཤིས་སྒང་ཤང་བོ་དོང་ཚོན་སྐུ་འབུམ་གྲོང་ཚོའི་ཁོངས་སུ་གནའ་ཤུལ་དུ་ལུས་ཡིད། ཡིན་ན་ཡང་གནས་དེར་ད་ལྟ་ཡང་བོན་གྱི་ཆུ་མགོ་ཞེས་པ་དང་བོན་གྱི་ཞབས་རྗེས་ཞེས་པ་སོགས་མཇལ་རྒྱ་ཡོད་པ་ཡིན། དེ་ནས་སྨོན་ལམ་རྟེན་འབྲེལ་བཟང་པོ་དུས་སུ་བབས་ནས་འགྲོ་དོན་གྱི་འགོ་བརྩམས་པ་སྟེ། གཤེན་གྱི་བླ་བྲང་དུས་ཀྱི་དབང་གིས་ཡུལ་དར་སྡིངས་ཕྱོགས་སུ་འཕོས་དགོན་པ་དང་བླ་བྲང་གཉིས་བྱས་ན་བླ་བྲང་དེ་ལོ་དགའ་ཤེས་ཀྱི་སྔོན་ལ་བྱུང་བ་མིན་ནམ་མཉམ་གི་ཡོད། དེ་ནས་རྒྱལ་བ་གཉིས་པ་དེ་ཉིད་ཀྱིས་ཐུགས་ལ་མ་འོངས་པའི་དུས་འདིར་ལྔ་སྙིགས་སེམས་ཅན་རྣམས་ཀྱི་དད་པའི་རྟེན་སྐལ་དུ། ནང་པ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་དང་དེ་ཉིད་འཛིན་པའི་དམུ་རྒྱལ་གཤེན་གྱི་བསྟན་པ་འདི་ཉིད་ཀྱི་ས་བོན་མ་ཉམས་བརྒྱུད་འཛིན་ཞིག་ཐུགས་ལ་དགོངས་ཏེ། མདོ་སྟོད་སྨད་དང་དབུས་གཙང་བྱང་གསུམ་ཁུལ་དུ་ཕེབས་ཏེ་སྐྱེ་འགྲོ་རྣམས་ཀྱི་དད་པའི་རྟེན་གཞི་དམུ་རིགས་གཤེན་གྱི་གདན་ས་གཙོ་བོ་གསས་ཁང་གསེར་སྒོ་ཁྲ་མོ་དང་གདན་ས་རི་རྒྱལ་དགོན་ཁྲི་བརྟན་ནོར་བུའི་རྩེ་ལ་སོགས་དགོན་གནས་ཆེ་ཆུང་སུམ་ཅུ་སོ་གསུམ་ཕྱག་བཏབ་བཀོད་མཛད་ཞེས་གསུང་པའི་ནང་གི་གཙོ་བོ་ནི། གཙང་གཡས་རུའི་བཞད་དཔལ་ལྡན་དར་སྡིངས་སུ་སྔོན་མུ་ཁྲི་བཙན་པོའི་དུས་སྐབས་ནས་ཀྱང་འདུ་གནས་སོ་བདུན་གྱི་ནང་ཚན་འཇེད་ཀྱི་རྐྱང་འཁོར་ཞེས་པ་གནས་འདིར་ཡིན་པར་བརྟེན་པ་དང་། སྤྲུལ་བའི་སྐུ་མཆོག་གཤེན་ཆེན་ཀླུ་དགའ་ལ་སོགས་སྔོན་གྱི་རིག་འཛིན་རྣམས་ཀྱིས་བྱིན་གྱིས་རླབས་པའི་གནས། མ་མཆོག་སྲིད་པ་རྒྱལ་མོ་ལ་སོགས་བཀའ་སྲུང་རྣམས་ཀྱིས་ལུང་གིས་བསྟན་པའི་གནས་མཆོག་འདིར། དཔལ་ལྡན་བླ་མ་དམ་པའི་ཐུགས་རྗེ་དང་བོན་སྐྱོང་དམ་ཅན་སྲུང་མའི་སྡེ་ཚོགས་རྣམས་ཀྱིས་སྡོང་གྲོགས་ལེགས་པ་མཛད་པར་བརྟེན་ནས་ཚོགས་བསགས་སྒྲིབ་སྦྱང་རྟེན་དུ་དགོན་པ་གོང་འོག་གཉིས་ཕྱག་བཏབ་མཛད་པ་དང་། གོང་མ་ནི་གཤེན་ཀུན་མཁྱེན་ཁོང་རང་གིས་མཛད་པའི་སྨན་གཞུང་ཞིག་ཡོད་པའི་མཇུག་གི་མཛད་བྱང་ནང་སྙན་ངག་ཚིག་རྐང་ཁ་ཤས་ཡོད་པ་ལས་ཤིང་བྱ་ལོར་རི་བོ་གླང་ཆེན་འགྱིང་འདྲའི་སྟེང་དབེན་གནས་སྐྲུན་སྐབས་སུ་སྦྱར་བ་དགེ་ཞེས་གསུང་པར་བརྟེན་དགོན་ཁྲི་བརྟན་ནོར་བུའི་རྩེ་འདི་ནི་གཤེན་ཀུན་མཁྱེན་ཡེ་ཤེས་བློ་གྲོས་ཀྱིས་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་སྟེ། རབ་བྱུང་བཞི་པའི་ཤིང་བྱ་སྤྱི་ལོ་༡༢༢༥ལོར་ཕྱག་བཏབ་པར་ངོས་བཟུང་མཆོག་པ་ཞིག་ཆག་ཡོད་ལ། རི་རྒྱལ་དགོན་ཁྲི་བརྟན་ནོར་བུའི་རྩེ་ཞེས་མཚན་ཡང་དེ་དུས་ནས་གྲགས་ཡོད་པ་གང་ནས་བལྟས་ཀྱང་གསལ་བར་མངོན། དེ་ནས་ཡུལ་སྡེའི་མཐུན་རྐྱེན་འཛོམས་པ་བཅས། རྟེན་འབྲེལ་རང་འགྲིག་ཏུ་བྱུང་བར་བརྟེན་རྩེ་བླ་བྲང་དང་དགོན་འདིའི་ཐོག་མའི་བསྟན་པའི་གཞི་མ་རྟེན་དང་བརྟེན་པ་བཅས་བཞེངས་པ་དང་། བདེ་བར་གཤེགས་པ་སྟོང་རྩ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ། མངའ་དབུལ་དང་། ཞལ་བསྲོ་རབ་ཏུ་གནས་པའི་ཆོ་ག་མཛད། དུས་དེ་ནས་བཟུང་གཡུང་དྲུང་བོན་གྱི་གདན་ས་དང་གྲྭ་ས་ཆེན་མོའི་སྒྲིགས་དང་། དམུ་རྒྱལ་གཤེན་གྱི་ལུགས་འདི་གདན་ས་དར་སྡིངས་སུ་ཐོག་མའི་སྲོལ་བཙུགས་གནང་སྟེ། ཟླ་བ་བྱུང་ངོ་ཅོག་གི་ཡར་ངོ་ལ་འཆད་ཉན། མར་ངོ་ལ་བསྙེན་སྒྲུབ་ཆག་མེད་མཛད། དེ་བཞིན་གཤེན་རབ་འཁྲུངས་མཆོད་དང་། དགུ་གཏོར། གསོ་སྦྱོངས། ཨ་མ་ར་ཡའི་སྒྲུབ་ཆེན། དམ་ཅན་སྲུང་མའི་བསང་གསོལ་ཁ་རྒྱུན་གྱི་གཏོར་མ་བཅས་མ་ཆགས་པར་མཛད་པའི་དབུ་འཛུགས་གནང་ཞིང་།དེ་ནས་བཟུང་མདོ་སྔགས་རིག་གནས་དང་བཅས་པའི་རང་རྐང་ཚུགས་པར་མཛད། རྩེ་ཡི་སྒྲུབ་ཁང་དུ་གཤེན་ཆེན་ཉིད་ལ་གྲུབ་རྟགས་བསྟན་སྲུང་སྲིད་པ་རྒྱལ་མོ་དྲེའུ་དམར་ཅན་ལྷ་ཡི་སྐུ་མདོག་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཞིང་། ཐུགས་ཀའི་འཁོར་ལོའི་དབུས་ན། ཀུན་བཟང་ཨ་སྐོར་གྱི་ལྷ་ཞལ་གསལ་ལ་དོད་པ་མ་སྒྲིབས་པར་དངོས་སུ་ཞལ་གཟིགས་ནས་ཉིད་ཀྱི་རྗེས་སུ་བཟུང་སྟེ་དགོན་འདིའི་བསྟན་པའི་སྲུང་མར་ཞལ་གྱིས་བཞེས་སོ། འོག་མ་ནི་གཤེན་ཆེན་པོ་ཉིད་དགུང་ལོ་བཞི་བཅུ་ཞེ་གཅིག་ཕེབས་སྐབས། འབྱུང་ལྡན་ཉིས་བརྒྱ་དང་གྱ་བརྒྱད་ཀྱི་བོད་རབ་བྱུང་བཞི་པའི་ཆུ་ཕོ་འབྲུག་གམ་དགའ་བ། སྤྱི་ལོ་༡༢༣༢ལོར་དགོན་ཕྱག་འདེབས་པའི་སྟ་གོན་དུ་ས་འདུལ་གྱི་ཆོ་ག་བྱས་པ་དང་། དགུང་ལོ་ཞེ་གཉིས་བཞེས་སྐབས་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་བོད་རབ་བྱུང་བཞི་པའི་ཆུ་མོ་སྦྲུལ་ལམ་རྣམ་རྒྱལ་སྤྱི་ལོ་༡༢༣༣ལོར་ཞལ་བཀོད་ཀུན་མཁྱེན་ཉིད་ཀྱིས་མཛད་དེ་གཟོ་རིག་པའི་གནས་དང་རྟེན་འབྲེལ་བཀོད་པ་རྣམས་སུ་གསུངས་པ་བཞིན་རིང་པོར་མ་ཐོགས་པར་ཕྱག་བཏབ་མཛད་པས། གསས་ཁང་གསེར་སྒོ་ཁྲ་མོ་གཞལ་མེད་ཁང་ཞེས་མཚན་གསོལ་མཛད་ནས་ད་ལྟའི་ས་མོ་ཕག་གི་ལོ་འདིའི་བར་འདས་ལོ་༧༨༦སོང་། མངའ་དབུལ་རབ་གནས་མཛད་པའི་སྐབས་སུ་ཡང་གཤེན་ཀུན་མཁྱེན་ཆེན་པོ་དེ་ཉིད་ཀྱིས་རབ་གནས་མཛད་པའི་ནས་འབྲུ་ཚང་མ་སྐུ་རྟེན་དང་རྒྱབ་ལོགས་ཀྱི་གྱང་ངོས་སུ་ཡོད་ཚད་འབྱར་ཡོད་པ་ཕྱིས་སུ་དུས་འགྱུར་མ་བྱུང་བར་དུ་ཀུན་གྱིས་གསལ་ལྷ་མེར་མཇལ་རྒྱུ་ཡོད་པ་དང་། གསས་ཁང་འདིར་ནམ་མཁའ་ནས་འཇའ་ཚོན་སྣ་ཚོགས་ཤར་བ་ལ་སོགས་ངོ་མཚར་ཡ་མཚན་ཆེ་བའི་ལྟས་བཟང་མང་པོ་བྱུང་བར་གསུངས། དེ་ལྟར་དམ་ཅན་སྲུང་མའི་སྡེ་ཚོགས་རྣམས་ཀྱི་བྱིན་གྱིས་རླབས་པའི་ངོ་མཚར་གཞན་དང་མི་འདྲ་བའི་སྤྲུལ་བའི་ལྷ་ཁང་གསེར་སྒོ་ཁྲ་མོའི་དབུ་རྩེ་གཙང་ཁང་དང་། འཁྱམས་དང་ཀ་བ་སྒོ་རྒྱན་ལ་སོགས་པའི་བཀོད་པ་རྨད་བྱུང་ཡ་མཚན་གྱི་བཟོ་བཀོད་ཁྱད་པར་འཕགས་པ་ཀ་ཆེན་བཀྲ་ཤིས་འོད་འབར་དང་། ཀ་ཆེན་དམར་མོ་ཁྲག་ཟགས། གདུང་མ་དགུ་ཚིག་རྒྱལ་མོ། ཙན་དན་གྱི་ཀ་བར་ཐོད་པ་ཐུག་ཚེ་སྨྱོ་ནད་བསངས་བ་དང་འགོས་ནད་ཐུབ་པ་སོགས་ཁྱད་འཕགས་རྣམས་གཤེན་ཆེན་པོ་དེས་འོག་མིན་ཞིང་ཁམས་ནས་གདན་དྲངས་པར་གསུངས་ཞིང་། སྐུ་གསུང་ཐུགས་རྟེན་མཆོད་ཆས་ཀ་གདུང་བཅས་ལ་མཐུ་བྱིན་གྲུབ་རྟགས་ཡ་མཚན་ཁྱད་པར་འཕགས་པ་བཅུ་གསུམ་དང་རྟེན་གསུམ་བྱིན་ཅན་རྟེན་དང་བརྟེན་པ་བཅས་ངོ་མཚར་བརྗོད་ཀྱིས་མི་ཚར་བ་མང་པོ་འཆད་རྒྱུ་ཡོད། །

ལྔ་བ། འགྲོ་དོན་གྲུབ་སྟེ་དགོངས་པ་བོན་དབྱིངས་སུ་གཤེགས་ཚུལ་བཤད་པ།

  འགྲོ་དོན་གྲུབ་སྟེ་དགོངས་པ་བོན་དབྱིངས་སུ་གཤེགས་ཚུལ་བཤད་པ་ནི། ཁོང་གི་བསྟོད་པ་ལས། བསྟན་པའི་སྙིང་པོ་བསྡུས་དོན་དགོངས་པའི་ཚེ། །རྣམ་འབྱོར་ཆེན་པོ་རིག་སྣང་འོད་གསལ་སྐུ། །ཉག་གཅིག་རྣམ་པར་གྲོལ་བའི་མཉམ་བཞག་ཅན། །དཔལ་ལྡན་བླ་མ་དེ་ལ་ཕྱག་འཚལ་ལོ། ཞེས། སྤྱི་ན་གཤེན་ཀུན་མཁྱེན་ཆེན་པོ་འདི་ཉིད་རིགས་རུས་ཀྱི་རྒྱལ་པོ་དམུ་རིགས་གཤེན་ལྷའི་གདུང་སྲས་སུ་སྐུ་བྱོན་ཡང་། ཁོང་ཉིད་ཀྱང་སྐུ་ཚེའི་སྨད་ལ་རི་རྒྱལ་དགོན་རྩེར་སྒྲུབ་པ་ཉམས་ལེན་ཁོ་ནར་བཞུགས་ཏེ། སྔར་བརྩམས་པའི་འཕྲོ་ཡོད་པ་རྣམས་ཁ་གསབ་དང་། ཕྱོགས་བསྡུས་གནང་བ་སོགས་གཞན་དོན་མི་དོར་བ་དང་། ལྟ་བསྒོམ་ཟུང་དུ་འབྲེལ་ཞིང་ཕྱི་ནང་གསང་གསུམ་གྱི་ཉམས་ལེན་དང་ཏིང་ངེ་འཛིན་གྱི་སྒོ་མང་པོ་དང་། ཁྱད་པར་དུ་གཞི་ཀ་དག་ཁྲིགས་ཆོད་དང་། ལམ་ལྷུན་འགྲུབ་ཐོད་རྒལ་གྱི་གསང་ལམ་ལ་བསྟེན་ནས་རྩེ་ཅིག་ཕུར་ཚུགས་སུ་བསྒྲུབ་པའི་འབྲས་བུ་མངོན་དུ་གྱུར་ནས། དབུ་མའི་ལམ་ལ་དགོངས་པ་བོན་དབྱིངས་སུ་གཤེགས་སྐབས། ནུབ་ཕྱོགས་ནས་ཕོ་བྲང་ལ་གཞལ་ཚོན་འོད་ཀྱི་ཁེངས་པ་སོགས། ཀུན་མཐོང་ངོ་མཚར་དཔག་མེད་བསམ་ལས་འདས། སྐུ་གདུང་ལས་རིང་བསྲེལ་ཆེ་བ་ལྕོག་གའི་སྒོ་ང་ཙམ་ལ་ཡིག་འབྲུ་ཨ་དཀར་པོ་འཁྲུངས་པ་རིག་གསར་མ་ཚེས་བར་རྟེན་སྒམ་ནང་ཀུན་གྱི་མཇལ་རྒྱུ་ཡོད་པ་དང་། གདུང་ཤ་རི་རམ་ལ་སོགས་ངོ་མཚར་ཆེ་བའི་རྟགས་མང་བར་བྱུང་ཏེ། ཕྱི་རབས་འགྲོ་བ་རྣམས་ཀྱི་རྟེན་སྐལ་དུ། ཁྲི་བརྟན་ནོར་གླིང་གི་རྩེའི་བླ་བྲང་དུ་སྐུ་གདུང་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་བཞེངས་སུ་གསོལ། བླ་བྲང་དུ་རྒྱལ་ཡུམ་ཆེན་མོའི་སྐུ་གཟུགས་བཞེངས་སུ་གསོལ། དེ་བཞིན་ན་བཟའ་གོས་དྲུག་གདིང་བ་ལ་སོགས་དང་། རིན་ཆེན་རྫས་ལྔ་མགུལ་ཕྲེང་ལ་སོགས་གཤེན་གྱི་བླ་བྲང་དུ་བཞུགས་སུ་གསོལ་ལོ། མདོར་ན་བླ་མ་གཤེན་ཆེན་པོ་དེས་དམུ་རིགས་གཤེན་གྱི་གདན་ས་དཔལ་ལྡན་དར་སྡིངས་དགོན་པ་གོང་འོག་གཉིས་བཅས་བཀོད་པ་མཛད་ནས། དགེ་འདུན་སྟོང་ཕྲག་དུ་མའི་དབུས་ན་སྐུ་ཚེ་གཅིག་ལ་གསན་བསམ་མཛད་པ་དང་། མཁས་པའི་བྱ་བ་གསུམ་གྱིས་བསྟན་པ་རིན་པོ་ཆེ་ཕྱོགས་བཅུར་རྒྱས་པར་མཛད་ལ་སྐུ་ཚེ་སྨད་ལ་སྒྲུབ་པ་ལྷུར་བླངས་ཏེ་ཐུགས་ལ་ཉམས་སུ་བཞེས། དེ་ལྟར་གཤེན་ཀུན་མཁྱེན་ཡེ་བློ་ནས་བཟུང་ད་ལྟའི་གཤེན་གྱི་གདུང་སྲས་གཙུག་ཕུད་རྣམ་གྲོལ་རྒྱལ་མཚན་དང་གཡུང་དྲུང་རང་གྲོལ་ཉི་མ་རྣམ་གཉིས་ཡན་གདུང་རབས་ཉི་ཤུ་རྩ་དྲུག་སོང་ཞིང་དེ་ལ་རྣམ་འདྲེན་སྐྱེས་བུ་དམ་པ་བརྒྱ་ཕྲག་གྲངས་བྱོན་པའོ། མདོར་ན་རྒྱལ་བསྟན་སྤྱི་དང་ཁྱད་པར་དམུ་རྒྱལ་གཤེན་གྱི་བསྟན་པ་རིན་པོ་ཆེ་འདིར་གཤེན་ཀུན་མཁྱེན་ཆེན་པོ་དེས་ཕྱག་རྗེས་ཀྱི་མཛད་པ་མཐའ་ཡས་ཤིང་། ཐུགས་རྗེའི་སྟོབས་ལས་བྱུང་བ་ནི་སྙིགས་དུས་ཀྱི་འགྲོ་བའི་དམིག་བུ་རུ་མཛད་པའོ། །

བདག་ཉིད་ཆེན་པོ་གཤེན་སྟོན་ཡེ་བློ་ཡི། །

རྣམ་ཐར་ནམ་མཁའི་མཐའ་དང་རྒྱ་མཚོའི་ཁྱོན། །

ཚུར་རོལ་བློ་ཡི་རྟོགས་པར་དཀའ་ན་ཡང་། །

བཀའ་དྲིན་དྲན་དང་ཕྱི་རབས་དོན་དུ་སྤྲོས། །

གཤེན་གྱི་བསྟན་ལ་སྲི་ཞུ་བྱ་བའི་བློས། །

གཤེན་གྱི་ལོ་རྒྱུས་ཆུ་གཏེར་ཆེན་པོའི་འཇིང་། །

གཤེན་བསྟན་ཡལ་བར་མི་གྱུར་རྒྱུན་གནས་ཕྱིར། །

གཤེན་གུས་རྟོག་ཚོགས་ཆུ་སྐྱེས་གཤོག་རླབས་རྒྱས། །

འོན་ཏེ་བདག་བློ་བློ་རྨོངས་མ་རྟོགས་སྐྱོན། །

ཚུལ་བཞིན་མ་སྦྱངས་སྦྱངས་སྟོབས་ཞན་པའི་སྐྱོན། །

ལེ་ལོས་མ་བརྩོན་བརྩོན་འགྲུས་ཆུང་བའི་སྐྱོན། །

གང་ཕྱིས་སྐྱབས་གནས་གནས་བཞིའི་སྡེ་ལ་བཤགས། །

འདི་ཚོགས་དགེ་བས་བསྟན་འཛིན་ཉ་གང་ཟླས། །

གྲྭ་སློབ་རྒྱུ་སྐར་ཕྲེང་བའི་དབུས་སྤ་ཞིང་། །

གཤེན་གྱི་རིང་ལུགས་སྣང་བ་དཀར་པོ་ཡིས། །

གཤེན་བསྟན་ལྷ་ལམ་ཁྱོན་ཀུན་གསལ་གྱུར་ཅིག །

  ཅེས་འདུལ་བ་ཁྲིམས་ཀྱི་བརྒྱུད་པ་འཛིན་པའི་སྐྱེས་བུ། ངེས་པ་དོན་གྱི་རྣལ་འབྱོར་མཚན་དོན་མཚུངས་པ་གཤེན་ཀུན་མཁྱེན་ཆེན་པོ་ཡེ་ཤེས་བློ་གྲོས་འདི་ཉིད་ཀྱི་རྗེས་དྲན་ཙམ་དང་བོད་ལྗོངས་གསོ་རིག་སློབ་ཆེན་གྱི་སློབ་མ་འགས་རེ་བ་ལྟར་དུ་གཤེན་བཙུན་ཉི་འོད་མིང་གིས་གཤེན་ཁྲི་བརྟན་ནོར་བུའི་རྩེ་ནས་དེ་ཙམ་ཞིག་གི་འཐུས་པར་བྱས་སོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།